སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་ཐབས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.09.2011
མན་ངག་རྒྱུད། >> ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་ཐབས་བསྟན་པ།

བདུན་པ་སྐྲན་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང་གཞུང་གི་དོན། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་གི་བར་གྱིས་བསྟན་པའོ། །གཉིས་པ་གཞུང་དོན་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གཅོང་ཆེན་སྐྲན་ལ་རྒྱུ་རྐྱེན་དབྱེ་བ་དང༌། །གནས་ས་གྱུར་ཚུལ་རྟགས་དང་བཅོས་ཐབས་དྲུག །ཅེས་པ། རྒྱུ་རྐྱེན་དང༌། དབྱེ་བ་དང༌། གནས་ས་དང༌། གྱུར་ཚུལ་དང༌། རྟགས་དང༌། བཅོས་ཐབས་དང་དྲུག་གོ །དང་པོ་ནི་རྒྱུ་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་རྒྱུ་ནི་མ་ཞུ་བ། བད་ཀན། ཁྲག མཁྲིས་པ། རླུང་སྲིན། ཆུ་སེར། སྤུ་རྣམས་ཏེ་འདི་དག་ནི་དངོས་རྒྱུའམ་ངོ་བོའི་རྒྱུའོ། །གཉིས་པ་ནི། རྐྱེན་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྔོན་ལས་ནི་སྤྱི་ཡིས་རྒྱུ་ཡིན་ཀྱང་འདིར་དམིགས་བསལ་དུ་རྐྱེན་དེ་དག་རྒྱུ་རུ་བཤད་ནས། སྔོན་ལས་རྐྱེན་དུ་བཞག་གོ །གསུམ་པ་ནི། དབྱེ་བ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་སྐྲན་ནད་རིགས་ཀྱི་དབྱེ་བ་བཅུ་གཅིག་གོ །བཞི་པ་ལ་གསུམ། སྤྱིའི་གནས་མདོར་བསྟན་པ། རིགས་གང་དུ་འབྱུང་བའི་བྱེ་བྲག་བསྟན་པ། མདོར་བསྡུས་ཀྱི་གནས་བསྟན་པའོ། །དང་པོ་ནི། གནས་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། སྙིགས་མ་ཞེས་རྐང་པ་བཅུ་གཅིག་གིས་བསྟན་པའི་རྒྱུ་གྲོག་ནི། སླ་བ་རྒྱུ་གྲོག་རྩ་ནས་ལྒང་པར་འདྲིལ། ཞེས་གཉེ་མའོ། གསུམ་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། མདོར་བསྡུས་ཕྱི་སྐྲན་ནང་སྐྲན་བར་སྐྲན་གསུམ། ཞེས་ཕྱི་དང་བར་དང་ནང་གསུམ་མོ། །དང་པོ་ཕྱི་སྐྲན་ཞེས་རྐང་པ་གཅིག་སྟེ། ངོ་བོ་ནི་སྣོད་ཀྱི་ཕྱི་ལ་འབྱར་རོ། །གཉིས་པ་ནི། བར་སྐྲན་ཞེས་རྐང་པ་གཅིག་གིས་བསྟན་ནོ།།

