སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་བདུན་པ། འཇིག་ལྟས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་བདུན་པ། ལུས་ཀྱི་འཇིག་ལྟས་བསྟན་པ།

བདུན་པ་ལུས་ཀྱི་འཇིག་ལྟས་བསྟན་པ་ལ་གསུམ་སྟེ། ཉན་པར་གདམས་ཤིང་མདོར་བསྟན་པ་དང༌། རྒྱས་པར་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ངེས་པའོ་ཞེས་པའི་བར་གྱིས་བསྟན་ཏེ། ལུས་ཀྱི་ལས་དང་དབྱེ་བ་བསྟན་ཟིན་པའི་རྗེས་ཐོག་དེ་མ་ཐག་པ་དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིང་དང་ངས་བཤད་པར་བྱའོ་ཞེས་གདམས་ནས། མངལ་དུ་ཆགས་པ་ལ་སོགས་པ་ལུས་ཀྱི་གནས་སྐབས་ཕལ་ཆེར་བརྗོད་ཟིན་ནས། ད་ནི་ལུས་འདི་ཉིད་མཐར་འཇིག་པའི་ལྟས་བསྟན་པ་ལ་རྣམ་པ་བཞིར་ངེས་པ་ཡིན་ཏེ། གང་ཞེ་ན་རིང་བའི་ལྟས་དང༌། ཉེ་བའི་ལྟས་དང༌། མ་ངེས་པའི་ལྟས་དང༌། ངེས་པའི་ལྟས་རྣམས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ་སྟེ། རིང་བའི་ལྟས། ཉེ་བའི་ལྟས། མ་ངེས་པའི་ལྟས། ངེས་པའི་ལྟས། མཇུག་བསྡུ་བའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རིང་ལྟས་ཞེས་སོགས་རྐང་པ་གཅིག་སྟེ། ལུས་འཇིག་པའི་ལྟས་ལ་རྣམ་པ་གསུམ་དུ་ཡོད་པ་ལས། དང་པོ་རིང་བའི་ལྟས་ལའང་ཕོ་ཉའི་ལྟས་དང༌། རྨི་ལམ་གྱི་ལྟས་དང༌། རྣམ་འགྱུར་གྱི་ལྟས་ཏེ་རྣམ་པ་གསུམ་དུ་ཡོད་པའོ། །ཞེས་བྱ་བའི་དོན་ཏོ། །

གཉིས་པ་རྒྱས་པར་བཤད་པ་ལ་གསུམ། ཕོ་ཉའི་ལྟས། རྨི་ལམ་གྱི་ལྟས། རྣམ་འགྱུར་གྱི་ལྟས་སོ། །དང་པོ་ལ་བཞི། ཕོ་ཉའི་རིགས་ལ་བརྟག་པ་དང༌། དུས་ལ་བརྟག་པ། ལམ་དུ་བརྟག་པ། ཁྱིམ་དུ་བརྟག་པའོ། །དང་པོ་ལ་གཉིས། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་འཇིག་ལྟས་ཀྱི་སྐབས་འདིར་སྔ་རབས་པའི་སྨན་པ་མཁས་པར་གྲགས་པ་རྣམས་དང༌། དུས་ཕྱིས་ཀྱི་སྨན་པ་མཁས་པར་རློམ་པ་ཕལ་ཆེར་གྱིས་ལོག་པར་བཤད་པ་མང་དུ་སྣང་ཡང༌། ཡི་གེ་མང་བར་དོགས་པས་དགག་གཞག་གི་སྤྲོས་པ་བཞག་ནས་གཞུང་འདིར་མི་གསལ་བ་རྣམས་ཀྱང་ཞིབ་ཏུ་རྟོགས་པའི་ཆེད་དུ་ཡིད་ཆེས་པའི་ལུང་གིས་ཁ་བསྐང་བར་བྱའོ། །དེ་ཡང་ཟླ་ཟེར་ལས། ཡ་མཚན་ཅན་དང་དགེ་སྦྱོང་དང༌། །རིགས་མཐུན་ལས་ནི་འགྲུབ་པར་འགྱུར། །དེ་ལས་གོ་བཟློག་ཕོ་ཉ་ནི། །ལས་ནི་མི་འགྲུབ་རྟགས་སུ་འགྱུར། །ཞེས་བྱ་བ་ལ་ཡ་མཚན་ཅན་ནི་བརྟུལ་ཞུགས་ཀྱི་བྱེ་བྲག་ལ་གནས་པའི་ཕྱི་རོལ་པའོ། །དགེ་སྦྱོང་ནི་རབ་ཏུ་བྱུང་ཞིང་ཚངས་པར་སྤྱོད་པའོ། །རིགས་མཐུན་པ་ནི་རིགས་འདྲ་བ་སྟེ་དེ་ལྟ་བུའི་ཕོ་ཉ་འོང་བར་གྱུར་ན་གསོ་བའི་ལས་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ལས་གོ་བཟློག་པ་སྟེ་ཡ་མཚན་ཅན་ལ་སོགས་པའི་ཕོ་ཉ་དེ་ལས་གོ་བཟློག་ཅིང༌། རིགས་མི་མཐུན་པ་ཡིན་ན་གསོ་བའི་ལས་མི་འགྲུབ་ཅིང༌། དོན་མེད་པའི་མཚན་མ་ཡིན་ནོ། །དམན་དང་འཇིགས་རིང་དངངས་པ་དང༌། །རྩུབ་དང་བཀྲ་མི་ཤིས་སྨྲ་དང༌། །མཚོན་ཆ་དབྱུག་ཏོ་མགོ་རེག་དང༌། །མ་ནིང་སྨ་ར་རལ་པ་ཅན། །བཀྲ་མི་ཤིས་པའི་མིང་དང་ལྡན། །སྡིག་ལས་བུད་མེདདྲི་མ་ཅན། །མང་པོ་ནད་པམི་སྡུག་དང༌། །ཕྲེང་བ་བྱུག་པ་དམར་པོས་བརྒྱན། །ཏིལ་མར་འདམ་བསྐུས་གོས་རྙིང་དང༌། །མདོག་ངན་བརླན་ཅན་གོས་གཅིག་གྱོན། བོང་བུ་རྔ་མོ་མ་ཧེ་ཞོན། །ཤིང་དང་བོང་བ་ཉེད་པ་དང༌། །རིང་ནས་འབོད་ཅིང་ཕོ་ཉ་འོངས། སྨན་པས་ཡོངས་སུ་སྤང་བར་བྱ། །ཞེས་བྱ་བ་ལ་ཕོ་ཉ་རིགས་མཐུན་པ་ཡིན་དུ་ཟིན་ཀྱང༌། འདི་ལྟར་དམན་པ་དང་འཇིགས་པ་ལ་སོགས་པའི་ཁྱད་པར་གྱིས་ཕྱེ་བ་ཡིན་ན། སྨན་པས་འགྲོ་བར་མི་བྱ་སྟེ། དེ་དག་ནི་གསོ་བ་དོན་མེད་པར་འགྱུར་བའི་ལྟས་ཡིན་ནོ། །དེ་ལ་དམན་པ་ནི་ཞུམ་ཞིང་ཡི་མུག་པ་དང་བཅས་པ་ཡིན་ནོ། །འཇིགས་པ་ནི་སྐྲག་པའོ། །རིངས་པ་ནི་དྲག་ཏུ་འོངས་པའོ། །དངངས་པ་ནི་སྦྲུལ་ལ་སོགས་པས་དངངས་ཤིང་བྲེད་པའོ། །རྩུབ་པ་ནི་སྙིང་རྗེ་མེད་པར་སྨྲ་བའོ། །བཀྲ་མི་ཤིས་པར་སྨྲ་བ་ནི་ཡིད་དུ་མི་འོང་བའི་ཚིག་མི་ཤིས་པར་སྨྲ་བའོ། །མཚོན་ཆ་ཐོགས་པ་ནི་དགྲ་ཆ་ཐོགས་པའོ། །དབྱིག་པ་ཐོགས་པ་ནི་དབྱིག་པ་འཆང་བའོ། །

མགོ་རེག་ནི་སྐྲ་བྲེགས་པའོ། །མ་ནིང་ནི་བུ་ཚ་མེད་པའོ། །སྨ་ར་དང་རལ་པ་ཅན་ནི་སྨ་ར་འཆང་བ་དང༌། རལ་པ་སྐྲ་བཅིངས་པ་དང་ལྡན་པའོ། །བཀྲ་མི་ཤིས་པའི་མིང་དང་ལྡན་པ་ནི་སྡིག་ཅིང་མི་ཤིས་པའི་མིང་དང་ལྡན་པའོ། །སྡིག་པའི་ལས་ཅན་ནི་ཉེས་པར་སྤྱོད་པའི་ལས་བྱེད་པའོ། །བུད་མེད་ནི་མོ་རིགས་སོ། །དྲི་མ་ཅན་ནི་གོས་དྲི་མ་ཅན་གྱོན་པའོ། །མང་པོ་ནི་ཅིག་ཅར་དུ་མ་འོངས་པའོ། །ནད་པ་ནི་ནད་ཀྱིས་ཉམ་ཐག་པའོ།  མི་སྡུག་པ་ནི་ཡན་ལག་མི་མཛེས་པའོ། །ཕྲེང་བ་དང་བྱུག་པ་དམར་པོས་བརྒྱན་པ་ནི། མེ་ཏོག་དམར་པོའི་ཕྲེང་བ་དང་བྱུག་པ་དམར་པོས་ལུས་བརྒྱན་པའོ། །ཏིལ་མར་འདམ་བསྐུས་ནི་ཏིལ་མར་གྱི་ལྡེ་གུ་འདམ་འདྲ་བས་ལུས་ལ་བྱུགས་པའོ། །གོས་རྙིང་པ་ནི་དེངས་པའོ། །མདོག་ངན་པ་ནི་ཁ་དོག་ངན་པའོ། །བརླན་ཅན་ནི་ཆུས་བངས་པའོ། །གོས་གཅིག་གྱོན་པ་ནི་སྟོད་གཡོགས་སམ་སྨད་གཡོགས་གཅིག་གྱོན་པའོ། །བོང་བུ་དང་རྔ་མོ་མ་ཧེ་ཞོན་པ་ནི་དེ་ལ་ཞོན་ཏེ་འོངས་པའོ། །ཤིང་དང་བོང་བ་ལ་སོགས་ལ་ཉེད་ཅིང་འཇིགས་པ་དང༌། དེ་བཞིན་དུ་ཐག་རིང་བ་ནས་འབོད་ཅིང་ཀུ་ཅོས་འབོད་པའི་ཕོ་ཉ་འོངས་ན་སྨན་པ་འགྲོ་བར་མི་བྱའོ། །དེ་སྤང་ཞིང་དོར་བར་བྱའོ་ཞེས་དང༌། ཡ་མཚན་ཅན་ཞེས་པ་མུ་སྟེགས་པ་ལ་ཟེར་བའི་རྒྱུ་མཚན་ཡང༌།

དེ་ཁོ་ན་ཉིད་རབ་ཏུ་མི་གནས་པའི་རྒྱུད་ལས། རྟག་པ་དང་ནི་ཆད་སྨྲ་བ། །དཔྱོད་པ་དང་ནི་བྱེ་བྲག་པ། །གཟེག་ཟན་པ་དང་ཀུན་ཏུ་རྒྱུ། །ཞི་བ་དང་ནི་ཡ་མཚན་ཅན། །ཐོས་པ་པ་དང་ཕྱུག་བདག་པ། །གོས་མེད་གཅེར་བུ་ཟད་བྱེད་པ། །མཆོད་འོས་བརྟུལ་ཞུགས་ཆེན་པོ༌པ། །རེངས་བྱེད་བུ་ཡི་བརྟུལ་ཞུགས་དང༌། །ཤ་རུའི་བརྟུལ་ཞུགས་རི་བོང་བདག །རྨ་བྱའི་བརྟུལ་ཞུགས་དབྱུ་གུ་གསུམ། །གངྒ་ཏ་ཡི་བུ་ཀུན་རྒྱུ། །སྨྲ་འདོད་བུ་མེ་རྒྱལ་བ་ཅན། །མི་ཕམ་སྐྲ་ཡི་རལ་བ་དང༌། །ཀ་ཏྱ་དང་ནི་ནག་ནོག་ཅན། །གཅེར་བུ་དབྱིག་གཉེན་གྱི་བུ་དང༌། །འདི་དག་ཕྱི་རོལ་འགྲོ་བར་བལྟ། །ཞེས་གསུངས་སོ། །གཉིས་པ་ཚིག་གི་དོན་ནི། ཕོ་ཉ་ཞེས་པ་ནས་ལས་མི་འགྲུབ་ཅེས་པའི་བར་གྱིས་བསྟན་ཏེ། སྨན་པས་ནད་པ་བལྟ་བ་ལ་འགྲོ་བའི་ཐོག་མར་རྟེན་ཅིང་འབྲེལ་འབྱུང་གི་སྔ་ལྟས་བཟང་ངན་འདི་རྣམས་ཤེས་པར་བྱ་དགོས་ཏེ། དེ་ཡང་ནད་པའི་ས་ནས་ཕོ་ཉ་ཡ་མཚན་ཅན་ཞེས་བྱ་བ་ཕྱི་རོལ་པའི་བརྟུལ་ཞུགས་ལ་གནས་པའི་མིང་ཡིན་ཡང༌། ཕྱོགས་འདིར་དེ་ལྟར་མི་འབྱུང་ལ། འོན་ཀྱང་དེ་དང་ཕྱོགས་འདྲ་བའི་རིགས་ཅན་རྣམས་དང༌། དགེ་སྦྱོང་སྟེ་ཤཱཀྱ་ཐུབ་པའི་རྗེས་སུ་སྦྱོང་བའི་རབ་ཏུ་བྱུང་བ་རྣམས་དང༌། གལ་ཏེ་དེ་ལྟ་བུ་མིན་ཡང་དེ་དང་རིགས་མཐུན་པ་ཆ་ལུགས་བཙུན་པར་བཅོས་པ་རྣམས་དང༌། སྐྱེ་བོ་ཡིན་ཀྱང་གཟུགས་དང་ལང་ཚོ་སྐྱོན་མེད་ཅིང་གཙང་སྦྲ་དང་ལྡན་པ་རྣམས་དང༌། བཞོན་པ་ཡོད་པའི་ཚེ་ནའང་རྟ་ཁ་དོག་དང་རྒྱན་ཕུན་སུམ་ཚོགས་ཤིང་ཆ་ཤས་ལ་སྐྱོན་མེད་པར་བྱུང་བ་རྣམས་ནི་དགེ་སྟེ། ནད་པ་དེ་ཉིད་ཚེགས་མེད་པར་གསོས་པའི་རྟགས་ཡིན་ལ། དེ་ལས་བཟློག་པའི་བུད་མེད་མ་ནིང་དང་རྨེ་ཅན་དང༌། ལུས་ཀྱི་ཡན་ལག་དང་དབང་པོ་ཉམས་པ་ལ་སོགས་པ་དང༌། བོང་བུ་དང་དྲེའུ་སོགས་ཞོན་ནས་འོངས་པ་རྣམས་ཀྱིས་ནད་པ་གསོ་བའི་དོན་འགྲུབ་པར་མི་འགྱུར་ཏེ་མི་དགེ་ཞིང༌། གོང་གི་ཡ་མཚན་ཅན་ལ་སོགས་པ་རྣམས་དང༌། རིགས་མཐུན་པའི་ཕོ་ཉ་དང་ལྡན་ཡང༌། འཇིགས་ཤིང་སྐྲག་པས་ཉེན་པ་དང༌། རིངས་པས་རྟབ་རྟབ་པོར་གྱུར་པ་དང༌། དེ་བཞིན་དུ་དངངས་ཤིང་དབུགས་ཀྱིས་བརྩེག་པ་དང༌། ལག་ཏུ་རྡོ་དང་ཤིང་དང་བོང་བ་ལ་སོགས་པ་དོན་མེད་བཞིན་དུ་ཉེད་པ་དང༌། ཐག་རིང་པོ་ནས་འབོད་ཅིང་མི་དགེ་བ་བཅུ་ལས་གང་ཡང་རུང་བའི་སྡིག་པའི་ལས་ལ་ལོངས་སྤྱོད་ཅིང་འོང་བ་དང༌། གཞན་ཡང་ཕོ་ཉ་དེ་ཉིད་ཀྱི་མིང་བཀྲ་མི་ཤིས་པ་དང༌། མཚོན་ཆ་དང་དབྱིག་པ་ལ་སོགས་པ་ལག་ཏུ་ཐོགས་ཤིང་མེ་ཏོག་དམར་པོ་དང༌། ལུང་མ་བསྟན་གྱི་རྒྱན་སྣ་ཚོགས་པས་བརྒྱན་པ་དང༌། ངག་གི་སྨྲ་བརྗོད་དང་གཞན་ལ་སྨོད་ཅིང་ངུ་དངངས་ལ་སོགས་པ་བྱེད་པ་སྟེ། དེ་ལྟ་བུའི་ཕོ་ཉ་བྱུང་བ་ནི་མི་ཤིས་པའི་ལྟས་ཡིན་པས་ནད་པ་གསོ་བའི་ལས་མི་འགྲུབ་སྟེ་འགྲོ་བར་མི་བྱའོ།

གཉིས་པ་དུས་ལ་བརྟག་པ་ལ་གཉིས་ཏེ། སྤྱིའི་དོན་དང་ཚིག་གི་དོན་ནི། །དང་པོ་ནི། ཟླ་ཟེར་ལས། བཀྲ་མི་ཤིས་པ་སེམས་དང་སྨྲ། །གཅེར་བུ་གཅོད་དང་འཇིག་པ་དང༌། །མཚུན་གཏོར་མེ་ལ་བསྲེག་པ་དང༌། །ཤི་བ་རྣམས་ལ་སྟེར་བ་དང༌། །སར་ཉལ་སྐྲ་བཤིག་སྐུད་པ་དང༌། །ངུ་དང་མ་བསྡམས་གནས་སྐབས་སུ། །སྨན་པ་གནས་ཚེ་ཕོ་ཉ་འོངས། །དེ་ནི་འཆི་བར་སྟོན་པ་ཡིན། །ཞེས་བྱ་བ་ལ་སྨན་པས་ཕོ་ཉ་འོང་བའི་ཚེ་བཀྲ་མི་ཤིས་པའི་དངོས་པོ་ཡིད་ལ་སེམས་སམ། ཁ་ནས་སྨྲ་བའམ། གཅེར་བུར་འདུག་ཅིང་གོས་མེད་པར་འདུག་པའམ། །རྩྭ་ལ་སོགས་པ་གཅོད་པའི་སྐབས་སུའམ། བོང་བ་ལ་སོགས་པ་འཇིག་པའི་སྐབས་སུའམ། མཚུན་གཏོར་མེ་ལ་བསྲེག་ཅིང་གནས་པའམ། ཡང་ཤི་བ་རྣམས་ལ་མཚུན་གཏོར་སྟེར་ཞིང་གཏོང་བའི་སྐབས་སམ། ས་ལ་ཉལ་ཞིང་གནས་པ་དང༌། སྐྲ་བཤིག་ཅིང་བཀྲོལ་བའམ། མར་གྱིས་ལུས་སྐུད་ཅིང་འཇུག་པའམ།   མྱ་ངན་བྱེད་པའམ། མ་བསྡམས་ཤིང་མི་གཙང་བར་གནས་པའི་སྐབས་སུ་ཕོ་ཉ་འོངས་པར་གྱུར་ན་ནད་པ་དེ་འཆི་ཞིང་སྲོག་འདོར་བར་སྟོན་པའི་ལྟས་ཡིན་ནོ། །ནད་དང་མཚན་ཉིད་མཚུངས་པ་ཡི། །ཡུལ་ལམ་དུས་སུ་སྨན་པ་གནས། བང་ཆེན་འབོད་དུ་འོངས་པ་ན། །ནད་པ་དེ་ནི་གསོ་མི་བྱ། །ཞེས་བྱ་བ་ལ་ནད་པ་རིམས་ལ་སོགས་གང་དག་གིས་ན་བ་དང༌། ཡོན་ཏན་ནམ་མཚན་ཉིད་འདྲ་ཞིང་མཚུངས་པའི་ཡུལ་ཁམས་དུས་ཏེ། དེ་ལྟ་བུའི་ཡུལ་ལམ་དུས་དེའི་དུས་སུ་སྨན་པ་གནས་ཤིང་འདུག་པ་ན། བང་ཆེན་ནམ་ཕོ་ཉ་སྨན་པ་ལ་འབོད་ཅིང་སྦྲོན་དུ་འོངས་པ་མཐོང་ན་ནད་པ་དེ་སྨན་པས་བཅོས་ཤིང་གསོ་བར་མི་བྱའོ། །ནད་དང་ཡུལ་དུས་མཚུངས་པའི་ཚུལ་ནི་འདི་ལྟར་བད་ཀན་ལས་བྱུང་བའི་རིམས་ལ་སོགས་པའི་ནད་ཀྱིས་བཏབ་པའི་ཕོ་ཉ་སྨན་པ་ཆུ་མང་ཞིང་བརླན་ཅན་གྱི་ཡུལ་ན་གནས་པའམ། ནང་པར་གྱི་དུས་སྐབས་སུ་ཕོ་ཉ་འོངས་ན་མི་ཤིས་པ་ཡིན་ནོ། །མཁྲིས་པའི་ནད་ལ་མེ་ལ་སོགས་པ་ཚ་བའི་ཡུལ་དང་ཉི་མ་ཕྱེད་ཙམ་དུས་སུ་ཕོ་ཉ་འོངས་ན་མི་ཤིས་པ་ཡིན་ནོ། །རླུང་གི་ནད་ལ་ནི་རྩུབ་པ་དང་གྲང་བ་དང་རྡོ་དང་བྱེ་མ་དང་གསེག་མ་ལ་སོགས་པའི་ཕྱོགས་སུ་དགོང་ཁ་ཕོ་ཉ་འངོས་ན་མི་ཤིས་པ་ཡིན་ནོ། །ལྟེ་བ་ཁ་དང་སྣ་རེག་དང༌། །སྐྲ་དང་སྤུ་དང་སེན་མོ་སོ། །མཚན་རྒྱབ་ནུ་མ་མགྲིན་པ་དང༌། །ལྟོ་དང་སྲིན་ལག་དག་དང་ནི།  །རས་བལ་ཕུབ་མ་ཞ་ཉེ་རྩྭ། །རུས་པ་གཏུན་བརྡུང་ཕྱགས་མ་རྡོ། །ཞིབ་མ་གོས་ཀྱི་ཐ་མ་དང༌། །ཐལ་བ་སོལ་བ་ཁ་ཚར་སོབ། །ཐག་པ་གཏུན་དང་ཞག་པ་སྲང༌། །གཞན་ཡང་ཐོག་གི་ཆགས་པ་ཐོགས། །ཕོ་ཉ་དེ་འདྲ་མངོན་དུ་མཐོང༌། །འཆི་བ་དག་ཏུ་སྟོན་པ་ཡིན། །ཞེས་བྱ་བ་ལ་ཡང་ཕོ་ཉ་དེ་ཉིད་མཚན་ཉིད་འདི་དག་དང་ལྡན་པ་ཡང་མི་ཤིས་ཤིང་འཆི་བའི་མཚན་མ་ཡིན་པར་སྟོན་ཏེ། དེས་ན་དེའི་ཚེ་ཕོ་ཉ་གང་དག་འོངས་པ་ལྟེ་བ་ལ་སོགས་པ་ལ་རེག་པ་ནི་མི་ཤིས་པ་ཡིན་པས་དེ་སྤང་བར་བྱའོ། །དེ་བཞིན་མཚན་ཕྱེད་ཉི་མ་གུང༌། །ཐུན་མཚམས་དང་ནི་དུས་ཚིགས་དང༌། །ཚེས་དྲུག་ཚེས་བཞི་ཚེས་དགུ་དང༌། །སྒྲ་གཅན་མཇུག་རིང་འཆར་དུས་སོགས། །བྲ་ཉེ་སྨིན་དྲུག་སྐག་ཆུ་སྟོད། །གྲེ་དང་ཁྲུམས་སྟོད་སྣུབས་དང་ནི། །གང་དུ་ཕོ་ཉ་ནད་པ་ཡི། །མཚན་ཉིད་ལ་ནི་བརྟེན་པའི་ཚིག །མི་དགེ་སྨྲ་དང་མི་ཤིས་མཐོང༌། །དེར་ནི་སྨན་པ་འགྲོ་མི་བྱ། །ཞེས་བྱ་བ་ལ་ཡང་དེ་བཞིན་དུ་སྨན་པ་ནད་པའི་གམ་དུ་འགྲོ་བ་ན་མཚན་ཕྱེད་ལ་སོགས་པའི་དུས་དང༌། ཚེས་དྲུག་ལ་སོགས་པའི་ཚེས་གྲངས་གསུམ་དང༌། སྒྲ་གཅན་མཇུག་རིང་འཆར་བའི་དུས་དང༌། སོགས་པ་ཞེས་བྱ་བ་ནི་ཉི་མ་དང་ཟླ་བ་གཟས་ཟིན་པ་མཐོང་པའི་དུས་དང༌། བྲ་ཉེ་ལ་སོགས་སྐར་མ་ལ་བབ་པའི་ཞག་ལ་སྨན་པ་འགྲོ་བར་མི་བྱའོ།།

ཡང་གནས་གང་དུ་ཕོ་ཉ་འོངས་པ་དེ་ནད་པའི་མཚན་ཉིད་དམ་རང་བཞིན་ལ་བརྟེན་པའི་ཚིག་གཟུགས་སྒྲ་ལ་སོགས་པ་མི་ཤིས་པའི་རྣམ་པར་སྨྲ་བ་དང༌། མི་ཤིས་པ་མཐོང་བར་གྱུར་ན་སྨན་པས་ནད་པ་གསོ་བའི་ཕྱིར་འགྲོ་བར་མི་བྱའོ། །ཞེས་བཤད་དོ། །གཉིས་པ་ཚིག་གི་དོན་ནི། སྨན་པ་ཞེས་པ་ནས་ལམ་འཇུག་ངན་ཞེས་པའི་བར་གྱིས་བསྟན་ཏེ། ཡང་སྨན་པ་དེ་ཉིད་སེམས་རྩུབ་ཅིང་ཁོང་ཁྲོ་སྐྱེས་པ་དང༌། ངག་ནས་མི་ཤིས་པའི་གཏམ་སྨྲ་བ་དང༌། ཤིང་ལ་སོགས་པ་དུམ་བུར་གཅོད་ཅིང་དངོས་པོའི་གཟུགས་འགའ་ཞིག་བཤིག་སྟེ་ཉམས་པར་བྱེད་པ་དང༌། མཚུན་གཏོར་ཞེས་པ་ཕ་མེས་ཤི་བའི་དོན་ཏུ་གཏོར་མ་འབའ་ཞིག་གཏོང་བ་དང༌། དེའི་དོན་དུ་སྦྱིན་སྲེག་བྱེད་པ་སྟེ་དེ་རྣམས་སྨན་པས་བྱེད་པའི་དུས་སུ་ཕོ་ཉ་འོངས་པའང་ནད་པ་འཆི་བའི་ལྟས་ཡིན་ལ། གཞན་ཡང་ཚེས་དྲུག་དང་བཞི་དང་དགུ་དང་ཉི་ཟླ་གཟས་ཟིན་དུས་སུ་དང༌། མཇུག་རིང་འཆར་བ་དང༌། བྲ་ཉེ་ལ་སོགས་པ་གཟའ་སྐར་ངན་པའི་ཉིན་ཞག་གི་དུས་དང༌། མཚན་ཕྱེད་དང་ཉི་མ་ཕྱེད་ལྟ་བུ་ལ་ནད་པ་གསོ་བའི་ཕྱིར་ལམ་དུ་འཇུག་པ་ངན་པ་ཡིན་པས་སྤང་བར་བྱའོ། །གསུམ་པ་ལམ་ལ་ཞུགས་པའི་ཚེ་བརྟག་པ་ལ་གཉིས། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། དབང་པོ་མ་ཚང་མི་རོའམ། །མི་རུས་ཀྱིས་ནི་བརྒྱན་པའམ། །ཆད་དང་ཚིག་དང་ཉམས་ཆག་དང༌། །དེ་ཡི་ཚིག་ཏུ་སྨྲ་བ་འམ། །རོ་ནི་ཚ་དང་རུལ་པའམ། །རེག་བྱ་རྒྱ་ཆེན་མི་བཟད་དང༌། །གང་ཡང་དེ་འདྲ་གཞན་དག་ནི། །དེ་ཀུན་མདུན་དུ་སྨྲ་བའི་ཚེ། །ཕོ་ཉ་འོང་བ་མཐོང་བ་ནི། །ནད་པ་དེ་དག་གསོ་མི་བྱ། །ཞེས་བྱ་བ་ལ་ཡང་དབང་ཕོ་མ་ཚང་བ་ལ་སོགས་པའི་ཚིག་མི་ཤིས་པ་འདི་དག་གམ། གཞན་ཡང་འདི་དང་ཆ་འདྲ་བ་དག་དང༌། ཀྱི་ཧུད་ཀྱི་ཧུད་ཅེས་བྱ་བ་ལ་སོགས་འོག་ནས་བཤད་པའི་ཚིག་འདི་དག་གམ། མདོར་ན་ནད་པ་ལ་བརྟེན་པའི་ཚིག་མི་ཤིས་པ་སྟོན་པར་བྱེད་པ་མདུན་དུ་སྨྲ་ཞིང་འོངས་པའམ།

ཡང་ན་ནད་པའི་ཚིག་གླེང་བའི་སྐབས་མི་ཤིས་པ་ཟེར་བའི་ཕོ་ཉ་འོངས་ཤིང་དེ་ཉིད་ཀྱི་ཚེ་བང་ཆེན་ལྷགས་ན་བང་ཆེན་དེའི་བདག་པོ་ནད་པ་གསོ་བར་མི་བྱའོ། །དེ་ལ་འདིར་དབང་པོ་མ་ཚང་བ་ནི་མིག་ལ་སོགས་པའི་དབང་པོ་གང་ཡང་རུང་བ་ཉམས་པ་སྟེ་ཞར་བ་དང་ཞ་བོ་ལ་སོགས་པའོ། །མི་རོ་ནི་མི་ཤི་བའོ། །མི་རུས་ཀྱིས་བརྒྱན་པ་ནི་མི་རུས་དང༌། དེའི་ཁྲག་དང༌། གོས་ལ་སོགས་པས་བརྒྱན་པའོ། །ཆད་པ་ནི་ཐག་པ་ལ་སོགས་པའོ། །ཚིག་པ་ནི་གོས་ལ་སོགས་པའོ། །ཉམས་ཤིང་ཆག་པ་ནི་སྣོད་སྤྱད་ལ་སོགས་པའོ། །དེའི་ཚིག་ཏུ་སྨྲ་བ་ནི་ཆད་དོ་ཚིག་གོ །ཉམས་སོ་ཞེས་བྱ་བ་ལ་སོགས་པ་སྨྲ་བའོ། །རོ་ཚ་བ་ནི་ན་ལེ་ཤམ་ལ་སོགས་པའོ། །རུལ་བ་ནི་མི་རོ་ལ་སོགས་པའི་དྲིའོ། །དེ་བཞིན་དུ་རེག་བྱ་ནི་རྒྱ་ཆེ་ཞིང་ཡངས་པ་དང༌། མི་བཟད་ཅིང་བཟོད་པར་དཀའ་བ་དང༌། གཞན་ཡང་དེ་དང་ཆ་འདྲ་བའི་ཚིག་དག་སྨྲ་ན་དེ་གསོ་བར་མི་བྱའོ། །ཀྱི་ཧུད་ཀྱི་ཧུད་ཆོ་ངེ་འདེབས། །འོ་དོད་སྨོད་མོ་འགྱེལ་སྦྲིད་སྒྲ། །གོས་དང་གདུགས་དང་ལྷམ་འཇིག་དང༌། །སྡུག་བསྔལ་བ་དག་མཐོང་བ་དང༌། །ཤིང་ཆེན་རྒྱལ་མཚན་གང་བའི་སྣོད། །ཆུ་ནང་ནུབ་པར་མཐོང་བ་དང༌། །གསོད་སོགས་ཡིད་དུ་མི་འོང་སྨྲ། །ཐལ་བ་ཕྱག་དར་གྱིས་གཏོར་དང༌། །བྱི་ལ་སྲམ་དང་སྦྲུལ་དང་ནི། །སྦྲེའུས་ལམ་ནི་བཅད་པ་དང༌། འབར་བའི་ཕྱོགས་སུ་རི་དྭགས་བྱ། །གདུག་པའི་སྒྲ་ནི་སྒྲོག་པ་དང༌། །འབྲུ་གནག་བུ་རམ་དར་བ་དང༌། །ལན་ཚྭ་ཆང་རྙིང་པགས་པ་དང༌། །ཡུངས་དཀར་ཞག་དང་འབྲུ་མར་དང༌། །རྩྭ་དང་འདམ་བུ་བུར་ཤིང་དང༌། །མ་ནིང་མི་སྲུན་རྨེ་ཤ་ཅན། །རྒྱ་དག་དང་ནི་རྙི་རྣམས་དང༌། །སློན་དང་བཤང་བ་གཏོང་བ་དང༌། །རྣག་དང་མཚན་མ་ངན་པ་མཐོང༌། །སྙིང་པོ་མེད་དང་འཁྲིག་པ་སྤྱོད། །རས་བལ་སོགས་དང་དགྲ་བོ་མཐོང༌། །མལ་སྟན་དང་ནི་ཁྱོགས་ལ་སོགས། །ཁ་སྦུབ་ཏུ་ནི་གནས་པ་མཐོང༌། །ནད་པ་དག་དང་གཞན་དག་དང༌། །སྣོད་སོགས་ངན་མཐོང་མི་ཤིས་སོ། །ཞེས་བྱ་བ་ལ་སྨན་པ་འགྲོ་བའི་ཚེ་ལམ་དུ་ཀྱི་ཧུད་ཅེས་སྨྲ་བ་ལ་སོགས་པ་ཐོས་ཤིང་མཐོང་ན་ཡང་མི་ཤིས་པ་ཡིན། དེ་ཡང་ཀྱི་ཧུད་ཀྱི་ཧུད་ཅེས་ཟེར་ཞིང་ངུ་བ་ནི་ཀྱི་ཧུད་ཀྱི་ཧུད་ཀྱི་ང་རོ་འབོད་པའོ། །འོ་དོད་འབོད་པ་ནི་མི་སྙན་པར་ཟེར་བའམ། ཅེ་སྤྱང་ལ་སོགས་པའི་སྒྲའོ། །སྨོད་མོ་ནི་སྨོད་མོ་འདེབས་པ་སྟེ། དེ་དག་གི་སྒྲ་ཐོས་པ་དང་ཡང་འགྱེལ་ཞིང་ཆག་པ་དང༌། སྦྲིད་པའི་སྒྲ་ཐོས་པ་དང༌། གོས་ལ་སོགས་པ་རལ་ཞིང་འཇིག་པ་དང༌། དེ་བཞིན་དུ་སྡུག་བསྔལ་ཞིང་འཕོངས་པར་གནས་པ་མཐོང་བ་དང༌། དེ་བཞིན་དུ་ཤིང་ཆེན་པོ་དང་རྒྱལ་མཚན་ལ་སོགས་པ་དང་འབྲས་བུས་གང་བའི་སྣོད་ཆུའི་ནང་དུ་ནུབ་ཅིང་བྱིང་བ་མཐོང་བ་དང༌། དེ་བཞིན་དུ་གསོད་ཅེས་པ་ལ་སོགས་པའི་ཚིག་ཡིད་དུ་མི་འོང་ཞིང་བཀྲ་མི་ཤིས་པ་སྨྲ་བ་སྟེ། གསོད་དོ་བཅོམ་མོ་ལྷུང་ངོ་ཞིག་གོ། །འཚིག་གོ། །ཞེས་བྱ་བ་ལ་སོགས་པའི་ཚིག་གསང་མཐོན་པོར་སྨྲ་བ་དང༌། དེ་བཞིན་དུ་སྨན་པ་ལམ་དུ་འགྲོ་བ་ན་ཐ་བ་དང་ཕྱག་དར་ལ་སོགས་པ་གཏོར་ཞིང་གོས་པ་དང༌།

ཡང་སྨན་པ་ལམ་དུ་འགྲོ་བ་ན། བྱི་ལ་ལ་སོགས་པས་ལམ་བཅད་པ་དང༌། ཡང་དེ་བཞིན་དུ་འབར་བའི་ཕྱོགས་ཏེ་ཉི་མ་གང་ན་གནས་པའི་ཕྱོགས་དེ་ནས་རི་དྭགས་དང༌། བྱ་དང༌། སྟག་དང༌། ཁྲ་ལ་སོགས་པ་གདུག་པའི་སྒྲ་སྒྲོག་ན་ཡང་བཀྲ་མི་ཤིས་པ་ཡིན་ནོ། །ཡང་སྨན་པ་ལམ་དུ་འགྲོའམ། ནད་པའི་ཁྱིམ་དུ་འཇུག་པ་ན་འབྲུ་ནག་པོ་ལ་སོགས་པ་མཐོང་བ་ཡང་བཀྲ་མི་ཤིས་པ་སྟོན་པར་བྱེད་པས་མི་དགེའོ། །རས་བལ་ལ་སོགས་པ་ནི་རས་བལ་ཕུབ་མ་ཞ་ཉེ་རྩྭ་ཞེས་བྱ་བ་ལ་སོགས་པ་ཕོ་ཉ་འོངས་པའི་སྐབས་སུ་བསྡུས་ཏེ། དེ་དག་མཐོང་ན་ཡང་མི་ཤིས་པ་ཡིན་ནོ། །དགྲ་བོ་མཐོང་བ་ནི་འདིར་དེའི་སྐབས་ཡིན་པས་སྨན་པའི་དགྲ་བོ་བཟུང་བ་སྟེ་མཐོང་ཡང་མི་ཤིས་སོ། །ཡང་དེ་བཞིན་མལ་སྟན་ཁ་སྦུབ་པ་ལ་སོགས་པ་མཐོངཡང་མི་ཤིས་པ་ཡིན་པས་མཚན་མ་དེ་དག་མཐོང་ན་ཡང་གསོ་བའི་ལས་མི་བརྩམ་མོ། །སྐྱེས་པའི་མིང་ཅན་བྱ་གཡོན་ནས། །བུད་མེད་མིང་ཅན་གཡས་འདུག་བཟང༌། །ཞེས་བྱ་བ་ལ་འདི་དག་ནི་ལྟས་བཟང་པོ་སྟེ། བྱ་སྐྱེས་པའི་མིང་ཅན་ནི་ངང་པ་དང༌། ཏི་ཏི་ར་དང༌། བ་ཏ་ག་ལ་སོགས་པ་སྟེ། དེ་ནི་གཡོན་ཕྱོགས་ན་གནས་ཤིང་སྐད་སྒྲོག་པ་བཟང་ལ། བུད་མེད་ཀྱི་མིང་ཅན་ཤཱ་རི་མ་དང༌། ལྗོན་མོ་ལ་སོགས་པ་ནི་གཡས་ན་འདུག་ཅིང་སྒྲ་འབྱིན་པ་བཟང་ངོ༌། །བྱ་དང་རི་དྭགས་གཡས་བསྐོར་བཟང༌། །ཁྱི་དང་ཝ་ནི་དེ་ལྟར་མིན། །ཞེས་བྱ་བ་ལ་བྱ་དང་རི་དྭགས་རྣམས་ནི་གཡོན་གཡས་སུ་བསྐོར་ནས་འགྲོ་བ་བཟང་སྟེ། བྱ་ནི་ཙ་ཤ་ཀ་དང་ཁུ་བྱུག་ལ་སོགས་པའོ། །རི་དྭགས་ནི་ཤ་ཀ་ལ་སོགས་པའོ། །ཁྱི་དང་ཝ་ནི་དེ་ལྟར་འགྲོ་བར་བསྔགས་པ་མ་ཡིན་ཏེ། གཞན་དུ་ན་གཡས་ནས་གཡོན་དུ་བསྐོར་ཏེ་འགྲོ་བར་བཟང་ངོ༌། །རི་དྭགས་རྣམས་ནི་ཟུང་མི་ཤིས། །ཞེས་བྱ་བ་ལ་རི་དྭགས་རྣམས་ནི་ཟུང་དུ་མ་མཆིས་གཅིག་དང་གསུམ་དང་ལྔ་དང་བདུན་ལ་སོགས་པར་འགྲོ་བ་བཟང་ངོ༌། །ཙ་ཤ་བྱ་རྒོད་ཁ་ཛ་རི། །ནེའུ་ལེ་ར་དང་རྨ་བྱ་རྣམས། །མཐོང་བ་རྟག་ཏུ་ཤིས་པ་ཡིན། །ཞེས་བྱ་བ་ལ་ཙ་ཤ་དང་བྱ་རྒོད་ལ་སོགས་པ་མཐོང་བ་ནི་རྟག་ཏུ་ཤིས་ཤིང་བསྔགས་པ་ཡིན་ནོ། །འུག་པ་བྱི་ལ་སྦྲུལ་མཐོང་བ། །རྣམ་པ་ཀུན་ཏུ་ཤིས་པ་མིན། །ཞེས་བྱ་བ་ལ་འུག་པ་ལ་སོགས་པ་མཐོང་བ་ནི་རྣམ་པ་ཀུན་ཏུ་སྟེ་ཐམས་ཅད་ནས་ཐམས་ཅད་དུ་དགེ་བ་མ་ཡིན་ནོ། །གོ་ད་དང་ནི་རི་བོང་སྦྲུལ། །ཛ་ཧ་ཀ་ནི་མིང་ཐོས་དགེ།  །མཐོང་དང་སྒྲ་སྒྲོག་དེ་ལྟ་མིན། ཞེས་བྱ་བ་ལ་ཡང་འགྲོ་བའི་ཚེ་སྲོག་ཆགས་གོ་ད་ལ་སོགས་པའི་མིང་སྒྲོག་པ་ཐོས་པ་ནི་དགེ་བ་ཡིན་གྱི། མཐོང་བ་དང་སྒྲ་སྒྲོག་པ་ཐོས་པ་ནི་དེ་ལྟ་མ་ཡིན་ནོ། །དྲེད་དང་སྤྲེའུ་དེ་ལས་བཟློག །ཅེས་བྱ་བ་ལ་དྲེད་དང་སྤྲེའུ་ནི་གོང་མ་དེ་ལས་བཟློག་པ་སྟེ། མཐོང་བ་དང་སྒྲ་སྒྲོག་པ་ནི་དགེ་བ་ཡིན་ནོ། །དཔྲལ་བའི་ཕྱོགས་སུ་འཇའ་ཚོན་མཐོང༌། །མི་ཤིས་རྒྱབ་ཏུ་མཐོང་ན་ཤིས། །ཞེས་བྱ་བ་ཡང་འགྲོ་བའི་ཚེ་འཇའ་ཚོན་དཔྲལ་བའི་ཕྱོགས་ཀྱི་ཐད་དྲང་ན་མདུན་ན་གནས་པ་ནི་མི་ཤིས་པ་ཡིན་ལ། མདུན་དུ་ཕྱོགས་པ་མ་གཏོགས་པ་རྒྱབ་ཏུ་གནས་ཤིང་འཆར་བ་ནི་དགེ་ཞིང་ཤིས་པ་ཡིན། མེ་ཡིས་གང་བའི་སྣོད་དག་ནི། ཆག་དང་ཁོང་སྟོང་གནས་པ་དང༌། །ཞེས་བྱ་བ་ལ་ལམ་དུ་འགྲོ་བ་ན་མེས་གང་བའི་སྣོད་ལྷུང་ཞིང་ཆག་པར་གྱུར་པའམ་ཁོང་སྟོང་དུ་གནས་ན་མི་ཤིས་པ་ཡིན་ནོ། །ཞེས་བཤད་དོ། །

གཉིས་པ་ཚིག་གི་དོན་ནི། འགྲོ་ཚེ་ཞེས་པ་ནས་མཚན་ཉིད་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། ནད་པ་འགའ་ཞིག་གསོ་བའི་དོན་དུ་ཕོ་ཉ་དང་བཅས་ཏེ་འགྲོ་བའི་ཚེ་ལམ་དུ་ཐག་པ་སོགས་ཆད་པ་དང༌། དངོས་པོ་འགའ་ཞིག་མེས་ཚིག་པ་དང༌། རྫ་ལ་སོགས་པ་ཁ་ཅིག་ཆག་པ་དང༌། མི་འགའ་ཞིག་ངུ་བ་དང༌། བསད་དོ་བཅོམ་མོ་ཞེས་སོགས་ཀྱི་སྨྲེ་སྔགས་སྨྲ་བ་ཐོས་པ་དང་མཐོང་བ་དང༌། བྱི་ལ་དང་སྤྲེའུ་དང་སྲམ་དང་སྦྲུལ་ལ་སོགས་པས་ལམ་བཅད་ཅིང་གཞན་ཡང་བཀྲ་མི་ཤིས་པའི་མཚན་མ་ཅན་གང་མཐོང་བར་གྱུར་ཀྱང་ངན་ཏེ་ནད་པ་མི་འཚོ་བའི་ལྟས་ཡིན་ནོ། །དེ་རྣམས་ལས་བཟློག་པ་དགེ་ཞིང་ཤིས་པའི་ལྟས་འབྲུ་དང་ཞོ་ལ་སོགས་པའི་སྒྲས་ཆང་དང་རིན་པོ་ཆེ་ལ་སོགས་པས་སྣོད་ཡོངས་སུ་གང་བ་དང༌། དྲིལ་བུ་དང་མར་མེ་དང་མེ་ཏོག་དང་འབྲས་ཡོས་དང་ཟན་དང་ལྷའི་སྐུ་དང་ལུས་ཀྱི་རྒྱན་གོས་དཀར་པོ་དང༌། ཆོས་ལ་སྤྱོད་པ་དང༌། རྒྱལ་མཚན་བསྒྲེང་བ་དང༌། མེ་འབར་བ་དང༌། རྟ་ལུག་ངང་པ་ལ་སོགས་པའི་སྒྲས་བུད་མེད་མཛེས་མ་རྣམས་ཕྲུག་གུ་དང་བཅས་པར་གནས་སམ་འགྲོ་བ་དང༌། དེ་ལ་སོགས་པའི་ཡིད་དུ་འོང་ཞིང་བཀྲ་ཤིས་པའི་སྒྲའམ་བཟའ་བ་དང་བཏུང་བ་དང་རྒྱན་རྣམ་པ་སྣ་ཚོགས་པ་སྟེ། དེ་དག་རྣམས་ལམ་དུ་འགྲོ་བའི་ཚེ་མཐོང་བའམ་ཐོས་པའམ། ཡང་ན་ནད་པའི་ཁྱིམ་དུ་འཇུག་པ་ལ་ཉེ་བའི་ཚེ་ན་ཡང་རུང་སྟེ་མཐོང་ཐོས་སུ་གྱུར་པ་དེ་དག་ནི་དགེ་ཞིང་བཀྲ་ཤིས་པའི་ལྟས་བཟང་པོ་ནད་པ་བདེ་བླག་ཏུ་གསོ་བར་འགྱུར་བའི་མཚན་ཉིད་ཅན་ཡིན་ནོ། །བཞི་པ་ཁྱིམ་དུ་བརྟག་པ་ལ་གཉིས། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ནད་པ་འཆི་འགྱུར་ཁྱིམ་དུ་ནི། །སྨན་པ་འཇུག་པར་བྱེད་པའི་ཚེ། །ཞེས་སོགས་བཀྲ་ཤིས་འོག་ནས་བཤད། །གང་བའི་སྣོད་ཕྱིར་འབྱུང་མཐོང་དང༌། །ཞེས་བྱ་བ་ལ་ནད་པ་འཆི་བར་འགྱུར་ཞིང་ཉེ་བར་སྲོག་དང་འབྲལ་བར་འགྱུར་བའི་ཀྱིམ་དུ་སྨན་པ་འཇུག་པར་བྱེད་ན།་ དུས་དེ་ཉིད་ཀྱི་ནད་པའི་ཁྱིམ་ནས་ཞོ་དང་འབྲུ་ལ་སོགས་པས་གང་བའི་སྣོད་འོག་ནས་འབྱུང་བའི་བཀྲ་ཤིས་ཀྱི་རྫས་གང་ཡང་རུང་བ་ཕྱིར་འབྱུང་བ་མཐོང་ན་ཡང་མི་ཤིས་པ་ཡིན་ནོ། །ཕོ་ཉ་ལ་སོགས་མི་ཤིས་མཐོང༌། །དེ་ལྟའི་ནད་པ་སྤང་བར་བྱ། །དེ་ལས་གཞན་པ་སྙིང་རྗེའི་རྒྱུད། །དག་པས་འབད་དེ་གསོ་བར་བྱ། །ཞེས་བྱ་བ་ལ་ཕོ་ཉ་ལ་སོགས་པ་ཇི་སྐད་སྨོས་པ་ལྟ་བུ་བཀྲ་མི་ཤིས་པ་མཐོང་ན་ནད་པ་སྨན་པས་སྤང་ཞིང་གསོ་བར་མི་བྱའོ། །དེ་ལས་གཞན་པ་སྙིང་རྗེའི་རྒྱུད། །དག་པས་འབད་དེ་གསོ་བར་བྱ། །ཞེས་བྱ་བ་ལ་ཕོ་ཉ་ལ་སོགས་པ་ཇི་སྐད་སྨོས་པ་ལྟ་བུ་བཀྲ་མི་ཤིས་པ་མཐོང་ན་ནད་པ་སྨན་པས་སྤང་ཞིང་གསོ་བར་མི་བྱའོ། །དེ་ལས་གཞན་པ་ཕོ་ཉ་ལ་སོགས་པ་བཀྲ་ཤིས་པའི་རྣམ་པ་མཐོང་ན་སྨན་པ་སྙིང་བརྩེ་ཞིང་ཕན་པར་འདོད་པས་སེམས་ཀྱི་རྒྱུད་དག་ཅིང་སྐྱོན་མེད་པར་བྱས་ཏེ་མ་ཡེངས་ཤིང་འབད་པས་ནད་པ་དེ་གསོ་བར་བྱའོ། །ཞོ་འབྲུ་བུ་རམ་ཤིང་དང་ཁྲེ། །སྦྲང་རྩི་ཞུན་མར་པྲི་ཡང་ཀུ། །ནས་ཐུག་དངུལ་རྡོ་བུམ་པ་དང༌། །དྲིལ་བུ་མར་མེ་ཆུ་སྐྱེས་དང༌། །ངུར་པ་ཉ་དང་ཤ་རློན་དང༌། །འབྲས་ཡོས་འབྲས་བུ་ཁ་ཟས་དང༌། །བུམ་པ་རིན་པོ་ཆེ་ཡིས་གང༌། །བུ་མོ་གཞོན་དང་ཤིང་རྟ་དང༌། །མི་ནི་གོ་འཕང་མཐོ་བ་དང༌། །ལྷ་རྣམས་དང་ནི་རྒྱལ་པོ་དང༌། །གོས་དཀར་གྱོན་དང་མེ་ཏོག་དཀར། །ཁྱིམ་དང་རྔ་ཡབ་རྟ་དཀར་མཐོང༌། །དམ་པ་བྲམ་ཟེ་གཙུག་ཏོར་དང༌། །རྟ་བབས་དང་ནི་གཡུང་དྲུང་དང༌། །ས་ནི་བརྐོས་པར་གྱུར་པ་དང༌། །མེ་ནི་རབ་ཏུ་འབར་བ་དང༌། །བཟའ་བཏུང་ཡིད་དུ་འོང་བ་དང༌། །མི་ཡིས་ཤིང་རྟ་ལེགས་གང་དང༌། །བ་ནི་བེའུ་དང་བཅས་པ་དང༌། །རྒོད་མ་བུད་མེད་བུ་བཅས་དང༌། །ཤང་ཤང་ཏེའུ་ཤ་བཀྲ་དང༌། །ངང་པ་ཁུ་བྱུག་རྨ་བྱ་དང༌། །ས་ར་ས་ནི་སྒྲ་སྙན་སྒྲོག །དེ་བཞིན་ཕྱུགས་གཅིག་བཏགས་པ་དང༌། །གདུ་བུ་མེ་ལོང་ཡུངས་དཀར་དང༌། །གི་ཝཾ་རྣམས་ནི་མཐོང་བ་དང༌། །བྱུག་པ་དྲི་ཞིམ་གྱིས་བྱུགས་པ་དང༌། །ཁུ་བ་དཀར་ཞིང་མངར་བ་དང༌། །ཁྱུ་མཆོག་དེ་བཞིན་བ་ལང་རྣམས། །རྗེས་སུ་མཐུན་པའི་སྒྲ་སྒྲོག་དང༌། །རི་དྭགས་བྱ་དང་མི་རྣམས་ནི། །ཡིད་འོང་སྒྲ་སྙན་སྨྲ་བ་དང༌། །གདུགས་དང་རྒྱལ་མཚན་བ་དན་བསྒྲེང༌། །མངོན་པར་བསྟོད་པ་བྱེད་པ་དང༌། །རྫ་རྔ་བརྡུང་དང་རྔ་བོ་ཆེའི། །སྒྲ་དང་བཀྲ་ཤིས་སྒྲ་སྒྲོག་པ། །བྲམ་ཟེ་རིག་བྱེད་འདོན་པ་དང༌། །བདེ་བའི་རླུང་ནི་རྗེས་མཐུན་རྒྱུ། །ལམ་དང་ཁྱིམ་དུ་འཇུག་ཚེ་ཡོད། །ནད་སོས་མཚན་ཉིད་ཡིན་ཞེས་བྱ། །ཞེས་བྱ་བ་ལ་ཞོ་ལ་སོགས་པའི་བཀྲ་ཤིས་ཀྱི་རྫས་མཐོང་བ་དང༌། རེག་པ་དང་མིང་ཐོས་པ་དག་ལམ་དུ་ཐོགས་ཤིང་རྒྱུ་བ་དང༌། ཁྱིམ་དུ་འཇུག་ཅིང་ནང་དུ་འགྲོ་བ་ཡོད་ན་ནད་པ་དེ་ནད་སོས་པའི་མཚན་ཉིད་ཡིན་པར་ཤེས་པར་བྱའོ། །འབྲུ་ནི་ནས་ལ་བྱའོ། །ལ་ལ་ནི་འབྲས་ལ་སོགས་པ་ལ་བྱའོ་ཞེས་ཟེར་རོ། །བུ་རམ་ཤིང་ནི་པོ་ན་ད་ལ་སོགས་པ་སྦོམ་ཕྲས་ཆེའོ། །ཁྲེ་ནི་འབྲུའི་ཁྱད་པར་རོ། །ཆུ་སྐྱེས་ནི་པདྨ་ལ་སོགས་པའོ། །ཉ་དང་ཤ་ནི་ཉ་ཤ་རློན་པའོ། །ཁ་ཟས་ནི་ཁ་ཟས་གང་ཡང་རུང་བའོ། །རིན་པོ་ཆེ་ནི་བཻ་ཌཱུརྱ་ལ་སོགས་པའོ།།

མི་ཡི་གོ་འཕང་མཐོ་བ་ནི་ཤེས་རབ་དང་ཐོས་པ་དང༌། གཏོང་བ་དང༌། དཔའ་རྩལ་དང༌། རྒྱལ་པོས་བཀུར་བ་ལ་སོགས་པ་ཉིན་རེ་བཞིན་འཕེལ་ཞིང་རྒྱས་པའི་སྐྱེས་བུ་མཐོང་ན་ཡང་ཤིས་པ་ཡིན་ནོ། །དེ་བཞིན་དུ་ལྷའི་སྐུ་གཟུགས་མཐོང་བ་དང༌། རྒྱལ་པོ་མཐོང་བ་དང༌། གོས་དཀར་པོ་གྱོན་པ་དང༌། སུ་མ་ལ་སོགས་པའི་མེ་ཏོག་དཀར་པོ་མཐོང་བ་ཡང་ཤིས་པ་ཡིན་ནོ། །དམ་པ་ནི་དམ་པའི་ཆོས་དང་ལྡན་པའི་སྐྱེས་བུའོ། །གཙུག་ཏོར་ནི་མགོ་ལ་ཐོགས་པའོ། །རྟ་བབས་ནི་ལྷ་ཁང་ལ་སོགས་པའི་མདུན་དུ་ཤིང་རྒྱན་ཅན་བསྒྲེང་བའོ། །གཡུང་དྲུང་ནི་བཀྲ་ཤིས་པ་ཞེས་པའི་མཚན་མའོ། །ཤིང་རྟ་ལེགས་པར་གང་བ་ནི་མི་བཀྲ་ཤིས་པ་གནས་པའོ། །ཕྱུགས་གཅིག་ཏུ་བཏགས་པ་ནི་ར་ལ་སོགས་པའི་ཕྱགུས་གཅིག་བརྟོད་པའོ། །གདུ་བུ་ནི་རྒྱན་གྱི་རྣམ་པའོ། །ཁྱུ་མཆོག་དང༌། བ་ལང་རྣམས་རྗེས་སུ་མཐུན་པའི་ཁྲོས་ཤིང་འཁྲུགས་པའི་སྒྲ་མ་ཡིན་པའི་སྐད་འབྱིན་པའོ། །ཡང་དེ་བཞིན་དུ་རི་དྭགས་ལ་སོགས་པ་ཡིད་དུ་འོང་བའི་སྐད་སྒྲ་སྒྲོག་པ་ནི་བཀྲ་ཤིས་པའི་རྣམ་པར་སྨྲའོ། །གདུགས་ལ་སོགས་པ་བསྒྲེང་བ་ནི་གྱེན་དུ་འདེགས་པའོ། །བ་དན་ནི་རྣམ་པར་རྒྱལ་བའི་བ་དན་ནོ། །དེ་བཞིན་དུ་མངོན་པར་བསྟོད་པ་ནི་གང་རྒྱལ་པོ་ལ་སོགས་པ་ལ་འཁོར་གྱི་ཚོགས་ཀྱིས་བཀྲ་ཤིས་སྨྲ་བ་ལ་སོགས་པས་རྒྱལ་བར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་སྨྲ་བའི་སྐད་དང༌། རྫ་རྔ་ལ་སོགས་པའི་སྒྲ་སྒྲོག་པ་དང༌། དེ་བཞིན་དུ་བྲམ་ཟེ་རིག་བྱེད་འདོན་པའི་སྒྲ་དང༌། དེ་བཞིན་དུ་རླུང་རྩུབ་ཅིང་རྡུལ་ཚུབ་མ་ཡིན་པ་བདེ་བ་བསྐྱེད་པ་ལྡང་ཞིང་རྗེས་སུ་མཐུན་པར་རྒྱུ་ཞིང་ལྡང་བ་སྟེ། དེ་དག་ཐམས་ཅད་མཐོང་བ་དང༌། རེག་པ་དང༌། སྨྲ་བའི་སྒྲ་སྒྲོག་པས་བཀྲ་མི་ཤིས་པའི་རྣམ་པ་བསལ་ཞིང་སྤངས་ནས་ནད་སོས་པ་ལ་སོགས་པའི་ཡོན་ཏན་གྱི་མཆོག་སྟོན་པ་ཡིན་ནོ། །ཚིག་གི་དོན་གཞན་དག་ནི་གོ་བར་ཟད་དོ། །ཞེས་བཤད་པ་ཡིན་ནོ། །གཉིས་པ་ཚིག་གི་དོན་ནི། ཞོ་འབྲུ་ཞེས་པ་ནས་ངན་པའི་རྟགས་ཞེས་པའི་བར་གྱིས་བསྟན་ཏེ། སྨན་པ་དེ་ཉིད་ནད་པའི་ནང་དུ་འཇུག་པའི་ཚེ་ཞོ་ལ་སོགས་པ་བཀྲ་ཤིས་རྫས་དང༌། ནས་དང༌། འབྲས་ལ་སོགས་པ་འབྲུ་སྣ་ཚོགས་པ་དང༌། སོགས་པའི་སྒྲས་རིན་པོ་ཆེ་དང༌། རྒྱན་བཟང་པོ་ལ་སོགས་པ་རྣམས་ཁྱིམ་ནས་ཕྱིར་འབྱུང་བ་དང༌། དྲི་ཞིམ་པོ་དང་ལྡན་པའི་རླུང་འཇམ་པོ་དལ་གྱིས་རྒྱུ་བ་མེད་ཅིང་མི་ཤི་བའི་ཤུལ་གྱི་ཐལ་བ་དང༌། རྫ་ལ་སོགས་པའི་སྣོད་འགའ་ཞིག་ཆག་པའི་རྣམ་པ་མཐོང་བ་ཡང་ངན་ཞིང་མི་དགེ་སྟེ། ནད་པ་དེ་ཉིད་མི་འཚོ་བའི་སྔ་ལྟས་ཡིན་པས་སྤང་བར་བྱའོ། །

གཉིས་པ་རྨི་ལམ་གྱི་ལྟས་བཤད་པ་ལ་གསུམ་སྟེ། ངན་པའི་རྨི་ལམ། རྨི་ལམ་རྨི་བའི་རྒྱུ་མཚན། བཟང་བའི་རྨི་ལམ་བཤད་པའོ། །དང་པོ་ལ་གཉིས། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི་ཟླ་ཟེར་ལས། རྨི་ལམ་ཤི་བའི་མི་རྣམས་དང༌། །ལྷན་ཅིག་ཆང་འཐུང་ཁྱིས་དྲངས་གང༌། །མི་དེ་རིམ་གྱི་གཟུགས་ཅན་གྱིས། །འཆི་བདག་དག་གིས་མྱུར་ཁྱེར་འགྱུར། །ཞེས་བྱ་བ་ལ་མི་གང་ཞིག་ལེགས་པར་གཉིད་ཀྱིས་ལོག་པའི་རྨི་ལམ་དུ་སྔོན་ཆད་ཤི་བའི་མི་རྣམས་དང་ལྷན་ཅིག་ཆང་འཐུང་ཞིང༌། ཁྱིས་དྲངས་པ་དང་དྲུད་པར་རྨིས་པའི་མི་དེ་ནི་རིང་པོ་མི་ཐོགས་པར་རིམ་གྱི་གཟུགས་ཅན་འཆི་བདག་གིས་ཁྱེར་ཞིང་དབང་དུ་འགྱུར་རོ། །ལུས་དང་གོས་དང་ཕྲེང་བ་དམར། །བུད་མེད་རྒོད་པས་དྲངས་མི་གང༌། །དེ་ནི་ཁྲག་མཁྲིས་དག་གིས་འཆི། །ཞེས་བྱ་བ་ལ་ཡང་མི་གང་ཞིག་ལུས་ཀྱི་མདོག་དམར་བ་གོས་དམར་བ་དང༌། ཕྲེང་བ་དམར་ཞིང་བུད་མེད་རྒོད་པས་དབང་མེད་དུ་དྲངས་པར་རྨི་ན་མི་དེ་ནི་ཁྲག་དང་མཁྲིས་པའི་འཆི་བདག་གིས་ཁྱེར་བར་འགྱུར་རོ། །མ་ཧེ་རྟ་ཕག་བོང་བུ་དང༌། །རྔ་མོ་ཞོན་ཏེ་ལྷོ་ཕྱོགས་འགྲོ། །དེ་ནི་གཅོང་ཆེན་ནད་ཀྱིས་འཆི། །ཞེས་བྱ་བ་ལ་ཡང་མི་གང་ཞིག་མ་ཧེ་ལ་སོགས་པ་གང་ཡང་རུང་བ་ཞོན་ཏེ། ལྷོ་ཕྱོགས་གཤིན་རྗེའི་གནས་སུ་འགྲོ་ན་དེ་ནི་གཅོང་ཆེན་པོའི་འཆི་བདག་གིས་ཁྱེར་ཞིང་འཆི་བར་འགྱུར་རོ། །ལྕུག་མ་ཚེར་ཅན་འོད་མ་ཡི། །ཏ་ལ་སྙིང་གར་སྐྱེ་བ་རྨི། །གང་ཡིན་དེ་ནི་སྐྲན་གྱིས་འཆི། །ཞེས་བྱ་བ་ཡང་མི་གང་ལྕུག་མ་ཚེར་མ་ཅན་སྙིང་གར་སྐྱེས་པ་རྨིས་པའམ། འོད་མའི་ཏ་ལ་སྙིང་གར་སྐྱེས་པ་རྨིས་ན་སྐྲན་གྱི་གཟུགས་ཅན་གྱི་འཆི་བདག་གིས་འཆི་བར་འགྱུར་རོ། །གང་ཞིག་མེ་ནི་མི་འབར་ལ། །སྦྱིན་སྲེག་བྱེད་ཅིང་མར་གྱིས་བསྐུས། །གཅེར་བུར་འདུག་དང་པདྨ་ནི། །སྙིང་གར་ཕྱུང་རྨིས་མཛེ་ཡིས་འཆི། །ཞེས་བྱ་བ་ལ་ཡང་མི་གང་ཞིག་མེ་མི་འབར་བ་སྟེ་མེ་ལྕེ་མེད་པ་ལ་སྦྱིན་སྲེག་བྱེད་པར་རྨིས་པ་དང༌། མར་གྱིས་ལུས་བསྐུས་ཤིང་གཅེར་བུར་འདུག་པ་ལ་པདྨ་སྙིང་ག་ནས་བྱུང་ཞིང་སྐྱེས་པ་རྨིས་ན་དེ་མཛེ་ནད་ཀྱིས་འཆི་བའི་དུས་བྱེད་པར་འགྱུར་རོ། །གང་ཞིག་རྨེ་ཤས་ཅན་ལྷན་ཅིག །སྣུམ་ཡང་འཐུང་བར་རྨིས་པ་དེ། །གཅི་ནད་ཀྱིས་ནི་འཆི་བར་འགྱུར། །ཞེས་བྱ་བ་ལ་ཡང་མི་གང་ཞིང་རིགས་ཅན་རྨེ་ཤ་ཅན་དང་ལྷན་ཅིག་མར་དང་ཏིལ་མར་ལ་སོགས་པའི་སྣུམ་མང་པོ་འཐུང་བར་རྨིས་ན་གཅི་ནད་ཀྱི་གཟུགས་ཅན་གྱི་འཆི་བདག་གིས་ཁྱེར་ཞིང་དབང་དུ་འགྱུར་རོ། །ཞེས་པ་དང༌། གཞན་རྣམས་གཞུང་ཉིད་ཀྱིས་གསལ་བར་བསྟན་ཏེ། ཇི་སྐད་དུ། སྲིན་པོ་ལྷན་ཅིག་གར་བྱེད་ཅིང༌། །ཆུ་ལ་བྱིང་རྨིས་སྨྱོ་བྱེད་འཛིན། །ར་རོ་གར་བྱེད་ཤི་བ་ཡི། །མིས་ཁྱེར་རྨི་བ་བརྗེད་བྱེད་འཛིན། །བོང་བུ་རྔ་མོ་བྱི་ལ་སྤྲེའུ། །སེང་གེ་སྟག་དང་ཁྭ་དག་དང༌། །ཝ་འམ་མི་རོ་ལ་ཞོན་རྨིས། །དེ་ནི་འཆི་བདག་ཁར་སོང་ཡིན། །སྣུམ་ཁུར་ཤ་ཁུ་ལི་ཟོས་རྨིས། །སད་ནས་དེ་འདྲ་སློན་གྱུར་པ། །གང་ཡིན་དེ་ནི་འཚོ་མི་འགྱུར། །ཉི་ཟླ་གཟས་ཟིན་རྨིས་མིག་ན། །ཉི་མ་ཟླ་བ་ལྷུང་བ་ཡི། །རྨི་ལམ་མཐོང་ན་ལོང་བར་འགྱུར། །སྤྱི་བོར་འོད་མའི་ལྕུག་ཚོགས་སྐྱེ། །དེ་བཞིན་བྱ་རོག་ཚང་འཆའ་དང༌། །མགོ་བོ་བཅད་པར་རྨིས་པ་དང༌། །ཁྭ་དང་བྱ་རྒོད་སོགས་ཀྱིས་བསྐོར། །དེ་བཞིན་ཡི་དྭགས་ཤ་ཟ་མོ། །བྱད་མ་རྨེ་ཤ་ཅན་གྱིས་བསྐོར། །འོད་མའི་ཚལ་དང་ཚེར་མ་དང༌། །རྩྭ་ཡི་ཚང་ཚིང་ནང་དུ་ཆུད། གཡང་སར་ལྷུང་དང་དུར་ཁྲོད་ཉལ། །ཕྱག་དར་ཐལ་བའི་ནང་དུ་ལྷུང༌། །ཆུ་དང་འདམ་ལ་སོགས་པར་ནུབ། །ཆུ་རྒྱུན་གྱིས་ནི་མྱུར་དུ་ཁྱེར། །གླུ་གར་དང་ནི་རོལ་མོ་བྱེད། །གོས་དང་ཕྲེང་བ་དམར་པོ་འཆང༌། །ལུས་འཕེལ་ན་ཚོད་རྒས་པ་དང༌། །བག་མ་ལེན་ཞིང་ཁ་སྤུ་འབྲེག༌།ཟས་བཅོས་སྣུམ་ཟ་ཆང་འཐུང་དང༌། སྐྱུག་དང་འཁྲུ་བ་རྨི་བ་དང༌། །ལྕགས་དང་གསེར་དག་རྙེད་པ་དང༌། །འཚོང་དང་རྩོད་ལས་ཕམ་པ་དང༌། །མཆིལ་ལྷམ་གཉིས་ནི་དོར་བ་དང༌། །རྐང་པགས་ལྷུང་བ་རྨི་བ་དང༌། །ཤིན་ཏུ་དགའ་དང་རབ་ཁྲོས་པའམ། །ཤི་བའི་གཉེན་གྱིས་སྤྱོས་པ་དང༌། །མར་མེ་གཟའ་དང་སྐར་མ་དང༌། །སོ་མིག་ལྷ་ཡི་གཟུགས་རྣམས་ནི། །ལྷུང་དང་འཇིགས་པ་རྨི་བ་དང༌། །རི་བོ་རལ་བར་གྱུར་པ་དང༌། །ནགས་ཚལ་དམར་བའི་ནང་དང་ནི། །སྡིག་ཆེན་ཁྱིམ་དུ་འདུག་པ་དང༌། །རོ་སྲེག་པ་དང་མུན་པར་ཞུགས། །མ་ཡི་མངལ་དུ་ཞུགས་པ་དང༌། །བྲག་དང་ཁང་པ་ས་ལྷུང་དང༌། །དེ་བཞིན་ཉ་ཡིས་མིད་པ་དང༌། །ཆོས་གོས་གྱོན་པའི་མི་སྲུན་དང༌། །གཅེར་བུ་བ་དང་དབྱུག་ཐོགས་དང༌། །མིག་དམར་ཁ་དོག་གནག་པ་དང༌། །མཐོང་བ་ནམ་ཡང་ཤིས་མ་ཡིན། །བུད་མེད་སྡིག་ཆེན་གདོང་ནག་དང༌། །སྐྲ་དང་སེན་མོ་ནུ་མ་རིང༌། །གོས་དང་ཕྲེང་བ་དམར་པོ་ཐོགས། །རྨིས་པ་དུས་མཚན་ཡིན་པར་འདོད། །ཅེས་ཡན་ལག་བརྒྱད་པ་ལས་རྒྱས་པར་བཤད་པ་ཡིན་ནོ། །

