སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བདུན་པ། སྨན་མར་གྱི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.09.2011
ཕྱི་མ་རྒྱུད། >> ལེའུ་བདུན་པ། སྨན་མར་གྱི་སྡེ་ཚན་བསྟན་པ།

ལྔ་པ་སྨན་མར་གྱི་སྡེ་ཚན་བསྟན་པ་ལ་གསུམ། ཉོན་ཅིག་པར་གདམས་པ། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། ཞི་བྱེད་བཞི་པ་ལྡེ་གུའི་སྡེ་ཚན་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་སོ། །གཉིས་པ་ལ་གསུམ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ། ཆོ་ག་བསྟན་པས་མཇུག་བསྡུ་བའོ། །དང་པོ་ནི། སྨན་མར་སོགས་རྐང་པ་གཅིག་སྟེ། ཞི་བྱེད་ཀྱི་སྦྱོར་བ་ལྔ་པ་སྨན་མར་གྱི་སྡེ་ཚན་དེ་ལ་ཡང་ཚ་བ་སེལ་བ་དང་གྲང་བ་སེལ་བའི་སྡེ་ཚན་རྣམ་པ་གཉིས་སུ་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། ཚ་སེལ་གྱི་སྦྱོར་བ་བཅུ་བཞི་བཤད་པ་དང༌། གྲང་སེལ་གྱི་སྦྱོར་བ་དགུ་བཤད་པའོ། །དང་པོ་ལ་གཉིས། ཏིག་ཏའི་སྦྱོར་བ་བཞི་བཤད་པ་དང༌། ཁ་འཐོར་བ་བཅུ་བཤད་པའོ། །དང་པོ་ནི། ཚ་སེལ་ཏིག་ཏ་ཞེས་པ་ནས་ཐ་མར་རོ་ཞེས་པའི་བར་ཚིགས་བཅད་ལྔ་དང་རྐང་པ་གསུམ་གྱིས་བསྟན་ཏེ། ཏིག་ཏའི་སྨན་མར་ལ་ཏིག་ཏ་བདུན་པ། དགུ་པ། བཅུ་གསུམ་པ། བཅོ་ལྔ་པའི་སྨན་མར་ཏེ་རབ་འབྲིང་ཐ་མའི་སྦྱོར་བ་བཞི་ཡིན་ཞིང་གཞན་ནི་གོ་སླ་ལ། ནིམ་པ་ནི་ཤིང་སྨན་གྱི་རིགས་ལ་རྩ་བ་ཁ་དོག་སེར་པོ། རོ་ཁ་བ་དང༌། ཧ་ཅང་མཁྲེགས་པོ་རང་མིན་པ། ནུས་པ་སླ་བསིལ་བརྟུལ་མཉེན་དང་ལྡན་པ་ཞིག་སྟེ། མིང་ནི་འཆི་མེད་མཛོད་ལས་འབྱུང་བ། ཨ་རིཥཊ། ལུང་ཐང༌། སརྦཏཽ་བྷ་དྲ། ཀུན་བཟང༌། ཧིངྒུ་ནི་ར་ཡཱ་ས། ཤིང་ཀུན་འདྲེས། མཱ་ལ་ཀཱ། དྲི་ལྡན། པིཙུ་མརྡྷ། འཇམ་ཉེད། ནི་མ་པ་རྣམས་སུ་བཤད་ཅིང༌། ཤུན་པ་གཏོང་བ་དང་རྩ་བ་གཏོང་བའི་སྲོལ་གཉིས་ལས་གང་འབྱོར། དངོས་མ་རྙེད་ན་སྤྱི་བཞུར་གྱིས་གོ་ཆོད་པར་བཞེད། གཉིས་པ་ཁ་འཐོར་གྱི་སྦྱོར་བ་བཅུ་ནི་འབྲས་བུ་གསུམ་བསྡུས་ཞེས་པ་ནས་ཁྲག་འཛག་གཅོད་ཅེས་པའི་བར་ཚིགས་བཅད་ཕྱེད་དང་བཅུས་བསྟན་ཏེ། གསལ་བྱེད་དགུ་པའི་སྨན་མར། སེང་ལྡེང་ལྔ་པའི་སྨན་མར། སེང་ལྡེང་དྲུག་པའི་སྨན་མར། སུར་ཕུག་གམ་ཨ་རུ་འབྲི་རྐང་གི་སྨན་མར། བ་བྱུང་རྣམ་ལྔའི་སྨན་མར། ཞོ་ཤའི་སྨན་མར། སྲོ་ལོ་བཞི་པའི་སྨན་མར། ཙན་དན་སྨན་མར། ཆོས་གསུམ་སྨན་མར། མཁྲིས་སྣ་སྨན་མར་ཏེ་བཅུ་ཡིན་ལ། མདུང་རྩེ་ནི་རྡོ་སྨན་མདུང་རྩེ་དམར་པོ་དང༌། བ་དམར་ཟལ་ནི་དཀར་དམར་འདྲེས་པའི་ཁྲ་བོའི་མདོག་ཅན་ཡིན་ནོ། །གློ་ནད་རྒྱས་དང་རུས་རླུང་རྙིང་ཚད་སེལ། །ཞེས་པར་འགྲེལ་བྱེད་སྔ་མ་རྣམས་གློ་ནད་བརྒྱད་དང་ཞེས་གྲངས་སུ་འཁྲུལ་བའི་མན་ངག་རྒྱུད་ཀྱི་གློ་ནད་ཐང་པོ་སོགས་འདྲེན་པ་ནི་འཁྲུལ་ལོ། །གཉིས་པ་གྲང་སེལ་གྱི་སྨན་མར་དགུ་བསྟན་པ་ལ་གཉིས། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། བིལ་བ་ཀསྨ་ཏརྐ་ཏི། །པ་ཏ་ལ་དང་ཏུནྟུ་ཀ། །རྩ་ཆེན་ལྔ་པོ་བསྐ་ཁ་དྲོ། །རླུང་དང་བད་ཀན་སེལ་བྱེད་ཡིན། །ཞེས་བྱ་བ་ལ་བིལ་བ་ནི་མིང་གི་རྣམ་གྲངས་སུ་ཤྲིའ་ཕ་ལ་ཞེས་བྱའོ། །ཀཤྨ་ནི་ཤྲིའ་པརྞིའོ། །ཏརྐ་རི་ནི་ཨགྣི་མནྠའོ། །པ་ཏ་ལ་ནི་བ་སནྟ་དུ་ཏིའོ། །ཏུནྟུ་ཀ་ནི་སོ་ན་ཀ་སྟེ། དེ་རྣམས་ཀྱི་རྩ་བ་ནི་རྩ་བ་ཆེན་པོ་ལྔ་ཞེས་བྱ་བར་ཤེས་པར་བྱ་སྟེ། །དེ་རྣམས་ནི་རོ་བསྐ་ཞིང་ཁ་བ་ཡིན་ལ། ནུས་པ་ནི་དྲོ་བ་ཡིན། ཡོན་ཏན་ནི་རླུང་དང་བད་ཀན་སེལ་བར་བྱེད་པ་ཡིན་ནོ། །ཨུང་མ་ཏི་བྲི་ཧ་ཏི། །གཉིས་གཉིས་གཟེ་རྩ་ཆུང་ལྔར་བཤད། །ཞུ་རྗེས་རོ་མངར་ཧ་ཅང་ནི། །བསིལ་དང་ཚ་མིན་ཉེས་ཀུན་སེལ། །ཞེས་བྱ་བ་ལ་ཨུངྴུ་མ་ཏི་གཉིས་ནི། ས་ལ་པརྞི་དང་ཀྲིཥྣ་པརྞིའོ། །བྲི་ཧ་ཏི་གཉིས་ལས། བྲི་ཧ་ཏི་གཅིག་ནི་ཀནྜ་ཀ་རི་སྟེ། མིང་གི་རྣམ་གྲངས་གཞན་ཡང་ཀྵུ་ཏྲ་ཞེས་བྱ་བའོ། །བྲི་ཧ་ཏི་གཉིས་པ་ནི་སྦོམ་པོ་སྟེ་མིང་གི་རྣམ་གྲངས་གཞན་ཡང་སིང་ཧི་ཞེས་བྱ་བའོ། །གཟེ་མ་ནི་མིང་གི་རྣམ་གྲངས་ཁྱིའི་མཆེ་བ་ཞེས་བྱ་བ་སྟེ། དེ་རྣམས་ཀྱི་རྩ་བ་ནི་རྩ་བ་ཆུང་ངུ་ལྔ་ཞེས་བཤད་ལ། དེ་ཡང་ཞུ་བའི་རྗེས་དང་རོ་མངར་བ་ཡིན་ལ། དེ་བཞིན་དུ་ཧ་ཅང་བསིལ་བ་དང་ཚ་བ་མ་ཡིན་པ་སྟེ། ཅུང་ཟད་ཚ་ལ་ཅུང་ཟད་བསིལ་བས་ཐུན་མོང་གི་ཆ་མཉམ་པ་སྟེ་དཔེར་ན་མི་སེང་གེ་ཞེས་བྱ་བ་ལྟ་བུའོ། །དེ་བཞིན་དུ་རླུང་ལ་སོགས་པའི་ནད་རྣམས་འཇོམས་པས་ན་ནད་ཀུན་སེལ་ཞེས་བྱའོ། །རྩ་བ་ཆེན་པོ་དང་ཆུང་ངུ་གཉིས་བསྡུས་པ་ལ་ནི་རྩ་བ་བཅུ་པ་ཞེས་བྱ་སྟེ། དེ་ཡང་ལུང་ལས། རྩ་བ་ཆུང་དང་ཆེན་པོ་ལྔ། །རྩ་བ་བཅུ་ཞེས་བྱ་བར་བཤད། །ཅེས་འབྱུང་བ་ཡིན་ནོ།།

        བ་ལ་པུརྣ་ཨེ་རནྡྲ། །སུ་སྱཔརྣི་ཎ་གཉིས་རྩ། །འབྲིང་ཡིན་བད་ཀན་རླུང་འཇོམས་ཤིང༌། །ཤིན་ཏུ་མཁྲིས་པ་མི་བསྐྱེད་འཁྲུ། །ཞེས་བྱ་བ་ལ་བ་ལ་ནི་མིང་གི་རྣམ་གྲངས་བིའ་དྷ྄ོ་ད་རི་ཞེས་བྱ་བའོ། །པུན་རྣ་བ་ནི་བརྴ་བྷུ་ཞེས་བྱ་བའོ། །ཨེ་རནྜ་ནི་སོར་ལྔ་པ་ཞེས་བྱ་བའོ། །སུ་སྱ་པརྞི་གཉིས་ནི་མུརྒ་པརྞི་དང༌། མ་ཥ་ (མོན་སྲན་གྱི་ལོ་མ། མོན་སྲེན་དྲེའུའི་ལོ་མ།) པརྣི་སྟེ། དེ་རྣམས་ཀྱི་རྩ་བ་ལྔ་ནི་རྩ་བ་ལྔ་འབྲིང་པོ་ཡིན་ཏེ། དེ་ནི་བད་ཀན་དང་རླུང་འཇོམས་པར་བྱེད་པ་དང༌། ཤིན་ཏུ་མཁྲིས་པ་མི་བསྐྱེད་ཅེས་བྱ་བ། མཁྲིས་པ་ཅུང་ཟད་བསྐྱེད་པ་དང༌། ཁོང་འཁྲུ་བར་བྱེད་པ་ཡིན་པར་ཤེས་པར་བྱའོ། །ཉེ་ཤིང་ཀ་ཀོ་ལི་འཚོ་བྱེད། །ཛི་བ་ཀ་དང་རི་ཤར་བཤད། །འཚོ་བྱེད་ཅེས་བྱ་མིག་ལ་ཕན། །རོ་ཙ་རླུང་དང་མཁྲིས་པ་སེལ། །ཞེས་བྱ་བ་ལ་ཉེ་ཤིང་ནི། ཨ་བྷི་རུའོ། །ཀ་ཀོ་ལི་ནི་བིར་འོ། །འཚོ་བྱེད་ནི་ཛི་བནྟི་དང་སུ་མངྒ་ལ་ཞེས་བྱ་བའོ། །ཛི་བ་ཀ་ནི་ཀུརྩ་ཤིརྴའོ། །རི་ཤ་བ་ནི་བི་ཤ་ནི་སྟེ། རྩ་བ་ལྔ་པོ་དེ་དག་ནི་འཚོ་བྱེད་ཀྱི་རྩ་བ་ལྔ་ཞེས་བྱ་བར་ཤེས་པར་བྱའོ། །དེ་ནི་མིག་གཉིས་ལ་ཕན་པ་ཡིན་པས་ན་མིག་ལ་ཕན་པ་ཞེས་བྱ་ལ། དེ་བཞིན་དུ་རོ་ཙ་བ་དང་རླུང་དང་མཁྲིས་པ་སེལ་བ་ཡིན་ནོ། །ཞེས་པས་རྩ་བ་ལྔ་དང༌། འབྲས་བུ་གསུམ་ཡང་དེ་ཉིད་ལས། །ཨ་རུ་རོ་བསྐ་ཞུ་རྗེས་མངར། །རྩུབ་ཅིང་ལན་ཚྭའི་རོ་མེད་ཡང༌། །དྲོད་ཆེ་ཟས་འཇུ་ཡིད་གཞུངས་བྱེད། །ན་ཚོད་ལ་འཇོག་དམ་པ་ཡིན། །དྲོ་ཞིང་འཁྲུ་ལ་ཚེ་ལ་ཕན། །བློ་དང་དབང་གསལ་སྟོབས་རབ་སྐྱེད། །མཛེ་དང་བཞིན་ལུས་མདོག་མི་སྡུག །སྐད་འགགས་རིམས་རྙིང་མི་བཟད་རིམས། །ཀླད་པ་མིག་ནད་སྐྱ་རྦབ་དང༌། །མིག་སེར་ཕོ་བའི་ནད་རྣམས་དང༌། །སྐེམ་བཅས་འོར་དང་གཅིན་ནད་དང༌། །ཚད་འཁྲུ་རྨོང་བག་མྱོན་སློན་སྲིན། །མཆིལ་མང་ལུད་པ་དབུགས་མི་བདེ། །གཞང་འབྲུམ་མཆེར་པ་ལྟོ་སྦོས་དུག །གསུས་འཕེལ་རྒྱུན་འགགས་སྐྲན་དང་ནི། །ད་རྒན་ན་དང་ཡི་ག་འཆུས། །རླུང་དང་བད་ཀན་ལས་གྱུར་ནད། །དེ་དང་དེ་ན་སེལ་བྱེད་ཡིན། །ཞེས་བྱ་བ་ལ་ཨ་རུ་ར་ནི་རོ་རབ་ཏུ་བསྐ་བ་ཡིན་ལ་ཞུ་བའི་རྗེས་མངར་བ་ཡིན་ཞིང་རྩུབ་པའི་ཡོན་ཏན་དང་ལྡན་པས་རྩུབ་པ་ཡིན་ལ། ལན་ཚྭའི་རོ་མེད་པ་ནི་ལན་ཚྭའི་རོ་དང་བྲལ་བ་སྟེ་རོ་ལྔ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །སྔར་བསྐ་བ་ཞེས་སྨོས་པ་ནི་དེ་ཤས་ཆེ་བར་བསྟན་པའི་ཕྱིར་ཡིན་ནོ། དེ་ལྟར་ན་ཨ་རུ་ར་ནི་མངར་བ་དང་སྐྱུར་བ་དང་བསྐ་བ་དང༌། ཚ་བ་དང་ཁ་བ་སྟེ། རོ་ལྔ་དང་ལྡན་པ་ཡིན་པར་ཤེས་པར་བྱའོ། །དེ་ནི་ཡང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡང་ཡིན་ཏེ། ན་ཚོད་ལ་འཇོག་པ་ནི་གཞོན་ནུ་མ་ཡིན་པ་དག་ཀྱང༌། རྒས་པ་ལས་བཟློག་ནས་མཆོག་ཏུ་གཞོན་པ་ལ་འཇོག་པ་ཡིན་པ་དང༌། བློ་ཞེས་བྱ་བ་ལ་འཕྲལ་གྱི་དོན་འཛིན་པར་ནུས་པ་དང༌། མིག་ལ་སོགས་པའི་དབང་པོ་གསལ་བར་བྱེད་ཅིང་དེ་རྣམས་ཀྱི་སྟོབས་རང་གི་ཡུལ་ལ་འཇུག་པར་ནུས་པ་རབ་ཏུ་བསྐྱེད་པ་ཡིན་ནོ། །དེ་བཞིན་དུ་དེ་ནི་མཛེ་ནས་ཡི་ག་འཆུས་པའི་བར་གྱི་ནད་དང་རླུང་ནད་དང་བད་ཀན་ལས་གྱུར་པའི་ནད་གཞན་གང་དག་ཡོད་པ་དེ་དང་དེ་ཐམས་ཅད་སེལ་བར་བྱེད་པ་ཡིན་ནོ། །རིམས་རྙིང་པ་ནི་ཡུན་རིང་དུ་ལོན་པའོ།། 

        