སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

དེ་ནས་ཡང་མཚོ་[འཚོ་]མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །མ་ཞུ་དེས་བསྐྱེད་གཅོང་ཅེན་སྟེ་ལྔ་སྟོན། །དངས་[དང་]པོ་གཅོང་ཆེན་སྐྲན་ལ་གཅོད་ཆད་དྲུག་གིས་སྟོན། །རྒྱུ་རྐྱེན་དབྱེ་བ་གནས་པ་[ས་]འགྱུར་[གྱུར་]ཚུལ་དང་། །རྟགས་དང་བཅོས་ཐབས་བདུན་གྱི་མན་ངག་ནི། །དང་པོ་རྒྱུ་ནི་མ་ཞུ་བད་ཀན་ཁྲག་རླུང་སྟེ། །སྲིན་དང་ཆུ་སེར་སྤུ་ལས་བྱུང་བ་ཡིན། །གཉིས་པ་རྐྱེན་ནི་སྔོན་ལས་གོན་[གདོན་]དང་མ་ཞུ་དང་། །མཚོན་དང་འགྲམ་[འགྲམས་]འཁྲུགས་བུ་བཙས་རླན་བྲང་[གྲང་]རྐྱེན། །གསུམ་པ་དབྱེ་བ་བད་ཀན་[ཟས་]ལྷེན་རྡོའི་སྐྲན། །རླུང་གི་སྡིང་[ལྷིང་]སྐྲན་ཁྲག་མཁྲིས་རྩ་སྐྲན་དང༌། །སྤུ་གྲི་[སྲིན་]ཆུ་སྐྲན་རྣག་སྐྲག་[སྐྲན་]བཅུ་གཅིག་གསོ་[གོ]།

བཞི་པ་གནས་པ་[ས་]སྙིང་མཆིན་པ་དང་། །མཆིན་ཁྲི་[དྲི་]མཁལ་མཚེར་མཁྲིས་པ་ཕོ་ལོང་དང་། །རྒྱུ་མ་ལྒང་པ་མངལ་དང་བཅུ་གཅིག་[གཉིས་]གནས། །སྙིགས་མ་མ་ཞུ་ཟས་སྐྲན་ཕོ་ལོང་འབྱུང༌། །ལྷེན་སྐྲེན་[སྐྲན་]ཕོ་མ་[བ་]རྡོ་སྐྲན་ལྒང་པར་འོང་། །རླུང་[ལྷིང་]སྐྲན་ཕོ་མ་[བ་]རྡོ་སྐྲན་ལྒང་པར་འོང་། །ཁྲག་སྐྲན་མཆིན་མཚེར་ཕོ་ལོང་མངལ་དུ་འོང༌། །མཁྲིས་སྐྲན་སྣོད་མཁྲིས་རྒྱུ་མའི་ནང་དུ་གནས། །རྩ་སྐྲན་ཕོ་མཁལ་མཆིན་དྲི་རྒྱུ་གྲོག་མང་། །སྤུ་སྐྲན་ཕོ་ལོང་རྒྱུ་མ་ལྒང་པར་གནས། །སྲིན་སྐྲན་ཕོ་ལོང་གཉིས་ཀྱི་ནང་དུ་འབྱུང་། །ཆུ་སྐྲན་ངེན་[ངེས་]མེད་གར་ཡང་འབྱུང་བ་ལ། །གློ་སྙིང་མཆིན་པ་རྒྱུ་ལོང་བར་དུ་མང་། །ཉག་[རྣག་]སྐྲན་རྡོ་ཡང་ངེས་མེད་རྨ་ལ་འབྱུང་། །མདོ་རུ་བསྡུ་ན་ཕྱི་ནང་བར་སྐྲན་གསུམ། །ཕྱི་སྐྲན་ཤ་ལྤགས་[པགས་]བར་དང་སྣོད་ཀྱི་ཕྱི། །བར་སྐྲན་སྣོད་ཀྱི་ནང་ལྡེབས་དོན་གྱི་ལོགས། །ནང་སྐྲན་དོན་སྙིང་[སྣོད་]ཀུན་གྱི་གཏིང་ན་གནས། །ལྔ་པ་གྱུར་ཚུལ་ཟས་གྱན་[གྱོང་]སྦང་མ་སོགས། །མ་ཞུ་རང་སོར་ལུས་པས་བེ་སྣབས་བསྡུས། །སྙིགས་མ་མ་ཞུ་འདྲིལ་དཔོང་ཟས་སྐྲན་བྱུང་། །མ་ཞུའི་རྐྱེན་གྱིས་བད་ཀན་བེ་སྣབས་འཕེལ། །རླུང་གིས་བསྡུས་སྒྲིལ་ལྷེན་སྐྲན་ཞེས་ཀྱང་བྱ། །ཕོ་བར་དྭངས་མ་མ་ཞུ་ཡུན་རིང་གནས། །བད་ཀན་གྲང་བས་རྒྱུ་བྱས་རླུང་གིས་བསྒོངས། །ཡང་ནས་ཡང་བཏུམ་[བཏུམས་]སྲ་དམ་སྨིན་པ་དེ། །དྭངས་མ་མ་ཞུ་རྡོ་བའི་སྐྲན་ཞེས་བྱ། །དྭངས་མ་མ་ཞུ་མཆིན་པར་ངན་ཁྲག་རྒྱས། །མཆིན་པའི་བཤམ་[གཤམ་]ཆུ་ཁྲག་གི་ཟི་[ཟིལ྄པ་ཆགས། །འཕེལ་རྒྱས་སྨིན་པས་མཆིན་པའི་ཁྲག་སྐྲན་ཡིན། །དེ་བཞིན་མཆེར་པར་བྱུང་བས་མཆེར་སྐྲན་ཟེར། །མཆིན་ཁྲག་ཕོ་བས་[བར་]ལྷུང་བས་བད་ཀན་བསྲུལ། །ཁྲག་བཅོས་[བཙོས་]འདྲིལ་བ་སྨུག