        གསུམ་པ་ནི་ནང་སྐྲན་ཞེས་རྐང་པ་གཅིག་གིས་བསྟན་ནོ། །ལྔ་པ་གྱུར་ཚུལ་ལ་གཉིས། མདོར་རྒྱས་སོ། །དང་པོ་ལ་བཅུ་གསུམ་ལས། ཟས་སྐྲན་ནི་གྱུར་ཚུལ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། གྱོང་ནི་གོང་དུ་མ་ཞུའི་ལེའུར་བཤད་པའི་རྩམ་པ་སོགས་སོ། །ཚིལ་ནི་ཚིལ་བུ་སོགས་སྣུམ་གྱི་རིགས། སྦང་མ་ནི་དེ་དག་བསྲེས་པའོ་སོགས་ཁོང་ནས་རྫས་ཀྱི་ངོ་བོ་གྱོང་རླན་སྣུམ་པ་གསུམ་ཞེས་པ་རྣམས་བསྡུས་པའོ། །གཉིས་པ་རླུང་གི་ལྷིང་སྐྲན་ནི། མ་ཞུའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། འདི་སྙིགས་མ་མ་ཞུ་བས་བསྐྱེད་དོ། །གསུམ་པ་རྡོ་སྐྲན་ནི། དྭངས་མ་ཞེས་རྐང་པ་བཞིས་བསྟན་ནོ། །བཞི་པ་ཁྲག་སྐྲན་ནི། དྭངས་མ་ཞེས་རྐང་པ་བདུན་གྱིས་བསྟན་ནོ། །ལྔ་པ་མཁྲིས་སྐྲན་ནི། དེ་བཞིན་ཞེས་རྐང་པ་བཞིས་བསྟན་ནོ། །དྲུག་པ་རྩ་སྐྲན་ནི། དྭངས་མ་ཞེས་པ་རྐང་པ་བཞིས་བསྟན་ནོ། །བདུན་པ་རྡེའུའི་སྐྲན་ནི། དྭངས་མ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བརྒྱད་པ་མངལ་སྐྲན་ནི་བུད་མེད་ཅེས་རྐང་པ་གཉིས་ཀྱིས་བསྟན་ནོ། །དགུ་པ་སྲིན་སྐྲན་ནི་ཕོ་བ་ཞེས་རྐང་པ་གཅིག་དང་འབྲུ་བཞིས་བསྟན་ནོ། །བཅུ་པ་སྤུ་སྐྲན་ནི། ཕོ་བ་ཞེས་འབྲུ་ལྔ་དང་རྐང་པ་གཅིག་གིས་བསྟན་ནོ། །བཅུ་གཅིག་པ་ཆུ་སྐྲན་ནི། དྭངས་མ་ཞེས་རྐང་པ་གཉིས་དང་འབྲུ་བཞིས་བསྟན་ནོ། །བཅུ་གཉིས་པ་རྣག་སྐྲན་ནི། རྣག་སྐྲན་ཞེས་འབྲུ་ལྔས་བསྟན་པ་ལ། གསེར་མཆན་དུ། རྩ་མིག་ཏུ་སྐར་མདའི་རྣག་འཐུམས་པ། མཚོན་ཁྲག་བྱ་ཆད་ཀྱི་རྣག་འཐུམས་པ། ཁོང་འབྲས་སྨིན་པའི་རྣག་འཐུམས་པ། ཞེས་བཤད་དོ། །བཅུ་གསུམ་པ་རླུང་སྐྲན་ནི། ཕོ་ལོང་ཞེས་རྐང་པ་གསུམ་གྱིས་བསྟན་ཏོ། དེ་ཡང་འཕྱོ་བ་དང་ལྡིང་བ་ནི་ས་གཅིག་ཏུ་མི་སྡོད་པ་དང་མི་བརྟན་པར་འཕེལ་འབྲི་བྱེད་པའོ། །དེ་ན་སྐྲན་ཐམས་ཅད་ལྡན་འདུས་ལས་འདྲིལ་བ་སྟེ། ནད་རྐྱང་པ་སྐྲན་དུ་འགྱུར་བ་ནི་མེད་པའོ། །རླུང་ལ་དངོས་པོ་མེད་པས་རླུང་རྐྱང་པ་སྐྲན་དུ་འགྱུར་བ་མེད་དོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། མདོར་བསྡུས་ཞེས་རྐང་པ་གཅིག་སྟེ། དེ་ཡང་ཚ་བ་དང་གྲང་བ་གཉིས།

        གཉིས་པ་རྒྱས་བཤད་ལ་གཉིས། དང་པོ་ནི། ཁྲག་དང་ཞེས་རྐང་པ་གཅིག་གོ །གཉིས་པ་ནི། བད་རླུང་ཞེས་རྐང་པ་གཅིག་གོ །དེ་ལྟར་རིགས་བཅུ་གཅིག །གནས་རྒྱས་པ་བཅུ་གཉིས། མདོར་བསྡུས་གསུམ། ཚ་གྲང་གཉིས་ཏེ་དྲིལ་བས་རགས་པ་ཙམ་དུ་ཉེར་བརྒྱད་དོ། དྲུག་པ་རྟགས་ལ་གཉིས། དངོས་འབྱུང་དང༌། ཞར་བྱུང་ངོ༌། །དང་པོ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། དེ་ཡི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། ཞེས་པ་སྤྱི་དང་བྱེ་བྲག་གོ །གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་ནི། སྐྲན་ཀུན་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། དེ་ཡང་རྩ་རྒྱུད་ཞན་པ་ནི། ཕྲ་ཞིང་སྟོབས་ཆུང་བའོ། །ཞར་བ་ནི་སྤྱིར་གཡས་གཡོན་སྟོད་སྨད་ཀྱི་རྩ་ལ་གསལ་ཡང་ལ་ལ་མི་གསལ་བ་དང༌། བྱེ་བྲག་དོན་སྣོད་སོ་སོའི་རྩ་རབ་རིབ་ཙམ་ལས་མི་གསལ་བ་སྟེ། མིག་ཡ་གཅིག་གསལ་བ་ལ། ཡ་གཅིག་ཞར་བ་ཞེས་པ་ལྟར་རོ། །ཆུ་ལ་སྐྲན་ཐིག་ནི། སྐྲན་གྱི་ཐིག་ལེ་ཉ་མིག་ལྟ་བུ་འབྱུང་བ་ལ་སྐྲན་ཐིག་ཉ་མིག་ཅེས་བྱ་སྟེ། དེ་སྟེང་འོག་བར་དུ་བྱུང་བ་ལ་གནས་བརྟག ཁ་དོག་དཀར་ན་བད་ཀན། སེར་ན་མཁྲིས་པ། དམར་ན་ཁྲག་སོགས་བརྟག་གོ །འགྲངས་རྐྱེན་ནི་འགྲངས་པ་འགྱོགས་པ་སྟེ། ཟས་ཁམ་རེ་ཙམ་གྱིས་འགྲངས་སྙམ་བྱེད་པའོ། །ཤ་རིད་ནི་རྗུད་པའོ། །མར་རྗེན་ནི་རྩི་མར་རྐྱང་པར་ཟ་བའོ། །གཉིས་པ་ནི། བྱེ་བྲག་ཅེས་རྐང་བ་བཞི་བཅུ་རྩ་བརྒྱད་ཀྱིས་བསྟན་ཏེ། དེ་ཡང་ལྷེན་སྐྲན་དང་རྡོ་སྐྲན་གྱི་ཁྱད་པར་ནི། ལྷེན་སྐྲམ་ལྷེན་སྣར་འོང་ཞིང་རྫི་བ་བཟོད་པ་ངོ་བོ་སྙི་བའོ། །རྡོ་སྐྲན་ནི་ཕོ་བ་དང་ལྒང་པར་འོང་ཞིང་རྫི་བ་མི་བཟོད་པ། ངོ་བོ་རྡོ་ལྟར་སྲ་བའོ། །མཆིན་སྐྲན་ནི་མཆིན་པའི་ཤ་ཟོས་པ་དང་སིངས་པོ་གླེག་པོ་སྐྱུག་པའོ། མངལ་སྐྲན་གྱི་ལྡང་དུབ་བྱེད་པ་ནི་གཟེར་རེས་ཆེ་རེས་ཆུང་བའོ། །སྐབས་སུ་ཁྲག་ཅན་འཛག་པ་ནི། མཚན་མ་ནས་ཁྲག་དྲོན་ཅན་འཛག་པའོ། །རྩ་སྐྲན་གྱི་རིལ་མ་ཙམ་ནི། རྩ་སྐྲན་ཕལ་ཆེར་ཆེ་ཆུང་རིལ་མ་ཙམ་འདྲིལ་ལ་རྟགས་རྩ་ཆུ་གཉིས་ལ་ཚ་བའི་རྟགས་སྟོན་པའོ། །གཉིས་པ་ཞར་བྱུང་ལ་གསུམ། བར་དང༌། ཕྱི་དང༌། གཏིང་ན་གནས་པའི་བརྟག་པ། མདོར་བསྡུས་ཀྱི་བརྟག་པ། སྤང་བླང་གི་བརྟག་པའོ། །དང་པོ་ནི། དེ་ལྟར་ཞེས་རྐང་པ་དྲུག་གིས་བསྟན་ཏེ། ནང་ཞོགས་ལྟོ་བ་སྟོང་པར་གནས་པའི་དུས་སུ། ཡར་ལངས་དང༌། ཁ་བུབ། གན་རྐྱལ། ལུས་ཀྱི་ཟུར་བསྟན་པ་ལ་བལྟ་སྟེ། ཟུར་མོར་གནས་པ་སོགས་ཀྱི་སྐྲན་ལ་ལག་པས་མྱངས་པས། སྣོད་ཀྱི་ནང་འདེབས་དང༌། དོན་གྱི་ལོགས་སུ་ཡོད་པར་བར་གནས་ཞེས་བྱ་སྟེ། དེ་ནི་སྲ་ཞིང་འདྲིལ་བས་ལག་འོག་ཏུ་བཟུང་བར་ནུས། ཕྱི་སྐྲན་སྣོད་ཀྱི་ཕྱི་ཤ་ལྤགས་བར་དུ་གནས་དངོས་སུ་མིག་ལམ་དུ་གསལ་བོར་སྟོན། གཏིང་སྐྲན་ནི་དོན་སྣོད་ཀུན་གྱི་གཏིང་ན་གནས་པ་མྱངས་པས་མི་གསལ་བས་རྩ་ཆུ་ན་ལུགས་ལ་བརྟགས་ཏེ་ནད་ངོས་བཟུང༌། གློ་མཆིན་མཆེར་སྐྲན་མདུན་རྒྱབ་ཀྱི་གསང་ལ་གཟེར་བ་ཡིན་ཞིང་གཞན་ཡང་གསང་ལ་གཟེར་བའམ་ཚ་སྐྲན་འཕར་བ་མང་ངོ༌།།