མི་བཟད་པའི་རིམས་ནི་རྟག་པའི་རིམས་ལ་སོགས་པ་རྣམ་པ་བཞིའོ། །གཞན་དག་ནི་གོ་བར་ཟད་དོ། །སྐྱུ་རུ་ར་ཡང་དེ་འདྲ་བསིལ། །རོ་སྐྱུར་བད་ཀན་མཁྲིས་པ་སེལ། །ཞེས་བྱ་བ་ལ་སྐྱུ་རུ་ར་ཡང༌། ཨ་རུ་ར་དང་འདྲ་བར་ཤེས་པར་བྱ་སྟེ། ཨ་རུ་རའི་ཡོན་ཏན་བཤད་མ་ཐག་པ་གང་ཡིན་པ་དེ་ཐམས་ཅད་སྐྱུ་རུ་ར་ལ་ཡང་ཡོད་པས་དེ་དང་འདྲ་བར་ཞེས་བྱ་བ་འདིར། ནུས་པ་ནི་དེ་དང་མི་མཐུན་ཏེ། དེ་ནི་དྲོ་བ་ཡིན་ལ། སྐྱུ་རུ་ར་ནི་བསིལ་བའི་ནུས་པ་དང་ལྡན་པ་ཡིན་ནོ། །ཡོན་ཏན་གཞན་ལན་ཚྭ་མི་བྲོ་ཞིང་ཞུ་རྗེས་དང་མངར་བ་དང་རོ་ལྔ་དང་ལྡན་པ་ལ་སོགས་པ་དང༌། བད་ཀན་དང་མཁྲིས་པ་ལས་བྱུང་བའི་ནད་དེ་དང་དེ་འཇོམས་པར་བྱེད་པ་ནི་འདྲ་བ་ཡིན་པར་ཤེས་ལ། སྐྱུར་བའི་རོ་ནི་ཤས་ཆེ་བ་ཡིན་ནོ། །དེ་ལས། ཡོན་ཏན་ཅུང་དམན་བ་རུ་ར། །ཞུ་རྗེས་ཚ་མངར་སྐྲན་མིག་ཕན། །ཞེས་བྱ་བ་ལ་བ་རུ་ར་ནི་ཨ་རུ་རའི་ཡོན་ཏན་དེ་ལས་ཅུང་ཟད་ཅིག་དམན་ཞིང་ཆུང་བ་ཡིན་ལ། དེ་ནི་ཨ་རུ་ར་དང་ཡོན་ཏན་དང་ལས་ཐུན་མོང་ཡིན་ཡང་བ་རུ་ར་ནུས་པ་བསིལ་བ་ཡིན་ཏེ། དེ་རྩོམ་པའི་འབྱུང་བ་ཆེན་པོ་དེ་ལྟ་བུའི་རྣམ་པར་ཞུགས་པ་ཡིན་པའི་ཕྱིར་རོ། །དེ་ནི་ཞུ་བའི་རྗེས་ཚ་བ་དང་རོ་མངར་བའི་ཤས་ཆེ་བ་དང་སྐྲན་ལ་ཕན་པ་དང་མིག་ལ་ཕན་པ་ཡིན་ནོ། །འབྲས་བུ་གསུམ་པོ་འདི་དག་ནི། །བཅུད་ཀྱི་ལེན་མཆོག་མིག་ནད་སེལ། །རྨ་འཚོ་པགས་ནད་རྨ་རེད་དང༌། །ཚིལ་ཆེས་གཅིན་སྙི་བད་ཁྲག་སེལ། །ཞེས་བྱ་བ་ལ། ཨ་རུ་ར་དང་སྐྱུ་རུ་ར། །བ་རུ་ར་ཞེས་བྱ་དང་གསུམ། །འབྲས་བུ་གསུམ་ཞེས་ལེགས་བཤད་པ། །འབྲས་བུ་གསུམ་པོར་དེ་ཤེས་བྱ། །ཞེས་འབྱུང་བ་དང༌། གཞན་དག་ལས་ཀྱང༌། འབྲས་བུའི་མཆོག་ནི་རྣམ་གསུམ་པོ། །འབྲས་བུའི་དམ་པ་གསུམ་ཞེས་བྱ། །ཞེས་བཤད་པ་ཡིན་ནོ། །འབྲས་བུ་གསུམ་པོ་འདི་དག་ཉིད་ནི་བཅུད་ཀྱིས་ལེན་མཆོག་ཅེས་བྱ་བ་སྟེ། བཅུད་ཀྱིས་ལེན་རྣམས་ཀྱི་ནང་ན་དམ་པ་ཡིན་པའོ། །མིག་ནད་སེལ་བ་ནི་མིག་གི་ནད་རྣམས་འཇོམས་པའོ། །རྨ་འཚོ་བ་ནི་རྨ་འབྱོར་ཞིང་སླར་འཚོ་བར་བྱེད་པའོ། །པགས་ནད་ནི། མཛེ་དང༌། མེ་དབལ་དང༌། སྐྲན་ནད་ལ་སོགས་པའོ། །རྨ་རེད་པ་ནི་རྨ་ལས་ཁྲག་ལ་སོགས་པ་འཛག་པའོ། །ཚིལ་ཞེས་པ་ནི། ལུས་ཟུངས་ཀྱི་ཚིལ་གཅིན་སྙི་བ་ནི་ཆུ་སོའི་ནད་དོ། །བད་ཀན་དང་ཁྲག་ནི་དངོས་སུ་ཟད་དེ། དེ་དག་སེལ་ཞིང་འཇོམས་པར་བྱེད་པ་ཡིན་ནོ་ཞེས་བཤད་ཅིང༌། འབའ་སམ་ལ་ཁ་ཚར་གྱི་སྒོ་ནས་སྐྱིན་གོར་དུ་སྦྱར་བ་ལ་ད་བྱིད་ནི།

        བཅུད་ལེན་གྱི་ལེའུར། སྨན་ནི་ཤ་ཡི་རྒྱལ་པོ་ད་བྱིད་དེ། །ལུས་ཀྱི་སྟོབས་བསྐྱེད་ཁུ་བ་འཕེལ་མཆོག་ཡིན། །དེ་ལ་སྦྱར་ཐབས་སྐྱིན་གོར་ཅོག་ཀྲོང་དང༌། །དགུ་སྦྱོར་བཅུ་གསུམ་པ་དང་ལྔ་པ་འོ། །ཞེས་གསུངས་པའི་ད་བྱིད་ལ་བདུད་རྩི་ལྗོན་ཤིང་ལས། རིགས་ལ་དབྱེ་ན་བཅུ་གསུམ་ཡོད། །བཅུད་ཀྱི་རྒྱལ་པོ་ད་བྱིད་དངོས། །རྡོ་ཡི་ད་བྱིད་ཅོང་ཞི་དང༌། །གནམ་གྱི་ད་བྱིད་འདབ་ཆགས་བྱ། །ཆུ་ཡི་ད་བྱིན་སྦེ་ཝ་དང༌། །སྨན་གྱི་ད་བྱིད་ཨ་རུ་ར། །ལྡུམ་གྱི་ད་བྱིད་ཉེ་ཤིང་བ། །སྔོ་ཡི་ད་བྱིད་ལྕམ་པ་དང༌། །སྤོས་ཀྱི་ད་བྱིད་ཀེ་ལ་ཀ། །འཁྲུངས་དཔེ་ལས། ཀེ་ལ་ཀ་ལ་ཞེས་བྱ་བ། །ཚད་པས་གདུངས་པའི་ཡུལ་ན་སྐྱེ། །ལོ་མ་རྟེལ་སྒོག་པ་དང་འདྲ། །རྩ་བ་སྒ་དང་འདྲ་བ་ལ། །རོ་ནི་ཁ་ལ་ཚ་ངར་བཅས། །ནུས་པས་སྨན་རྣམས་དྲོད་དུ་བསྒྱུར། །མཁལ་ནད་གྲང་བ་རྒྱས་པ་ཡིས། །ལུས་ལ་དྲོད་ཆུང་རྐང་པ་བཤལ། །མཚན་མ་མི་ལྡང་ཚ་ན་མེད། །ཕོ་བ་དྲོད་ཆུང་གྲང་སྐྲན་རྒྱས།  །མདོར་ན་གྲང་བའི་ནད་རྣམས་སེལ། །ད་བྱིད་གཙོ་བོ་དག་ཏུ་གཞག །ཅེས་པ་དེའོ། །ཚྭ་ཡི་ད་བྱིད་རྐྱ་ཚྭ་བ། །རྩི་ཡི་ད་བྱིད་ཤིང་ཀུན་དང༌། །རྩྭ་ཡི་ད་བྱིད་བྱ་རྒོད་པ། །ཤིང་གི་ད་བྱིད་སེ་ཤིང་འབྲུ། །འབྲུ་ཡི་ད་བྱིད་བྲེ་ག་འབྲུ། །རིགས་ཀྱི་དབྱེ་བ་བཅུ་གསུམ་ལ། །རྩ་བ་དང་ནི་ཡན་ལག་གཉིས། །རྩ་བ་ཡན་ལག་གཉིས་ལ་ཡང༌། །རྒྱལ་པོ་བློན་པོ་དམངས་དང་གསུམ། །ཞེས་སྤྱིར་བཅུ་གསུམ། དེ་རེ་རེ་ལའང་རྩ་བ་དང་ཡན་ལག་གཉིས་གཉིས། དེ་དག་ལའང་རྒྱལ་བློན་དམངས་གསུམ་གསུམ་དུ་དབྱེ་བའི་ཚུལ་ཡོད་ཀྱང་གཙོ་བོ་ནི་ད་བྱིད་སྐྱིན་གོར་དུ་གྲགས་པ་སྟེ། འདི་ལའང་རིགས་ཕོ་མོ་གཉིས་སམ་དཀར་སྨུག་གཉིས་སོགས་སུ་ཡོད་ལ། ཇི་སྐད་དུ། གངས་ལས་བྱུང་བའི་ཀརྐ་ཊ། །གཉའ་མཇུག་ཐུང་ཞིང་ཆུ་ཞེང་གབ། །བཅད་ན་ཚིལ་བུའི་རང་བཞིན་ཅན། །དེ་ནི་ད་བྱིད་སྨུག་པོའོ། །ཞེས་དང༌། ནུས་པའང༌། ད་བྱིད་ཤ་ཡིས་མཁལ་སྐེད་གྲང་བ་སེལ། །ཞེས་པ་མཁས་པ་འགའ་ཞིག་གིས། །ད་བྱིད་ཤ་ནི་རོ་མངར་ཅུང་ཟད་སྐྱུར། །ཞུ་རྗེས་དྲོད་ཡིན་རོ་ཙ་མཁལ་གྲང་གསོ། །ཞེས་གསུངས་པ་མིང་གོ་དྷའམ་གངས་སྦལ་ལ། གངས་རྩངས། རྒྱ་རྩངས་སོགས་སུ་གྲགས་པ་དེ་ཡིན་ཞིང༌། དེ་ལས་སྦྱོར་བའི་རྣམ་གྲངས་རྒྱལ་པོ་སྐྱིན་གོར། བློན་པོ་ཅོག་ཀྲོང༌། འབངས་སུ་རུའི་སྦྱོར་བ་དང༌། གཞན་ཡང་བདེ་བྱེད་སེམས་ལ་སྦྱར་བ། མཁྲེགས་བྱེད་ལུས་ལ་སྦྱར་བ། འབབ་བྱེད་ཀུནྡ་ལ་སྦྱར་བ། རེངས་བྱེད་ཆུ་ལ་སྦྱར་བ། འཕེལ་བྱེད་རིགས་བརྒྱུད་ལ་སྦྱར་བ། ཉལ་བྱེད་རྩ་ལ་སྦྱར་བ། སེལ་བྱེད་གྲོགས་སུ་སྦྱར་བ་སོགས་སྦྱོར་སྡེ་མཐའ་ཡས་ཤིང༌། དེ་དག་ཀྱང་བདུད་རྩི་གཏེར་མཛོད་ལས། རྩངས་པ་ཆེ་ཆུང་སྦལ་སྦྲུལ་ཉ། །རྨིགས་བུ་ཀླུ་ཡི་ནོར་ཡིན་པས། །དུག་གསུམ་མ་ཕྲལ་ལུས་ལྕི་ཞིང༌། །གཉིད་དང་ཤ་ཆེ་ཤེས་པ་རྨོངས། །བཅུད་འཛག་བད་མཁྲིས་ནང་སློང་ཞིང༌། །མིག་འགྲིབ་ཆུ་སེར་ཚ་བ་བསྐྱེད། །ཅེས་སོགས་གསུངས་པ་ལྟར་དུག་འབྱིན་ངར་བཏགས་རྣོ་འདོན་གྱི་ཆོ་ག་སོགས་ཚུལ་བཞིན་དུ་སྦྱར་ན་ཕན་ཡོན་ཀྱང༌། ཡན་ལག་བརྒྱད་པ་ལས། ཡོན་ཏན་འདི་དང་ལྡན་གྱུར་པས། །གང་ཞིག་བཅུད་ལེན་རྟག་གྱུར་པ། །དེ་ནི་དགའ་ཞིང་ཚེ་རིང་ལ། །འཇིག་རྟེན་འདི་དང་གཞན་དུ་བདེ། །སྤྱོད་པ་བསྟན་བཅོས་རྗེས་འཇུག་ཅིང༌། །གམ་ན་གནས་པའི་སེམས་དང་མཐུན། །དོན་ལ་བློ་ནི་མི་འཁྲུལ་བ། །བཅུད་ཀྱིས་ལེན་ནི་རྫོགས་པ་ཡིན། །ཞེས་དང༌།

        སྐྱེས་བུ་རྟག་ཏུ་ཡུལ་བརྟེན་པས། །རོ་ཙ་བ་ནི་གདོད་བྱ་སྟེ། །དགའ་དང་བརྟ་དང་བུ་བརྒྱུད་ནི། །ཡོན་ཏན་ལྡན་པ་དེ་ལ་གནས། །བུ་ཚའི་བརྒྱུད་ནི་སྐྱེད་བྱེད་ཅིང༌། །འཕྲལ་དུ་ཡང་དག་དགའ་བྱེད་གང༌། །གང་གིས་རྟ་ལྟར་རབ་སྟོབས་ལྡན། །བུད་མེད་ལ་ནི་ཐོགས་མེད་འགྲོ། །བུད་མེད་ལ་རབ་ཆགས་གྱུར་པ། །གང་དང་གང་གིས་འཕེལ་འགྱུར་པ། །དེ་ནི་རོ་ཙར་བྱེད་པ་སྟེ། །ལུས་ཀྱི་སྟོབས་ཀྱང་བསྐྱེད་པའི་མཆོག །ཆོས་དང་གྲགས་དང་ཚེ་རིང་དང༌། །འཇིག་རྟེན་གཉིས་ཀའི་བཅུད་ལེན་འགྱུར། །གཅིག་ཏུ་སྐྱོན་ནི་མེད་པ་ཡི། །ཚངས་པར་སྤྱོད་ལ་བདག་ཡི་རང༌། །ཞེས་གསུངས་པ་དང༌། རྒྱུད་འདི་ཉིད་ལས་ཀྱང༌། དགོས་པ་ནད་མེད་ལང་ཚོར་ལྡན་པ་ཡིས། །དུས་ཚིགས་རྣམས་སུ་ཉལ་པོ་དགག་པ་མིན། །འཕྲལ་དུ་སེམས་དགའ་བུ་ཚའི་བརྒྱུད་སྐྱེད་ཅིང༌། །སྟོབས་ལྡན་བུད་མེད་ཀུན་ལ་ཐོགས་མེད་འགྲོ། །འདོད་ཡོན་ཀུན་ལས་ཆགས་པ་མཆོག་ཏུ་གྲགས། །ཞེས་པ་ལྟར་འབྱུང་བས་དེའི་ཚུལ་ལག་ལེན་དང་བཅས་ཏེ་རྒྱས་པར་ཤ་སྦྱོར་བདུད་རྩི་ལྗོན་ཤིང་དང་ཟུར་མཁར་བའི་བཅུད་ལེན་བདེ་བའི་དཔག་བསམ་སོགས་ལས་ཤེས་པར་བྱའོ། །གཉིས་པ་ཚིག་གི་དོན་ནི། གྲང་སེལ་ཞེས་པ་ནས་གཟེར་བ་འཇོམས་ཞེས་པའི་བར་ཚིགས་བཅད་ཕྱེད་དང་བཅུས་བསྟན་ཏེ། འབྲས་བུ་གསུམ། རྩ་བ་ལྔ། འབའ་སམ། ད་བྱིད་སྐྱིན་གོར། སྒོག་སྐྱ་བདུན་པ། སྒོག་སྐྱ། བ་སྤྲུ། བཟང་པོ་ལྔ། གཟེ་མའི་སྨན་མར་ཏེ་དགུ་ཡིན་ལ། འབྲས་གསུམ་སྨན་མར་གྱི་སྐབས་སུ་ཕྱེད་ཆ་སྐྱུང་ཞེས་པ་ཨ་རུ་སུམ་ཅུ་ལ། བ་རུ་ར་ཉི་ཤུ། སྐྱུ་རུ་ར་བཅུ་སྦྱོར་བ་ཡིན་ཞིང༌། ཉེ་ཤིང་པ་ནི་ནེལ་པ་སྟེ་རིགས་ཚེར་མ་ཡོད་མེད་གཉིས་ལས་འདིར་ཚེར་མ་ཅན་ནེལ་པ་ལྕགས་ཀྱུ་ཞེས་སམ། ཤབྟྲ་བཱ་རི། བ་ཧུ་མཱུ་ལ་སྟེ་རྩ་བ་མང་པོ། ཀྵི་ར་ཀ་ཀོ་ལི་ཉེ་ཤིང་འོ་མ་ཅན་འདི་ཉིད་བསྔགས་སོ། །ལྕ་བ་ལ་འཁྲུངས་དཔེ་ལས། ལྕ་བ་དག་ལ་རིགས་གསུམ་ཡོད། །ལྕ་རྒོད་སྲིབས་ཀྱི་ནགས་ལ་སྐྱེ། །ལོ་མ་གཡུ་ཡི་མནྜལ་འདྲ། །མེ་ཏོག་དམར་སྔོན་གདུགས་ཕུབ་འདྲ། །གདུག་རྩུབ་ཚེར་མས་ཐམས་ཅད་བརྒྱན། །རང་གི་ནུས་པས་མཁལ་ནད་གསོ། །རྩ་བ་ལྔ་ཡི་གཙོ་བོ་ཡིན། །ལྕ་གཡུང་ཞིང་གི་ནང་དུ་སྐྱེ། །ལོ་མ་གོ་སྙོད་འདྲ་བ་ལ། །སྡོང་བུ་སྨུག་པོ་མེ་ཏོག་དཀར། །འབྲས་བུ་གོ་སྙོད་འདྲ་བ་ལ། །རོ་ནི་ཚ་དང་ཁ་མངར་བཅས། །ནུས་པས་བད་ཀན་གྲང་བ་དང༌། །ཕོ་བའི་ནད་རྣམས་ཐམས་ཅད་དང༌། །གྲང་བའི་ནད་ལ་མཆོག་ཏུ་ཕན། །ཆུ་སེར་ནད་རྣམས་ཐམས་ཅད་སེལ། །རྩ་བ་ལྔ་ཡི་སྦྱོར་སྡེར་ཤིས། །བ་ལང་ལྕ་བ་ཞེས་བྱ་བ། །ཤིང་དང་རྫ་ལོང་ནང་ན་སྐྱེ། །ལྕ་གཡུང་འདྲ་བར་ནད་མི་སེལ། །སྐྲངས་པོ་བྱུང་ན་བྱུག་བྱས་ཕན། །ཞེས་བཤད་པའི་གཡུང་ཞིང་ལ་སྐྱེ་བ་དེ་བསྔགས།