་པོའི་སྐྲན་དུ་བཏུག་[བཏུགས]། །དེ་འདྲ་ལོང་ཁར་འདྲིལ་བས་ཁྲག་འདྲིལ་སྐྲན། །དེ་ཉིད་རྒྱུ་མར་ལྷུང་བས་མཁྲིས་པར་འདྲེས། །བསྲ་[སྲ་]བར་འདྲལ་[འདྲིལ་]བས་རྒྱུ་མའི་ཁྲག་སྐྲན་ཡིན། །དྭངས་མ་མ་ཞུ་མཆིན་རྒྱས་མཁྲིས་པར་ལྷུང༌། །མཁྲིས་པའི་རྩི་ཆགས་འདྲིལ་བ་སྣོད་མཁྲིས་སྐྲན། །དངས་མ་མ་ཞུ་ངན་ཁྲག་རྒྱས་པ་དེ། །མཆིན་དྲི་གློ་མཁར་[མཁལ་]སྒྱུ་[རྒྱུ་]གྲོག་ཕོ་བའི་རྩ། །ཀུན་འགྲིམས་ས་གཅིག་འདྲིལ་བས་རྩ་སྐྲན་གཟེར་[ཟེར]། །མཚོན་ལམ་མཚོན་ཁྲག་འདྲིལ་བ་དེ་བཞིན་ནོ། །དྭངས་མ་མ་ཞུ་ལྒང་པའི་རྩ་མིག་འགྲིམ། །ཆུའི་དྲོད་ཀྱིས་བཙོས་བསྒྲིལ་རྡེལ་དུ་གྱུར། །བུད་མེད་བུ་བཙས་ཁྲག་ནད་མངལ་དུ་འགྲིལ། །རྡོ་སྐྲན་མངལ་གྱི་ཁྲག་སྐྲན་དེ་ལ་ཟེར། །ཕོ་བ་ལོང་བུ་[དུ་]སྲིན་བུ་གྲུ་གུར་འདྲིལ། །སྲིན་སྐྲན་ཞེས་བྱ་ཕོ་སྒང་[ལྒང་]ནང༌དུ་འོང་། །སྤུ་བཏུམ་[བཏུམས་]འདྲིལ་བས་སྤུ་ཡི་སྐྲན་དུ་འགྱུར། །དྭངས་མ་མ་ཞུ་རྩར་བྱེར་ཆུ་སེར་བསྐྱེད། །དོན་སྣོད་ལ་སོགས་ཆུ་སེར་ཕུར་པར་ཆགས། །རྩའི་མིག་ཏུ་སྐར་མདའི་སྣག་[རྣག་]འཐུམ་དང་། །བྱ་ཚད་[ཆད་]མཆོན་ཁྲག་སྣག་[རྣག་]རྣམས་འཐུང་བ་དང་། །ཁོང་ཁྲག་སྨིན་པའི་ནད་དང་རྩ་འགྲམ་རྣག །ཆུ་སྐྲན་བྱ་སྟེ་རྣག་སྐྲན་ཐུམ་པོ་ཡིན། །ཕོ་ལོང་མངལ་དུ་སྐྲན་རྣམས་རླུང་གིས་བསྐྱེད། །འཕེལ་འགྲི་[འགྲིབ་]འཕྱོ་ལྡིང་བྱེད་པས་རླུང་གིས་བསྐྱེད། རྐྱང་པའི་རླུང་ལས་སྐྲན་དུ་འབྱུང་བ་ཡིན། །སྐྲན་ཀུན་མདོར་བསྡུད་ཚ་གྲང་གཉིས་ལ་འདུས། །ཁྲག་དང་མཁྲིས་པས་རྒྱུ་བྱས་ཚ་བའི་སྐྲན། །བད་རླུང་གྲང་བས་རྒྱུ་བྱས་གྲང་སྐྲན་འགྱུར། །དྲུག་པ་བརྟག་ཐབས་སྤྱི་དང་བྱེ་བྲག་གཉིས་ཡིན་ཏེ། །སྤྱི་རྟགས་སྐྲན་ཀུན་རྩ་རྒྱུད་ཞན་ཅིང་འཕར། །སྐྲན་ཐིག་[ཐིགས་]ཉ་མིག་ཆུ་ལས་འབྱུང་བ་དང༌། །ནང་དུ་སྐྲན་ཡོད་ཕྱི་རུ་དྲེག་པ་ཆགས། །ཁ་ཟས་མི་འཇུ་གྲང་རྐྱེན་སྒྲེགས་ཤིང་སྐྱུག །ཁྱད་པར་ཤ་རིད་མར་རྗིན་[རྗེན་]སེང་[སིངས་]པོ་གསོད་[སྐྱུག]། །འཁྲུ་ཡང་སྲིད་ལ་དྲི་མ་སྲི་ལ་སྐམ། །ཤ་སྐམ་ཤེད་ཆུང་འགྲང་[འགྲངས་]དང་དེ་[གྲང་]རྗེས་ན། །དྲག་ཤུལ་ནད་ལྡང་ཕལ་ཆེ་[ཆེར་]རྟགས་འདི་འོང་། །གཉིས་པ་བྱེ་བྲག་སོ་སོར་བརྟག་པ་ནི། །སྙིགས་མ་མ་ཞུ་ལེ་བྱུང་ཟས་ཀྱི་སྐྲན། །ཕོ་བ་འཚོགས་[འཚིང་]སྒྲེག་ཟོས་ཐོག་དྲུག་མར་ལྡང་། །གོང་[གང་]དུ་མ་ཞུའི་ཟས་དེས་ལྷག་པར་གནོད། །མིག་ལྕིབས་གདོང་པ་རྐང་བོལ་གཡོ་བར་བྱེད། །ལྷེན་སྐྲན་ལྗི་[ལྕི་]བའི་ཤས་སྐྱུག་རྗིས་[བརྗིས་]ན་བཟོད། །སླན་སྐྲན་[རླན་གྲང་]ཟོས་ཤུལ་ན་ཞིང་བཀྲེས་ན་བདེ། །སྒྲེག་པ་ཐོན་དཀར་[དཀའ་]ཤད་[ཤེད་]ཆུང་འཕེལ་འབྲི་མེད། །དྭངས་མའི་རྡོ་སྐྲན་དེ་འདྲ་བསྣན་[མནན་]ན་བསྲ་[སྲ]། །མཆིན་པའི་ཁྲག་སྐྲན་འཕེལ་རྐྱེན་[སྐྱེན་]གཡས་ནས་ཆགས། །མིག་སེར་ཆུ་དམར་རྩ་རྒྱུད་འཕྲ་[ཕྲ་]ལ་མགྱོག་[མགྱོགས]། །རོ་རྒྱབ་མཆིན་དྲི་སྒྲོག་[སྦྲགས་]ན་དྲོ་གྲང་གཉིས་ཀྱིས་གནོད། །ཤ་མདོག་སྔོ་སྐམས་མཆིན་ཤ་སེང་གླད་[སིངས་གླེག་]སྐྱུག །སྐྲན་རྒྱས་མཆིན་ཡུལ་ཕྲོག་[འཕྲོགས་]ནས་མིག་ཆུ་སེར། །མཚེར་སྐྲན་རྟགས་ཀྱང་དེ་འདྲ་གཡོན་དུ་གནས། །ཟས་སྐོམ་ལེན་ཡང་སྦོ་སྒྲག་[སྒྲེག་]སྦུ་[ལྦུ་]བར་སྐྱུག །ཚ་(བ་)ཤས་ཆུང(་གདོང་པ་སྦོད་པོར་གཡོ། །ཕོ་ལོང་སྨུག་པོར་གཡོ། ཕོ་ལོང་སྨུག་པོའི་ཁྲག་སྐྲན་ཚ་ཞིང་གཟེར། །མནན་ན་འཕར་ཞིང་བསིལ་དྲོད་གཉིས་ཀ་གནོད། །འགྲངས་ལྟོགས་དྲོས་)གྲང་གང་གིས་[ཡང་]ན་བ་ལ། །སྣོད་ཀྱི་མཁྲིས་སྐྲན་ཤ་མདོག་སྔོ་ལ་སྐམ། །ཟས་རྣམས་ལེན་ཡང་སྟོབས་ཉམས་མིག་ཆུ་སེར། །སྨིན་ནས་ལུས་ཀུན་ཟ་འཕྲུག་བྱེད་པ་ཡིན། །རྒྱུ་མའི་མཁྲིས་སྐྲན་ལུས་ལྗི་[ལྕི་]མིག་མཆུ་[ཆུ་]སེར། །རྩ་གྲིམས་དངས་[དང་]ཁ་མི་བདེ་ན་ཟུག་ཆེ། །དྲི་ཆུ་སྲི་ཞིང་སྐོམ་དད་ཆེ་བ་ཡིན། །ལོང་གི་རླུང་སྐྲན་སྦོ་འཁྲོག་སྦུག་[ལྦུ་]བ་འཁྲུ། །མི་བརྟན་འཕོ་འགྱུར་འཕེལ་འགྲིབ་མང་དུ་བྱེད། །མངལ་སྐྲན་ཚིགས་པ་རྒྱུ་ཞབས་སྐྲང་[སྐྲངས་]ཤིང་གཟེར། །འགྲང་[འགྲངས་]དུས་ན་ལ་སྐབས་ཁྲག་ཅན་འཛག །ལྒང་པའི་རྡོ་སྐྲན་ཆུ་སྡེམ་[སྡོམ་]གཟེར་ཟུག་ཆེ། །གློ་བའི་རྩ་སྐྲན་ལུ་མང་འགོགས་པ་དཀའ། །སྐད་འཛེར་ཤ་ལུས་སྔོ་སྐམ་ཟོས་རྗེས་སྐྱུག །མཁལ་མའི་རྩལ་[རྩ་]སྐྲན་ཐོག་མར་ན་ཟུག་ཆུང༌། །སྨིན་པ་ལག་རེག་མཐོང་ལ་དགྱེ་དགུ་དཀའ། །ལུས་ལྗི་[ལྕི་]ཆུ་མདོག་དམར་ལ་ཆུ་འཐུངས་སྐྱུགས། །མཆིན་དྲིའི་རྩ་སྐྲན་ཚིགས་པ་བརྒྱད་པ་ནི་[ན]། །དགྱེ་དགུ་མི་ཤེས་སྒྲེག་ཅིང་སྐྱུག་སྙམ་བྱེད། །མཆིན་པ་མཆིན་དྲིའི་ཤ་ཟོས་སྐྱུག་སྙོམས་[སྙམ་]བྱེད། །རྩ་སྐྲན་ཕལ་ཆེར་རིལ་མ་སྲན་ཙམ་སྒྲང་[སྐྲངས]། །སྲིན་སྐྲན་གཅིག་ཏུ་འགྲིལ་དུས་ཟུག་ཆེ་ལ། །ལང་བས་མི་ཟུག་ཞི་དུས་བདེ་བར་བྱེད། །སྤུ་སྐྲན་པོ་[ཕོ་]ལྒང་གར་བྱུང་དེ་རྟགས་འོང་། །སྙིང་གི་ཆུ་སྐྲན་བྲང་ལ་ཆུ་[སྲིན་]ཐོར་འོང༌། །ཤེས་པ་རྒོད་ལ་སྨྱོ་ཚུལ་སྟོན་པ་འབྱུང་། །འཁྲོ་ཚིག་སེམས་འཚུབ་སྙིང་ཚ་བཅོས་སྙམས་[སྙམ་]བྱེད། །སྤྱིར་ན་ཆུང་[ཆུ་]སྐྲན་མིག་ལྕིམ་[ལྕིབས་]རྐོང་[རྐང་]བོལ་གཡོ། །ངོ་བོ་བསྲ་མེར་[སྲ་སེར་]ཟུག་ཆུང་རྫི་ན་བཟོད། །སྣག་[རྣག་]སྐྲན་མནན་ན་མི་འཟོད་རིག་[རེག་]ན་བརྩེ། །རྩ་ཆུ་ཕྱེ་[ཕྱི་]ཡུལ་ཅུང་ཟད་ཚ་བ་སྐྱེ། །དེ་ལྟར་སྐྲན་རྣམས་ཕལ་ཆེ་[ཆེར་]ལྟོ་བཏང་[སྟོང་]ལ། །ལོངས་[ལངས་]ཕུབ་[བུབ་]གན་རྒྱལ་[རྐྱལ་]ཟུར་ལ་གར་གནས་ལྟ། །བར་གནས་ལག་པའི་ནང་འོང་སྐྲན་འདྲིལ་ཟིན། །ཕྱི་གནས་དངོས་སུ་བསལ་བས་བརྐོག་[བརྐོ་]ཆོག་འདྲ། །ནང་ན་གནས་པ་ལེགས་རྟགས་ནད་ངོས་བཟུང་། །དེ་ཡང་གློ་མཆིན་གར་གནས་དེ་གསང་གཟེར། །མདོར་བསྡུས་ཚ་སྐྲན་རྩ་ཆུ་ཕྱི་ཡུལ་ཚ། །གནས་དེ་ཚ་ལ་འཕེལ་སྐྱེན་མནན་ན་འཕར། །ཁ་ཟས་དྲོད་བཅུད་མི་འཕྲོད་བསིལ་བ་འཕྲོད། །དེ་ལས་སོགས་[ལྡོག་]པ་གྲང་སྐྲན་ཡིན་པར་བཟུངས་[བཟུང་]། །གཟེར་ཆེ་སྐྱུག་པས་ལུས་ཟུང་[ཟུངས་]ཤོར་ན་སྤང་། །ཟུག་མེད་བཅོད་ཀྱིས་ཟུང་[ཟུངས་]གསོ་འཚོ་བར་བཅོས། །བདུན་པ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་ཐབས་སྨས་[སྨན་]དཔྱད་ཟས་སྤྱོད་བཞི། །ཚ་གྲང་སྐྲན་ལ་ཕྱི་ནང་བར་གནས་བརྟག །དང་པོ་ནང་ན་གནས་པའི་ཚ་སྐྲན་ལ། །ཏིག་ཏ་གསེར་གྱི་མེ་རྟོག་[ཏོག་]དུག་མོ་ཉུང༌། །བསིལ་གསུམ་བྲག་ཞུན་རུ་ཏ་[རྟ་]པི་པི་ལིང༌། །ཚ་ལ་ཨ་རུ་ར་དང་འགྲོན་ཐལ་ལ། །ཅོང་ཞི་དྲག་བཏུལ་བྱས་བའི་ཐལ་བ་དང༌། །ལྡང་[ལྡོང་]རོས་ཧོང་ལེན་ད་ལི་[ལིས་]སླ་ངར་བསྲེག །ཐལ་བ་ཀ་ར་སྦྱར་བཏང་གང་ཉེ་གཏར། །རྩེ་སྟོན་[རྩ་ལྟོ་]གང་རིག་[རིགས་]སྦྱར་[སྦྱངས་]ལ་ཆུ་ལུམ་[ལུམས་]བྱ། །བར་གནས་ཚ་སྐྲན་བཟང་དྲུག་ཨ་རུ་ར། །ཙན་འདན་[དན་]དཀར་མངར་[དམར་]ཨུད་དཔལ་[ཨུཏྤལ་]བོང་དཀར་དང་། །གཏི་[ཏིག་]ཏ་གསེར་གྱི་མེ་ཏོག་དུག་མོ་ཉུང༌། །རུ་རྟ་ཚ་ལ་རྒྱམ་ཚྭ་པི་པི་ལིང༌། །སྤོས་དཀར་སིང་ལྡིང་[སེང་ལྡེང་]མུ་ཟི་བསེ་རུ་དང༌། །རྟ་མིག་[རྨིག་]བཙའ་མ་གཅན་གཟན་རུས་པ་དང༌། །གཡག་རྒོད་རྭ་དང་རུས་སྣ་སེར་ཙམ་བསྲེག །ཅོང་ཞི་རྒོད་བཏུལ་ཀ་ར་སྦྱར་ལ་བཏང༌། །གཏར་སྦྱོང་ཆུ་ལུམ་[ལུམས་]གོང་བཞིན་ཤེས་པར་བྱ། །ཕྱིའི་ཚ་སྐྲན་མཁན་པ་སྤྱང་ཚེར་རྩ། །ལྕེ་རྩ་[ཚ་]འོལ་མོ་གོ་རྙོད་[སྙོད་]བྱི་བའི་བྲུན། །སྦངས་ལུང་[ལུམས་]བྱས་པས་ཕལ་ཆེ་[ཆེར་]རྣག་ཏུ་འགྲོ། །མ་སོང་གོང་བཞིན་སྨན་དཔྱད་ཚ་བས་སྦྱང༌། །ཚ་བ་ལྔ་བཏང་ཚ་ཐུར་རྒྱབ་ནས་ཀྱང་། །འབྲས་ལྟར་རུལ་གཅོད་སྦྱར་ལ་བཅོས་པར་བྱ། །ཡང་ན་བྱི་ཤང་དཀར་མོ་གོ་ཕྱེ་[བྱེ་]མཚལ། །ཟེ་ཚྭ་རིལ་མ་ཙམ་གཉིས་བསྲེག་ཐལ་དང་། །གླ་རྩི་སྦྲང་རྒོད་རེང་བུ་ནང་དུ་གཞུག །མིག་[མི་]ཚོར་ཆུ་བུར་བྱུང་ན་ཐེབས་པ་ཡིན། །ཀླད་པ་བྱུག་ནས་ཤོག་གུས་ཁ་སྙམས་[སྙོམས་]བཞག །ཕོ་བར་ཟན་གྲོན་[དྲོན་]བདུག་བྱས་ཕྱི་ལ་འཕགས། །ཚ་སྐྲན་ཟས་སྤྱོད་་རི་དྭགས་ལུག་ཤ་གསར། །བར་དུ་མཛོའི་ཞོ་དར་མར་གསར་སོགས། །བསིལ་ཡང་བརྟེན་[བསྟེན་]ཞིང་རུས་[རུལ་]སྐྱུར་འཇུ་དཀར་[དཀའ་]བསྡམ། །གྲང་དང་གྲག་[དྲག་]ཤུལ་མེ་ཉིས་གདུང་པ་སྤོང་། །གཉིས་པ་གསུམ་གྱི་བཅོས་ཐབས་ནི། །ཟས་[ཟབས་]སུ་ཞུགས་པའི་གྲང་སྐྲན་བཅོས་པ་ལ། །སྒྲོན་ཤིང་དུར་བྱིད་དནྡ་དྷ་ཡ་བག་ཤ་[བཀྵ]། །ཚ་བོ་[བ་]ལྔ་དང་དབྱི་མོང་ཞོ་བཞི་བཞི། །ལྕེ་ཚ་ལྕེ་མྱང་ཐལ་ཚ་ཁ་རུ་ཚ། །ས་རྫི་ཀ་ར་[དང་]པ་ཏྲ་འབྲས་བུ་གསུམ། །རུ་ཏ་[རྟ་]དང་ནི་ཟི་ར་དཀར་ནག་གཉིས། །ཧོང་ལེན་ཕྱེ་མ་ཏིལ་མར་ཞག་དང་ཞོ། །མར་སྦྲུས་རྫས་[རྫ་]མ་ཁ་སྦྱོར་ནང་དུ་བསྲེག །དེ་ཉིད་རྒྱལ་པོ་ཡིན་པས་སུམ་གཉིེས་བྱ། །སུམ་ཆ་རྒོད་མ་ཁ་སྦྱར་དེ་དང་ནི། །སེལ་[སེ་]འབྲུ་བརྒྱད་དང་ནང་ནུབ་ལྟག་སྤྲད་བཏང་། །དེ་ཡིས་དྲོད་སྐྱེད་དང་ཁ་འགག་པ་འགྱེད་[འབྱེད]། །དེ་ནས་རྒྱམ་ཚ་[ཚྭ་]ལ་ཕུད་ཆ་[ཚ་]ལ་དང་། །ཚ་བ་ལྔ་དང་ཨ་རུའི་ཐར་[ཐལ་]སྨན་སྦྱར། །བྱ་རྒོད་གོ་བོ་སྤྱང་བྲུན་ཕོ་བ་དང༌། །ཟི་ར་ནག་པོ་བསེ་རུ་ཁ་རུ་ཚ། །ཚ་བ་གསུམ་དང་སྦྱར་ལ་རྟག་[ལྟག་]པ་སྤྲད། །ཡང་ན་གང་[གོང་]ལྟར་ཟ་བྱེད་ཆེ་ཆུང་དང་། །ཐལ་སྨན་རྣམ་[རྣམས་]ནི་གང་[གོང་]བཞིན་བཏང་བས་མཆོག །སེ་འབྲུ་བཞི་དང་ནང་ནུབ་ལྟག་པ་སྤྲད། །དེ་ཡིས་གྲང་སྐྲན་ཐལ་བར་བཤིག་པར་བྱེད། །ཤིག་ནས་སྙིང་[སྙིར་]མངོན་ཟུག་ཆེ་ཚ་བ་བསྐྱེད། ཤྲི་ཁན་དྷེ་[ཤྲཱི་ཁཎྜ་]རྒྱ་ཚ་སྔོ་ཚོ་[ཚ་]གསུམ། །དེ་དག་སྦྱང་བྱེད་བཤལ་གིས་སྦྱང་རྗེས་གཅོད། །དེ་ནས་གལ་[གར་]འབབ་གསང་རྣམས་མེ་ཡིས་གདམ་[བསྡམ]། །བར་གནས་དྲང་[གྲང་]སྐྲན་སྒྲོན་ཤིང་འབྲས་བུ་གསུམ། །རྒྱ་ཚ་རྒྱམ་ཚ་ཐར་[ཐལ་]ཚ་ཤིང་ཚ་དང་། །ཚྭ་སྣ་ཚོགས་ཚད་སེལ་[སེ་]འབྲུ་པི་པི་ལིང༌། །བཟང་པོ་གསུམ་དང་ཚ་ལ་སྤོས་དཀར་དང༌། །དུར་བྱིད་སྔོའི་ཚ་གསུམ་ཐུན་རེ་དང་། །རྒོད་གཡག་གནིས་ཀྱི་རྭ་རྩེ་སྲང་གཅིག་དང་། །ཕྱེ་མ་ཆང་སྦྲུས་ལྷ་[སླ་]ངར་ནུས་ལྡན་བསྲེག །ཐལ་བ་བུ་རམ་སྦྱར་བ་ཆུ་བསྐོལ་དབུལ། །ཤིག་ན་སྦྱང་བཏང་མ་ཤིག་[བཤིག་]ཐུར་མ་བརྡེག །ཞག་གསུམ་སྟེང་ན་ཐུལ་[ཐུར་]རྗེས་སྐྲན་རོ་བཤལ་གྱིས་སྦྱང་། །བྲང་དང་རྩིབ་ལོག་[ལོགས་]སྐྲན་ཐོག་གང་ལ་གཟེར། །ལྷན་[ལྷེན་]སྣ་གཡས་གཡོན་སྦྲུལ་མིག་གང་ལ་བབས། །རྒྱམ་[རྒྱབ་]ཀྱི་ཚིགས་པའི་རང་གསང་བསྲེགས་པ་ཡིན། །ཕྱི་ཡི་གྲང་སྐྲན་དང་པོ་འཇམ་རྩིའི་[རྩིའམ]། །སྣུམ་ཆོས་དང་ནི་བྱ་བྲུན་དུགས་བྱ་ལ། །སྙིང་[སྙི་]ལ་སོང་ན་བུམ་པ་ཚད་ལྡན་མེ་བཙས་[བཙའ་]བྱ། །ཐེབས་[ཐེངས་]འགའ་བྱས་པས་སྐྲན་འཇུ་ཕྱིར་ལ་འདྲེན། །འབུར་བྱུང་འཇར་[འཇག་གིས་]མཐའ་ནས་བསྡམ་[བསྡམས་]ཏེ་བཙིར། །བཙག་[གཙག་]བུས་བཀྲལ་[དྲས་]ལ་སྐྲན་ཕྱུང་རྨ་ལྟར་གསོ། །དན་དྣ་[ད་]ཉུངས་དཀར་ཟ་[ཟར་]མ་ཏིལ་བྱུག་བཅིང་། །སྤྱིར་ནི་མ་འགྲོང་[འདྲོངས་]ཚ་ཐུར་རྒྱབ་ལ་གྲང་སྐྲན་འབྲས་བཞིན་གསོ། །དེའི་ཟས་སྤྱོད་ལུག་དང་གཡག་རྒོད་ཤ །ཅན་ཟན་[གཟན་]གོང་སྲེག་ཁྱིམ་བྱ་བྱེའུའི་ཤ །འབྲས་མཚན་[ཆན་]སྤོང་[སྤོད་]བཅོས་[བཅས་]ཟན་དྲོན་ཞུན་མན་[མར་]བསྟན་[བསྟེན]། །ཆང་གི་རང་ཁུ་སྒ་ཆུ་བསྐོལ་བ་བཏུང༌། །བཅུད་མེད་འཇུ་བསལ་[བསིལ་]ཕྱོགས་ཐམས་ཅད་སྤངས༌། །བཅག་དང་རྩོལ་བ་སྤུ་དུགས་རྡོ་ཚུག་[ཚུགས་]བྱ། །གཉིས་པ་བྱེ་བྲག་སོ་སོའི་བཅོས་ཐབས་ནི། །དང་པོ་སྙིང་གི་ཆུ་སྐྲན་བཅོས་པ་ལ། །བསེ་རུ་དོམ་མཁྲིས་འཛ་[ཛཱ་]ཏི་ཟང་[ཟངས་]ཐལ་དང༌། །ཤ་རུ་དུར་ཐོད་འགྲོན་ཐལ་སྦྱར་[སྦྲང་]སྦྱར་བཏང༌། །དེས་མ་སྐེམ་ན་དེ་ལ་དངུལ་ཆུ་བཞི་ནམ་དང༌། །སྟར་བུ་དབྱི་མོང་མཁར་མོ་[པོ་]བསྣན་པའི། །བསེ་རུ་དོམ་[རི་]ལུ་བྱས་ལ་སྙིང་ཆུ་སྐམས་པར་བྱས། །དེས་མ་སྐམ་ན་སྙིང་ཆུ་ཐུར་མས་བཙག་[གཙག] །གཉིས་པ་གློ་མིག་རྩ་སྐྲན་དང་པོ་ཆུ་ལུམ་བྱས་[ལུམས་བྱ]། །དེས་[དེ་]ནས་སྟར་བུ་སྐྱུ་རུ་པི་པི་ལིང༌། །རུ་ཏ་[རྟ་]ཤིང་མངར་བུལ་ཏོག་སྦྲང་སྦྱར་བཏང༌། །སྟར་བུ་བུར་[བུལ་]ཏོག་སྐྱུ་རུ་ར་དང་སྦྱང་[སྦྲང་]། །རིལ་ལུ་[བུ་]མུར་བས་གློ་སྐྲན་འཇོམ་[འཇོམས་]པ་ཡིན། །གསུམ་པ་མཆིན་པའི་ཁྲག་སྐྲན་ཚ་[རྩ་]སྐྲན་སྦྱོར་བས་བཏུལ། །ཡང་ན་གུར་ཀུམ་ཨུད་དཔལ་[ཨུཏྤལ་]ཏིག་ཏ་བྲག་ཞུན་དང་། །རུ་ཏ་[རྟ་]དོམ་མཁྲིས་བ་ཤ་ཁྱི་ལྕེ་མཚལ། །སིལ་[སེ་]འབྲུ་ལྟག་པ་སྤྲད་པ་བཏང་ནས་བཅོས། །ཡང་ན་སེ་རྒོད་འབྲས་བུ་བྲག་ཞུན་དང༌། །ཙན་དན་གུར་གུམ་ཨུད་དཔལ་[ཨུཏྤལ་]ཆང་སྦྱར་ཞག་གསུམ་མནན། །སྦུ་[ལྦུ་]བ་བྱུང་ན་ལངས་པས་བུ་རམ་གོར་ན་དང་། །སྦྱར་བའི་འདི་དགུ་[ལྡེ་གུ་]ནང་ནུབ་བྲིད་ལ་བཏང་། །མཆིན་པ་ཁྲག་རྒྱས་མཆིན་སྐྲན་འཇུ་ཞིང་སྐེམ། །དེ་ནས་རུ་ཐུང་སྣོད་ཁ་མང་གཏར་ཉུང་དུ་ཕྱུང༌། །སྣག་འཁྲིབ་[རྣག་ཁྲག་]འོང་བས་ནད་རྣམས་འབྱོར་བར་འདོད། །ཚ་བ་སྐྱེས་ན་བྲག་ཞུན་གུར་གུམ་དང་། །ཅུ་གང་ཨ་རུ་ར་དང་ཏིག་ཏ་དང་། །དོམ་འཁྲིས་[མཁྲིས་]པི་པི་ལིང་དང་བདུན་སྦྱར་བ། །བྲག་ཞུན་བདུན་པ་ལྟག་སྤྲད་བཏང་བའི་ཤུལ། །ཕྱི་རྗེས་བཤལ་གྱིས་བཅད་[གཅད་]པར་བྱ་བ་ཡིན། །བཞི་པ་མཚེར་སྐྲན་བཅོས་ཐབས་དེ་འདྲ་ལ། རྗེས་ལ་མཆིན་མཚེར་གཉིས་ཀྱང་མེ་ཡིས་བཅད། །ལྔ་པ་མཁལ་སྲིན་རྩ་སྐྲན་དང་པོ་ཆུ་ལུམས་བྱ། །ཟུག་ཆུང་སྙི་(དང་)བདེ་ནས་བྱིན་ལོང་གཏར། །སྐྱ་[སྐྱེད་]མེད་བྱ་བྲ་ཧ་བོའི་ལུམས་བྱས་ནས། །མ་ཁུག་[ཁུགས་]རྣག་ཏུ་བཀུག་ལ་ཕྱི་རྗེས་མེ་ཡིས་བཅད། །སྣག་[རྣག་]དུད་མ་ཁུགས་ཚད་པ་བཅོས་བྱས་ན། །ཐུར་མ་དང་རྒྱབ་ནས་རྨ་སྟོད་འབྲས་ལྟར་བཅོས། །དྲུག་པ་མ་ཞུའི་ཟས་དང་ལྷེན་སྐྲན་རྡོ་སྐྲན་ལ། །གསལ་[གསར་]དུས་རྡོའི་ཚུག་[ཚུགས་]ཀྱིས་མཉེས་[མཉེ་]བར་བྱ། །རྒྱམ་ཚྭ་ལ་ལ་ཕུད་དང་ཨ་ཟ་མོ། །པི་པི་ལིང་དང་དོང་ཏྲ་[གྲ་]ཆ་རེས་བསྐྱེད། །ཨ་རུ་ཀུན་མཉམ་ཕྱེ་མ་མེ་དང་འདྲ། །མ་ཞུ་བར་[བད་]རླུང་གྲང་སྐྲན་འཇོམ་[འཇོམས་]པར་བྱེད། །ཧ་ལ་ནག་པོ་གཅིག་ལ་ཨ་རུ་བཅུ། །ཕོ་འགྲོན་མེར་སྲེག་ཐལ་བ་བདུན་བདུན་རེ། །ཅུ་