        གཉིས་པ་ལ་གཉིས། ཚ་བ་དང་གྲང་བ་གཉིས་སོ། །དང་པོ་ནི། མདོར་བསྡུས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་འཕེལ་རྐྱེན་ནི། རིམ་གྱིས་ཇེ་ཆེར་དུ་འཕེལ་སྐྱེན་པའོ། །གཉིས་པ་ནི། དེ་ལས་ཞེས་རྐང་པ་གཅིག་སྟེ། ཚ་སྐྲན་ལས་གོ་ལྡོག་པའོ། །གསུམ་པ་ལ་གཉིས། སྤང་བར་བྱ་བ་དང༌། བླང་བར་བྱ་བའོ། །དང་པོ་ཟུག་ཆེ་ཞེས་རྐང་པ་གཅིག་སྟེ། ཟུངས་གསུམ་ཤོར་བ་ནི། ལུས་ཀྱི་ཤ་སྲོག་རླུང་གི་ཟུངས་དང་ག་སྟེ་ཟས་ཡིན་ལ། ཤ་ཤོར་བ་མུར་གོང་གི་ཤ་སོགས་བསྐམས་པ། རྩ་ཤོར་བ་རྩ་ལ་ཤེད་མེད་པ། མེ་དྲོད་ཤོར་ནས་ཟས་མི་འཇུ་ཞིང་དང་ག་མེད་པ་དེ་གསུམ་འཛོམས་ན་སྤང་ཞེས་པ་འདི་དང༌། གཞན་རྣམས་སུའང་སྤང་བླང་གི་བྱེ་བྲག་བསྟན་པ་རྣམས། བླང་དོར་གྱི་གནད་ལ་རྨོངས་པ་དང༌། རིག་བྱེད་ཀྱི་གཞུང་ལྟར། འདི་ནས་ཐོག་མར་ནད་བརྟགས་ལ། །དེ་ནས་གསོ་བ་བརྩམ་པར་བྱ། གཞན་དུ་རང་དོན་ཉམས་པ་དང༌། །གྲགས་པ་ཉམས་པ་ཉིད་ཐོབ་འགྱུར། །ཞེས་སློབ་དཔོན་དཔའ་བོས་གསུངས་པ་དང༌། བཤད་རྒྱུད་དུ། འཆི་ལྟས་མི་ཤེས་གསོ་བ་བླང་དོར་འགག །དེ་མ་ཤེས་ན་སྙན་གྲགས་ཐོབ་མི་འགྱུར། །དེ་ཕྱིར་མཁས་འདོད་འཆི་ལྟས་བརྟག་པར་བྱ། །ཞེས་འཇིག་རྟེན་གྱི་གྲགས་པ་ཙམ་དུ་གསུངས་ཀྱང༌། དོན་ལ། སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་ཉིད་བསྐྱེད། ཅེས་སོགས་གཞུང་འདིར་འཇུག་ཕྱིར་འཆད། ནད་པ་ཅི་འདྲའང་བསམ་སྦྱོར་གྱིས་སྤང་བའི་སྐབས་མེད་དེ། འབུ་སྲན་སྲོག་ཀུན་རྟག་ཏུ་རང་འདྲར་བརྟག ཅེས་སོགས་ཀྱི་རྗེས་སུ་འབྲང་དགོས་པ་ཤེས་ལྡན་དག །གཉིས་པ་ནི་སྟོབས་ལྡན་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བདུན་པ་བཅོས་ཐབས་ལ་གཉིས། མདོར་རྒྱས་སོ། དང་པོ་ནི། བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། ཞེས་པས་སྤྱི་དང་བྱེ་བྲག་གོ །དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྤྱི་ལ་བཅོས་ཐབས་སྨན་དཔྱད་ཟས་སྤྱོད་བཞི། །ཚ་སྐྲན་གྲང་སྐྲན་ཕྱི་ནང་བར་གསུམ་སྦྱར། །ཞེས་པས། ཚ་སྐྲན་ཕྱི་ནང་བར་གསུམ་སྨན་གྱིས་སོ་སོར་བཅོས་པ་དང༌། དེའི་ཟས་སྤྱོད་ཐུན་མོང་དུ་བསྟན་པ། གྲང་སྐྲན་ཕྱི་ནང་བར་གསུམ་སྨན་དཔྱད་ཀྱིས་སོ་སོར་བཅོས་པ། དེའི་ཟས་སྤྱོད་ཐུན་མོང་དུ་བསྟན་པའོ། །དང་པོ་ལ་གསུམ། ནང་བར་ཕྱིའོ། །དང་པོ་ནི། དང་པོ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། དེ་ཡང་ཅོང་ཞི་དྲག་པོར་བཏུལ་བ་ནི་རྒོད་བཏུལ་ལོ། །ལྡོང་རོས་ཧོང་ལེན་ད་ལིས་གསུམ་ནུས་ལྡན་དུ་བསྲེགས་པའི་ཐལ་བའོ། །རྩ་ལྟོ་གང་རིགས་སྦྱང་བ་ནི། དོན་ལ་རྩ་སྦྱོངས། སྣོད་ལ་ལྟོ་སྦྱོངས། གཉིས་པ་ནི་བར་གནས་ཞེས་རྐང་པ་དགུས་བསྟན་ཏེ། དེ་ཡང༌། རྟ་རྨིག་དང་རྭ་རྣམས་སེར་ཙམ་བསྲེག་གོ།

        གསུམ་པ་ནི། ཕྱི་ཡི་ཞེས་རྐང་པ་བཅུས་བསྟན་ཏེ། དེ་ཡང་སྤྱང་ཚེར་ལ་དཀར་ནག་གཉིས། །དཀར་པོ་སྡོང་པོ་མེད། ནག་པོ་སྡོང་པོ་ཡོད་དོ། མིང་ནི་ཨེ་ཎ་བྱ་ཏྲི། བྱ་ཏྲི་ཕགས་རྣམས་སོ། །སྐྱེ་ཚེར་བ་ཟེར་བ་ཞིག་ཡོད་པ་དེ་དང་མ་ནོར་བར་བྱའོ། །འོལ་མོ་ནི་ཤོལ་པོ། བྱ་རླིག མདའ་རྒྱུས་ཞེས་སོ། །རུལ་གཅོད་ནི་འབྲས་གསོ་བར་བསྟན་པ། བྱང་པ་རྒྱ་ཚྭ་རུ་རྟ་ཤུ་དག་དང༌། །ཐར་ནུ་འབྲུག་རུས་སྦྲང་སྨྱོན་ཚ་བ་གསུམ། །རྨ་མེད་ཐུར་མས་སྨན་ལམ་གཏོད་ལ་གཞུག །ཅེས་སོགས་སོ། །བྱི་ཤང་དཀར་མོ་ནི། བཤད་རྒྱུད་དུ། ཤ་ཀར་ཤའུ་བསྐྱེད་ཅེས་པ་སྟེ། རྡོ་སྔོ་དཀར་སོ་མི་སེག་པའོ། །སྨན་མིང་རྒྱ་མཚོར། དཀར་པོ་ལུག་དོང་སྐྲན་ལ་ཕན། ཞེས་འབྱུང་ངོ༌། །གོ་བྱེ་ནི། བསེ་འབྲས་སམ་མ་ནུ་ཁྲག་ཅན་ནོ། །སྦྲང་རྒོད་ནི་སྦྲང་སྨྱོན་ནམ། དུག་སྦྲང་ཞེས་སོ། །གཉིས་པ་དེའི་ཟས་སྤྱོད་ནི། དེ་རྣམས་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་གྲང་སྐྲན་ལ་གསུམ། ནང་བར་ཕྱིའོ། །དང་པོ་ནི། ཟབས་སུ་ཞེས་རྐང་པ་ཉེར་གཅིག་གིས་བསྟན་ཏེ། ནང་སྐྲན་དེ་དོན་སྣོད་ཀྱི་ནང་ཟབས་ཆེ་སར་ཞུགས་པའོ། །ཐང་ཤིང་ནི་ཐང་ཤིང་གི་ཐང་ཆུ་སྨིན་པའི་ཚོ་པོ་དེའོ། །ཚ་བ་ལྔ་ཚ་བ་གསུམ་སྟེ་ཚ་བ་གསུམ་གྱི་སྟེང་དུ་དབྱི་མོང་དང་ཙི་ཏྲ་ཀ ཚྭ་སྣ་ལྔ་ནི་རྒྱམ་ཚྭ་ཁ་རུ་ཚྭ་ལྕེ་མྱང་ཚྭ་ཙབས་རུ་ཚྭ་ཐལ་ཚྭའོ། །སརྫི་ཀ་ནི་སྙེ་མ་ནག་མོའོ། །པ་ཊ་ནི་གྷནྡ་པ་ཏྲའོ། །ཧོང་ལེན་ཡན་ཕྱེ་མ་མ་བྱས་པ་དེ་ཉིད་ཏིལ་མར་འབྲི་ལུག་རུས་པའི་ཞག་རྐང་ཞོ་མར་རྣམས་སུ་སྤྲུས་ལ། རྫ་ཁ་སྦྱར་གྱི་ནང་དུ་ནུས་ལྡན་བསྲེགས་པའི་ཐལ་བ་དེ་ཉིད་རྒྱལ་པོ་ཡིན་པས་གསུམ་གཉིས། རྗེའུ་རྒོད་མ་ཁ་སྟེ་ཀ་རཉྫ་དྲུག་པ་གསུམ་གཅིག་སྦྱར་ཞེས་རྫའི་རྫོང་འཕྲང་ནས་བཤད། སེ་འབྲུ་བརྒྱད་པ་ནི་སེ་འབྲུ་ཤིང་ཚ། སུག་སྨེལ་པི་པི་ལིང་སྒ་ ཛཱ་ཏི་གུར་གུམ་ཀ་ཀོ་ལ་བརྒྱད་དོ། །ཟ་བྱེད་ཆེ་ཆུང་ནི་ཕྱི་མ་རྒྱུད་དུ་བཤད་དེ། ཆེ་བ་གོ་བོ་བྱ་རྒོད་སོགས་དང༌། ཆུང་བ་ཚ་བ་གསུམ་དང་སོགས་གོང་གི་ཐལ་སྨན་དང་བསྲེས་ཏེ་འབྲུ་བཞི་དང་ལྟག་པ་སྤྲད་དོ། །སྦྱོང་བྱེད་ཀྱི་བཤལ་ནི་ལག་ལེན་རིན་ཅེན་གཏེར་སྤུངས་སུ་ཨ་རུ་ར། དན་ད་དུར་བྱིད། ཤྲིའ་ཁནྜ། རྒྱམ་ཚྭ། དབྱི་མོང༌། སྲུབ་ཀ ལྕེ་ཚ་རྣམས་རིལ་བུ་བྱ། ཞེས་འབྱུང་ངོ༌། །གཉིས་པ་ནི། བར་གནས་ཞེས་རྐང་པ་བཅུས་བསྟན་ཏེ། དེ་ཡང་སྦྲུལ་མིག་ནི་ལྷེན་སྣའི་གཡས་གཡོན་ནོ། །ཞེས་གསེར་མཆན་དུ་བཤད་དོ། །གང་ལ་བབས་པའི་ཚིགས་གསང་ནི་དོན་སྣོད་རང་རང་གི་སྒལ་ཚིགས་སོ། །གསུམ་པ་ནི། ཕྱི་ཡི་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། དེ་ཡང་ཕྱི་ཡི་གྲང་སྐྲན་ལ་སྣུམ་བཅོས་བྱ། ཕྱི་ཡི་ཚ་སྐྲན་དུ་བཤད་པའི་མཁན་པ་སོགས་ཀྱི་དུགས་དང་ལུམས་བྱའོ། བུམ་པ་ཚད་ལྡན་ནི་བཤད་རྒྱུད་དུ། བུམ་པ་འཁྱུད་འཁོར་སོར་ནི་བཅོ་བརྒྱད་ལ། །སྲིད་སོར་བཅུ་གཉིས་ཁ་ཟླུམ་སོར་བཞི་པ། །ཕྱི་སྐྲན་འཇུ་ཞིང་འདྲེན་ལ་སྦྱར་བར་བྱ། །ཞེས་པ་དེའི་མཐིལ་དུ་ཤོག་བུའི་མེ་སྤར་བ་གླན། འབུར་ཐོན་ནས་སོ་མའམ་རས་སྐུད་ཕྲ་མོ་ལ་ལྗག་ཅེས་བྱ་སྟེ། དེའི་ཐུར་མཚམས་ནས་བསྡམས་ཏེ་བཙིར་བཙག་བུས་འདྲོངས་སམ་བལྟ། མ་འདྲོངས་ན་ཚ་ཐུར་རྒྱབ་ལ་འབྲས་ལྟར་གསོའོ། །བཞི་པ་དེའི་ཟས་སྤྱོད་ནི། དེ་རྣམས་ཞེས་རྐང་པ་དྲུག་གིས་བསྟན་ཏེ། གོང་སྲེག་ནི་གོར་མོ་དང་སྲེག་པ་ཡིན་ནམ། གོང་མ་སྲེག་ཅེས་ལ་ལ་མཐིང་རིལ་ལ་འདོད་པ་གཉིས་འདུག་པས་དཔྱད་པར་བྱའོ། །སྤུ་དུགས་ནི་ཁྱི་སྤྱང་གཡི་སོགས་ཀྱི་སྤུ་དུགས་སོ། །རྡོས་མཉེ་བ་ནི་རྡོ་རན་ཙམ་བསྲོས་པས་ཅུང་ཟད་སྐྲན་ལ་མཉེའོ།

        གཉིས་པ་བྱེ་བྲག་ལ་གསུམ། གནས་དང་སྦྱར་བའི་གསོ་ཐབས། རིགས་དང་སྦྱར་བའི་གསོ་ཐབས། མདོར་བསྡུས་ཀྱི་གསོ་ཐབས་སོ། །དང་པོ་ནི། བྱེ་བྲག་ཅེས་རྐང་པ་ཉེར་བདུན་གྱིས་བསྟན་ཏེ། དེ་ཡང་སྙིང་ཆུའི་མཁར་པོ་ནི། ལ་མཁར་ཞེས་པ་ལ་ཆའོ། །ཐུར་མས་འཚག་ཐབས་ནི་ཕྱི་རྒྱུད་དུ་བཤད་ཅིང༌། དེ་དོན་ལག་ལེན་དམར་ཁྲིད་དུ་འདི་ལྟ་སྟེ། སྐྲན་གྱི་སྐབས་སུ། དེས་ཀྱང་མ་སྐེམས་སྙིང་ཆུ་