གཉིས་པ་ཚིག་གི་དོན་ནི། རྨི་ལམ་ཞེས་པ་ནས་ངོ་བོའི་ལྟས་ཞེས་པའི་བར་གྱིས་བསྟན་ཏེ། མི་གང་ཞིག་ནད་ཀྱིས་མནར་བའི་རྨི་ལམ་དུ་བྱི་ལ་དང༌། སྤྲེའུ་དང༌། སྟག་དང༌། ཝ་དང༌། རོ་ལ་སོགས་པ་ལ་རང་ཉིད་ཀྱིས་ཞོན་པར་རྨིས་ན་འཆི་བདག་གི་ཞགས་པས་ཟིན་པའི་རྟགས་ཡིན་ལ། དེ་བཞིན་དུ་མ་ཧེ་དང་རྟ་དང་ཕག་དང་བོང་བུ་དང་རྔ་མོ་རྣམས་ལ་གཅེར་བུར་ཞོན་ནས་གཤིན་རྗེ་གནས་པའི་ས་ལྷོའི་ཕྱོགས་སུ་འགྲོ་བར་རྨིས་ན་ཡང་འཆི་བར་འགྱུར་ཞིང༌། ནད་པ་རང་ཉིད་ཀྱི་སྤྱི་བོར་འོད་མ་ལ་སོགས་པའི་ལྕུག་མའམ། སྡོང་བོའི་རིགས་སྐྱེས་ཏེ་བྱ་ཚང་བཅས་སམ། ཏཱ་ལའི་སྡོང་པོ་དང་ཚེར་མ་ཅན་གྱི་ཤིང་ལ་སོགས་པ་སྙིང་གར་སྐྱེས་པའམ། སྙིང་ནས་པདྨ་ཕྱི་རོལ་ཏུ་ཕྱུང༌། ཡང་ན་གཡང་དུ་ལྷུང་བ་དང༌། དུར་ཁྲོད་དུ་ཉལ་བ་དང༌། མགོ་བོ་ཆག་པ་དང༌། བྱ་རོག་དང་ཡི་དྭགས་དང་རྨེ་ཤ་ཅན་རྣམས་ཀྱིས་ཡོངས་སུ་བསྐོར་བ་དང༌། རྐང་ལག་གི་པགས་པ་ས་ལ་ལྷུང་བ་དང༌། སླར་ཡང་མའི་མངལ་དུ་ཡར་འཇུག་པ་དང༌། ཆུས་ཁྱེར་བ་དང༌། འདམ་དུ་བྱིང་བ་དང༌། ཉ་ཆེན་པོའི་ཁར་མིད་པ་དང༌། ལྕགས་དང་གསེར་མང་པོ་རྙེད་པ་དང༌། ཚོང་དང་འཐབ་མོ་གཉིས་ཀ་ཕམ་པ་དང༌། བྲོ་བའི་ཁྲལ་འདེད་པ་དང༌། བག་མ་ལེན་པ་དང༌། གཅེར་བུར་འདུག་པ་དང༌། སྐྲ་དང་ཁ་སྤུ་བྲེགས་པ་དང༌། རང་གི་གཉེན་བཤེས་སྔར་ཤི་བའི་གཤིན་པོ་རྣམས་དང༌། ལྷན་དུ་ཆང་འཐུང་ཞིང་ཡང་ན་དེས་ཐུར་ལ་འདྲུད་པར་བྱེད་པ་དང༌། ལུས་ལ་གོས་དམར་པོ་དང་ཕྲེང་བ་དམར་པོས་བརྒྱན་པ། དེ་དང་འདྲ་བའི་གཤིན་པོ་དག་དང་ལྷན་ཅིག་ཏུ་གར་བྱེད་པ་སྟེ། དེ་ལ་སོགས་པ་བཀྲ་མི་ཤིས་པའི་མཚན་མ་རྨི་ལམ་དུ་བྱུང་བའི་ནད་པ་དེ་དག་ནི་འཆི་བདག་གི་དབང་དུ་སོང་བའི་ལྟས་ཡིན་ལ། ནད་མེད་རྣམས་ལ་རྨིས་ཀྱང་མི་ཤིས་པ་སླད་ནས་འབྱུང་བས་ཤེས་པར་བྱའོ། །

གཉིས་པ་རྨི་ལམ་འབྱུང་བའི་རྒྱུ་མཚན་བཤད་པ་ལ་གཉིས། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ནད་ནི་སྟོབས་དང་ལྡན་པ་ཡི། །ཡིད་འཇུག་བུ་ག་བཀག་པའི་ཕྱིར། །མི་བཟང་རྨི་ལམ་མཐོང་གྱུར་ཏེ། །ནད་པ་འཆི་བར་འགྱུར་བ་ཡིན། །ནད་མེད་ཐེ་ཚོམ་བཅས་འགྱུར་ཞིང༌། །འགའ་ཞིག་ཞི་བར་འགྱུར་བ་ཡིན། །ཞེས་བྱ་བ་ལ་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་རྣམས་ཀྱི་དྲི་མ་སྟོབས་དང་ལྡན་ཞིང་ཤིན་ཏུ་ཤས་ཆེ་བར་འགྱུར་བས་ཡིད་ཅེས་བྱ་བ་སེམས་གང་དུ་འཇུག་ཅིང་རྒྱུ་བའི་བུ་གའི་རྒྱུན་སྲང་ནད་ཀྱིས་བཀག་ཅིང་གང་བའི་ཕྱིར་མི་བཟང་ཞིང་གནོད་པ་བསྐྱེད་ལ་བཀྲ་མི་ཤིས་པར་འགྱུར་བའི་རྨི་ལམ་མཐོང་བར་འགྱུར་ལ།  དེ་ལྟ་བུ་གང་ཞིང་མཐོང་བ་དེས་ནད་ཀྱིས་ཉམ་ཐག་པའི་ནད་པ་ནི་འཆི་བར་འགྱུར་ལ། གང་ཞིག་ནད་མེད་ཅིང་ཐ་མལ་བར་གནས་པས་རྨི་ལམ་དེ་ལྟ་བུ་མཐོང་བར་གྱུར་ན་དུས་གཞན་ཞིག་ན་ནད་ཀྱིས་བཏབ་ནས་འཆི་བའམ། འཚོ་བཏོལ་མེད་པའི་ཐེ་ཚོམ་དང་བཅས་པར་འགྱུར་ལ་དེ་ལས་ཀྱང་འགའ་ཞིག་གིས་ནི་རྨི་ལམ་ངན་པ་ཞི་བར་འགྱུར་བའི་རྒྱུ་བསྟེན་པའི་ཤུགས་ཀྱིས་འཆི་བ་ལས་ཐར་བར་འགྱུར་ཞིང་འཚོ་བར་འགྱུར་བ་ཡིན་ནོ། །མཐོང་དང་ཐོས་དང་ཉམས་སུ་མྱོང༌། །གསོལ་པ་བཏབ་དང་བརྟགས་པ་དང༌། །འབྱུང་བར་འགྱུར་དང་ནད་ལས་བྱུང༌། རྨི་ལམ་རྣམ་པ་བདུན་དུ་བཤད། །ཅེས་བྱ་བ་ལ་རྨི་ལམ་གྱི་དབྱེ་བ་ནི། མཐོང་བ་ལ་སོགས་པའི་དབྱེ་བས་རྣམ་པ་བདུན་ཡོད་དེ། དེ་ལ་མཐོང་བའི་རྨི་ལམ་ནི་གཉིད་ཀྱིས་མ་ལོག་པའི་གནས་སྐབས་སུ་མིག་གིས་མཐོང་ཞིང་ཉམས་སུ་མྱོང་བ་དེ་རྨི་ལམ་གྱི་གནས་སྐབས་སུ་དེ་འདྲ་བའི་རྣམ་པ་རྨིས་ཤིང་མཐོང་བའོ། །ཐོས་པ་ནི་རྣ་བའི་དབང་པོས་སྒྲ་ཙམ་དུ་ཐོས་པའོ། །ཉམས་སུ་མྱོང་བ་ནི་རང་རིག་པའི་ཚུལ་གྱིས་བློས་ཉམས་སུ་མྱོང་བའོ། །གསོལ་བ་བཏབ་པ་ནི་དོན་དུ་གཉེར་ཞིང་ཡིད་ལ་འདོད་པའི་དོན་གསོལ་བ་བཏབ་པའོ། །བརྟགས་པ་ནི་ཡིད་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་བརྟགས་ཤིང་ཡིད་ལ་བྱེད་པའོ། །འབྱུང་བར་འགྱུར་བ་ནི་ཕྱིས་ངེས་པར་འབྱུང་བར་འགྱུར་བའོ། །ནད་ལས་བྱུང་བ་ནི་རླུང་དང་མཁྲིས་པ་དང་བད་ཀན་ལས་འབྱུང་བར་འགྱུར་བའོ། །ནད་ལས་བྱུང་བ་ནི་རླུང་དང་མཁྲིས་པ་དང་བད་ཀན་ལས་འབྱུང་བར་འགྱུར་བའོ། །དེ་ལས་དང་པོའི་ལྔ་པོ་དང༌། །རང་གི་རང་བཞིན་ཉིན་མོ་བརྗེད། །ཤིན་ཏུ་རིང་ཐུང་འབྲས་བུ་མེད། །ཅེས་བྱ་བ་ལ་རྨི་ལམ་དེ་དག་གི་ནང་ནས་དང་པོའི་རྨི་ལམ་ལྔ་པོ་མཐོང་བ་ལ་སོགས་པ་ནི་འབྲས་བུ་མེད་ཅིང་མི་བདེན་པའོ། །དེ་བཞིན་དུ་རང་བཞིན་གྱི་ནད་གཞི་ལས་བྱུང་བའི་རང་དང་རྗེས་སུ་མཐུན་པ་དེ་ཡང་འབྲས་བུ་མེད་པ་ཡིན་ཏེ། རླུང་གི་རང་བཞིན་ཅན་ལ་རླུང་གི་རང་བཞིན་ཅན་དང་མཐུན་པར་རྨིས་པའི་རྨི་ལམ་དང༌། མཁྲིས་པའི་རང་བཞིན་ཅན་ལ་མཁྲིས་པ་དང་རྗེས་སུ་མཐུན་པའི་རྨི་ལམ་ནས་ཆ་འདྲེས་པའི་རང་བཞིན་ཅན་ལ་ཆ་འདྲེས་པའི་རང་བཞིན་ཅན་ཞེས་པའི་བར་གྱིས་རྨི་ལམ་རྨིས་པ་ཡང་དོན་མེད་པ་ཡིན་ནོ། །དེ་བཞིན་དུ་ཉིན་མོ་རྨིས་པ་དང༌། རྨིས་ནས་བརྗེད་པ་དང༌། ཤིན་ཏུ་ཡུན་ཐུང་བ་ཡང་འབྲས་བུ་མེད་པ་ཡིན་ནོ། །མཚན་སྟོད་རྨི་ལམ་འབྲས་བུ་རིང༌། །མཐོང་བ་ཆུང་ངུ་བྱེད་པ་ཡིན། །ཞེས་བྱ་བ་ལ་མཚན་སྟོད་ཅེས་པ་ནས་ཕྱེད་ཡན་ཆད་དུ་རྨི་ལམ་རྨིས་པ་ནི་དེའི་འབྲས་བུ་ཐག་རིང་བ་ཡིན་ལ། མཐོང་བ་དེ་ཡང་ཤས་ཆུང་ཞིང་མཐོང་བ་ཞན་པ་ཡིན་ནོ། །ནང་པར་མཐོང་དང་གཉིད་མ་ལོག །མི་མཐུན་གཏམ་གྱིས་བར་མ་ཆོད། །དེ་ནི་ཉིན་པར་འབྲས་ཆེན་འབྱུང༌། །ཞེས་བྱ་བ་ལ་ནང་བར་བ་ལང་ཟས་ལ་གཏོང་བའི་ཚེ་རྨི་ལམ་མཐོང་བ་དེ་ནི་དེའི་ཉིན་པར་ཉིད་འབྲས་བུ་ཆེན་པོ་མཐོང་བ་ཡིན་ནོ། །ཡང་རྨི་ལམ་དེ་མཐོང་ནས་གཉིད་ཀྱིས་མ་ལོག་ཅིང༌། རྨི་ལམ་གཞན་གྱིས་བར་མ་ཆོད་པ་དང༌། དེ་བཞིན་དུ་དེ་དག་མི་མཐུན་པའི་ཚིག་གིས་ཆོད་པར་མ་གྱུར་ན་དེ་ནི་ཉིན་པར་མཐོང་ཞིང་འབྲས་བུ་དང་བཅས་པ་ཡིན་ནོ། །སྦྱིན་དང་སྦྱིན་སྲེག་ཟས་སོགས་ཀྱིས། །རྨི་ངན་འབྲས་བུ་ཆུང་བར་འགྱུར། །ཞེས་བྱ་བ་ལ་གལ་ཏེ་རྨི་ལམ་ངན་པ་ཞིག་རྨིས་ན་དེ་ཡི་རྗེས་ལ་ཞི་བར་བྱ་བའི་ཕྱིར་སྦྱིན་པ་དང་སྦྱིན་སྲེག་ལ་སོགས་པ་བྱས་ན་རྨི་ལམ་ངན་པ་དེའི་འབྲས་བུ་ཆུང་བར་འགྱུར་རོ། །སོགས་པ་སྨོས་པས་ནི་བརྟུལ་ཞུགས་དང་གཙང་སྦྲ་དང་སེམས་ནང་དུ་སྡུད་ཅིང་བསམ་གཏན་ལ་སྙོམས་པར་འཇུག་པ་དང༌། ཏིང་ངེ་འཛིན་དང་བཀྲ་ཤིས་ཀྱི་ཆོ་ག་བྱས་པ་ལ་སོགས་པ་བསྡུ་བའོ། །གང་ཞིག་རྨི་ལམ་ངན་མཐོང་ནས། །སླར་ཡང་གནས་སྐབས་དེ་ཉིད་དུ། རྨི་ལམ་བཟང་པོ་ཉིད་གྱུར་ན། །འབྲས་བུ་བཟང་པོ་ཉིད་འཐོབ་འགྱུར། །ཞེས་བྱ་བ་ལ་གང་ཞིག་རྨི་ལམ་ངན་པ་མི་དགེ་བ་མཐོང་ཞིང་རྨིས་ནས་ཀྱང་གནས་སྐབས་དེ་ཉིད་དུ་རྨི་ལམ་ངན་པའི་རྗེས་ལ་རྨི་ལམ་བཟང་ཞིང་དགེ་བར་འགྱུར་བ་མཐོང་ན་སྐྱེས་བུ་དེས་འབྲས་བུ་བཟང་པོ་ཉིད་འཐོབ་པར་འགྱུར་གྱི། རྨི་ལམ་ངན་པའི་དབང་དུ་མི་འགྱུར་རོ། །ཞེས་པ་དང༌། འདིར། ཡིད་འཇུག་བུ་ག་ནད་ཀྱིས་བཀག་ཕྱིར་མཐོང༌། །ཞེས་བཤད་པའི་དོན་ཕལ་ཆེར་ནད་པའི་དབང་དུ་བྱས་པ་ཡིན་པས། གོང་དུ་སྲིད་རྩ་འཆད་པའི་སྐབས་སུ་སྙིང་ག་ནས་ཕྱོགས་བཞིར་རྣམ་པར་ཤེས་པ་ཚོགས་བརྒྱད་རྒྱུ་བའི་རྩ་ཡོད་པར་བཤད་པ་དེའི་བུ་ག་རྣམས་རླུང་མཁྲིས་བད་ཀན་གང་ཤས་ཆེ་བ་དེས་བཀག་པའི་དབང་གིས་འཆི་བ་ལ་མངོན་དུ་ཕྱོག་ས་པར་འགྱུར་ཞིང༌། དེ་དང་འདྲ་བའི་ལྟས་རྣམས་ཀྱང་རྨི་ལམ་དུ་འཆར་བ་ལ་དགོངས་པ་ཡིན་ནོ། །

ནད་མེད་ཀྱི་དབང་དུ་བྱས་པ་རྣམས་ཀྱི་རྨི་ལམ་འབྱུང་ཚུལ་ནི། ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས། འདིར་ཐོག་མར་གཉིད་འཐུག་པོའི་གནས་སྐབས་ནི། རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་ནང་ནས་ཀུན་གཞི་ནི་གཙོ་བོ་ཡིན་ཞིང༌། གནས་ནི་སྙིང་ག་ཆོས་ཀྱི་འཁོར་ལོ་ལ་གནས་ལ། ངོ་བོ་ནི་རྣམ་པར་ཤེས་པ་ཚོགས་དྲུག་གི་གསལ་བ་གཅིག་ཏུ་བསྡུས་པ་སྟེ། འདི་ནི་སེམས་ཅན་གྱི་གནས་སྐབས་སོ། །འདི་ཉིད་ཀྱི་འཁྲུལ་བ་དག་ན་འོད་གསལ་བའི་འབྲས་བུ་མངོན་དུ་བྱེད་པར་འགྱུར་ཏེ། ཡེ་ཤེས་ཀྱི་ནང་ནས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་ཡིན་ནོ། །ཞེས་དང༌། གཉིས་པ་རྨི་ལམ་ཞེས་པ་ནས། བག་ཆགས་ཉོན་མོངས་ཅན་གྱི་ཡིད། །སྲོག་རླུང་འདུ་བྱེད་བཅས་ཏེ་ལངས། །རྩ་གནས་བརྒྱུད་དེ་གཟུང་དང་འཛིན། གཉིས་སྣང་འཁྲུལ་བར་བྱེད་པ་ཡིན། །ཞེས་སྨོས་ཏེ། འདི་ནི་ཀུན་གཞིའི་རྣམ་པར་ཤེས་པའི་སྟེང་ནས་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་བག་ཆགས་དང་བཅས་པ་ཉོན་མོངས་པ་ཅན་གྱི་ཡིད་སྲོག་གི་རླུང་གིས་བསྐྱོད་ནས་ཡིད་ཀྱི་འདུ་བྱེད་ལངས་པ་ནི་རྨི་ལམ་གྱི་ངོ་བོ་ཡིན་ལ། རྩ་གནས་རྣམས་ནས་བརྒྱུད་ནས་གཟུང་འཛིན་གྱི་སྣང་བ་སྐྱེ་བ་ནི་འོག་ནས་རྒྱས་པར་བཤད་པ་བཞིན་ནོ། །དེ་ལྟར་ཀུན་གཞི་གནས་པའི་ཡིད་དང༌། དྲུག་པ་ཡིད་ཀྱི་ཆ་ཤས་ཡིན་པས་ཞེས་དང༌། རྨི་ལམ་དེར་ཇི་ལྟར་མ་དག་པ་དང་འཁྲུལ་པའི་སྣང་བ་འབྱུང་བར་གྱུར་ན། ཐོག་མར་སྙིང་གར་ཀུན་གཞིའི་སྟེང་དུ་ཚོགས་དྲུག་པོ་ཐམས་ཅད་སྡུད་དོ། །དེ་ན་ཡང་སྲོག་གི་རླུང་དང་ལྷན་ཅིག་ལངས་ནས་ལུས་ཀྱི་སྟེང་གི་ཕྱོགས་སྤྱི་བོར་སོང་ན་ལྷའི་ཡུལ་རྣམས་ཀྱི་སྣང་བ་དང༌། ནམ་མཁའ་ལ་ཕྱིན་པ་དང༌། རི་མཐོན་པོ་སོགས་གྱེན་དུ་འཛེག་པ་དང༌། མིག་གི་རྩ་ལ་སོང་ན་གཟུགས་ཀྱི་རྣམ་པ་ཤིན་ཏུ་གསལ་བར་མཐོང་བ་དང༌། དེ་བཞིན་སྒྲ་དང་དྲི་དང་རོ་ལ་སོགས་པ་མ་འདྲེས་པར་འཆར་རོ། །གང་གི་ཚེ་ཡིད་སྲོག་གི་རླུང་དང་ལྷན་ཅིག་སྙིང་གའི་འོག་གི་ཕྱོགས་གསང་བ་ལ་སོགས་པར་སོང་ན་དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་ལ་སོགས་པའི་སྣང་བ་དང༌། ཐུར་དང་བྲག་རོང་དང་ནགས་འཐུག་པོ་ལ་སོགས་པར་འགྲོ་བ་དང༌། མུན་ཁུང་དང་དངོས་པོ་ཐམས་ཅད་མི་གསལ་བའི་རྣམ་པ་འཆར་བར་འགྱུར་རོ། །ལུས་ཀྱི་བར་གྱི་རྩ་རྣམས་སུ་ཡིད་སྲོག་གི་རླུང་དང་ལྷན་ཅིག་ཏུ་འགྲོ་བ་དེའི་ཚེ་གླིང་བཞི་ལ་སོགས་པ་སྟེང་གི་སྣང་བ་འཆར་རོ། །དེ་ཡང་མདུན་གྱི་རྩ་རྣམས་ལ་སོང་བའི་ཚེ་ཤར་ཕྱོགས་ཀྱི་སྣང་བ་འབྱུང་ངོ། །གཡས་ཀྱི་རྩ་ལ་སོང་ན་ལྷོ། རྒྱབ་ཀྱི་རྩ་ལ་སོང་ན་ནུབ་བོ། །གཡོན་གྱི་རྩ་ལ་སོང་ན་བྱང་ཕྱོགས་ཀྱི་སྣང་བ་འབྱུང་སྟེ། རྩ་གནས་ཡངས་པ་ལ་ཡུལ་ཡངས་པ་དང༌། རྩ་གནས་དོག་པ་ལ་ཡུལ་ཤིན་ཏུ་དོག་པའི་སྣང་བ་འཆར་ཏེ། དེའི་ཕྱིར་སྲོག་གཡས་པར་རྒྱུ་བའི་འཆི་ལྟས་འབྱུང་བའི་ཚེ་རྨི་ལམ་ན་ཡང་ལྷོ་ཕྱོགས་སུ་ཡང་ནས་ཡང་དུ་ཕྱིན་པར་རྨི་བས། ལྷོར་འགྲོ་བ་འཆི་ལྟས་སུ་བཤད་པའི་དོན་ཡང་དེ་ཡིན་པར་གོའོ། །རྨི་ལམ་དེར་དངོས་པོ་ཇི་ལྟར་སྣང་བའི་རྐྱེན་ཡང༌། སྲོད་ལ་བད་ཀན་ཤས་ཆེ་སྟེ། །ནམ་ཕྱེད་དུས་སུ་མཁྲིས་པར་བརྗོད། །ཐོ་རེངས་རླུང་གི་དུས་ཉིད་དེ། །དེ་ཚེ་ཁམས་ཀྱི་རང་བཞིན་གྱིས། །རྨི་ལམ་ཡུལ་དུ་སྣང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་རྒྱུད་ནས་མང་དུ་གསུངས་པའི་ཕྱིར། ཁམས་ཀྱི་རྐྱེན་གྱི་ཡུལ་དེར་ཡང༌། །ཞེས་འདིར་སྨོས་ནས་རླུང་གི་རྨི་ལམ་གྱི་སྡེ་ཚན་ནི་འདི་ཡིན་ཏེ། ས་ཕྱོགས་ནེའུ་གསིང་ལ་སོགས་པ་རྫས་ཐམས་ཅད་སྔོན་པོ་དང༌། གོས་སྔོན་པོ་དང་ནག་པོ་དང་བྱ་ནག་དང་ནམ་མཁར་འཕུར་བ་དང༌། རྟ་ཞོན་པ་དང་ནོར་བུ་སྔོན་པོ་དང༌། རིག་པ་དྭངས་པ་དང༌། རྨི་ལམ་གྱི་དངོས་པོ་རྣམས་མི་རྟག་ཅིང་འགྱུར། ཡང་ཡིད་དུ་སྣང་བ་ལ་སོགས་པ་རྣམས་ཡིན་ནོ། །མཁྲིས་པའི་ཁམས་ཀྱི་རྨི་ལམ་གྱི་སྡེ་ཚན་ནི། མེ་འབར་བ་དང༌། གོས་དམར་པོ་དང་སེར་པོ་དང༌། ས་གཞི་སེར་པོ་དང་དམར་པོ་དང་གསེར་དང་བཙུན་པ་ལ་སོགས་པ་གོས་སེར་པོ་ཅན་སྣང་བ་དང༌། སེམས་ཅན་དང་རྫས་ལ་སོགས་པ་ཐམས་ཅད་ཀྱང་སེར་པོ་ཤས་ཆེ་བ་དང༌། དལ་ཞིང་བརྟན་པ་དང་རིག་པ་ཡང་སྐྲག་པ་ལ་སོགས་པ་དང་འབྲེལ་བ་རྣམས་སྣང་བ་ཡིན་ནོ། །བད་ཀན་གྱི་ཁམས་ཀྱི་རྨི་ལམ་གྱི་སྡེ་ཚན་ནི། ཆུ་དང༌། ཁ་བ་དང༌། ཕྱོགས་ཐམས་ཅད་དཀར་པོ་དང༌། གོས་དཀར་པོ་དང༌། བུད་མེད་དང༌། གླང་པོ་ཆེ་དང་དངུལ་དང་མུ་ཏིག་ལ་སོགས་པའི་ནོར་བུ་དཀར་པོ་དང༌། རེག་པ་དང་བདེ་བ་དང་བརྟན་པ་ལ་སོགས་པ་དུ་མ་སྣང་སྟེ། ཇི་ལྟར་ཁམས་ཀྱི་རིམ་པ་བཞིན་དུ་རྨི་ལམ་གྱི་སྣང་བ་དཔག་ཏུ་མེད་པ་འབྱུང་བར་བཤད་པས། ཞེས་གསུངས་ཤིང༌། འཇམ་དཔལ་རྩ་རྒྱུད་ལས་ཀྱང༌། དང་པོ་ཐུན་གྱི་རྨི་ལམ་གང༌། །བད་ཀན་ལས་བྱུང་ཤེས་པར་བྱ། །གཉིས་པར་གང་བྱུང་མཁྲིས་པ་ཡིན། །འཇིག་རྟེན་ལ་ཡོད་དམད་པ་ཡིན། །གསུམ་པ་རླུང་འབྱུང་ཤེས་པར་བྱ། །བཞི་པ་བདེན་པར་འབྱུང་བ་ཡིན། །ཞེས་བྱ་བ་ལ་སོགས་པ་ཤིན་ཏུ་རྒྱས་པར་གསུངས་པ་རྣམས་མངས་ཀྱིས་དོགས་པས་མ་དྲངས་སོ། །དེ་ལྟར་བཤད་པའི་རྨི་ལམ་གྱི་སྣང་བ་རྣམས་ནི་སོ་སོ་སྐྱེ་བོ་རྣམས་ཀྱི་དབང་དུ་བྱས་པ་ཡིན་ལ། ཉོན་མོངས་པའི་ཡིད་ཀྱི་དབང་ལས་མ་བྱུང་བའི་རྨི་ལམ་བྱང་ཆུབ་སེམས་དཔའ་ས་དང་པོ་ནས་བཅུ་པ་ལ་གནས་པའི་བར་རྣམས་ལ་འབྱུང་བར་འཕགས་པ་དཀོན་ཅོག་བརྩེགས་པ་ལས་གསུངས་པ་ཡང་ཡོད་དོ། །