གང་གུར་གུམ་ཚ་བ་ལྔ་ལ་རེ་རེ་དང་། །རྒྱམ་ཚ་ཁ་རུ་ཚ་དང་ལྕེ་ཚ་ཐལ་སོགས། བཞི་ནམ་རེ་དང་རྒྱ་ཚྭ་སུམ་ཐང་བཏང༌། །རྡོ་ཡང་ཐལ་བར་འགྲོ་སྲིང་[སྲིད་]སྐྲན་སྨོས་ཅིང་[ཅི]། །ཚ་[ཚྭ་]བསྲེགས་ཟིལ་[ཟེ་]ཚ་གསོ་[གོ་]ཐལ་སྦྱར་བ་ཡང༌། །མན་ངག་ལྷན་[ལྡན་]ན་སྐྲན་བཤིག་སྨན་མཆོག་ཡིན། །ཤིག་རྟགས་བྱུང་ན་སྐྲན་རོ་གཅོད་དགོས་ཏེ། །ཤི་རི་ཁན་ཧ་[ཤྲཱི་ཁཎྜ་]རྒྱ་ཚ་དུར་བྱིད་སྦྱོང་བྱེད་བཏང་། །མ་ཤིག་[བཤིག་]ཐུར་མ་རྒྱབ་[བརྒྱབ་]རྗེས་བཤལ་གྱིས་སྦྱང་། །བདུན་པ་མཁྲིས་པའི་སྣོད་སྐྲན་སྔོན་གྱིས་ལས་སྐྲན་ཡིན། །འོན་ཀྱང་གསར་དུས་བྱམས་པས་འབེད་[འབད་]གསོ་སྟེ། །མི་ཕག་བྲུན་བསྲེག་ཐལ་བ་གསུམ་གཉིས་ལ། །ཚ་ལ་དོམ་འཁྲིས་[མཁྲིས་]ཀ་ར་པི་པི་ལིང༌། །སུམ་ཆ་བྱས་པ་སིལ་[སེ་]འབྲུ་ལྔ་པ་དང་། །ནང་ནུབ་ལྟག་སྤྲད་ཆུ་བསྐོལ་འཕུལ་བཏང་ནི་[ན]། །སྣོད་ཀྱི་མཁྲིས་སྐྲན་འཇུ་ཞིང་སྐེམ་པར་བྱེད། དེའི་བར་དུ་གཏར་ཁས་མཁྲིས་རྩ་འབྱེད། །རྗེས་ལ་སྦྱོར་[སྦྱོངས་]དང་ཆུ་ལུམས་བཅོས་ཁ་བྱ། །བརྒྱད་པ་རྒྱུ་མའི་མཁྲིས་སྐྲན་ཚ་ལ་དོམ་མཁྲིས་དང་། །ཧུང་[ཧོང་]ལེན་ཀ་ར་སྦྱར་བའི་དང་པོ་མཁྲིས་འདུལ། །དེ་ནས་ཞུ་མཁན་དུགས་ཀྱིས་བདུག་པར་བྱ། །དུར་བྱིད་ཚ་ལ་དོམ་མཁྲིས་གུང་[ཧོང་]ལེན་དང་། །མན་ངག་བཤལ་གྱིས་ཁོང་ནས་རྗེས་བཅད་སྦྱང་། །ཡང་ནས་[ན་]དང་པོ་ཏིག་ཏ་བརྒྱད་ཀྱིས་བཏུལ་རྗེས་སྦྱང༌། །དགུ་པ་ཕོ་ལོང་གནས་སུ་སྨུག་པོའི་ཁྲག་སྐྲན་ལ། །སྟར་བུ་ཞོ་བཞི་རྒྱམ་ཚྭ་ཞོ་གནིས་དང་། །འུ་སུ་མ་ནུ་གཉིས་པ་ཏུན་གནིས་བཞི། །བུ་དཀར་[བུར་དཀར་]སྦྱར་བའི་ཆུ་བསྐོར་[བསྐོལ་]ནང་ནུབ་བཏང་། །ཆུ་བ་ཨ་བོ་བཅོས་ལ་ཚ་[ཚྭ་]བཏབ་བདུག །དོམ་མཁྲིས་ཧུང་[ཧོང་]ལེན་དུར་བྱིད་ཚ་ལས་སྦྱར་[སྦྱང་]། །ཡང་ན་ཚ་བ་ཆུང་ན་ཚ་[ཚྭ་]བསྲེགས་ནས། །སེལ་[སེ་]འབྲུ་ལྔ་དང་ལྟག་སྤྲད་བཏང་བ་ཡིས། །བཤིག་ནས་དུར་བྱིད་ཚ་ལ་སྟར་བུའི་རྗེས་ལ་དྲག་པོ་བཤལ་གྱིས་སྦྱང་བ་ཡིན། །ཟུང་[ཟུངས་]ངན་འཇམ་རྩི་ནི་རུ་ཧ་ཡིས་སེལ། །བཅུ་པ་རླུང་གི་ལྡིང་[ལྷིང་]སྐྲན་སྒོག་སྐྱའི་སྨན་མར་དང་། །བུ་རམ་སྦྱར་ནས་བཟའ་དང་འཇམ་རྩིར་བཏང༌། །དེ་ནས་ཤིང་ཀུན་སེལ་[སེ་]འབྲུ་ཚ་བ་ལྔ། །མ་ནུ་རྒྱམ་ཚ་ཁ་རུ་རྩ་[ཙབས་]རུ་ཚྭ། །ཟི་ར་གོ་སྙོད་འུ་སུ་ལ་ལ་ཕུད། །སུག་སྨེ་[སྨེལ་]སྟར་བུ་ཤུ་དག་ཟུར་པ་དཀར། །བུལ་ཏོག་ཡ་བག་ཤ་ར་[ཡ་བཀྵ་]བྱེ་བ་དང་། །བྱི་རུག་བྲེ་གང་ལུག་མར་སྲང་གསུམ་དང་། །ལུག་ཞོར་བཏབ་ལ་བཙོས་པ་ལྟོ་སྟོང་བསྟེན། །རྗེས་སུ་མེ་ཡིས་བཏབ་པས་འཇོམས་པ་ཡིན། །ཡང་ན་སྒོག་སྐྱ་སྲང་བཞི་ཆུ་བོ་གཉིས། །བརྒྱད་འགྱུར་བཅུ་དྲུག་ཆུ་བསྡུས་བསྐོལ་བ་དེས། །ཆུ་ཐག་འོ་མ་དེ་འཐུང་རླུང་སྐྲན་འཇོམས། །རླུང་རིམས་བི་ཤ་རྩེ་[ཙེ་]སོགས་རླུང་ཀུན་སེལ། །ཤིང་ཀུན་ཤུ་དག་རུ་རྟ་ཁ་རུ་ཚྭ། །དོང་གྲ་མ་ནུ་ཨ་རུ་ལ་ལ་ཕུད། །དནྡ་དུར་བྱིད་ཕྱེ་མས་རླུང་སྐྲན་སྦྱོང༌། །བཅུ་གཅིག་སྲན་[སྲིན་]སྐྲན་རྒྱམ་ཚ་ཏུན་རེ་དང་། །དོང་དྲ་[གྲ་]ཐུན་ཅིག་[གཅིག་]བྱི་ཏང་ཀ་ལ་བཞི། །ཕུར་ཐལ་ཞོ་ཅིག་[གཅིག་]བུ་རམ་རིལ་ལུ་[བུས་]ནང་ནས་བཤིག །རྟ་སྦངས་ཕུར་མང་[མོང་]སྒོག་སྐྱ་སྤུ་[སྤྲུ་]དུགས་བདུག །ཕྱེ་[ཕྱི་]ནས་རྩ་བསྲོས་པའི་དུག་[དུགས་]ཀྱིས་བདུག །ཤིག་པ་དཀའ་ནས་[ན་]སྒོག་སྐྱའི་སྨན་མར་ལ། །སྲིན་སྨན་ཚ་བ་གསུམ་དང་(མ་)རུ་རྩེ་བྱི་ཐང་ཀ །ཤིང་ཀུན་རྒྱ་ཚ་བཏག་[བཏགས་]པས་བཟའ་བ་དང་། །འཇམ་རྩི་བཏང་བས་བྱ་ཤག་[ཤིག་]ཤིག་ནས་འཚོ། །བཅུ་གཉིས་མངལ་སྐྲན་བྱ་བ་[བྲ་]བྱི་བྲུན་བྱ་[སྤ་]ཡག་རྩ་བ་དེ། །ནད་མ་སྦང་བ་[སྤང་མ་]མར་སྦྱར་ཚ་[ཚྭ་]བཏབ་བསོས་[བསྲོས་]ལ་བདུག །རྗེས་ལ་ཟ་བྱེད་ཐུན་རིལ་ལུས་སྐྲན་བཤིག་ལ། །ཕྱི་ནང་ཁྲུས་ཤོར་[གཤེར་]སྦྱོར་བས་ནད་རོ་གདོན། །ཤ་རུལ་ཤ་སྐྱོ་ཁྲག་སྣག་[རྣག་]ཐོན་ན་འཚོ། །ལྕ་བ་ཏིལ་བསྐོར་[བསྐོལ་]ཁུ་བར་ཚ་བ་གསུམ། །བུ་རམ་མར་བཏབ་མངལ་སྐྲན་[སོ་]མ་བཤིགས། །ཐང་ཤིང་པི་པི་ལིང་གི་རྩ་བ་དང་། །ཀ་རན་ཛྭ་[རཉྫ་]དང་པི་པི་ལིང་གི་ཕྱེ། །ཏིལ་བསྐོལ་ཁུང་[ཁུ་]བར་བཏབ་པའི་འདི་དགུ་[ལྡེ་གུ་]དེས། །མངལ་ན་[ནད་]ཁྲག་བཅས་པ་བཤིགས་[བཤིག་]པར་བྱེད། །སྐྲན་བཤིག་མངལ་ནས་ཁྲག་འོང་མི་བཅད་བཞགས་[བཞག]། །ལུས་ཟུང་[ཟུངས་]བསྲུང༌ནས་གང་འཕྲོ་[འཕྲོད་]ཁ་ཟས་བསྟན་[བསྟེན]། །རྗེས་གཅོད་རྩ་བ་ལྔའི་སྨན་མར་སྦྱར། །ཟས་སྐོམ་སྤྱོད་ལམ་ཤིན་ཏུ་འགྲོ་[དྲོ་]བ་གཅེས། །བཅུ་གསུམ་ལྒོང་[ལྒང་]པའི་སྐྲན་ལ་ཟིལ་[ཟེ་]ཚ་ཞོ་བཞི་དང༌། །རྒྱ་ཚ་ཞོ་གཉིས་སྡིག་སྲིན་ཚ་བ་གསུམ། །ལྕམ་པ་བུ་རམ་སྦྱར་ལ་ཆང་གིས་ཕུལ། །རྡེལ་[རྡེའུ་]བུ་ཤིག་ནས་ཆུའི་ལམ་ལ་འོང་། །མདོར་བསྡུས་རླུང་སྐྲན་སྣུབ་[སྣུམ་]ཆོས་སྨན་མར་བྱ། །མཁྲིས་སྐྲན་སྦྱོང་ཞིང་ཁྲག་སྐྲན་གཏར་གྱིས་སྦྱངས། །བཅུ་བཞི་པ་རྩ་སྐྲན་སྣག་[རྣག་]འགུག་ཅིང་ཆུ་ལུམ་[ལུམས་]བཤིགས། །རྡོ་སྐྲན་ཐུར་མ་ལྷན་[ལྷེན་]སྐྲན་སྨན་གྱིས་བཤིགས། །ཆུ་སྐྲན་སྣག་[རྣག་]སྲན་གསང་དུ་བྱུང་[དབྱུང་]བར་བྱ། །ནང་སྐྲན་སྨན་ལ་བར་སྐྲན་ཐུར་མས་བཤིག །ཕྱི་སྐྲན་སུམ་[བུམ་]པར་དྲང་ལ་དམར་འབྱིན་བྱ། །དེ་ལྟར་སྐྲན་གྱི་བཅོས་ཐབས་འཛིེན་པར་གྱིས། །ཞེས་གསུངས་སོ།།

གསོ་བྱེད་[བྱའི་]ནད་འབུམ་ནག་པོ་ལས་ཅོང་[གཅོང་]ཆེན་སྐྲན་ནད་གསོ་བའི་ལེའུ་སྟེ་བདུན་པའོ།། །།



མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:51 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།