        ད་བྱིད་ནི་དངོས་དེ་ས་ཁད་མཐོ་ཞིང་གངས་དང་ཉེ་བ་སོས་ཀ་རྙེད་པ་དེ་བཟང༌། བྲེ་ག་འཁྲུངས་དཔེ་ལས། སྔོ་ཡི་གཙོ་བོ་བྲེ་ག་ནི། །འབོལ་ས་དག་དང་ཞིང་ནང་སྐྱེ། །ལོ་མ་སྔོ་མཐུག་མདངས་དང་ལྡན། །སྡོང་བུ་མདའ་སྨྱུག་ལྟ་བུ་རིགས། །མེ་ཏོག་དཀར་པོ་ཆུང་བ་ཡིན། །སྒམ་བུ་རྔ་དང་འདྲ་བ་ཡིན། །འབྲས་བུ་དམར་པོ་བསེ་སྒོང་འདྲ། །རོ་ནི་སྣུམ་ལ་ཚ་བ་ཡིན། །ནུས་པས་ནད་རྣམས་ཐམས་ཅད་སེལ། །ཞེས་པ་སྤོ་སྨན་སྒམ་བུ་རྔ་ཆུང་འདྲ་བ་དེའི་འབྲས་བུའོ། །ཟ་ཁུ་ནི། བརྒྱད་པ་ལས། གཅིན་སྙི་ནད་ནི་ཉི་ཤུ་སྟེ། །དེ་ལ་བད་ཀན་ལས་གྱུར་བཅུ། །མཁྲིས་པ་ལས་དྲུག་རླུང་གྱུར་བཞི། །ཞེས་བཤད་པ་ལྟར་རྒྱུད་ལས། ཟ་ཁུ་ཉི་ཤུ་གཅིན་སྙིའི་ནད་རིགས་ཡིན། །ཞེས་པ་དེའོ། འདོད་ཉམས་ནི་ཕོ་དབང་ལས་སུ་མི་རུང་བ་དང༌། སྒོག་སྐྱ་སྨན་མར་ནི། གཙོ་བོ་སྒོག་སྐྱ་ཡན་ལག་བརྒྱད་པ་ལས། སྒྲ་གཅན་བདུད་རྩི་བརྐུ་བ་ན། །སྐེ་བཅད་བ་ལས་འཛགས་གྱུར་པའི། །བདུད་རྩི་ཐིགས་པ་སར་ལྷུང་བ། །སྒོག་སྐྱ་ཉིད་དུ་གྱུར་པ་ཡིན། །ལྷ་མིན་ལུས་ལས་བྱུང་བས་ན། །དེ་ཕྱིར་བྲམ་ཟེ་དེ་མི་ཟ། །ཞེས་བཤད་པ་དེ་ཡིན་ལ་ངོ་བོ་ནོར་འཕྲང་མེད། སྦྱོར་ཚུལ་སྒོག་སྐྱ་སྲང་བརྒྱད་ཆུར་བཙོས་ཁུ་བ་ཐིམ་པ་དང༌། དེ་ཉིད་འབྲི་མར་སྲང་བརྒྱད་དང་སྦྱར་བ་ཅུང་ཟད་བཙོས། སྣོད་ཁ་དོག་པོར་བླུག་པ་ཁ་བཅད་ནས་ཞག་བཅུ་གཉིས་ཀྱི་བར་ནས་གསེབ་ཏུ་འཇོག་པའོ། །མོ་གཤམ་ཞེས་པ་བུད་མེད་བུ་མི་སྐྱེ་མའི་རིགས་སོ། །གཟེ་མ་ཆང་སྦངས་ནི། ཤངས་པ། གཟེ་མ་ཆང་སྦངས་དེ་ཉིད་བསྡུས་པ་བྲེ་གང་ཐོག་མར་ཆང་ཞིམ་པོ་ལ་སྦང་ཙམ་བྱས། དེའི་སྦྱོར་སྟེངས་སུ་ཆུ་བྲེ་གསུམ་དུ་བླུག་ལ་བྲེ་གང་དུ་མ་སོང་གི་བར་དུ་བསྡུ་བའི་ཁུ་བ་ལ། འོ་མ་དང་འབྲི་མར་བྲེ་གང་གཞུག་ཤིང༌། ཁ་ཚར་གྱི་སྨན་ཡང་བཏབ་པོ་ཞེས་གསུངས། དེ་ལྟར་སྨན་མར་གྱི་སྦྱོར་བ་ལ་ཚ་སེལ་བཅུ་བཞི་དང་གྲང་སེལ་དགུ་སྟེ་ཉེར་གསུམ་མོ། །གསུམ་པ་ཆོ་གས་མཇུག་བསྡུ་བ་ལ། སྤྱིའི་དོན་དང་ཚིག་གི་དོན་གཉིས་ཀྱི་དང་པོ་ནི། ཟླ་ཟེར་ལས། སྨན་མར་སྐོལ་ཚད་མ་སྨོས་པར། །ལྡེ་གུ་སྣུམ་དང་གཤེར་རྫས་ནི། །བཞི་འགྱུར་དུ་ནི་བསྐྱེད་དེ་སྦྱར། །ཞེས་བྱ་བ་ལ་སྨན་མར་བསྐོལ་བ་གང་དག་ཏུ་ཚད་མ་སྨོས་པ་དེར་ལྡེ་གུ་དང་སྣུམ་དང་ཆུ་ལ་སོགས་པ་གཤེར་བའི་རྫས་བཞི་འགྱུར་དུ་བསྐྱེད་ལ་སྦྱར་བར་བྱ་སྟེ། མར་ལ་སོགས་པའི་སྣུམ་ནི་སྨན་གྱི་ལྡེ་གུའི་བཞི་འགྱུར་བྱ་ལ། ཆུ་ལ་སོགས་པ་གཤེར་བའི་སྣུམ་གྱི་རྫས་ནི་བཞི་འགྱུར་གཞུག་པར་བྱའོ། ཤྭ་ན་ཀ་ཡིས་བཤད་པ་ནི། །སྣུམ་བསྐོལ་ཆུ་ནི་འབའ་ཞིག་དང༌། །ཁུ་བ་བསྐོལ་བ་རིམ་བཞིན་དུ། །ལྡེ་གུའི་ཆ་ནི་བཞི་དང་དྲུག །བརྒྱད་ནི་རིམ་བཞིན་སྦྱར་བར་བྱ། །ཞེས་བྱ་བ་ལ་དྲང་སྲོང་ཤྭ་ན་ཀ་ཞེས་བྱ་བས་བཤད་པའི་གཞུང་ནི། སྣུམ་གང་ཞིག་ཆུ་འབའ་ཞིག་དང་བསྐོལ་བ་དེར་ནི་སྣུམ་ལྡེ་གུའི་བཞི་འགྱུར་གཞུག་པར་བྱ་ལ། སྨན་གང་གི་ཁུ་བ་དང་བསྐོལ་བ་དེར་ནི་ལྡེ་གུའི་དྲུག་འགྱུར་དང༌། བསྐོལ་བར་བྱའོ། །གང་དུ་སྐོལ་བའི་ཁུ་བ་དང༌། སྐོལ་བ་དེར་ནི་ལྡེ་གུ་བརྒྱད་འགྱུར་དང་བསྐོལ་བར་བྱའོ། །ལྡེ་གུ་སོར་མོ་མ་འབྱར་དང༌། །སྣུམ་ནི་མེར་བཅུག་སྒྲ་མེད་དང༌། །གང་ཚེ་ཁ་དོག་སོགས་ཕུན་ཚོགས། །དེ་ཚེ་དེ་ནི་མྱུར་དུ་དབབ། །སྨན་མར་བསྐོལ་བ་ན་ལྡེ་གུ་སོར་མོ་ལ་འདྲིལ་བ་ན་མ་འབྱར་བ་དང༌། དེ་བཞིན་དུ་སྣུམ་མེར་བཅུག་པ་ན་སྒྲ་ཚག་ཚག་ཟེར་བ་མི་འབྱུང་བ་དང༌། དེ་བཞིན་དུ་ཁ་དོག་དང་དྲི་དང༌། རོ་ཕུན་སུམ་ཚོགས་པར་གྱུར་པ་དེའི་ཚེ་སྨན་མར་དེ་ཚོས་པ་ཡིན་པས་དབབ་པར་བྱའོ། །ཞེས་དང༌། དེ་ལས་འདས་པས་དོན་མི་བྱེད། །མ་ཚོས་མེ་དྲོད་ཉམས་པར་བྱེད། །ཅེས་གསུངས།

        གཉིས་པ་ཚིག་གི་དོན་ནི། དེ་སོགས་ཚིགས་བཅད་ཕྱེད་དང་ལྔས་བསྟན་ཏེ། གོང་དུ་སྨོས་པ་དེ་ལ་སོགས་སྨན་མར་མཐའ་དག་སྦྱར་བའི་ཐབས་ནི། ཁུ་བ་འདོན་དགོས་པ་རྣམས་ཚོས་པར་བཙོས་ལ་ཁུ་བ་ཡང་ཡང་དུ་འདོན་ཞིང༌། ཁུ་བ་ཐོན་ཕྱིན་བཙིགས་མ་དོར། །དངྭས་མ་དེ་སླར་ཆུ་བྲེ་གསུམ་དུ་བསྡུས། དེ་ལ་བྲེ་སྲང་མགོ་ཐུག་པའི་དབང་གིས་ཐང་བྲེ་གསུམ་ལ། འོག་ནས་བཤད་པའི་མར་ལྟར་ཚ་གྲང་གང་འོས་ཀྱི་བཞོས་ཐོག་གི་འོ་མ་བྲེ་བཞི་བླུག་ལ་དཀྲུག་ཅིང་མ་ཚིག་པར་བཙོས་པས་ཆུ་དེ་འོ་མར་བསྟིམ། དེ་ལ་ཚ་བ་སེལ་ན་བ་དང་ར། ཐུན་མོང་ལ་མཛོ་ཡི་མར་གསར་དང་གྲང་བ་སེལ་ན་འབྲི་དང་ལུག་གི་མར་རྙིང་པ་ཉག་བརྒྱད་གཞུག་ཅིང༌། འོ་མའི་བཅུད་མར་ལ་ཐིམ་པར་བསྡུས་པར་བྱས་ཏེ། ཆུ་ཆོད་ཅིང་དངྭས་སྙིགས་བྱེ་ནས་མཛུབ་མོས་དཀྲུགས་ཀྱང་མི་ཚིག་པར་དཀྲུག་ཚུགས་པ་དང༌། མར་ཁུ་དེ་ནས་མེར་བཅུག་ན་ཚེག་སྒྲ་མེད་ཅིང༌། ཚིགས་མ་རིལ་བུར་དྲིལ་དུ་བཏུབ་པ་དེ་འབྱུང་བ་ཆུ་ཆོད་པའི་ཚད་ཡིན་ལ། དེ་ལས་ཐལ་ན་ནུས་པ་ཚིག་འགྲོ་ཞིང༌། ཡང་ཆུ་མ་ཆོད་ན་ཕོ་བས་མི་ཆུན་ལ་ནུས་པ་ཡང་ཆུང་བ་ཡིན་པས་དེ་ལྟར་ཚད་ལྡན་དུ་སྦྱར་བ་ཕོག་ལ་བཙིགས་མ་དོར་ཞིང༌། མར་གྱི་ཁུ་བ་དངྭས་མ་གུད་དུ་བཞུར་ཏེ་ངད་ཡལ་ཙམ་ལ་ཁ་ཚར་གྱི་སྨན་གང་འོས་ཕྱེ་མར་བྱས་ལ་བཏབ། མངར་ཀ་ར་བུ་རམ་གསུམ་སྐབས་དང་སྦྱར་ཏེ་ཐམས་ཅད་འདྲེས་པར་དཀྲུགས་ལ་ཐོ་རེངས་ཀྱི་དུས་ཁམ་རེ་བཏང་ཞིང༌། དེའི་ཚེ་སྤྱོད་ལམ་བརླན་གྲང་བསེར་བུ་འཇུ་དཀའ་དྲག་ཤུལ་སོགས་སྤང་ཞིང༌། སྨན་མ་ཞུ་ན་རྒྱམ་ཚྭ་བཞི་ཐང་བཏང་བ་དང༌། སྨན་ཟད་པའི་རྗེས་ལ་ཟས་ཀྱིས་ལུས་ཟུངས་གསོ་བར་བྱའོ་ཞེས་གསུངས་སོ་ཞེས་པའོ། །གསུམ་པ་ལེའུའི་མཚན་བསྟན་པ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ཞི་བྱེད་ལྔ་པ་སྨན་མར་གྱི་སྡེ་ཚན་བསྟན་པ་སྟེ་ལེའུ་བདུན་པའོ་ཞེས་བྱ་བའི་དོན་ཏོ།།

 

མཐའ་མའི་འདོན་ཐེངས་།: 05.09.2011 ཉིན། 11:30 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།