ཐུར་མས་བཙགས། ཞེས་པ། སྙིང་ཐུར་གྱི་ལག་ལེན་དུ་ནུ་མ་གཡོན་པའི་ཐུར་མཚོན་གང་ན་དབུགས་བསྡམས་ན་འཕར་མ་བསྡམས་པར་མི་འཕར་བའི་ས་དེར་སྤྲ་བ་ཞིག་བཏབ་ལ་པགས་པ་དེ་མཐེབ་མཛུབ་བར་དུ་བཙིར་ལ་གཙག་བུས་ཐུར་མ་ཤོང་བ་ཞིག་དབྲལ་ལ་དེར་ཐུར་རྩེ་བཅུག་ལ་ཐུར་མ་སོར་གཅིག་གི་རྐེད་ནས་བཟུང་ལ་དལ་བུས་དབུལ། དེ་ནུབ་པ་དང་སོར་རེ་སྣུད་ཀྱིན་ཕུལ། ནང་དུ་རྡོལ་ནས་བྱོལ་གྱིས་འགྲོ །ཡང་དེ་ག་བཞིན་བྱས་ཀྱིན་བཏང་བས་སྙིང་གི་རྩར་སླེབས་པ་དང༌། ཐུར་རྩེ་ལ་སྙིང་ཐུག་ཡོང༌། དེ་ནས་ཐུར་མ་སོར་གཅིག་ཙམ་ནས་བཟུང་ལ་དབུགས་བསྡམ་དུ་བཅུག་ལ་དུས་གཅིག་ལ་དབུལ། དེ་ནས་སྙིང་ལྤགས་ཕིགས་ནས་ཆུ་འོང་ངོ༌། །ཐུར་རྩེ་ཡིད་ཙམ་བཏོན་ལ་དབུགས་གཏོང་དུ་གཞུག དེས་མ་ཕིགས་ན་ཡང་ཐུར་རྩེས་སྙིང་ཐུག་ཐུག་འོང་ངམ་བལྟས་ལ་བྱུང་བ་དང༌། ཡང་སྔ་མ་ལྟར་དབུག་གོ །ནད་པ་ཤེས་པ་འཁྲུལ་ནས་དབུགས་བསྡམ་མ་ཤེས་ན་རྔ་མ་ཆུར་བཅུག་པ་གཅིག་བྲང་ལ་བརྒྱབ་པས་དངངས་སོང་བ་དང་ཐུར་མ་བརྒྱབ་པ་དུས་གཅིག་བྱའོ། །ཆུ་ཕྱིར་བག་ཙམ་ལས་མ་ཐོན་ཀྱང་སྙིང་པགས་ཧྲོལ་ནས་སྙིང་བར་གྱི་ཆུ་ཕྱི་རུ་འཛག་སྟེ་ལུས་པོ་བྱིལ་སྐྲངས་ན་ཆུ་ཕྱིར་ཐོན་པ་ཡིན་པས་སྐེམ་སྨན་སྦྱར་རོ། །ཐུར་མགོ་ལ་རླུང་སྐྱེ་བས་གསུར་དང་བྱུག་པ་དང་མེ་བཙའ་རུས་ཁུ་ལ་སོགས་བྱའོ། །འདི་ཤི་གསོན་འབྱེད་པའི་དཔྱད་ཡིན་པས་བྱེད་ནུས་མི་ནུས་དྲིས་ལ་བྱའོ། །སྙིང་ཆུ་བཙག་པའི་ལག་ལེན་དམར་ཁྲིད་ལས་བྱུང་ངོ༌། །གློ་སྐྲན་གྱི་ཆུ་རྟ་ལ་རྒྱུད་ཀྱི་མཆན་བུ་ལ་ལ་དང༌། ཟུར་མཁར་བའི་རྒྱུད་བྲིས་མ་སྒམ་ནང་མ་དང༌། སྦྱོར་རའི་པར་མར་རུ་རྟ་ཞེས་བཀོད་འདུག་ཅིང༌། ལ་ལར་ནི་སྟག་ཤའི་མིང་ཡིན་ཏེ། འཁྲུངས་དཔེར། བདུད་རྩི་ཕན་འདོགས་སྨན་གྱི་མཆོག །འགའ་ཞིག་སྟག་ཤ་པ་ཞེས་ཟེར། །ལ་ལ་ལྟེ་ལྕེ་བ་ཞེས་བྱ། །ཡང་དག་མིང་ནི་ཆུ་རྟ་མོ། །ལ་ལ་བར་ནི་གྷོར་ཞེས། །ཞེས་དང༌། ཟུར་སྨན་དྷརྨ་སྭ་མིས་མཛད་པའི་སྨན་ངོ་གསལ་བྱེད་དུའང༌། བ་གི་ གྷོར་བྱ། གཉན་ཐུབ། ཆུ་རྟ་མོ། །འབྲི་པིད་རྟ། ལྟེ་ལྕེ་བ་ཞེས་སོགས་འབྱུང་བས་བརྟག །མཆིན་པའི་རྩ་སྐྲན་ཁྲག་སྐྲན་སྦྱོར་བ་འདུལ། ཞེས་པ་ནི། རྫོང་འཕྲང་དུ་ཚ་བསྲེགས་སྦྱོར་བར་བཤད་པས། ཚ་བསྲེགས་སྦྱོར་བ་སྟེ་ཐལ་སྨན་གྱི་ལེའུར་གསལ་ལོ། །སེ་རྒོད་འབྲུ་ནི། སེ་བ་རྒོད་གཡུང་གཉིས་ཡོད་པའི་རྒོད་དེ་ནགས་ལ་སྐྱེ་བའི་རྟ་སེལ་ལམ་དོམ་སེལ་ཡིན་ནོ། །དེའི་འབྲུ་མེ་ཏོག་དམ་བེ་འདྲའོ། །ཞག་གསུམ་གོས་ཀྱིས་མནན་ཅིང་བསྙལ་བའོ། །མཁལ་སྐྲན་གྱི་བྱ་བྲ་ནི་ཕུག་རོན་བྲུན་ནོ། །ཧ་བོ་ནི་བྲག་སྐྱའོ།།