གཉིས་པ་ཚིག་གི་དོན་ནི། དེ་ལ་སོགས་ཏེ་ཞེས་པ་ནས་འབྲས་བུ་འབྱིན་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་ནད་པ་ལ་མི་དགེ་བའི་རྨི་ལམ་འབྱུང་བར་བཤད་པ་དེ་ལ་སོགས་ཏེ་རྨི་ལམ་གྱི་རྣམ་པ་མི་བཟང་བ་དེ། དྲག་པོ་འཇིགས་སུ་རུང་ཞིང་བཀྲ་མི་ཤིས་པར་མཐོང་བ་དེ་དག་ཐམས་ཅད་ཀྱང་གང་ལས་འབྱུང་སྙམ་ན། ཡིད་ལ་སོགས་པའི་རྣམ་པར་ཤེས་པའི་ཚོགས་བརྒྱད་རྣམས་སྙིང་གར་འཇུག་ཅིང་གཞན་དུ་རྒྱུ་བའི་བུ་ག་ཡོད་པར་དེ་རྣམས་རླུང་ལ་སོགས་པའི་ནད་ཀྱིས་བཀག་པའི་ཕྱིར་མ་རུངས་པ་མཐོང་བར་འགྱུར་ཞིང༌། དེ་འདྲ་བའི་རྨི་ལམ་རྒྱུན་དུ་རྨི་བའི་ནད་པ་རྣམས་ནི་རིང་པོ་མ་ལོན་པར་འཆི་བར་འགྱུར་ཏེ་ཡིད་འཇུག་པའི་བུ་ག་ནད་ཀྱིས་བཀག་པའི་ཕྱིར་རོ། །དེས་ན་རྨི་ལམ་མི་བཟང་བ་དེ་ལྟ་བུ་ནད་པ་རྣམས་ལ་ལྟ་ཅི་སྨོས། ནད་མེད་པ་རྣམས་ལ་རྨིས་ཀྱང་མི་ཤིས་པར་འགྱུར་ཞིང༌། དེའི་རྗེས་ཐོག་དེ་མ་ཐག་པར་བཟང་པོ་འགའ་ཞིག་རྨིས་ན་མཐའ་གཅིག་ཏུ་ངན་པར་མ་ངེས་ལ། དཀར་ཕྱོགས་ཀྱི་རིམ་གྲོ་དང་བསམ་གཏན་སྒོམ་པ་ལ་སོགས་པའི་དབང་གིས་ཉེས་པ་ལས་ཐར་བར་འགྱུར་བ་ཡང་ཡིན་ནོ། །དེ་ལྟར་བཤད་པའི་རྨི་ལམ་ངན་པ་ཕལ་ཆེ་བ་རྣམས་དང༌། འཆད་འགྱུར་གྱི་རྨི་ལམ་འདི་དག་ཀུན་ཀྱང་རྣམ་པ་དྲུག་གིས་གོ་ནས་ངེས་པར་བྱ་བ་སྟེ། དེ་ཡང་ཉིན་གུང་མིག་གིས་མཐོང་བ་དང༌། རིགས་མཐུན་དུ་རྨིས་པ་དང༌། རྣ་བས་ཐོས་པའི་སྒྲ་དང་མཚུངས་པར་རྨིས་པ་དང༌། བདེ་བ་ལ་སོགས་པ་འགའ་ཞིག་རང་རིག་པའི་ཚུལ་གྱིས་ཉམས་སུ་མྱོང་བ་དང་མཐུན་པར་རྨིས་པ་དང༌། ལྷ་ལ་འདོད་པའི་དོན་གྲུབ་པར་གསོལ་བ་བཏབ་པ་དང་རྗེས་སུ་མཐུན་པར་རྨིས་པ་དང༌། གང་རྨིས་པ་དེ་ཉིད་ཕྱི་ནས་ངེས་པར་འགྲུབ་པར་འགྱུར་བ་དང༌། ཡིད་འཇུག་པའི་བུ་ག་ནད་ཀྱིས་བཀག་པ་ལས་བྱུང་བ་དང་རྣམ་པ་དྲུག་ཡིན་ནོ། །དེ་དག་ཐམས་ཅད་ལས་གང་ཡང་རུང་བ་མཚན་སྟོད་དེ་སྲོད་ལ་རྨིས་ན་ནི་གཉིད་གཞན་གྱིས་བར་མ་ཆོད་ཅིང་བརྗེད་ངས་སུ་འགྱུར་བའི་ཕྱིར་བཟང་ངན་གང་གི་འབྲས་བུ་འབྱུང་བ་མེད་ཅིང༌། ནམ་ཕྱེད་ལའང་དེ་དང་ཆ་མཐུན་ལ། ཐོ་རངས་ཀྱི་མཇུག་ཏུ་རྨི་ལམ་གང་ཡང་རུང་བ་མཐོང་བ་དང༌། དེ་ནས་སླར་གཉིད་ཀྱི་བར་མ་ཆོད་པ་དང༌། རྗེས་སུ་མ་གྱུར་པར་ཡིད་ལ་གསལ་བར་གནས་ན་གང་རྨིས་ཀྱི་འབྲས་བུ་ངེས་པ་ཉིད་དུ་འབྱིན་པའོ། །ཞེས་པའོ། །དེའི་སྐབས་ཀྱི་གྲུབ་པ་ཞེས་པ་ལ། སྔ་རབས་པ་རྣམས་ན་རེ། ཡི་དམ་མམ་འདྲེ་སྒྲུབ་པའི་གྲུབ་རྟགས་ལས་འབྱུང་བ་ཞེས་དང༌། ཕྱིས་ཀྱི་མཁས་པ་ཁ་ཅིག །ཤ་ཟ་ལ་སོགས་པ་བསྒྲུབས་པས་གྲུབ་པའི་མཚན་མ་དང༌། ཞེས་ཟེར་ཡང། སློབ་དཔོན་གྱིས། འབྱུང་བར་འགྱུར་བ་ནད་ལས་བྱུང༌། །ཞེས་པའི་འབྱུང་འགྱུར་ཞེས་པ་དང་མཐུན་པའི་ཕྱིར། མཐོང་ཐོས་སོགས་རྐྱེན་གང་ལའང་མ་བལྟོས་པའི་རྨི་ལམ་འབྲས་བུ་འགྲུབ་འགྱུར་ཡིན་པས་སོ། །ཁྱོད་གཉིས་ཀྱི་ལུགས་ལྟར་ན་འབྲས་བུ་ངེས་པར་འགྲུབ་འགྱུར་གྱི་རྨི་ལམ་རྐྱེན་གང་ལའང་མ་བལྟོས་པ་མེད་པར་ཐལ་ལོ། །འདིར་འདོད་པའི་ལྷ་ལ་མ་བལྟོས་པར་རང་ཉིད་ཀྱི་འདོད་པ་དོན་དུ་གཉེར་བའི་སྒོ་ནས་བརྟགས་པའི་རྨི་ལམ་དངོས་སུ་མ་བསྟན་ཡང༌། ལྷ་ལ་གསོལ་བ་བཏབ་པ་ལས་བྱུང་བ་དང༌། རྗེས་སུ་མཐུན་པས་དེའི་ཁོངས་སུ་བསྡུས་པའི།

གསུམ་པ་བཟང་བའི་རྨི་ལམ་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ལྷ་དང་བྲམ་ཟེ་ཁྱུ་མཆོག་དང༌། །བ་ལང་རྒྱལ་པོ་མཛའ་བཤེས་གསོན། །སྐྱེས་བུ་དམ་པ་གྲགས་ལྡན་དང༌། །མེ་འབར་བ་དང་དྭངས་པའི་མཚོ། །བུ་མོ་ཁྱེའུ་སེར་པོ་དང༌། །གོས་དཀར་གྱོན་ཞིང་མདངས་ལྡན་དང༌། །སྐྱེས་བུ་ཟ་དང་ལུས་འབར་དང༌། །ཁྲག་གིས་ལུས་ཀུན་བྱུགས་པ་དག །གང་གིས་མཐོང་བར་གྱུར་པ་དང༌། །ཞེས་བྱ་བ་ལ་ལྷ་ལ་སོགས་པའི་རྨི་ལམ་བཟང་པོ་འདི་ལྟ་བུ་གང་གིས་མཐོང་བར་གྱུར་པ་དེའི་ཚེ་རིང་བ་ལ་སོགས་པའི་ཡོན་ཏན་འཐོབ་པར་འགྱུར་རོ། །ལྷ་ནི་བརྒྱ་བྱིན་དང་ཆུ་ལྷ་ལ་སོགས་པའོ། །མཛའ་བཤེས་ནི་མཛའ་བོ་སྟེ་དེ་ཡང་གསོན་པའོ། །སྐྱེས་བུ་དམ་པ་ཆོས་དང་ལྡན་པའི་ངང་ཚུལ་ཅན་ནོ། །གྲགས་ལྡན་ནི་སྙན་པས་ཀུན་ཏུ་ཁྱབ་པའི་མིའོ། །མེ་འབར་བ་ནི་ཤིང་མང་པོ་དང་བཅས་ཏེ་ཤིང་འབར་བའོ། །དྭངས་པའི་མཚོ་ནི་རྙོག་པ་མེད་པའི་མཚོའོ། །བུ་མོ་དང་ཁྱེའུ་ནི་ན་ཚོད་དང་པོ་ལ་གནས་པ་སྟེ། དེ་ཡང་ཁ་དོག་སེར་བ་དང་གོས་དཀར་པོ་གྱོན་པ་མདངས་དང་ལྡན་ཞིང་གཟུགས་བཟང་བའོ། །སྐྱེས་བུ་ཟ་བ་ནི་མི་ཟས་ཟ་བའོ། །ལུས་འབར་ནི་ལུས་མེའི་ཕུང་པོ་ལྟར་འབར་བའོ། །ཁྲག་གིས་ལུས་ཀུན་འགོས་པ་ནི་ཁྲག་གིས་འགོས་ཤིང་བྱུགས་པ་སྟེ། དེ་ལྟ་བུའི་རྣམ་པ་གང་གི་རྨི་ལམ་དུ་མཐོང་བ་དེ་ནི་དགེ་བ་ཡིན་ནོ། །གདུགས་དང་ཤ་རློན་མེ་ལོང་དུག །སྣ་མ་དཀར་པོ་གོས་དང་ནི། །མི་གཙང་གིས་བྱུགས་འབྲས་བུ་རྙེད། །ཅེས་བྱ་བ་ལ་ཡང་སྐྱེས་བུ་གང་ཞིག་རྨི་ལམ་གྱི་ནང་དུ་གདུགས་ལ་སོགས་པ་རྙེད་པར་རྨི་བ་དེས་ཀྱང་ཚེ་རིང་བ་ལ་སོགས་པ་འཐོབ་པར་འགྱུར་རོ། །དུག་ནི་ཧ་ལ་ཧ་ལ་འམ། བཙན་དུག་ལ་སོགས་པའོ། །སྣ་མའི་མེ་ཏོག་དཀར་པོ་ནི་བར་བར་ན་ཁ་དོག་རྣམ་པ་བཞི་དང་ལྡན་པའོ། །མི་གཙང་བས་བྱུགས་པ་ནི་བཤང་བས་ལུས་ལ་བྱུགས་པའོ། །འབྲས་བུ་ནི་ཨ་མྲའི་འབྲས་བུའི་ཤིང་ཏོག་དང་སྐྱུ་རུ་ར་དང་སྟར་ཁའི་འབྲས་བུ་ལ་སོགས་པའོ། །རི་བོ་ཁང་བཟང་འབྲས་བཅས་ཤིང༌། །འཛེག་དང་སེང་གེ་གླང་ཆེན་ཆེ། །རྟ་དང་བ་ལང་དག་ལ་ཞོན། །ཞེས་བྱ་བ་ལ་རྨི་ལམ་ན་རི་བོ་ལ་སོགས་པ་འཛེག་པར་རྨི་བ་དེ་ཡང་བདེ་བ་འཐོབ་པར་འགྱུར་རོ། །རི་བོ་ནི་བྲག་རིའོ། །ཁང་བཟང་ནི་ཁང་པ་བརྩེགས་པ་སྟེ། འབྲས་བུར་བཅས་པའི་ཤིང་ནི་ཤིང་ཏོག་ཕུན་སུམ་ཚོགས་པ་དང་ལྡན་པ་སྟེ། དེ་དག་ལ་འཛེགས་པ་དང༌། ཆུ་བོ་མཚོ་ཕྲན་རྒྱ་མཚོ་བརྒལ། །ཞིབ་བྱ་བ་ལས། ཡང་མི་གང་ཞིག་རྨི་ལམ་དུ་ཆུ་བོ་བརྒལ་ཞིང་ཐར་བར་རྨི་བ་དེ་ཡང་བདེ་བ་འཐོབ་པར་འགྱུར་རོ། །ཤར་དང་བྱང་དུ་འགྲོ་བ་དང༌། །བགྲོད་མིན་འགྲོ་དང་ཤི་བ་དང༌། །ཞེས་བྱ་བ་ཡང་མི་གང་ཤར་རམ་བྱང་གི་ལམ་དུ་རྨི་ལམ་ན་འགྲོ་བ་རྨི་བ་དང༌། བགྲོད་མིན་འགྲོ་བ་སྟེ། རང་རང་རིགས་མཐུན་པའི་གདོལ་པ་ལ་སོགས་པ་སྤྱོད་པར་རྨིས་པ་དང༌། བདག་ཉིད་ཤི་བར་རྨི་བ་དེ་ཡང་ཚེ་རིང་བ་ལ་སོགས་པ་འཐོབ་པར་འགྱུར་རོ། །ཉམ་ང་ལས་ཐར་ལྷ་རྣམས་དང༌། །ཕ་མས་མངོན་པར་བསྟོད་པ་དང༌། ངུ་དང་ལྷུང་ལས་ལྡང་བ་དང༌། །དགྲ་བོ་ཕམ་པར་བྱས་པ་དག །གང་རྨིས་ཚེ་རིང་ནད་མེད་དང༌། །ནོར་མང་པོ་ནི་རྙེད་པར་འགྱུར། །ཞེས་བྱ་བ་ལ་ཡང་མི་གང་ཞིག་ཉམ་ང་ཞིང་དོག་པའི་གནས་ལས་ཐར་ཞིང་བྱུང་བ་དང༌། དེ་བཞིན་དུ་ལྷ་དང་ཕ་མ་སོགས་པས་རྨི་ལམ་གྱི་ནང་དུ་བསྟོད་པ་དང་བཀུར་བ་རྨི་བ་དང༌། ཡང་གང་ཞིག་ངུ་ཞིང་མཆི་མ་འབྱིན་པ་དང༌། དེ་བཞིན་དུས་ལ་ལྷུང་ཞིང་འགྱེལ་བ་ལས་ལྡང་བ་དང༌། དེ་བཞིན་དུ་སྡང་བར་སེམས་པའི་དགྲ་བོ་ཕམ་པར་བྱས་པའི་རྨི་ལམ་སྐྱེས་བུ་གང་གིས་རྨི་བར་བྱས་པ་དེ་ཚེ་དང་སྲོག་གནས་པ་དང༌། ནད་མེད་པ་སྟེ་བདེ་བར་གནས་པ་དང༌། ནོར་དང་འབྱོར་བ་མང་པོ་རྙེད་ཅིང་འཐོབ་པར་འགྱུར་རོ། །ཞེས་བཤད་དོ། །

