སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།



ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག གཅོང་ཆེན་སྐྲན་ལ་རྒྱུ་རྐྱེན་དབྱེ་བ་དང༌། །གནས་ས་གྱུར་ཚུལ་རྟགས་དང་བཅོས་ཐབས་དྲུག།

རྒྱུ་ནི་མ་ཞུ་བད་ཀན་ཁྲག་མཁྲིས་རླུང༌། །སྲིན་དང་ཆུ་སེར་སྤུ་ལས་འབྱུང་བ་ཡིན། །རྐྱེན་ནི་སྔོན་ལས་གདོན་དང་མ་ཞུ་བ། །འགྲམས་འཁྲུགས་མཚོན་དང་བུ་བཙས་རླན་གྲང་བསྐྱེད།།

དབྱེ་བ་བད་ཀན་ཟས་ལྷེན་རྡོ་ཡི་སྐྲན། །རླུང་གི་ལྷིང་སྐྲན་ཁྲག་མཁྲིས་རྩ་སྐྲན་དང༌། །སྤུུ་སྲིན་ཆུ་སྐྲན་རྣག་སྐྲན་བཅུ་གཅིག་གོ།

གནས་ནི་གློ་སྙིང་མཆིན་དྲི་མཆིན་མཆེར་མཁལ། །མཁྲིས་པ་ཕོ་ལོང་རྒྱུ་མ་ལྒང་པ་མངལ། །སྙིགས་མ་མ་ཞུའི་ཟས་སྐྲན་ཕོ་ལོང་འབྱུང༌། །ལྷེན་སྐྲན་ཕོ་བ་རྡོ་སྐྲན་ཕོ་བ་ལྒང༌། །ལྷིང་སྐྲན་ཕོ་བ་ལོང་དང་མངལ་དུ་གནས། །ཁྲག་སྐྲན་ཕོ་ལོང་མཆིན་མཆེར་མངལ་དུ་འབྱུང༌། །མཁྲིས་སྐྲན་སྣོད་མཁྲིས་རྒྱུ་མའི་ནང་དུ་གནས། །རྩ་སྐྲན་ཕོ་མཁལ་མཆིན་དྲི་རྒྱུ་གྲོག་མང་། །སྤུ་སྐྲན་ཕོ་ལོང་རྒྱུ་མ་ལྒང་པར་གནས།  །སྲིན་སྐྲན་ཕོ་ལོང་གཉིས་ཀྱི་ནང་དུ་འབྱུང་། །ཆུ་སྐྲན་ངེས་མེད་གར་ཡང་འབྱུང་སྲིད་དེ། །གློ་སྙིང་མཆིན་པ་རྒྱུ་ལོང་བར་དུ་མང་། །རྣག་གི་སྐྲན་ལ་གར་འོང་ངེས་པ་མེད། །མདོར་བསྡུས་ཕྱི་སྐྲན་ནང་སྐྲན་བར་སྐྲན་གསུམ། །ཕྱི་སྐྲན་སྣོད་ཀྱི་ཕྱི་དང་ཤ་ལྤགས་བར། །བར་སྐྲན་སྣོད་ཀྱི་ནང་ལྡེབས་དོན་གྱི་ལོགས། །ནང་སྐྲན་དོན་སྣོད་ཀུན་གྱི་གཏིང་ན་གནས།།

གྱུར་ཚུལ་ཁ་ཟས་གྱོང་ཚིལ་སྦང་མ་སོགས། །མ་ཞུ་རང་སོར་གནས་པས་བེ་སྣབས་འདྲིལ། །སྙིགས་མ་མ་ཞུ་ཟས་ཀྱི་སྐྲན་དུ་འགྱུར། །མ་ཞུའི་རྐྱེན་གྱིས་བད་ཀན་བེ་སྣབས་འཕེལ། །རླུང་གིས་བསྒྲིལ་བས་ལྷེན་སྐྲན་ཞེས་བྱར་འགྱུར། །དྭངས་མ་མ་ཞུ་ཕོ་བར་ཡུན་རིང་གནས། །བད་ཀན་གྲང་བས་རྒྱུ་བྱས་རླུང་གིས་བསྒོངས། །ཡང་ཡང་གཡོགས་ཤིང་སྲ་བར་སྨིན་པ་ནི། །དྭངས་མ་མ་ཞུ་རྡོ་སྐྲན་ཞེས་བྱར་འགྱུར། །དྭངས་མ་མ་ཞུ་མཆིན་པར་ཁྲག་ངན་རྒྱས། །མཆིན་པའི་གཤམ་དུ་ཁྲག་གི་ཟིལ་པ་ཆགས། །འཕེལ་ཞིང་རྒྱས་པས་མཆིན་པའི་ཁྲག་སྐྲན་འགྱུར། །དེ་འདྲ་མཆེར་པར་ཞུགས་པ་མཆེར་པའི་སྐྲན། །མཆིན་ཁྲག་ཕོ་བར་ལྷུང་བས་བད་ཀན་བསྲུལ། །ཁྲག་བཙོས་འདྲིལ་བས་སྨུག་པོའི་སྐྲན་དུ་འགྱུར། །དེ་ཉིད་ལོང་ཕུགས་འདྲིལ་བ་ལོང་སྐྲན་ཡིན། །དེ་བཞིན་རྒྱུ་མར་ལྷུང་བ་མཁྲིས་པར་འདྲེས། །སྲ་བར་འདྲིལ་བ་རྒྱུ་མའི་མཁྲིས་སྐྲན་ཡིན། །དྭངས་མ་མ་ཞུ་མཆིན་གནས་མཁྲིས་པར་ལྷུང༌། །མཁྲིས་པའི་རྩི་ཆགས་འདྲིལ་བ་སྣོད་མཁྲིས་སྐྲན། །དངས་མ་མ་ཞུ་ངན་ཁྲག་རྒྱས་པ་དེ། །མཆིན་དྲི་གློ་མཁལ་རྒྱུ་གྲོག་ཕོ་བའི་རྩར། །འགྲིམས་པ་ས་གཅིག་འདྲིལ་བ་རྩ་ཡི་སྐྲན། །མཚོན་ལམ་མཚོན་ཁྲག་འཁྱིམས་པའང་དེ་བཞིན་ནོ། །དྭངས་མ་མ་ཞུ་ལྒང་པའི་རྩ་མིག་འགྲིམས། །ཆུ་ཡི་དྲོད་ཀྱིས་བཙོས་བསྒྲིལ་རྡེ་འུར་འགྱུར། །བུད་མེད་བུ་བཙས་ནད་ལྷག་མངལ་དུ་འདྲིལ། །དེ་ཉིད་བུ་བཙས་མངལ་གྱི་ཁྲག་སྐྲན་ཡིན། །ཕོ་བ་ལོང་དུ་སྲིན་བུ་དྲུ་བུར་འདྲིལ། །སྲིན་སྐྲན་ཞེས་བྱ་ཕོ་བ་ལྒང་པའི་ནང༌། །སྤུ་འཐུམས་འདྲིལ་བས་སྤུ་ཡི་སྐྲན་དུ་འགྱུར། །དྭངས་མ་མ་ཞུ་རྩ་མིག་བྱེར་བ་ཡིས། །དོན་སྣོད་ལོགས་ལ་ཆུ་སེར་ཕུར་མར་ཆགས། །ཆུ་སྐྲན་ཞེས་བྱ་རྣག་སྐྲན་རྣག་ཐུམ་ཡིན། །ཕོ་ལོང་མངལ་དུ་སྐྲན་གང་རླུང་གིས་བསྐྱོད། །འཕྱོ་ལྡིང་འཕེལ་འབྲི་བྱེད་པ་རླུང་གི་སྐྲན། །རྐྱང་པའི་རླུང་ལས་སྐྲན་དུ་འགྱུར་བ་མེད། །མདོར་བསྡུས་སྐྲན་ཀུན་ཚ་གྲང་གཉིས་སུ་བསྡུ། །ཁྲག་དང་མཁྲིས་པས་རྒྱུ་བྱས་ཚ་བའི་སྐྲན། །བད་རླུང་གྲང་བས་རྒྱུ་བྱས་གྲང་སྐྲན་ཡིན།།

དེ་ཡི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །སྐྲན་ཀུན་སྤྱི་རྟགས་རྩ་རྒྱུད་ཞན་ཅིང་ཞར། །ཆུ་ལ་སྐྲན་ཐིགས་ཉ་མིག་འབྱུང་བ་དང༌། །གང་ལ་སྐྲན་ཡོད་སྟེང་དུ་དྲེག་པ་ཆགས། །ཁ་ཟས་མི་འཇུ་གྲང་རྐྱེན་སྒྲེག་ཅིང་སྐྱུག །ཁྱད་པར་ཤ་རིད་མར་རྗེན་སིངས་གླེག་སྐྱུག །དྲི་མ་སྲི་སྐམ་འཁྲུ་ཡང་སྲིད་པ་ཡིན། །ཤ་སྐམ་ཤེད་ཆུང་འགྲངས་དང་གྲང་རྗེས་ན། །དྲག་ཤུལ་ནད་ལྡང་འདི་རྟགས་ཕལ་ཆེར་འབྱུང༌། །བྱེ་བྲག་སྙིགས་མ་མ་ཞུ་ཟས་ཀྱི་སྐྲན། །ཕོ་བ་འཚིང་སྒྲེག་ཟོས་ཐོག་གླང་ཐབས་ལྡང༌། །གང་མ་ཞུ་བའི་ཟས་དེ་མཆོག་ཏུ་གནོད། །གདོང་པ་མིག་ལྕིབས་རྐང་བོལ་གཡོ་བ་ཡིན། །ལྷེན་སྐྲན་རྫི་བའི་སྲན་ཆེ་ཅི་ཟོས་སྐྱུག །རླན་གྲང་ཟོས་རྗེས་ན་ཞིང་ལྟོགས་ན་བདེ། །སྒྲེག་པ་མི་ཐོན་ཤེད་ཆུང་འཕེལ་འབྲི་མེད། །དྭངས་མའི་རྡོ་སྐྲན་དེ་འདྲ་ཤིན་ཏུ་སྲ། །མཆིན་པའི་ཁྲག་སྐྲན་འཕེལ་སྐྱེན་གཡས་ནས་ཆགས། །མིག་སེར་ཆུ་དམར་རྩ་རྒྱུད་ཕྲ་ལ་མགྱོགས། །གྲང་དྲོས་རོ་རྒྱབ་མཆིན་དྲི་སྦྲག་ཅིང་ན། །ཤ་མདོག་སྔོ་སྐམས་མཆིན་ཤ་སིངས་གླེག་སྐྱུག །སྐྲན་རྒྱས་མཁྲིས་ཡུལ་ཕྲོགས་ཏེ་མིག་ཆུ་སེར། །མཆེར་པའི་ཁྲག་སྐྲན་དེ་འདྲ་གཡོན་དུ་འབྱུང༌། །སྦོ་སྒྲེག་ཟས་སྐོམ་ལེན་ཡང་ལྦུ་བ་སྐྱུག །ཚ་བ་ཤས་ཆུང་གདོང་པ་སྦོད་པོར་གཡོ། །ཕོ་ལོང་སྨུག་པོའི་ཁྲག་སྐྲན་ཚ་ཞིང་གཟེར། །མནན་ན་འཕར་ཞིང་བསིལ་དྲོད་གཉིས་ཀ་གནོད། །འགྲངས་ལྟོགས་གྲང་དང་དྲོས་པ་གང་ཡང་ན། །སྣོད་ཀྱི་མཁྲིས་སྐྲན་ཤ་མདོག་སྔོ་ལ་སྐམ། །ཟས་ལེན་གྱུར་ཀྱང་ཤེད་བྲལ་མིག་ཆུ་སེར། །སྨིན་ནས་ལུས་ཀུན་ཟ་འཕྲུག་བྱེད་པ་ཡིན། །རྒྱུ་མའི་མཁྲིས་སྐྲན་ལུས་ལྕི་མིག་ཆུ་སེར། །རྩ་གྲིམས་དང་ག་མི་བདེ་ནད་ཟུག་ཆེ། །སྐོམ་དད་ཆེ་ལ་དྲི་ཆུ་སྲི་བར་མངོན། །ལོང་གི་རླུང་སྐྲན་སྦོ་འཁྲོག་ལྦུ་བ་འཁྲུ། །མི་བརྟན་འཕོ་འགྱུར་འཕེལ་འགྲིབ་བྱེད་པ་ཡིན། །མངལ་སྐྲན་ཚིགས་པ་རྒྱུ་ཞབས་ལྡང་དུབ་གཟེར། །འགྲངས་ཚེ་ན་ཞིང་སྐབས་སུ་ཁྲག་ཆེན་འཛག །ལྒང་པའི་རྡོ་སྐྲན་ཆུ་བགག་ཟུག་གཟེར་ཆེ། །གློ་བའི་རྩ་སྐྲན་གློ་མང་འགོགས་པ་དཀའ། །སྐད་འཛེར་ཤ་ལུས་སྔོ་སྐམ་ཟོས་རྗེས་སྐྱུག །མཁལ་མའི་རྩ་སྐྲན་ཐོག་མར་ན་ཟུག་ཆུང༌། །སྨིན་ནས་ལྟར་མངོན་ཤ་སྐམ་དགྱེ་དགུ་དཀའ། །ཆུ་མདོག་དམར་ལ་ལུས་ལྕི་ཆུ་འཐུངས་སྐྱུག །མཆིན་དྲིའི་རྩ་སྐྲན་ཚིགས་པ་བརྒྱད་པ་ན། །དགྱེ་དགུ་མི་བདེ་སྒྲེག་ཅིང་སྐྱུག་སྙམ་བྱེད། །མཆིན་པ་མཆིན་དྲིའི་ཤ་ཟོས་སྐྱུག་པར་འགྱུར། །རྩ་སྐྲན་ཕལ་ཆེར་རིལ་ཙམ་རྩ་ཆུ་ཚ། །སྲིན་སྐྲན་འདྲིལ་དུས་ཟུག་ཆེ་ཞི་དུས་བདེ། །སྤུ་སྐྲན་གང་དུ་བྱུང་སར་གནས་རྟགས་སྟོན། །སྙིང་གི་ཆུ་སྐྲན་བྲང་ལ་སྲིན་ཐོར