གཉིས་པ་ཚིག་གི་དོན་ནི། ལྷ་དང་ཞེས་པ་ནས་ནོར་རྙེད་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། མི་གང་གི་རྨི་ལམ་དུ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་ལྷ་དང༌། མ་ཧེ་ཁྱུ་རྣམས་ཀྱི་མཆོག་ཏུ་གྱུར་པ་དང༌། དམ་པའི་ཆོས་ཀྱི་ངང་ཚུལ་གནས་པའི་སྐྱེས་བུ་དམ་པ་རྣམས་དང༌། སྙན་གྲགས་ཀྱི་ཕྱོགས་ཀུན་ཁྱབ་པ་དང་ལྡན་པའི་རྒྱལ་པོ་ལ་སོགས་པ་རྣམས་དང༌། མེ་ཆེན་པོ་འབར་བཞིན་པ་དང༌། དྲི་མ་མེད་པའི་མཚོ་དང༌། ཁྲག་དང་མི་གཙང་བའི་རང་བཞིན་ལུས་ལ་བྱུགས་པ་དང༌། གོས་དཀར་པོ་དྲི་མ་མེད་པ་གྱོན་པ་དང༌། འཕན་དང་གདུགས་རྒྱལ་མཚན་བསྒྲེང་བ་དང༌། ཤིང་གི་འབྲས་བུ་ཁམ་བུ་སྟར་ག་སོགས་རྙེད་པ་དང༌། རི་བོ་མཐོན་པོ་དང་ཁང་བཟང་གི་རྩེ་དང་འབྲས་བུ་དང་བཅས་པའི་ཤིང་ལ་འཛེགས་པ་དང༌། སེང་གེ་དང་གླང་པོ་ཆེ་དང་རྟ་དང་བ་ལང་སོགས་ལ་ཞོན་པ་དང༌། ཆུ་བོ་ཆེན་པོ་དང་རྒྱ་མཚོ་ལ་བརྒལ་བ་དང་བྱང་དང་ཤར་གྱི་ཕྱོགས་སུ་འགྲོ་བ་དང༌། ཉམ་ང་བའི་ས་བཙོན་རའམ་མུན་པའི་གནས་ལས་ཐར་པ་དང༌། རང་གི་དགྲ་བོ་ཕམ་པར་བྱས་པ་དང༌། ལྷ་དང་ཕམ་ལ་ལ་སོགས་པས་བསྟོད་ཅིང་མཆོད་པར་བྱེད་པ་སྟེ། དེ་ལ་སོགས་པ་བཀྲ་ཤིས་པའི་རྨི་ལམ་རྣམས་ཀྱི་ནང་ནས་གང་ཡང་རུང་བ་རྨིས་ཤིང་མཐོང་བའི་མི་དེ་ནི་ཚེ་རིང་ཞིང་ནད་མེད་པ་དང༌། ནོར་དང་ལོངས་སྤྱོད་མང་དུ་རྙེད་པར་འགྱུར་བའི་ལྟས་ཡིན་པར་ཤེས་པར་བྱའོ། །གསུམ་པ་རྣམ་འགྱུར་གྱི་ལྟས་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ཇི་ལྟར་འབྲས་བུའི་མེ་ཏོག་དང༌། །མེ་ཡི་དུ་བ་ཆར་གྱི་སྤྲིན། །ཕྱིས་འབྱུང་མཚན་མ་ཡིན་པ་ལྟར། །དེ་བཞིན་འཆི་ལྟས་ལས་ངེས་འཆི། །ཞེས་བྱ་བ་ལ་ཚུལ་ཇི་ལྟར་འབྲས་བུ་འབྱུང་བའི་སྔོན་དུ་མེ་ཏོག་འབྱུང་བ་དང༌། མེ་འབྱུང་བའི་སྔོན་དུ་དུ་བ་འབྱུང་བ་དང༌། ཆར་འབབ་པར་འགྱུར་བའི་སྔོན་དུ་སྤྲིན་འདུས་པ་དག་ནི་རྒྱུ་སྔར་བྱུང་བ་འབྲས་བུ་ཕྱིས་འབྱུང་བའི་མཚན་མ་ཡིན་པ་ལྟར། ཚུལ་དེ་བཞིན་དུ་རང་བཞིན་ལས་གཞན་དུའགྱུར་བ་ནི་འཆི་བར་ཤེས་པར་འགྱུར་བའི་ལྟས་སམ་མཚན་མ་ཡིན་པས། དེ་ལས་ཕྱིས་ངེས་པར་འཆི་བར་འགྱུར་བར་སྟོན་པ་ཡིན་ནོ། །འཆི་ལྟས་མེད་ན་མི་འཆི་ལ། །འཆི་ལྟས་སྣང་ན་འཚོ་མི་འགྱུར། །ཞེས་བྱ་བ་ལ་གང་ལ་སྔར་འཆི་བར་འགྱུར་བའི་མཚན་མའམ་ལྟས་མེད་ན་ལྟས་ཀྱིས་མཚོན་པའི་འཆི་བ་ཡང་མེད་པས་མི་འཆི་ལ། དེ་བཞིན་དུ་འཆི་ལྟས་སྣང་བ་ལས་ཀྱང་འཚོ་བར་འགྱུར་བ་མ་ཡིན་ནོ། །འཆི་ལྟས་འཆི་ལྟས་མི་ཤེས་པས། །མི་མཁས་འཆི་ལྟས་མེད་མིན་ཤེས། །ཞེས་བྱ་བ་ལ་ཡང་དག་པར་ན་གང་འཆི་ལྟས་ཉིད་དུ་སྟོན་པར་འོས་པ་དེ་ལ་ཡང་འཆི་ལྟས་མ་ཡིན་པར་ཤེས་ལ། འཆི་ལྟས་མེད་པ་དག་ལའང་འཆི་ལྟས་མེད་པར་མི་ཤེས་ཏེ། ཅིའི་ཕྱིར་ཞེ་ན་མི་མཁས་ཤིང་འཆི་ལྟས་དང་འཆི་ལྟས་མ་ཡིན་པར་ཤེས་པ་ལ་མ་བྱང་བར་འཆི་ལྟས་ཡོད་མེད་མི་ཤེས་པ་ཡིན་ནོ། །ལ་ལ་རྟེན་དང་བརྟེན་པ་ཡི། །ཁྱད་པར་གྱི་སྟེ་གཉིས་སུ་འདོད། །ནད་ཀྱི་ཚུལ་ནི་མང་པོ་ལས། །འཆི་ལྟས་ཚུལ་དུ་འབྱུང་འགྱུར་བ། །ནད་ཞི་ན་ནི་ཞི་འགྱུར་ལ། །བརྟན་པར་གནས་ན་འཆི་བར་འགྱུར། །ཞེས་བྱ་བ་ལ་ཡང་སྨན་པ་གཞན་དག་ནི་འཆི་ལྟས་དེ་རྟེན་གྱི་ལུས་དང་བརྟེན་པ་པོའི་ནད་ལ་སོགས་པའི་ཁྱད་པར་གྱིས་དེ་རྣམ་པ་གཉིས་སུ་འདོད་ལ། དེ་ཡང་རླུང་ལ་སོགས་པའི་ནད་ཀྱི་ཚུལ་རྣམ་པ་མང་པོ་ལས་འཆི་ལྟས་ཀྱི་ཚུལ་དུ་སྣང་ཞིང་འབྱུང་བར་འགྱུར་བ་དང༌། དེ་དག་ལས་རླུང་ལ་སོགས་པའི་ནད་ཞི་བར་གྱུར་ན་དེ་ལས་བྱུང་བའི་མཚན་མ་ཡང་ཞི་བར་འགྱུར་ལ། དེ་ཞི་ན་ཡང་བརྟན་པར་གནས་ན་ནི་ངེས་པར་འཆི་བ་ཉིད་དུ་འགྱུར་བས་འཆི་ལྟས་ཡིན་ནོ། །ཞེས་ཟེར་རོ། །གཟུགས་དང་དབང་པོ་སྐད་དང་མདོག །གཟུགས་བརྙན་བྱ་བ་ལ་སོགས་ནག །དངོས་པོ་དག་ནི་གཞན་ལ་དང༌། །ཐ་མལ་པ་ལས་རྒྱུ་མེད་པར། །གཞན་དུ་གྱུར་པ་མདོར་ན་ནི། །འཆི་ལྟས་ཡིན་པར་དེ་ཤེས་བྱ། །ཞེས་བྱ་བ་ལ་གཟུགས་ནི་ཁ་དོག་དང་དབྱིབས་ཀྱི་རྣམ་པའོ། །དབང་པོ་ནི་མིག་ལ་སོགས་པའོ། །སྐད་ནི་ང་རོའོ། །མདོག་ནི་འབྱུང་བ་ཆེན་པོ་ལྔའི་རང་བཞིན་རྣམ་པ་ལྔའོ། །གཟུགས་ཅན་ནི་ཉི་མ་དང་ཆུ་དང་མེ་ལོང་ལ་སོགས་པ་གང་ཞིག་སྣང་བའི་གཟུགས་དང་མཐུན་པར་འབྱུང་བའོ། །བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་སུ་བྱ་བའི་རྣམ་པ་མང་པོའོ། །སོགས་པ་ཞེས་སྨོས་པས་མི་ལུས་སུ་རྟོགས་པའི་དངོས་པོ་གཞན་དག་ཀྱང་བསྡུ་བའོ། །དེ་ལྟར་ན་གཟུགས་ལ་སོགས་པའི་དངོས་པོར་རྟོགས་པ་དེ་དག་དང༌། འདིར་སྨོས་པ་གཞན་དག་སྟེ། བློ་དང་དྲན་པ་རང་བཞིན་བརྟན་པ་ལ་སོགས་པའི་སེམས་ཀྱི་སྤྱོད་པ་མཐའ་དག་ཐ་མལ་པ་སྟེ་རང་བཞིན་དུ་གནས་པ་ལས་རྒྱུ་མེད་པ་སྟེ་འགྱུར་བ་གང་ཡང་མེད་བཞིན་དུ་གློ་བུར་དུ་འགྱུར་ཞིང་སྣང་བ། མདོར་བསྡུ་ན་དེ་ལྟ་བུ་གང་ཡིན་པ་དེ་ནི་འཆི་ལྟས་ཡིན་པར་ཤེས་པར་བྱ་ཡི། རྒྱུ་གང་ཡང་རུང་བ་ལས་གཞན་དུ་འགྱུར་བ་ལ་ནི་འཆི་ལྟས་སུ་མི་གཟུང་ངོ༌། །ཞེས་བྱ་བ་ལ་སོགས་པའི་སྒོ་ནས་གཞུང་འདིར་མི་གསལ་བའི་ལྟས་ཀྱི་ཁྱད་པར་ཤིན་ཏུ་རྒྱས་པར་བཤད་པ་རྣམས་ཉེར་མཁོ་དང་ལྡན་པ་འབའ་ཞིག་ཏུ་མཐོང་བ་དང༌། ཧ་ཅང་མངས་པའི་འཇིགས་པས་མ་སྤྲོས་སོ། །

གཉིས་པ་ཚིག་གི་དོན་ནི། ཐ་མལ་ཞེས་པ་ནས་མེད་ན་འཆི་ཞེས་པའི་བར་གྱིས་བསྟན་ཏེ། མི་འགའ་ཞིག་ནད་མེད་ཐ་མལ་དུ་གནས་པ་ཞིག་ཡིན་ཡང༌། ལུས་ངག་གི་རྣམ་པར་འགྱུར་བ་ལས་རྫས་སུ་དཔགས་ནས་རིང་པོ་མ་ལོན་པ་ནས་འཆི་བར་འགྱུར་བའི་སྔ་ལྟས་གསལ་པོར་བསྟན་པར་བྱ་སྟེ། དེ་ཡང་རྒྱུ་མེད་དུ་སྨན་པ་དང་སྨན་དང་བླ་མ་མཛའ་བཤེས་རྣམས་ལ་སྡང་བར་བྱེད་པའམ། དེ་བཞིན་དུ་ཅི་ཡང་མེད་པར་སྐབས་སུ་ཡིད་གཞུངས་པ་སྟེ་རང་བཞིན་དང་སྤྱོད་པ་བཟང་ཞིང༌། ལུས་དང་བཞིན་རས་གློ་བུར་དུ་མཛེས་ཤིང་རྒྱས་པ་དང༌། དཔལ་ཕུན་སུམ་ཚོགས་པ་ཚེགས་མེད་དུ་ཐོབ་པའམ། ཡང་ན་དེ་ལས་གོ་བཟློག་པ་སྟེ། གློ་བུར་དུ་དཔལ་དང་མཛེས་པ་སྤོང་ཞིང་ཡིད་མ་རུངས་པར་འགྱུར་བའམ། སྔར་མཛའ་བཤེས་སོགས་ལ་སྡང་བར་བྱེད་བཞིན་པ་ལ་རྒྱུ་མེད་དུ་མཛའ་གཅུགས་བྱེད་པ་རྣམས་ནི་མྱུར་དུ་འཆི་བར་འགྱུར་བའི་ལྟས་ཡིན་ནོ། །དེ་བཞིན་དུ་རྟག་ཏུ་ལུས་དང་བཞིན་རས་ཀྱི་མདངས་ནད་དྲགོ་པས་བཏབ་པ་ལྟར་ངན་ལ་བློ་སེམས་མི་བདེ་བ་འབའ་ཞིག་འབྱུང་ཞིང༌། རང་གིས་གཏོར་མ་ལ་སོགས་བྱ་རོག་ལ་བྱིན་པ་ན་ཡང་དེས་མི་ཟ་བ་དང༌། ཆུར་འཇུག་པའམ་ཁྲུས་བྱས་པའི་ཚེ་ལུས་ཀྱི་ཆ་ཤས་ཕལ་ཆེར་གཤེར་བར་གནས་ཀྱང་སྙིང་གའི་ཆུ་མྱུར་དུ་སྐམ་པའམ་མི་ཆགས་པར་འདྲེད་པ་དང༌། ལག་པ་གང་ཡང་རུང་བ་གཅིག་གིས་ཅིག་ཤོས་དེ་ཡི་སོར་མོའི་ཚིགས་ལས་དྲངས་པས་ཏོག་ཅེས་པའི་སྒྲ་མི་འབྱུང་བ་དང༌། ཟས་བཟང་པོ་ཟོས་ཀྱང་སྟོབས་ཆུང་དུ་འགྲོ་ཞིང་ལུས་ཀྱི་དྲི་མ་སྔར་ལས་གོ་བཟློག་ཏུ་འགྱུར་བ་དང༌། ཤིག་དང་སྲོ་མ་སྔར་ལས་མང་བར་འདུ་བའམ། ཡང་ན་སྤོང་བར་འགྱུར་ན་དེ་ཡང་རིང་པོར་མ་ལོན་པར་འཆི་བའི་ལྟས་ཡིན་ལ། མདོར་ན་གཟུགས་ལ་སོགས་པའི་འདོད་པའི་ཡོན་ཏན་རྣམས་ལ་སྔར་བས་འདོད་ཆགས་ལྷག་པར་ཆེར་སོང་བའམ། ཡང་ན་ཆུང་དུ་སོང་བས་ཡུལ་རྣམས་ལ་ལོངས་སྤྱོད་པར་རྨོངས་ཏེ་ཞེན་པ་འདོར་བ་དང༌། ངང་རྒྱུད་བཟང་པོ་རྣམས་ཀྱང་རྒྱུ་མེད་དུ་ཁྲོ་བ་དང༌། མང་ན་ཤིན་ཏུ་སྤྲོ་ཐུང་བ་ཡང་རྒྱུ་མེད་པར་ངང་རིང་པོར་སོང་བ་ལ་སགས་པ་སྔར་གྱི་ལུས་ངག་གི་རྣམ་འགྱུར་ལས་གོ་བཟློག་ཅིང༌། ཡང་ན་ནི་མི་དེ་ཉིད་ཀྱི་སྔར་གྱི་སྤྱོད་པ་སྐྱོན་གྱི་རང་བཞིན་དུ་ཡོད་པ་ཡོན་ཏན་གྱི་རྣམ་པ་གཞན་དུ་འགྱུར་བའམ། ཡོན་ཏན་ཅན་དུ་གནས་པ་སྐྱོན་གྱི་རྣམ་པ་གཞན་དུ་རྒྱུ་མེད་གློ་བུར་བར་འགྱུར་ན་ཡང་མི་དེ་མྱུར་དུ་འཆི་བདག་གི་དབང་དུ་སོང་བའི་ལྟས་ཡིན་ཞེས་བྱའོ། །གཞན་ཡང་ཉི་མ་ལ་བསྡད་པའི་ཚེ་གྲིབ་མ་མེད་པ་དང༌། མེ་ལོང་དང་ཆུ་དྭངས་པའི་ནང་དུ་གཟུགས་བརྙན་མི་འཆར་བ་དང༌། ཉིན་པར་ནམ་མཁའ་ཤིན་ཏུ་དངས་པའི་སྐབས་སུ་ཐོག་མར་རང་གི་གྲིབ་མ་ལ་མ་ཡེངས་པར་རྩེ་གཅིག་ཏུ་རིང་ཞིག་བལྟས་ནས་སླར་ནམ་མཁའ་ལ་ཡུད་ཀྱིས་བལྟས་པ་ན་དུ་བའི་མདོག་ཅན་གྱི་གཟུགས་བརྙན་འཆར་བ་ཞིག་ཡིན་པ་ལ་མི་འཆར་བ་དང༌། གྲིབ་མ་དང་མེ་ལོང་སོགས་ལ་གཟུགས་བརྙན་ཤར་དུ་ཟིན་ཀྱང་མགོ་བོ་ཆད་པ་དང༌། ཡན་ལག་གཞན་འགའ་ཞིག་མེད་པའམ། ཁ་མིག་སོགས་ལ་སྐྱོན་ཡོད་པ་དང༌། མདངས་མེད་ཤིན་ཏུ་རིད་པར་མཐོང་ཡང་རིང་པོ་མ་ལོན་པ་ནས་འཆི་བར་འགྱུར་བའི་སྔ་ལྟས་མེ་ཏོག་དང་འབྲས་བུའི་རིམ་པ་ལྟར་འབྱུང་བ་གོར་མ་ཆག་གོ།

གཉིས་པ་ཉེ་བའི་འཆི་ལྟས་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་ཞེས་པ་རྐང་པ་གཉིས་ཏེ། རྣམ་འགྱུར་གྱི་འཆི་ལྟས་བཤད་ཟིན་པ་དེ་ནས་ཉེ་བའི་འཆི་ལྟས་བཤད་པར་བྱ་བ་ལས་རྣམ་པ་གཉིས་སུ་ཡོད་དེ། ཉེ་བ་ཙམ་གྱི་འཆི་ལྟས་དང༌། ཤིན་ཏུ་ཉེ་བའི་འཆི་ལྟས་སོ། །དང་པོ་ལ་གཉིས། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། དུག་དང་བསྣད་པ་མེད་པར་ནི། །བུ་ག་རྣམས་ལས་ཁྲག་འབྱུང་དང༌། །གང་ཞིག་ཕོ་མཚན་ནུབ་པ་དང༌། །རླིག་པ་རབ་ཏུ་འཕྱང་བ་འམ། །དེ་ལས་གོ་བཟློག་གྱུར་པ་རྣམས། །ཐམས་ཅད་འཆི་བདག་དབང་གྱུར་ཡིན། །གང་གི་རྩ་རིས་སྔོན་མེད་དང༌། །ཟླ་བ་ཚེས་པ་ལྟ་བུར་ནི། །དཔྲལ་བའམ་ཆུ་སོའིསྟེང་ན་སྣང༌། །དེ་ནི་ཟླ་དྲུག་ལས་མི་འཚོ། །ལུས་ཅན་གང་གི་ལུས་ལ་ཆུ། །པདྨའི་འདབ་མ་ལྟ་བུར་ནི། །རྐྱལ་ཚེ་ཆུ་ནི་མི་འཆག་ན། །དེ་ནི་ཟླ་བ་དྲུག་ལ་འཆི། །སྤྱི་བོར་དུ་བའམ་སྣུམ་བཅས་སྣང༌། །དེ་ནི་ཟླ་བ་གཅིག་ནའཆི། །སྤྱི་བོའམ་སྨིན་མཚམས་གསར་དུ་ནི། །མཚམས་བྱེ་བའམ་གཙུག་འཁྱིལ་སྣང༌། །ནད་མེད་ཞག་ནི་དྲུག་གིས་འཆི། །ནད་པ་ཞག་གསུམ་ནས་འཆི་འགྱུར། །ལྕེ་ནག་ཁ་ནི་མནམ་པ་དང༌། །མིག་གཡས་ཕུགས་མུ་བྲོས་པ་འམ། །ཕྱ་ནི་མགོ་ལ་བབ་པ་དག །གང་ཡིན་དེ་ནི་ཡོངས་སུ་སྤང༌། །གང་ཞིག་ཁྲུས་བྱས་བྱུག་པ་དང༌། །ལུས་ཀུན་གཤེར་བར་གནས་བཞིན་དུ། །སྙིང་ག་ཤིན་ཏུ་མྱུར་བར་སྐམ། །དེ་ནི་ཟླ་ཕྱེད་ལས་མི་འཚོ། །གློ་བུར་དུ་ནི་ལུས་ཀུན་མདོག །ཅིག་ཅར་ཐ་མལ་པ་ལས་ཉམས། །དེ་བཞིན་ནད་ནི་སོགས་པ་དང༌། །རྩུབ་དང་སྣུམ་འགྱུར་འཆི་བ་ཡིན། །གང་གི་སོར་མོ་དྲངས་པ་དང༌། །སྒྲ་མི་འབྱུང་ན་དེ་མི་འཚོ། །དེ་བཞིན་ལུད་པ་སྦྲིད་སོགས་ལ། །གང་ཞིག་སྔོན་མེད་སྒྲ་འབྱུང་བའམ། །དབུགས་འབྱིན་རིང་དང་ཐུང་བའམ། དྲི་མ་མནམ་པའི་དྲི་ཞིམ་འགྱུར། །ལུས་ནི་ཁྲུས་བྱས་མ་བྱས་རུང༌། །མི་མ་ཡིན་པའི་དྲི་འབྱུང་ངམ། །གོས་སྨྲ་དྲི་མར་གྱུར་ན་ཡང༌། །དེ་ནི་ལོ་གཅིག་ནང་དུ་འཆི། །གང་ཞིག་ཤིག་དང་སྦྲང་མ་སོགས། །དྲི་ཞིམ་འདུ་བའམ་དྲི་སངས་སྤང༌། །དེ་ནི་ལོ་གཅིག་ལས་མི་འཚོ། །གང་ཞིག་རྟག་ཏུ་ལུས་ཚ་བ། །གྲང་བ་ཉིད་དུ་སྣང་བ་དང༌། །བསིལ་བ་ཤིན་ཏུ་ཚ་བར་སྣང༌། །རྒྱུ་མེད་པར་ནི་རྔུལ་དང་རེངས། །གང་ཞིག་གྲང་བའི་ཆུ་བུར་འབྱུང༌། །ལུས་གྲང་བ་ལས་ཚ་བ་སྐྱེས། །གྲང་གདུང་ཐན་པ་ལ་མི་དགའ། །དེ་ནི་གཤིན་རྗེའི་དབང་གྱུར་ཡིན། །གང་གི་སྙིང་ག་དྲོད་གྱུར་ལ། །གྲང་གདུང་ཐན་པ་ལ་མི་དགའ། །དེ་ནི་གཤིན་རྗེའི་དབང་གྱུར་ཡིན། །གང་གི་སྙིང་ག་དྲོད་གྱུར་ལ། །ལྟོ་བ་ཤིན་ཏུ་གྲང་གྱུར་ཅིང༌། །བཤང་བ་འཁྲུ་ཞིང་སྐོམ་དད་ཆེ། །དེ་ནི་རོ་དང་འདྲ་བ་ཡིན། །བཤང་བ་གཅིབ་མཆིལ་སྣབས་སམ། །ཁུ་ཆུ་ཆུ་ནད་འགྱུར་བའམ། །མཆིལ་མ་ཁ་དོག་སྣ་ཚོགས་པ། །གང་ཡིན་དེ་ནི་ཟླ་གཅིག་འཆི། །ས་ནི་ནམ་མཁར་མཐོང་བ་དང༌། །ནམ་མཁའ་སར་ནི་མཐོང་གྱུར་དང༌། །གཟུགས་མེད་གཟུགས་ཅན་ལྟ་བུ་དང༌། །གཟུགས་མེད་གཟུགས་ཅན་ལྟར་གནས་མཐོང༌། །དེ་བཞིན་འོད་ཅན་འོད་མེད་དང༌། །དཀར་པོ་ནག་དང་ཡོད་པ་མེད། །མིག་ནད་མེད་པར་ཟླ་བ་ནི། །གཟུགས་མང་ར་རེ་མེད་མཐོང་དང༌། །གཉིད་མ་ལོག་པར་དྲི་ཟ་སྲིན། །ཡི་དྭགས་གཞན་ཡང་དེ་འདྲ་བའི། །གཟུགས་མི་སྡུག་པ་མཐོང་གྱུར་པ། །གང་ཡིན་དེ་ནི་འཆི་བར་འགྱུར། །སྨིན་བདུན་དང་ནི་ཉེར་གནས་པའི། །སྐར་མ་སྒྲིབ་མེད་མ་མཐོང་དང༌། །དགུ་ཚིགས་གུང་ཚུགས་མ་མཐོང་དང༌། །དེ་ནི་ལོ་གཅིག་ལས་མི་འཚོ། །འབྲུག་སྒྲ་ཆུ་བོའི་སྒྲ་དང་ནི། །གླིང་བུ་པི་ཝང་རྔ་ཡི་སྒྲ། །སྒྲ་གཞན་མེད་ཀྱང་ཐོས་པ་དང༌། །ཡོད་པའང་ཐོས་པར་མ་གྱུར་དང༌། །རྣ་བའི་བུ་ག་བཀག་པ་ན། །འུར་འུར་པོ་ཡི་སགྲ་མི་ཐོས། །དེ་བཞིན་དྲི་དང་རོ་དང་རེག །གང་ཞིག་ལོག་པར་ཤེས་པ་དང༌། །ཡང་ན་ཡོད་པ་མི་ཚོར་དང༌། །མེ་མར་ཤི་བའི་དྲི་མི་ཚོར། །ཆོ་ག་བཞིན་བྱས་ནད་བསྐྱེད་ལ། །ཆོ་ག་ལོག་པས་བདེར་གནས་དང༌། །གང་གི་ལུས་ནི་རྡུལ་གཡོགས་འདྲ། །ལུས་ལ་བསྣད་པར་མི་ཚོར་དང༌། །དཀའ་ཐུབ་དྲག་དང་ཆོ་ག་ནི། །སྔོན་འགྲོའི་རྣལ་འབྱོར་མེད་པ་རུ། །དབང་པོ་ལས་འདས་ཤེས་པ་སྐྱེ། །དེ་རྣམས་འཆི་བར་ཤེས་པར་བྱ། །སྐད་འགགས་དམན་ཞིང་མི་གསལ་དང༌། །གང་ཞིག་སྐད་ནི་འཛེར་གྱུར་དང༌། །སྨྲ་འདོད་པ་ན་འཕྲལ་དུ་ནི། །བརྗེད་འགྱུར་དེ་ནི་མི་འཚོ་སྤང༌། །སྐད་གསང་ཤིན་ཏུ་ཉམ་ཆུང་འགྱུར། །མདོག་དང་སྟོབས་ནི་ཉམས་པ་དང༌། །རྒྱུ་མེད་པར་ནི་ནད་འཕེལ་བར། །སྣང་བ་དག་ཀྱང་འཆི་བར་བཤད། །སྐད་མདངས་ཉམས་པར་གྱུར་པ་དང༌། །བདག་ཉིད་འཆི་བར་སྨྲ་བ་དང༌། །དེ་འདྲའི་སྒྲ་ནི་ཐོས་པ་དག །རིང་དུ་ཡོངས་སུ་སྤང་བར་བྱ། །ལུས་དབྱིབས་དང་ནི་ཚད་དང་ནི། །མདོག་གམ་གཟི་མདངས་གང་དག་གི །གཟུགས་བརྙན་འགྱུར་རམ་རྨི་ལམ་དུ། །མཐོང་ནའང་དེ་ནི་འཆི་བར་འགྱུར། །ཉི་མ་མེ་ལོང་ཆུ་སོགས་ལ། །གང་ཞིག་དབྱིབས་དང་ཚད་དང་ནི། །ལུས་ཀྱི་རྣམ་པར་སྣང་གྱུར་པ། །གཟུགས་བརྙན་ཞེས་ནི་དེ་ལ་བཤད། །མདོག་དང་གཟི་མདངས་ལ་བརྟེན་གང༌། །ལུས་སྟོབས་གཟུགས་བརྙན་ལྟ་བུ་ཡིན། །གང་ཞིག་གཟུགས་བརྙན་བཅད་པ་དང༌། །གྱེས་དང་ལྷག་དང་འཁྲུགས་པ་དང༌། །མགོ་མེད་མགོ་གཉིས་ཡོན་པོ་དང༌། །མི་སྡུག་གཞན་དུ་འགྱུར་བར་སྣང༌། །མཚན་ཉིད་ལས་བྱུང་མ་ཡིན་ན། །དེ་ནི་ཚེ་ཟད་ཡིན་ཞེས་བྱ། །གང་གི་མིག་གི་རྒྱལ་མོར་ནི། །གཟུགས་བརྙན་སྣང་བར་མ་གྱུར་དང༌། །ནམ་མཁའ་ལ་སོགས་ལྔ་པོ་ཡི། །གཟུགས་བརྙན་རྣམ་པ་སྣ་ཚོགས་ལྔ། །ནམ་མཁའ་དྭངས་ཤིང་སྔོ་བ་དང༌། །སྣུམ་བཅས་མདོག་དང་བཅས་པ་ཡིན། །རླུང་ལས་རྡུལ་ཅན་དམར་དང་ནག །ཐལ་མདོག་རྩུབ་ཅིང་མདོག་ཉམས་ཡིན། །མེ་ནི་དམར་ཞིང་དང་བར་སྣང༌། །མདངས་ལྡན་ལྟ་ན་སྡུག་པ་ཡིན། །ཆུ་སྐྱེས་བཻ་ཌཱུ་རྱ་འདྲར་སྣང༌། །དག་ཅིང་རབ་སྣུམ་བདེ་བ་ཡིན། །ས་ཡི་བརྟན་སྣུམ་དག་པ་ཡིན། །འཐུག་ཅིང་དཀར་དང་སྔོ་སངས་ཡིན། །རླུང་ནི་ནད་འཆི་སྡུག་བསྔལ་བསྐྱེད། །གཞན་དག་བདེ་བ་སྐྱེད་པ་ཡིན། །མེ་ཡི་ཐམས་ཅད་མདོག་ཅན་ཡིན། །དེ་ནི་རྣམ་པ་བདུན་དུ་བཤད། །དམར་དང་སེར་དང་དཀར་ནག་པོ། །ལྗང་དང་སྐྱ་དང་གནག་པའོ། །དེ་རྣམས་ལས་ནི་གང་གསལ་འགྱུར། །སྣུམ་དང་དྲི་མ་མེད་དེ་དགེ། །དྲི་མ་ཅན་དང་རྩུབ་པ་དང༌། །ཞུམ་པ་སྡུག་བསྔལ་བསྐྱེད་པ་ཡིན། །མདངས་ཀྱི་མདོག་ནི་ཟིལ་གྱིས་གནོན། །འོད་ནི་ཁ་དོག་གསལ་བྱེད་ཡིན། །མདངས་ནི་ཉེ་བས་སྣང་བ་དང༌། །འོད་ནི་རིང་ནས་སྣང་བ་ཡིན། །གང་ཞིག་མདངས་དང་ཁ་དོག་ནི། །མཚན་མའི་ཁྱད་པར་མེད་མིན་ཏེ། །མི་རྣམས་མཚན་མ་བཟང་ངན་འབྱུང༌། །དུས་སུ་མདངས་ལ་བརྟེན་པ་ཡི། །གང་ཞིག་རྐང་པ་དྲུད་པ་དང༌། །ཕྲག་པ་ཕོ་བས་འགྲོ་བ་དང༌། །གང་ཞིག་ཕན་ཟས་མང་ཟོས་ཀྱང༌། །གང་ཞིག་སྟོབས་ནི་ཉམས་འགྱུར་དང༌། །གང་ཞིག་ཉུང་ཟོས་བཤང་གཅི་མང༌། །མང་ཟོས་བཤང་གཅི་ཉུང་བ་དང༌། །ཉུང་ཟོས་བད་ཀན་གྱིས་ཉེན་ཅིང༌། །དབུགས་རིང་འབྱིན་ཞིང་ས་ལ་འགྲེ། །གང་ཞིག་དབུགས་ནི་བྱུང་ནས་ནི། །ཐུང་ངུ་དབུགས་ཏེ་ཤུགས་འབྱིན་དང༌། །ཐུང་ངུ་དབྱུགས་འབྱིན་སྣུམ་པ་ལྟར། །ཤིན་ཏུ་འདར་བར་བྱེད་པ་ཡང༌། །གང་ཞིག་ལག་ངར་བསྐུམས་ནས་ནི། །མགོ་བོ་ལག་པས་འདེགས་པ་དང༌། །གང་ཞིག་དཔྲལ་བ་ལ་རྔུལ་འཛག །ཚིགས་མཚམས་ལྷོད་པར་གྱུར་པ་དང༌། །ཉམ་ཆེའམ་ཉམ་ཆུང་གྱུར་པ་དང༌། །ལྡང་བའི་ཚེ་ན་མི་དྲན་འགྱུར། །གང་ཞིག་གན་རྐྱལ་ཉལ་ནས་ནི། །རྐང་པ་རྣམ་པར་བསྐྱོད་པ་དང༌། །རྩིག་པ་མལ་སྟན་ལ་སོགས་པར། །གང་ཞིག་རྟག་ཏུ་སྙེས་པ་དང༌། །རྒྱུ་མེད་པར་རྒོད་མྱོས་ཚུལ་གྱིས། །མཆུ་ལ་ལྡག་པར་བྱེད་པ་དང༌། །སྒྲ་བཅས་པར་ཡང་གང་བྱེད་དང༌། །ལུས་མདོག་ནག་པོ་སེར་པོ་དང༌། །དམར་པོའི་གཟུགས་བརྙན་སྣང་བ་དང༌། །སྨན་པ་སྨན་དང་ཁ་ཟས་དང༌། །བླ་མ་མཛའ་བཤེས་ལ་སྡང་གང༌། །འདི་དག་ཐམས་ཅད་གཤིན་རྗེ་ཡི། །དབང་འགྱུར་ཡིན་པར་ཤེས་པར་བྱ། །གང་ཞིག་དྲོད་ཆུང་སེམས་གཡེང་དང༌། །རྟག་ཏུ་མདངས་ངན་ཡིད་མི་བདེ། །གང་ཞིག་གཏོར་མ་བྱ་རོག་ལ། །བྱིན་ཀྱང་ཟ་བར་མི་བྱེད་དང༌། །གང་ཞིག་རྒྱུ་མེད་ཡིད་གཞུངས་དང༌། །མཛེས་ཤེས་ལུས་རྒྱས་དཔལ་ཐོབ་བམ། །དེ་ལས་ཉམས་པར་གྱུར་པ་དག །དེ་ནི་གཤིན་རྗེའི་ཁྱིམ་དུ་འཇུག །ཐ་མལ་བ་འམ་ནད་པ་ཡིས། །གང་ཞིག་ཡོན་ཏན་སྐྱོན་རང་བཞིན། །སྔར་ལས་གཞན་དུ་འགྱུར་བར་སྣང༌། །དེ་ནི་ཟླ་དྲུག་ལས་མི་འཚོ། །དད་དང་ཚུལ་ཁྲིམས་དྲན་དང་སྦྱིན། །བློ་གྲོས་སྟོབས་ནི་རྒྱུ་མེད་པར། །འདི་དྲུག་ལས་ནི་ལྡོག་འགྱུར་བ། །ཟླ་བ་དྲུག་ན་འཆི་བར་འགྱུར། །འགྲོ་དང་ཚིག་ནི་སྨྱོན་པ་འདྲ། །འདར་རྨོངས་ཟླ་བ་གཅིག་ན་འཆི། །སྐྲ་ཕྱིས་པ་ན་ཚོར་བ་མེད། །ཞག་དྲུག་ནས་ནི་འཆི་བར་འགྱུར། །གང་ཞིག་ལྡོག་ནད་མེད་པ་རུ། །མིད་པར་ཁ་ཟས་མི་ཆུད་དང༌། །བྲན་གཡོག་ལོག་པར་བྱེད་འགྱུར་བ། །དེ་ནི་འཆི་བ་དང་འདྲར་བཤད། །གང་ཞིག་རྟག་ཏུ་གཉིད་པའམ། །གཉིད་མེད་དེ་ཡང་མི་འཚོའོ། །མཆི་མས་གདོང་ནི་ཁེབས་པ་དང༌། །རྐང་པ་ཤིན་ཏུ་རྔུལ་བ་དང༌། །མིག་ནི་མི་སྡུག་པར་སྣང་བ། གཤིན་རྗེའི་གནས་སུ་འགྲོ་བར་འགྱུར། །སྔོན་ཆད་དགའ་བའི་དངོས་ལ་གང༌། །དགའ་མི་འགྱུར་བ་དེ་མི་འཚོ། །གང་ཞིག་འཕྲལ་དུ་གྱུར་པ་ཡི། །མཚན་ཉིད་ཐམས་ཅད་སྣང་བ་དང༌། །འཕྲལ་དུ་བཟློག་པར་གྱུར་པ་དག །དེ་ནི་མོད་ལ་འཆི་བར་འགྱུར། །ཞེས་རྒྱས་པར་བཤད་པ་འགྲེལ་པ་དང་བཅས་པའི་དོན་རྣམས་ཀྱང་རབ་ཏུ་རྟོགས་པར་བྱའོ། །

གཉིས་པ་ཚིག་གི་དོན་ནི། ཉེ་བའི་ཞེས་པ་ནས་བཤད་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། ཉེ་བའི་འཆི་ལྟས་ལ་ནི་འདི་ལྟ་བུ་འབྱུང་སྟེ། ཁོང་དུ་དུག་མ་སོང་ཞིང་རྡོ་ལ་སོགས་པའི་མཚོན་མ་ཕོག་པར་མིག་ལ་སོགས་པའི་བུ་ག་དགུ་ནས་ཁྲག་འཛག་པ་དང༌། ངག་ནས་སྨྲས་པ་དེ་འཕྲལ་དུ་བརྗེད་པར་གྱུར་པ་དང༌། མཇེ་ཕུག་ཏུ་ནུབ་བམ་རླིག་པ་རིང་དུ་འཕྱང་ངམ། ཡང་ན་དེ་ལས་གོ་ལྡོག་པ་མཇེ་རིང་དུ་འཕྱང་བའམ་རླིག་པ་ཕུག་ཏུ་བྲོས་པ་དང༌། ལུད་པ་འགོགས་པ་དང་སྦྲིད་པ་འབྱིན་པའི་ཚེ་སྔོན་མེད་པའི་སྒྲ་འབྱུང་བ་དང༌། མར་མེ་ཤི་མ་ཐག་པའི་དྲི་མ་མི་ཚོར་བ་དང༌། སྐྲ་ཕྱི་བའི་ཚེ་ཚོར་བ་མེད་ཅིང་སྤྱི་བོར་སྣུམ་ལ་སོགས་པ་མ་སྐུས་ཀྱང་སྣུམ་བཅས་སུ་སྣང་བ་དང༌། སྐྲ་དང་སྨིན་མ་ལ་སྔ་ར་མེད་གསར་དུ་མཚམས་བྱེ་ཞིང༌། རྟ་དྲེལ་གྱི་རྩུབ་ཀྱི་རྣམ་པ་འཁྱིལ་བ་དང༌། དཔྲལ་བ་དང་ཆུ་སོར་ཟླ་བ་ཚེས་པ་སྟེ་ཚེས་གཉིས་གསུམ་གྱི་ཟླ་བ་ལྟ་བུ་འཁྱོག་པོའི་རི་མོ་རྩ་རིས་སུ་སྣང་བ་དང༌། མིག་ལ་སོགས་པའི་དབང་པོ་ལྔ་དང་གཟུགས་སོགས་ཡུལ་ལྔ་པོ་རྣམས་གང་གིས་ཀྱང་མ་བསླད་པ་ཐ་མལ་དུ་གནས་པ་ལ། སྔགས་དང་རྫས་ལ་སོགས་པ་འཁྲུལ་པའི་རྒྱུ་མེད་པར་ལོག་པའི་རྣམ་པར་གྱུར་ཏེ་ཡོད་མེད་གོ་བཟློག་པ་སྔར་ཡོད་པའི་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་མེད་པར་གྱུར་ཅིང༌། གཟུགས་སོགས་སྔར་མེད་པ་རྣམས་ལས་ཡོད་པ་ལྟར་སྣང་བ་དང༌། རང་གི་ལག་ངར་སྨིན་མའི་དབྲག་ཏུ་གྱེན་ལ་བསླང་ནས་ཆེད་དུ་གཏད་པ་མིག་གིས་མི་མཐོང་བ་སྟེ་ཆད་པ་ལྟར་སྣང་བ་དང༌། རང་གི་མིག་བཙིར་ནས་ལྟས་པའི་ཚེ་འོད་ཟེར་གྱི་དྲ་བ་མེད་ཅིང་མིག་འབྱེད་འཛུམ་ཆེར་མི་བྱེད་པ་རི་བོང་འབོས་ནོན་པ་ཞེས་བྱ་བའི་དུས་ཀྱི་མིག་དང་འདྲ་བར་འབྱུང་བ་དང༌། དེ་བཞིན་མིག་སྔར་བས་ཁུང་དུ་བྲོས་པའམ་རྒྱལ་མོའི་མདངས་གློ་བུར་དུ་ཉམས་པ་རྣམས་ནི་རིང་པོ་མ་ལོན་པར་འཆི་བའི་དུས་བྱེད་པར་འགྱུར་རོ། །གཞན་ཡང་རྣ་བ་ཧྲིད་འབྱར་བ་ཞེས་པ་རྣ་བ་ལྟག་པ་ཕྱོགས་སུ་འབྱར་བ་དང༌། ཨུཏྟ་ཆད་པ་ཞེས་པ་རྣ་བའི་བུ་ག་བཀག་པའི་ཚེ་འུར་འུར་ཞེས་པའི་སྒྲ་མེད་པ་དང༌། ཉི་མ་ལ་གནས་པའི་ཚེ་མགོ་བོའི་རླངས་པའི་གྲིབ་མ་མེད་པ་ན་ཡང་འཆི་བར་འགྱུར་ལ། དེ་བཞིན་དུ་སྣ་བུག་ཆེར་གདངས་ཤིང་སྣ་སྒོར་བ་སྐྱ་ཆགས་པ་དང༌། ལྕེ་གཞུང་ནག་ལ་སྐམ་པ་དང༌། ལྕེ་ཤིན་ཏུ་ཐུང་ངུར་གྱུར་ཅིང་སྨྲ་མི་ཤེས་པ་དང༌། མ་མཆུ་ཐུར་དུ་འཕྱང་བ་དང༌། ཡ་མཆུ་གྱེན་དུ་བརྫེས་པ་དང༌། གདོང་ལ་འཕྲལ་དུ་རྡུལ་ཆགས་ཤིང་དབུགས་ཀྱི་འགྱུ་བ་གྲང་ལ། སོ་དྲེག་ནག་པོ་ཡང་ཡང་ཆགས་པར་འགྱུར་བ་དང༌། གྱེན་དུ་དབུགས་བརྩེག་ཅིང་ནང་དུ་སྡུད་མི་ཐུབ་པ་དང༌། ལུས་ཀྱི་དྲོད་ཡལ་བར་འགྱུར་བ་དེ་རྣམས་ཀྱང་འཆི་བའི་ལྟས་ཡིན་ལ། གཞན་ཡང་ལུས་པོ་ཕྱིའི་རེག་བྱ་གྲང་ལ་ནང་དུ་ཚ་བའི་ནད་སྐྱེ་བ་དང༌། གྲང་བའི་ནད་ཀྱིས་གདུངས་པའི་རིགས་ལ་མེ་ཉི་སོགས་ཚ་བ་མི་འདོད་པར་སྤོང་བ་དང༌། དེ་བཞིན་དུ་ཚ་བའི་ནད་ཀྱིས་གདུངས་པ་ལ་གྲང་བའི་རེག་བྱ་སོགས་སྤོང་བ་དང༌། གསོ་བ་རིག་པའི་གཞུང་ལུགས་མན་ངག་དང་བཅས་པ་ལས་བཤད་པའི་ཆོ་ག་སྨན་དཔྱད་ཟས་སྤྱོད་སོགས་ཇི་ལྟ་བར་བྱས་ཀྱང་ནད་ལ་དྲག་བསྐྱེད་མེད་ཅིང༌། ཚ་བའི་ནད་ལ་དྲོད་བཅོས་དང་གྲང་བའི་ནད་ལ་བསིལ་བཅོས་སོགས་ཆོ་ག་ལོག་པ་བྱས་པས་བདེ་བར་གནས་པ་སྙམ་བྱེད་པ་དེ་དག་རྣམས་ནི་འཆི་བདག་གི་དབང་དུ་འགྲོ་བའི་ལྟས་སུ་བཤད་པ་ཡིན་ནོ། །