་འོང༌། །ཤེས་པ་རྒོད་ཅིང་སྨྱོ་ཚུལ་སྟོན་པ་འམ། །ཁྲོ་ཚིག་སེམས་རྩུབ་ཆུ་ཚན་འཚེད་སྙམ་བྱེད། །ཆུ་སྐྲན་ཕལ་ཆེར་མིག་ལྕིབས་རྐང་བོལ་གཡོ། །ངོ་བོ་སྲ་མེར་ཟུག་ཆུང་རྫི་བ་བཟོད། །རྣག་སྐྲན་རེག་ན་བརྩེ་ལ་མནན་མི་བཟོད། །རྩ་ཆུ་ཕྱི་ཡུལ་ཅུང་ཟད་ཚ་བ་སྐྱེ། །དེ་ལྟར་སྐྲན་རྣམས་ཕལ་ཆེར་ལྟོ་སྟོང་ལ། །ལངས་བུབ་གན་རྐྱལ་ཟུར་ལ་གནས་ཏེ་མྱོང་། །བར་གནས་སྲ་འདྲིལ་ལག་འོག་བཟུང་བར་ནུས། །ཕྱི་ན་གནས་པ་དངོས་སུ་གསལ་བར་སྟོན། །གཏིང་ན་གནས་ན་རྟགས་ལ་ནད་ངོས་བཟུང༌། །གློ་མཆིན་མཆེར་སྐྲན་གསང་སར་གཟེར་བ་ཡིན། །མདོར་བསྡུས་ཚ་སྐྲན་རྩ་ཆུ་ཕྱི་ཡུལ་ཚ། །གནས་དེར་འཕེལ་སྐྱེན་ཚ་ཞིང་མནན་ན་འཕར། །ཁ་ཟས་དྲོད་བཅུད་མི་འཕྲོད་བསིལ་བ་འཕྲོད། །དེ་ལས་གོ་ལྡོག་གྲང་བའི་སྐྲན་དུ་བརྟག །ཟུག་ཆེ་སྐྱུག་ཅིང་ཟུངས་གསུམ་ཤོར་ན་སྤང༌། །སྟོབས་ལྡན་ཟུག་མེད་ཟས་ཚུད་འཚོ་བས་བཅོས།།

བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་ཐབས་སྨན་དཔྱད་ཟས་སྤྱོད་བཞི། །ཚ་སྐྲན་གྲང་སྐྲན་ཕྱི་ནང་བར་གསུམ་སྦྱར། །དང་པོ་ནང་ན་གནས་པའི་ཚ་སྐྲན་ལ། །ཏིག་ཏ་གསེར་གྱི་མེ་ཏོག་དུག་མོ་ཉུང༌། །བསིལ་གསུམ་བྲག་ཞུན་རུ་རྟ་པི་པི་ལིང༌། །ཚ་ལ་འགྲོན་ཐལ་ཨ་རུ་ར་དང་ནི། །ཅོང་ཞི་དྲག་པོར་བཏུལ་བའི་ཐལ་བ་དང༌། །ལྡོང་རོས་ཧོང་ལེན་ད་ལིས་ཐལ་བ་རྣམས། །ཀ་ར་སྦྱར་བཏང་གང་ཉེའི་རྩ་ལ་གཏར། །རྩ་ལྟོ་གང་རིགས་སྦྱངས་ལ་ཆུ་ལུམས་བྱ། །བར་གནས་ཚ་སྐྲན་བཟང་དྲུག་ཨ་རུ་ར། །ཙན་དན་དཀར་དམར་ཨུཏྤལ་བོང་ང་དཀར། །ཏིག་ཏ་གསེར་གྱི་མེ་ཏོག་དུག་མོ་ཉུང༌། །རུ་རྟ་ཚ་ལ་རྒྱམ་ཚྭ་པི་པི་ལིང༌། །སྤོས་དཀར་སེང་ལྡེང་མུ་ཟི་བསེ་རུ་དང༌། །རྟ་རྨིག་བཙའ་མ་གཅན་གཟན་རུས་པ་དང༌།།གཡག་རྒོད་རྭ་དང་རུས་པ་སེར་ཙམ་བསྲེག །ཅོང་ཞི་རྒོད་བཏུལ་ཀ་ར་སྦྱར་ལ་བཏང༌། །གཏར་སྦྱོངས་ཆུ་ལུམས་གོང་བཞིན་ཤེས་པར་བྱ། །ཕྱི་ཡི་ཚ་སྐྲན་མཁན་པ་སྤྱང་ཚེར་རྩ། །ལྕེ་ཚ་འོལ་མོ་གོ་སྙོད་བྱི་བའི་བྲུན། །སྦངས་ལུམས་བྱས་པས་ཕལ་ཆེར་རྣག་ཏུ་འགྱུར། །མ་ཁུགས་གོང་ལྟར་སྨན་དཔྱད་རྩོལ་བས་སྦྱང༌། །ཚ་ཐུར་རྒྱབ་ལ་འབྲས་ལྟར་རུལ་གཅོད་སྦྱར། །ཡང་ན་བྱི་ཤང་དཀར་མོ་གོ་བྱེ་མཚལ། །ཟེ་ཚྭ་གླ་རྩི་སྦྲང་རྒོད་རེང་བུ་གཞུག །ཚ་བ་མི་ཚོར་ཆུ་བུར་བྱུང་ན་ཐེབས། །ཀླད་པ་བྱུགས་ལ་ཤོག་བུས་ཁ་བཀབ་བཞག །ཕོ་བར་ཟན་དྲོན་དུགས་ཀྱིས་བག་རེ་བདུག །དེ་རྣམས་ཟས་སྤྱོད་རི་དྭགས་ལུག་ཤ་གསར། །བ་མཛོའི་ཞོ་དར་མར་གསར་ལ་སོགས་པ། །བསིལ་ཡང་བསྟེན་ཞིང་རུལ་སྐྱུར་འཇུ་དཀའ་སྔོ། །གྲང་དང་དྲག་ཤུལ་མེ་ཉིས་གདུངས་པ་སྤང་། །ཟབས་སུ་ཞུགས་པའི་གྲང་སྐྲན་བཅོས་པ་ནི།ཐང་ཤིང་དུར་བྱིད་དནྡ་ཡ་བཀྵ། །ཚ་བ་ལྔ་དང་ཚྭ་སྣ་རྣམ་པ་ལྔ། །ས་རྫི་ཀ་དང་པ་ཏྲ་འབྲས་བུ་གསུམ། །རུ་རྟ་དང་ནི་ཟི་ར་དཀར་ནག་གཉིས། །ཧོང་ལེན་ཕྱེ་མ་ཏིལ་མར་ཞག་དང་ཞོ། །མར་གྱིས་སྦྲུས་ལ་རྫ་མ་ཁ་སྦྱར་བསྲེག །དེ་ཉིད་རྒྱལ་པོ་རྒོད་མ་ཁ་དང་སྦྱར། །སེ་འབྲུ་བརྒྱད་དང་ནང་ནུབ་ལྟག་པ་སྤྲད། །དེ་ཡིས་དྲོད་སྐྱེད་དང་ག་འབྱེད་པར་བྱེད། །དེ་རྗེས་རྒྱམ་ཚྭ་ཚ་ལ་ལ་ལ་ཕུད། །ཚ་བ་ལྔ་དང་ཨ་རུའི་ཐལ་སྨན་སྦྱར། །བྱ་རྒོད་གོ་བོ་སྤྱང་བྲུན་ཕོ་བ་དང༌། །ཟི་ར་ནག་པོ་ཁ་རུ་ཙབས་རུ་ཚྭ། །ཚ་བ་གསུམ་དང་སྦྱར་ལ་ལྟག་པ་སྤྲད། །ཡང་ན་ཟ་བྱེད་ཆེ་ཆུང་ཐལ་སྨན་སྦྱར། །སེ་འབྲུ་བཞི་དང་ནང་ནུབ་ལྟག་པ་སྤྲད། །དེ་ཡིས་དྲོད་སྐྱེད་དང་ག་འབྱེད་པ་དང༌། །གྲང་སྐྲན་མ་ལུས་ཐལ་བར་རློག་པར་བྱེད། །ཞིག་ནས་སྙིར་མངོན་ཟུག་ཆེ་རྩ་ཆུ་ཚ། །གཅོད་བྱེད་བཤལ་གྱིས་སྦྱངས་རྗེས་མེ་ཡིས་བསྲེག །བར་གནས་གྲང་སྐྲན་སྒྲོན་ཤིང་འབྲས་བུ་གསུམ། །ཚྭ་སྣ་ཚོགས་ཚད་སེ་འབྲུ་པི་པི་ལིང༌། །བཟང་པོ་གསུམ་དང་ཚ་ལ་སྤོས་དཀར་དང༌། །དུར་བྱིད་སྔོ་ཡི་ཚ་གསུམ་རྒོད་གཡག་རྭ། །ཕྱེ་མ་ཆང་སྦྲུས་སླ་ངར་ནུས་ལྡན་བསྲེག །ཐལ་བ་བུ་རམ་སྦྱར་བ་ཆུ་སྐོལ་དབུལ། །ཞིག་ནས་སྦྱོངས་བཏང་མ་ཞིག་ཐུར་མ་བརྡེག །ཐུར་རྗེས་སྐྲན་རོ་བཤལ་གྱིས་སྦྱང་བར་བྱ། །བྲང་དང་རྩིབ་ལོགས་སྐྲན་ཐག་གང་གཟེར་དང༌། །སྦྲུལ་མིག་གང་ལ་བབ་པའི་ཚིགས་གསང་བསྲེག །ཕྱི་ཡི་གྲང་སྐྲན་སྣུམ་འཆོས་དུགས་བྱས་ལ། །སྙིར་གྱུར་བུམ་པ་ཚད་ལྡན་མེ་བཙའ་བྱ། །ཐེངས་འགའ་བསྟེན་པས་འཇུ་ཞིང་ཕྱི་རུ་འདྲེན། །འབུར་ན་འཇག་གིས་མཐའ་ནས་བསྡམས་ལ་བཙིར། །གཙགས་བུས་དྲས་ལ་སྐྲན་དབྱུང་རྨ་ལྟར་གསོ། །དནྡ་ཡུངས་ཀར་ཟར་མ་ཏིལ་སྦྱར་བྱུག །མ་འདྲོངས་ཚ་ཐུར་རྒྱབ་ལ་འབྲས་ལྟར་བཅོས། །དེ་རྣམས་ཟས་སྤྱོད་ལུག་དང་གཡག་རྒོད་དང༌། །གཅན་གཟན་གོང་སྲེག་ཁྱིམ་བྱ་བྱེའུའི་ཤ །འབྲས་ཆན་སྤོད་བཅས་ཟན་དྲོན་ཞུན་མར་བསྟེན། །ཆང་གི་དྭངས་མ་སྒ་ཆུ་བསྐོལ་བ་བཏུང༌། །བཅུད་མེད་འཇུ་དཀའ་བསིལ་ཕྱོགས་ཐམས་ཅད་སྤང༌། །བཅག་དང་རྩོལ་བ་སྤུ་དུགས་རྡོ་ཡི་མཉེ། །བྱེ་བྲག་བཅོསཐབས་སྙིང་གི་ཆུ་སྐྲན་ལ། །བསེ་རུ་དོམ་མཁྲིས་ཛཱ་ཏི་ཟངས་ཐལ་དང༌། །ཤ་རུ་དུར་ཐོད་འགྲོན་ཐལ་སྦྲང་སྦྱར་བཏང༌། །དེས་མ་སྐེམས་ན་དེ་སྟེང་དངུལ་ཆུ་དང༌། །སྟར་བུ་དབྱི་མོང་ལ་འཁར་བསྣན་པ་ཡི། །རིལ་བུ་བྱས་ལ་སྙིང་ཆུ་བསྐམ་པར་བྱ། །དེས་ཀྱང་མ་སྐེམས་སྙིང་ཆུ་ཐུར་མས་གཙག །གློ་མིག་རྩ་སྐྲན་ཐོག་མར་ཆུ་ལུམས་བྱ། །དེ་ནས་སྟར་བུ་སྐྱུ་རུ་པི་པི་ལིང༌། །རུ་རྟ་ཤིང་མངར་བུལ་ཏོག་སྦྲང་སྦྱར་བཏང༌། །སྟར་བུ་བུལ་ཏོག་སྐྱུ་རུ་ར་དང་སྦྲང༌། །རིལ་བུ་མུར་བས་གློ་སྐྲན་འཇོམས་པ་ཡིན། །མཆིན་པའི་ཁྲག་སྐྲན་རྩ་སྐྲན་སྦྱོར་བས་གདུལ། །ཡང་ན་གུར་ཀུམ་(ཅུ་གང་ཨུཏྤལ་ཏིག་ཏ་བྲག་ཞུན་རུ་རྟ་དོམ་མཁྲིས་བ་ཤ་ཀ་ཀྱི་ལྕེ་མཚལ་དཀར་གྱི་སྦྱོར་བ་དང་)སེ་འབྲུ་ལྟག་པ་སྤྲད། །ཡང་ན་སེ་རྒོད་འབྲས་བུ་བྲག་ཞུན་དང༌། །ཙན་དན་གུར་ཀུམ་ཆང་སྦྱར་ཞག་གསུམ་མནན། །ལངས་ནས་བུ་རམ་སྦྱར་བའི་ལྡེ་གུ་བཏང༌། །མཆིན་ཁྲག་རྒྱས་དང་མཆིན་སྐྲན་འཇུ་ཞིང་སྐེམ། །རུ་ཐུང་སྣོད་ཀ་མང་གཏར་ཉུང་དུ་དབྱུང༌། །ཚ་བ་སྐྱེ་སྲིད་བྲག་ཞུན་(གུར་གུམ་ཅུ་གང་ཨ་རུ་ཏིག་ཏ་དོམ་མཁྲིས་པི་ལིང་)བདུན་པ་དང༌། །ལྟག་པ་སྤྲད་དེ་ཕྱི་རྗེས་བཤལ་གྱིས་སྦྱང༌། །མཆེར་སྐྲན་དེ་འདྲའི་རྗེས་ལ་མེ་ཡིས་བསྲེག །མཁལ་ཚིལ་རྩ་སྐྲན་དང་པོ་ཆུ་ལུམས་བྱ། །ཟུག་ཆུང་སྙི་དང་བདེར་སོང་བྱིན་ལོང་གཏར། །སྐྱེད་མེད་བྱ་བྲ་ཧ་བོའི་ལུམས་བྱས་ཏེ། །རྣག་ཏུ་བཀུག་ལ་མེ་ཡིས་ཕྱི་རྗེས་བཅད། །མ་ཁུགས་ཚད་པ་སྦྱངས་ལ་ཐུར་མས་བཅོས། །མ་ཞུའི་ཟས་སྐྲན་ལྷེན་སྐྲན་རྡོ་སྐྲན་ལ། །གསར་པའི་དུས་ན་རྡོ་ཡིས་མཉེ་བར་བྱ། །རྒྱམ་ཚྭ་ལ་ལ་ཕུད་དང་ཨ་ཟ་མོ། །པི་པི་ལིང་དང་དོང་གྲ་ཆ་རེ་བསྐྱེད། །ཨ་རུ་ཀུན་མཉམ་ཕྱེ་མ་མེ་དང་འདྲ། །མ་ཞུ་བད་རླུང་གྲང་སྐྲན་འཇོམས་པར་བྱེད། །བི་ཥ་ཨ་རུ་བཅུ་འགྱུར་ཕོ་འགྲོན་བདུན། །ཅུ་གང་གུར་ཀུམ་ཚ་བ་རྣམ་པ་ལྔ། །ཚྭ་སྣ་ལྔ་དང་རྒྱ་ཚྭ་པྲི་ཡངྐུ། །ཐལ་སྨན་ཞོ་གསུམ་དྲི་ཆུས་འདམ་བཏགས་བྱ། །རིལ་བུ་བྱས་བསྟེན་རྒྱམ་ཚྭ་སུམ་ཐང་བཏང༌། །རྡོ་ཡང་ཐལ་བར་འགྱུར་སྲིད་སྐྲན་ཅི་སྨོས། །ཚྭ་བསྲེགས་ཟེ་ཚྭ་གོ་ཐལ་སྦྱོར་བ་ཡང༌། །མན་ངག་ལྡན་ན་སྐྲན་བཤིག་སྨན་མཆོག་ཡིན། །ཞིག་པའི་སྐྲན་རོ་གཅོད་བྱེད་བཤལ་བྱས་ལ། །མ་ཞིག་ཐུར་མའི་རྗེས་ལ་སླར་ཡང་སྦྱང༌། །སྣོད་ཀྱི་མཁྲིས་སྐྲན་ཚེ་སྔོན་ལས་ནད་ཡིན། །འོན་ཀྱང་གསར་དུས་བྱམས་པས་འབད་དེ་གསོ། །མི་དང་ཕག་བྲུན་ནུས་ལྡན་བསྲེགས་ཐལ་བ། །ཚ་ལ་དོམ་མཁྲིས་ཀ་ར་པི་པི་ལིང༌། །སེ་འབྲུ་ལྔ་དང་ནང་ནུབ་ལྟག་པ་སྤྲད། །ཆུ་སྐོལ་འཕུལ་བས་སྐྲན་དེ་འཇུ་ཞིང་སྐེམ། །གཏར་དྲངས་རྗེས་ལ་ཆུ་ལུམས་སྦྱོངས་ཀྱིས་བཅོས། །རྒྱུ་མའི་མཁྲིས་སྐྲན་ཚ་ལ་དོམ་མཁྲིས་དང༌། །ཧོང་ལེན་ཀར་སྦྱར་ཞུ་མཁན་དུགས་ཀྱིས་བདུག །དེ་རྗེས་མན་ངག་བཤལ་(དུར་བྱིད་ཚ་ལ་དོམ་མཁྲིས་ཧོང་ལེན་)གྱིས་ཁོང་ནས་དབྱུང་། །ཡང་ན་ཏིག་ཏ་བརྒྱད་ཀྱིས་བཏུལ་རྗེས་སྦྱང༌། །ཕོ་བ་ལོང་དུ་སྨུག་པོའི་ཁྲག་སྐྲན་ཆགས། །སྟར་བུ་མ་ནུ་འུ་སུ་རྒྱམ་ཚྭ་བཞི། །བུར་དཀར་སྦྱར་བ་ཆུ་སྐོལ་འཕུལ་ལ་བཏང་། །ཆུ་བ་ཧ་བོ་ཚྭ་བཏབ་དུགས་ཀྱིས་བདུག །དོམ་མཁྲིས་ཧོང་ལེན་དུར་བྱིད་ཚ་ལས་སྦྱང༌། །ཡང་ན་ཚྭ་བསྲེགས་སེ་འབྲུ་ལྔ་པ་གཉིས། །ལྟག་སྤྲད་ཞིག་ནས་དྲག་པོའི་བཤལ་གྱིས་སྦྱངས། །ཟུངས་ངན་འཇམ་རྩི་ནི་རུ་ཧ་སྤེལ་དྲང༌། །རླུང་གི་ལྷིང་སྐྲན་སྒོག་སྐྱའི་སྨན་མར་དང་། །བུ་རམ་སྦྱར་བ་བཟའ་ཞིང་འཇམ་རྩི་བཏང༌། །དེ་འོག་ཤིང་ཀུན་སེ་འབྲུ་ཚ་བ་ལྔ། །མ་ནུ་རྒྱམ་ཚྭ་ཙབས་རུ་ཁ་རུ་ཚྭ། །ཟི་ར་གོ་སྙོད་འུ་སུ་ལ་ལ་ཕུད། །སུག་སྨེལ་སྟར་བུ་ཤུ་དག་ཟུར་པ་དཀར། །བུལ་ཏོག་བྱེ་རུག་ཞོ་དང་མར་ལ་བཙོ། །དྲོན་མོར་བསྟེན་རྗེས་མེ་ཡིས་འཇོམས་པ་ཡིན། །སྒོག་སྐྱ་སྲང་བཞི་ཆུ་བོ་བརྒྱད་འགྱུར་བསྐོལ། །ཆུ་བསྡུས་འོ་མ་ལས་འཐུངས་རླུང་སྐྲན་འཇོམས། །རླུང་རིམས་བི་ཤ་ཙེ་སོགས་རླུང་ཀུན་སེལ། །ཤིང་ཀུན་ཤུ་དག་རུ་རྟ་ཁ་རུ་ཚྭ། །དོང་གྲ་ཨ་རུ་མ་ནུ་ལ་ལ་ཕུད། །དནྡ་དུར་བྱིད་ཕྱེ་མས་རླུང་སྐྲན་སྦྱོང༌། །སྲིན་སྐྲན་རྒྱ་ཚྭ་དོང་གྲ་བྱི་ཏང་ག །ཕུར་ཐལ་བུ་རམ་རིལ་བུས་ནང་ནས་བཤིག །རྟ་སྦངས་ཕུར་མོ་སྒོག་སྐྱ་སྤུ་དུགས་བདུག །ཞིག་དཀའ་སྒོག་སྐྱའི་སྨན་མར་སྲིན་སྨན་ལྡན། །བཟའ་ཞིང་འཇམ་རྩི་བཏང་བྱ་ཞིག་ན་འཚོ། །མངལ་སྐྲན་བྱ་བྲ་བྱི་བྲུན་པ་ཡག་རྩ། །ནད་མ་སྦང་སྦྱར་བསྲོས་ལ་མང་དུ་བདུག །ཟ་བྱེད་ཐུན་གསུམ་རིལ་བུས་སྐྲན་བཤིག་ལ། །ཕྱི་ནང་ཁྲུས་གཤེར་སྦྱོར་བས་ཁྲག་རོ་གདོན། །ཁྲག་རྣག་ཤེ་རུལ་ཤ་སྐྱོ་ཐོན་ན་འཚོ། །ལྕ་བ་ཏིལ་བསྐོལ་ཁུ་བ་ཚ་བ་གསུམ། །བུ་རམ་མར་བཏབ་མངལ་སྐྲན་གསར་པ་འཇིག །ཐང་ཤིང་རྩ་བ་པི་པི་ལིང་གི་རྩ། །ཀ་རཉྫ་དང་པི་པི་ལིང་གི་ཕྱེ། །ཏིལ་བསྐོལ་ལྡེ་གུས་མངལ་སྐྲན་འཇོམས་པར་བྱེད། །ཞིག་ནས་ཁྲག་འཛག་མི་བཅད་ལུས་ཟུངས་བསྲུང༌། །རྗེས་ལ་རྩ་བ་ལྔ་ཡི་སྨན་མར་སྦྱར། །ཟས་སྐོམ་སྤྱོད་ལམ་ཤིན་ཏུ་དྲོ་བས་བཅོས། །ལྒང་པའི་སྐྲན་ལ་ཟེ་ཚྭ་ཞོ་བཞི་དང༌། །རྒྱ་ཚྭ་ཞོ་གཉིས་སྡིག་སྲིན་ཚ་བ་གསུམ། །ལྕམ་པ་བུ་རམ་སྦྱར་ལ་ཆང་གིས་དབུལ། །རྡེའུ་ཞིག་ནས་ཆུ་ལམ་འབྱུང་བར་ངེས། །མདོར་བསྡུས་རླུང་སྐྲན་སྣུམ་འཆོས་བཏང་བར་བྱ། །མཁྲིས་སྐྲན་སྦྱང་ཞིང་ཁྲག་སྐྲན་གཏར་གྱིས་དྲང༌། །རྩ་སྐྲན་རྣག་ཏུ་འགུགས་ཤིང་ཆུ་ལུམས་ཤིས། །རྡོ་སྐྲན་ཐུར་མ་ལྷེན་སྐྲན་སྨན་གྱིས་བཤིག །ཆུ་སྐྲན་རྣག་སྐྲན་གསང་དུ་དབྱུང་བར་བྱ། །ནང་སྐྲན་སྨན་ལ་བར་སྐྲན་ཐུར་མས་བཤིག །ཕྱི་སྐྲན་བུམ་པར་དྲངས་ལ་དམར་འབྱིན་བྱ། །དེ་ལྟར་ཤེས་ན་འཚོ་བྱེད་མཁས་པ་ཡིན།  །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གཅོང་ཆེན་སྐྲན་ནད་བཅོས་པའི་ལེའུ་སྟེ་བདུན་པའོ།། །།



 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 3:12 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།