གཉིས་པ་ཤིན་ཏུ་ཉེ་བའི་འཆི་ལྟས་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། རྒྱུད་སྡེ་རིན་པོ་ཆེ་རྣམས་ལས་རྩ་རླུང་ཐིག་ལེ་སྡུད་རིམ་གྱི་སྒོ་ནས་འཆི་ལྟས་གསལ་བར་བྱེད་པ་དང༌། འབྱུང་བ་ལྔ་ཐིམ་པའི་ཚུལ་ཤིན་ཏུ་རྒྱས་པར་བཤད་མོད་ནའང༌། དེ་དག་ཕལ་ཆེར་ལོ་བརྒྱ་ཐུབ་པའི་དབང་དུ་བྱས་ནས་ལོ་གསུམ་ཕྱོགས་གསུམ་གྱི་འཆི་ལྟས་གཙོ་བོར་མཛད་པ་ཡིན་ལ། འདིར་ཤས་ཆེར་ནད་པའི་དབང་དུ་བྱས་པ་ཡིན་པས་སྡུད་རིམ་རྣམས་གོ་རིམ་བཞིན་མི་འབྱུང་སྟེ། ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས། གང་ཚེ་དུག་དང་མཚོན་དང་ནད། །དྲག་པོས་རྩ་རྣམས་ཅིག་ཅར་འགགས། །རྒྱུ་དེས་གློ་བུར་འཆི་བར་གསུངས། །ཞེས་གསུངས་ཤིང༌། འཆི་བའི་ལྟས་ཀྱང༌། རྣ་བའི་སྒྲ་དོར་ཞག་དྲུག་སྟེ། །ལྕེ་ཡི་རོ་དོར་ཞག་ལྔ་ཡིན། །མིག་དབུས་རི་མོ་ཞག་བཞིའི་ཚེ། །སྣ་ཞོམ་དྲི་དོར་ཞག་གསུམ་མོ། །རེག་བྱ་དོར་བ་ཞག་གཉིས་ཏེ། །ཆོས་ཁམས་ཁུ་བ་ཉམས་པ་ནི། །ཞག་གཅིག་ནས་ནི་ཕ་རོལ་འགྲོ། །དཀར་ཆ་འོག་ཏུ་ལྷུང་བ་སྟེ། །དམར་ཆ་གྱེན་དུ་འགྲོ་བ་ཡིན། །རླུང་རྣམས་སྣ་སྒོ་ནས་འགྲོ་སྟེ། །ཞེས་གསུངས་སོ། །གཉིས་པ་ཚིག་གི་དོན་ལ་གཉིས་ཏེ། རྒྱུ་འབྱུང་བའི་ཐིམ་ཚུལ་དང༌། འབྲས་བུ་དབང་པོའི་ཐིམ་ཚུལ་ལོ། །དང་པོ་ནི། ཤིན་ཏུ་ཞེས་པ་ནས་ཕྱི་དབུགས་ཆད་ཅེས་པའི་བར་གྱིས་བསྟན་ཏེ། ཤིན་ཏུ་ཉེ་བའི་འཆི་ལྟས་ལ་འབྱུང་བ་རྣམ་པ་ལྔ་ཐིམ་པའི་ཚུལ་དང༌། དབང་པོ་ལྔ་པོ་རིམ་པས་ཐིམ་པའི་ཚུལ་གཉིས་ཏེ། དེ་ལ་དང་པོ་འབྱུང་བ་ལྔའི་རང་བཞིན་ཅན་གྱི་ལུས་འདི་ཉིད་འཆི་བ་ལ་མངོན་དུ་ཕྱོགས་པ་དེའི་ཚེ་ས་ཆུ་མེ་རླུང་ནམ་མཁའ་རྣམས་རིམ་པས་སྔ་མ་སྔ་མ་དག་ཕྱི་མ་ཕྱི་མ་ལ་ཐིམ་པར་འགྱུར་ཏེ། དེ་ཡང་སའི་ནུས་པ་ཆུ་ལ་ཐིམ་པའི་རྟགས་སུ་གཟུགས་ཀྱི་རྣམ་པ་ཕྲ་རགས་རྣམས་མི་མཐོང་ཞིང༌། དེ་བཞིན་དུ་ཆུའི་ནུས་པ་མེ་ལ་ཐིམ་པའི་རྟགས་སུ་བུ་ག་སྒོ་དགུ་ལ་སོགས་པ་རྣམས་བསྐམ་པར་འགྱུར་ལ། མེའི་ནུས་པ་དེ་ཡང་རླུང་གི་རང་བཞིན་ལ་ཐིམ་པའི་རྟགས་སུ་ལུས་ཀྱི་དྲོད་རྣམས་སྡུད་པ་དང༌། རླུང་ནུས་དེ་ཡང་ནམ་མཁའ་ལ་ཐིམ་པའི་རྟགས་སུ་ཕྱི་དབུགས་ཀྱི་འགྱུ་བ་ཆད་པར་འགྱུར་བ་ཡིན་ནོ། །གཉིས་པ་འབྲས་བུ་དབང་པོའི་ཐིམ་ཚུལ་ནི། མིག་གི་ཞེས་པ་ནས་རེག་མི་ཚོར་ཞེས་པའི་བར་གྱིས་བསྟན་ཏེ། གཉིས་པ་འབྱུང་བ་ལྔས་བསྐྱེད་པའི་དབང་པོ་ལྔ་པོ་འདི་ཡང་ཐིམ་པའི་ཚུལ་སྔ་མ་དང་མཚུངས་པར་འབྱུང་སྟེ། ཇི་ལྟར་ཞེ་ན་ཐོག་མར་མིག་གི་དབང་པོ་ཉམས་པར་གྱུར་པའི་དབང་གིས་ཕྱི་རོལ་གྱི་གཟུགས་རྣམས་མི་གསལ་ཞིང་འགག་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གཟུགས་དེ་ཡང་སྒྲའི་རང་བཞིན་དབྱེར་མེད་དུ་ཐིམ་པར་འགྱུར་བའི་ཚུལ་དང༌། དེ་བཞིན་དུ་རྣ་བའི་དབང་པོ་ཉམས་པར་གྱུར་པ་ཡིས་སྒྲ་མི་གསལ་ཞིང༌། སྒྲ་དེ་ཡང་དྲི་ལ་ཐིམ་པར་འགྱུར་ལ། སྣའི་དབང་པོ་ཉམས་པར་གྱུར་པ་ཡིས་ནི་དྲི་མི་གསལ་ཞིང་དྲི་དེ་ཡང་རོ་ལ་ཐིམ་པར་འགྱུར་བ་དང༌། ལྕེའི་དབང་པོ་ཉམས་པར་གྱུར་པ་ཡིས་ནི་རོ་མི་གསལ་ཞིང༌། རོ་དེ་ཡང་རེག་བྱ་ལ་ཐིམ་པར་འགྱུར་བ་དང༌། ལུས་ཀྱི་དབང་པོ་ཉམས་པར་གྱུར་པ་ཡིས་ནི་རེག་བྱ་མི་ཚོར་ཏེ། མཐར་སྲོག་གི་རླུང་ཉིད་ལ་ཐིམ་པ་དང༌། དེ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཐིམ་པར་གྱུར་ནས་སྲིད་པ་གཞན་ཉམས་སུ་མྱོང་བར་འགྱུར་བ་ཡིན་ནོ། །ཞར་ལ་གང་དུ་འཕོ་བའི་ཚུལ་བཤད་པ་ནི། སྤྱིར་ནི་རང་རང་གི་ལས་ཀྱི་འབྲས་བུ་ཉིད་དབང་བཙན་པར་དེའི་རྗེས་སུ་སྤྱོད་པ་ཡིན་མོད་དུ་ཟིན་ཀྱང་འཕོ་བ་ལ་སོགས་པའི་རྐྱེན་འགའ་ཞིག་གི་དབང་དུ་ཡང་འགྲོ་བ་ཡོད་ལ། དེ་ཡང་རྣམ་པར་འཕོ་བའི་ལམ་གྱི་དབང་གིས་གནས་བཟང་ངན་ཤས་ཆེར་འབྱུང་བ་ཡིན་ཏེ། སུམྦྷུ་ཊི་དང་བདེ་མཆོག་སྡོམ་འབྱུང་ལ་སོགས་པ་རྣམས་ལས། དེ་ནས་རྣམ་ཤེས་ཀུན་གཞི་ནི། །ཚངས་བུག་ནས་ནི་གཟུགས་མེད་དེ། །ཐིག་ལེ་ལས་ནི་ལྷ་མོ་ཆེ། །ལྟེ་བ་ལས་ནི་འདོད་ཁམས་ལྷ། །མིག་ལས་འདོད་པའི་མིའི་དབང་པོ། །སྣ་ལས་གནོད་སྦྱིན་གནས་སུ་སྟེ། །རྣ་བ་ལས་ནི་གྲུབ་པའི་ལྷ། །སྲིད་པའི་སྒོ་ལས་ཡི་དྭགས་བཤད། །ཆུ་ཡི་ལམ་ནས་དུད་འགྲོར་འགྱུར། །འོག་སྒོ་ལས་ནི་དམྱལ་བ་བརྒྱུད། །དེ་ནས་བར་དོ་འབྱུང་བ་ཡིན། །སྣང་མཆེད་ཐོབ་གསུམ་ཐིམ་པ་ནི། །སྒོ་གསུམ་རང་བཞིན་ཉིད་མ་ཤེས། །ཞེས་དང༌། ཐོག་མེད་དུས་ཀྱི་ཉོན་མོངས་ཀྱི། །བག་ཆགས་རབ་ཏུ་བསགས་བྱས་པས། །དེ་ཕྱིར་སྔོན་ཆད་ལས་ཀྱིས་ནི། །སྐྱེ་དང་འཆི་བ་ཡང་དག་འབྱུང༌། །ཚོགས་པ་མ་རྙེད་དེ་སྲིད་དུ། །ཞག་གསུམ་བར་དོའི་སྲིད་པར་གནས། །འགྲོན་པོ་བགྲོད་པ་ཇི་བཞིན་དུ། །དེ་ལྟར་ལས་ཀྱི་ཞགས་པ་ཡིས། །འགྲོ་བ་དྲུག་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་ཤིང༌། དྲན་པ་ཉེ་བར་གཞག་པའི་མདོ་སོགས་ལས་ཞིབ་ཏུ་གསུངས་པ་ལྟར་ཤེས་པར་བྱའོ། །གསུམ་པ་མ་ངེས་པའི་འཆི་ལྟས་བཤད་པ་ནི། མ་ངེས་པ་ཞེས་པ་ནས་ཞི་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏེ། མཐའ་གཅིག་ཏུ་འཆི་བར་མ་ངེས་པའི་འཆི་ལྟས་ཀྱང་འབྱུང་བ་སྲིད་དེ། རླུང་མཁྲིས་བད་ཀན་གྱིས་བསྡུས་པའི་ནད་ཀྱི་ཚུལ་མི་འདྲ་བ་ཤིན་ཏུ་མང་པོ་ཡོད་པ་དེ་རྣམས་ལས་གང་ཡང་རུང་བ་ལ་བརྟེན་པའི་འཆི་བའི་ལྟས་གོང་དུ་བཤད་པ་རྣམས་ལས་འགའ་ཞིག་མངོན་སུམ་དུ་སྣང་བར་གྱུར་པ་མཐོང་ན་ཡང༌། སྒྱིད་མི་ལུག་པར་གསོ་བ་ལ་བསྒྲིམས་པས་ནད་རབ་ཏུ་ཞི་བར་འགྱུར་ལ། ནད་དེ་དག་ཞི་བས་ནི་འཆི་ལྟས་ཡང་ཞི་བར་འགྱུར་བའི་ཕྱིར། འཆི་ལྟས་འགའ་ཞིག་ཁོ་ནའི་རྗེས་སུ་འབྲངས་ནས་དོར་བར་མི་བྱའོ། །

བཞི་པ་ངེས་པའི་འཆི་ལྟས་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། སྨན་པས་ནད་པ་གང་ཞིག་ལ། །སྨན་གྱི་བྱ་བ་བྱས་གྱུར་པ། །འབད་ཀྱང་སོས་པར་མ་གྱུར་ན། །དེ་ཡི་སྲོག་ནི་རྙེད་པར་དཀའ། །མཁས་ཤིང་མང་དུ་བསྒྲུབས་པ་དང༌། །ཆོ་ག་བཞིན་དུ་སྦྱིན་གྱུར་ཀྱང༌། །སྨན་གྱི་བྱ་བ་མ་གྲུབ་གང༌། །དེ་ལ་གསོ་བའི་ཐབས་མེད་དོ། །གང་ཞིག་སྨན་ནི་སྦྱོར་བའི་ཚེ། །རྒྱུ་མེད་པར་ནི་ཕྱིན་ཅི་ལོག །མདོག་དང་རོ་སོགས་སྤོང་གྱུར་ན། །ནད་མེད་ཡིན་ཡང་དེ་མི་འཚོ། །ཞེས་དང༌། ཉེ་དུ་མཛའ་བོ་རྣམས་ཀྱིས་ནི། །དྲིས་ཀྱང་མཉན་པར་མི་བྱ་བ། །སྨན་པས་སྨྲ་བར་མི་བྱ་ཞིང༌། །དེ་ཡི་གསོ་བ་ཁས་མི་བླང༌། །གཤིན་རྗེའི་ཕོ་ཉ་ཤ་ལ་སོགས། །གཞན་གྱི་ཉེ་བར་བསྟན་པ་གང༌། །སྨན་གྱི་སྟོབས་ནི་འཇོམས་པས་ན། །དེ་ཕྱིར་དེ་ནི་ཡོངས་སུ་སྤང༌། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་ཚིག་གི་དོན་ནི། ཞི་ཡང་ཞེས་པ་ནས་ངེས་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་བཤད་པ་ལྟར་ཕལ་ཆེར་ལ་ནད་ཞི་བར་གྱུར་ན་འཆི་ལྟས་ཀྱང་ཞི་བར་འགྱུར་མོད་དུ་ཟིན་ཀྱང༌། གལ་ཏེ་ནད་ཞི་ན་ཡང་འཆི་བའི་ལྟས་རྣམས་མི་ཞི་བར་བརྟན་པར་གནས་པར་བྱེད་ན་ངེས་པར་འཆི་བར་འགྱུར་ཞིང༌། དེ་བཞིན་དུ་ཕྱི་དང་ནང་དང་གསང་བ་སྲོག་དང་གསུམ་གྱི་ཟུངས་ནི་རིམ་པ་བཞིན་དུ་ཤ་དང་ཟས་དང་རྩ་དང་གསུམ་ཡིན་པས་དེ་གསུམ་ཤོར་བ་སྟེ་ཉམས་པའི་ནད་པ་གང་ཡིན་པ་དེ་ཡང་འཆི་བའི་དུས་བྱེད་པར་འགྱུར་ལ། གཞན་ཡང་འགྲོ་བ་ཉམ་ཐག་པའི་ནད་པ་དེ་ཉིད་ལ། གསོ་བ་རིག་པའི་གཞུང་ལུགས་མན་ངག་དང་བཅས་པའི་སྒོ་ནས་སྨན་དཔྱད་ཟས་སྤྱོད་ཀྱི་ཆོ་ག་རྣམ་པ་སྣ་ཚོགས་པ་འབད་པས་བསྒྲུབས་ཤིང་གང་ལ་གང་འཚམ་པའི་བྱ་བ་བྱས་ཀྱང༌། བཅོས་བསྐྱེད་མེད་པ་གང་ཡིན་པ་དེ་རྣམས་ནི་འཆི་བདག་གི་དབང་དུ་འགྲོ་བར་ངེས་པ་ཡིན་ནོ། །ལྔ་པ་མཇུག་བསྡུ་བ་ལ་གསུམ་སྟེ། འཇིག་པའི་བཤད་པ། འཆི་ལྟས་ཤེས་དགོས་པར་གདམས་པ། འཆི་ལྟས་བཟློག་པའི་ཐབས་གཞན་བསྟན་པའོ། །དང་པོ་ལ་གཉིས། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། འབྱུང་འགྱུར་དུས་ཀྱི་རི་རབ་འཇིག་དང་མཚུངས། །ཞེས་པའི་དོན་མངོན་པ་མཛོད་ལས། དེ་ཡི་སྐྱོན་དང་ཆོས་མཐུན་ཕྱིར། །བཞི་པ་ན་མེད་མི་གཡོའི་ཕྱིར། །མི་རྟག་དེ་ཡི་གཞལ་མེད་ཁང༌། །སེམས་ཅན་བཅས་ཏེ་འབྱུང་འཇིག་བྱེད། །བསམ་གཏན་གཉིས་སོགས་གསུམ་པོ་ནི། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། ཞེས་གསུངས་ཤིང༌། དེ་དག་ཀྱང་སེམས་ཀྱི་ཆོ་འཕྲུལ་འབའ་ཞིག་ལས་འབྱུང་བ་སྟེ། བསམ་གཏན་གྱི་སྐྱོན་རྟོག་དཔྱོད་མེ་ལྟ་བུ་དང༌། དགའ་བདེ་ཆུ་ལྟ་བུ་དང༌། རྣམ་རྟོག་གཡོ་བ་རླུང་ལྟ་བུ་གསུམ་གྱི་བྱེད་པ་ལ་བརྟེན་ནས་འཇིག་པར་བྱེད་པ་ཡིན། སྣོད་ཀྱི་འཇིག་རྟེན་འདི་ཡང་ཐོག་མར་ཆགས་པའི་ཚེ་འབྱུང་བ་ལྔ་པོ་གཅིག་གྲོགས་གཅིག་གིས་བྱེད་ཅིང༌། བར་དུ་གནས་པའི་དུས་ཤེད་མཉམ་དུ་གནས་ལ། མཐར་འཇིག་པའི་ཚེ་གཅིག་གི་དགྲ་གཅིག་གིས་བྱས་ནས་འཇིག་པར་བྱེད་པའི་ཚུལ་ལས་ཀྱི་ནུས་པའམ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་བསམ་གྱིས་མི་ཁྱབ་པར་མངོན་ནོ། །གཉིས་པ་ཚིག་གི་དོན་ནི། དེ་ལྟར་ཞེས་པ་ནས་འཇིག་དང་མཚུངས་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་བཤད་མ་ཐག་པའི་དོན་འབྱུང་བ་ལྔའི་རང་བཞིན་གྱི་ལུས་ཀྱི་ཕུང་པོ་འདི་ཉིད་ངེས་པར་འཇིག་པའི་འཆི་ལྟས་རྣམས་ཤར་བ་དེའི་ཚེ་ནད་ལུས་ཟུངས་དང་དྲི་མ་རྣམས་རང་རང་གི་གནས་དང་ལྡང་ཚད་སོགས་ལས་འཆོལ་བར་འཁྲུགས་པར་གྱུར་ནས་ཕན་ཚུན་གཅིག་གི་གཤེད་གཅིག་གིས་བྱས་ཏེ། སྲོག་གི་དབང་པོ་ལུས་དང་བཅས་པ་འདོར་བའམ་འཇོམས་པར་བྱེད་པའི་ཕྱིར་ཏེ། འདི་ནི་དཔེར་ན་འབྱུང་བ་རྣམས་ཀྱི་བྱ་བ་བྱེད་ལས་དང་བཅས་པ་གཞན་དུ་གྱུར་པའི་དུས་ཀྱི་རི་རབ་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་འཇིག་པར་བྱེད་པའི་ཚུལ་དང་མཚུངས་པ་ཡིན་ནོ། །གཉིས་པ་འཆི་ལྟས་ཤེས་དགོས་པར་གདམས་པ་ནི། འཆི་ལྟས་ཞེས་པ་ནས་རྟོགས་པར་བྱ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་བཤད་པའི་ཉེ་རིང་ལ་སོགས་པའི་འཆི་བའི་ལྟས་རྣམས་མི་ཤེས་པའི་སྨན་པར་ཁས་འཆེ་བ་རྣམས་ཀྱིས་ནི་གསོ་བར་བྱ་བའི་ཡུལ་ནད་པ་སོས་པར་ཁས་བླང་བ་དང༌། མི་སོས་པར་དོར་བར་བྱ་བའི་ཚུལ་འགག་པར་འགྱུར་ཏེ། ཁ་དམར་འདོགས་མི་ཤེས་ལ། གསོན་གཤིན་གང་དུ་འགྱུར་བའི་ལྟས་དེ་ལས་བླང་དོར་མི་ཤེས་པས་ནི་མཁས་པ་ཞེས་པའི་སྙན་གྲགས་ཐོབ་པ་མ་ཡིན་ཏེ། འཚོ་བར་ཁས་བླངས་པ་དང་འཆི་བར་དུས་བཏབ་པའི་ཐོག་ཏུ་མ་བབས་ན་ས་སྟེང་གཏམ་ངན་པས་ཁྱབ་པར་འགྱུར་ཞིང་སྨན་པ་ཞེས་པའི་མིང་ལས་ཀྱང་ལོག་པར་འགྱུར་པ་དེའི་ཕྱིར་མཁས་པ་ཞེས་བྱ་བའི་མིང་དོན་མཐུན་པར་འདོད་པའི་སྨན་པ་རྣམས་ཀྱིས་གོང་དུ་རྒྱས་པར་བཤད་པའི་འཆི་ལྟས་རྣམས་དང༌། ཁྱད་པར་དུ་ངེས་པ་དང་མ་ངེས་པའི་འཆི་ལྟས་ནི་ཞིབ་ཏུ་རྟོགས་པར་བྱ་དགོས་སོ་ཞེས་བརྩེ་བས་གདམས་པར་མཛད་དོ། །དེ་བཞིན་དུ་སློབ་དཔོན་གྱིས། ཚེ་ཡི་རིག་བྱེད་འབྲས་བུ་ཀུན། །ཚེ་ཤེས་པ་ལ་གནས་པ་ཡིན། །དེ་བས་འཆི་ལྟས་རྣམ་པ་ཀུན། །སྨན་པས་འབད་དེ་ཤེས་པར་བྱ། །ཚེ་དང་བསོད་ནམས་གཉིས་ཀ་ཟད། །དེ་གཉིས་ཟད་པར་མ་གྱུར་ཀྱང༌། །ཡ་ང་བ་ནི་མ་སྤངས་པས། །སྲོག་ཆགས་རྣམས་ནི་འཆི་བར་བཤད། །ཅེས་བཤད་པ་ཡིན་ནོ། །

གསུམ་པ་འཆི་ལྟས་བཟློག་པའི་ཐབས་གཞན་བསྟན་པ་ནི། རྨི་ལམ་ཞེས་པ་ནས་ཅེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་བཤད་པའི་རིང་བ་ལ་སོགས་པའི་འཆི་ལྟས་སྣ་ཚོགས་པ་རྣམས་ཀྱི་ནང་ནས་རྨི་ལམ་དང༌། རྣམ་འགྱུར་དང༌། རིང་བ་དང༌། མ་ངེས་པའི་ལྟས་རྣམས་ནི་མཐའ་གཅིག་ཏུ་འཆི་བ་ཁོ་ནར་མ་ངེས་པས། དེ་རྣམས་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་དང༌། སྟོང་པ་ཉིད་བསྡོམ་པ་ལ་སོགས་ཡེ་ཤེས་ཀྱི་ཚོགས་རང་བཞིན་གྱིས་བགྱིས་པ་དང༌། རྒྱལ་བའི་བཀའ་དྲི་མ་མེད་པ་ཀློག་ཅིང་ཡི་གེར་འབྲི་བ་དང༌། རྒྱུད་སྡེ་བཞི་ནས་ཇི་ལྟར་འབྱུང་བ་ལྷག་པའི་ལྷ་སྒྲུབ་ཅིང་གསོལ་བ་གདབ་པ་དང༌། གཞན་ཡང་འཇིག་རྟེན་གྱི་ཡུལ་ལུགས་རང་རང་མཐུན་པའི་རིམ་གྲོ་སོགས་སྔར་ཡི་དམ་དུ་བཅས་པ་རྣམས་ལས་སུམ་འགྱུར་གྱིས་ལྷག་པར་བྱས་ན་འཆི་བ་ལས་བཟློག་པར་འགྱུར་ལ། ཉེ་བ་དང་ངེས་པའི་འཆི་ལྟས་གོང་དུ་བཤད་པ་དེ་རྣམས་ལས་གང་ཡང་རུང་བ་མངོན་སུམ་དུ་སྣང་བ་རྣམས་ལ་ནི་འཆི་བར་ངེས་པའི་སྲོག་བསླུ་བ་ལ་སོགས་པ་ཚེའི་ཆོ་ག་མང་དུ་སྒྲུབ་པས་འཆི་བ་ལས་བཟློག་ནུས་པ་སྲིད་པ་ཡིན་ཡང༌། ཤིན་ཏུ་ཉེ་བའི་འཆི་ལྟས་འབྱུང་བ་རིམ་གྱིས་ཐིམ་པའི་རིམ་པ་དངོས་སུ་མཐོང་བ་རྣམས་ལ་འཆི་བ་ལས་བཟློག་པའི་ཐབས་ཅི་ཡང་མེད་དེ། སེམས་ཅན་གཅིག་གི་ཚེ་ཟད་ན་སངས་རྒྱས་སྟོང་གི་མཐུ་རྡུགས་ཞེས་པ་ལྟར་འཆི་བའི་དུས་བྱེད་པ་ལས་གཞན་དུ་ཐབས་ཡོད་པ་མ་ཡིན་ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ལུས་ཀྱི་འཇིག་ལྟས་བསྟན་པའི་ལེའུ་སྟེ་བདུན་པའོ་ཞེས་པ་སྟེ། གནས་གཉིས་པ་གྲུབ་པ་ལུས་ཀྱི་རྣམ་པར་བཤད་པ་ལྷག་མ་མེད་པར་བསྟན་ཟིན་ཏོ། །

འདིར་སྨྲས་པ། དྲི་མེད་སེམས་ཀྱི་རྡོ་རྗེ་ཟ་མ་ཏོག །མྱང་འདས་ལམ་ལ་ཐོགས་མེད་བགྲོད་པའི་གཞི། །མཐར་ཐུག་སྤྲུལ་པའི་སྐུ་མཆོག་སྒྲུབ་པའི་རྒྱུ། །རྡོ་རྗེའི་ལུས་ཞེས་རྒྱལ་བས་བསྔགས་པར་མཛད། །མཐའ་དག་རྒྱུད་སྡེའི་དགོངས་ཟབ་བླ་མེད་རྣམས། །དགོངས་པའི་སྐད་ཀྱིས་གཞུང་འདིར་གསུངས་པ་ཀུན། །འཁྲུལ་མེད་ལུང་རིགས་ཟབ་མོའི་ཉེ་ལམ་ནས། །དལ་གྱིས་དྲངས་ནས་རྒྱས་པར་བཤད་པ་ཡིན། །མ་ཕམ་བླ་མ་གསེར་གྱི་མངལ་ཅན་དེས། །ལེགས་པར་གནང་བའི་བཀའ་ལུང་གངྒཱའི་རྒྱུན། །རབ་ཡངས་རྣ་བའི་ལྷ་ལམ་ལས་བརྒྱུད་ནས། །འདིར་ནི་སྙིང་གི་དྲི་མ་དག་པར་བྱ། །དྲང་སྲོང་མཆོག་གི་གཞུང་ལུགས་བ་ཀུ་ལ། །དོན་བཟང་མངར་པོའི་རོ་ཡིས་གང་གྱུར་པ། །འབྱེད་ཕྱིར་ནགས་སུ་རྒྱུ་བ་མང་མོད་ཀྱང༌། །མཛེས་མའི་ཁ་དྲི་མིན་པ་སུ་ཡིས་ཕྱེ། །རྣམ་དཔྱོད་མཆོག་གི་བཞིན་རས་རབ་མཛེས་ཤིང༌། །ཟོལ་མེད་ལུང་རིགས་འཇམ་པོའི་ངག་ལྡན་པ། །སྨན་པའི་མཛའ་མོ་དྲང་པོའི་གོམ་སྟབས་ཅན། །སྭ་ར་སྭ་སྟིའི་རྣམ་འགྱུར་འདི་ན་དགེ་ །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 4:55 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།