        གཉིས་པ་ནི། མ་ཞུའི་ཞེས་རྐང་པ་བདུན་ཅུ་རྩ་གཅིག་གིས་བསྟན་ཏེ། དེ་ཡང་མ་ཞུའི་ཟས་སྐྲན། ལྷེན་སྐྲན། རྡོ་སྐྲན་གྱི་བྷི་ཥའི་སྦྱོར་བ་ལ་བྷི་ཥ་ཞེས་པ་དུག་སྟེ་བོང་ང་ལ་འཇུག །དེ་ལའང་སྨན་དང་དུག་གཉིས། སྨན་ལ་བོང་ང་དཀར་དམར་སེར་གསུམ་ཞེས་བྱ། འདིར་ནག་པོ་ལ་ནང་དུག་ལྔའི་རང་གཟུགས་ལས་ཕྱི་རོལ་བྷི་ཥ་རིགས་ལྔ་སྟེ། ནག་པོའི་དཀར་པོ་ནི་ཆ་དུ་བ་སྟེ་བོང་དུག་པའོ། །ནག་པོའི་དམར་པོ་ནི་སྲིང་གི་སྟེ་ར་དུག་པ་མེ་ཏོག་དང་རྩ་བ་དམར་པོའོ། །ནག་པོའི་སྔོན་པོ་ནི་ནིའ་ལ་སྟེ་ར་དུག་པ་སྡོང་པོ་ཡོད་པའི་མེ་ཏོག་སྔོན་པོ་པུ་ཤུད་མགོ་ཅན་ནོ། །ནག་པོའི་སེར་པོ་ནི་མཛོ་སྣ་སྟེ། མེ་ཏོག་སེར་དཀར་རྩ་བ་སྒ་འདྲ་བ་ལ་སེར་པོའོ། །ནག་པོའི་ནག་པོ་མཆོག་དམན་གཉིས་ལས། མཆོག་ཀྵ་ལ་མུ་ཊི་སྟེ་ནག་པོ་བརྩེགས་པ་ཞེས་བྱ་ལ་སྡོང་པོ་ལ་ཉིན་བར་དུ་བ་འབྱུང༌། མཚན་མོ་དམར་ངམ་ཡོད་པས་མེར་སྣང༌། ཉེ་འཁོར་དུ་སྲོག་ཆགས་མང་པོ་ཤི་བའི་རོ་ཡོད་པ་ཞིག་མངོན་དུ་ཡོད་པར་སྣང༌། དམན་པ་གཅིག་འདྲེད་མེ་ཏོག་སྔོ་ནག་པུ་ཤུད་མགོ་ཅན་ནོ། །འདི་ཞོ་གང་ཨ་རུ་ར་དེའི་བཅུ་འགྱུར་ཏེ་ཞོ་བཅུ་འགྲོན་བུ་སྦྲུམ་མ་མིན་པ་ཕོ་འགྲོན་རྡོག་པོ་བདུན་གྱི་ཐལ་བ། ཅུ་གང༌། གུར་གུམ་གཉིས་ཐུན་རེ། ཚ་བ་ལྔ་ཚྭ་སྣ་ལྔ་ཞོ་རེ་རེ་རྒྱམ་ཚྭ་པྲི་ཡང་ཀུ་ཐུན་ལོག་སྟེ་ཐལ་སྨན་ཞོ་གསུམ་ཞེས་པ་ལ། རྫའི་རྫོང་འཕྲང་དུ་ཐལ་སྨན་རྣོན་པོ་ཞོ་གསུམ་ཞེས་འབྱུང་བས། གྲོགས་མེད་བད་ཀན་རྐྱང་ལ་རྣོན་པོ་སྦྱར། ཞེས་ཕྱི་མ་རྒྱུད་དུ་བཤད་པའི་ཐལ་སྨན་དེ་ཞོ་གསུམ་རྣམས་བྱིས་པའི་ཆུས་འདམ་བཏགས་བྱས་ཏེ་རིལ་བུ་སྲན་མ་ཙམ། རྒྱམ་ཚྭ། སྒ། ཨ་རུ་ར་གསུམ་གྱི་ཐང་གིས་ཕུལ་ནས་གཏོང་བའི་ནུས་པ་ནི་རྡོ་ཡང་ཐལ་བར་འགྱུར་སྲིད་ན། སྐྲན་ལ་སྨོས་ཀྱང་ཅི་དགོས། །ཞེས་སོ། །ཚྭ་སྲེགས་ཐལ་བ་ཞོ་གསུམ་སྦྱོར་བའི་ཟེ་ཚྭ་ཞོ་དོ། བྱ་གོ་བོ་ཀླད་དཀར་གྱི་བྱ་ཐལ་ཞོ་གང་སྦྱར་བ་ཡང་ཐུན་ཚད་ཀྱི་གནད་དང་ལྡན་ན། སྐྲན་བཤིག་པའི་སྨན་མཆོག་ཡིན། །སྣོད་ཀྱི་མཁྲིས་སྐྲན་གྱི་མི་བྲུན་དང་ཕག་བྲུན་ནུས་ལྡན་དུ་བསྲེགས་པའི་ཐལ་བ་དང༌། ཚ་ལ་དོམ་མཁྲིས་ཀ་ར་པི་པི་ལིང་རྣམས་སྦྱར་བ་གུར་གུམ་བསྣན་པའི་སེ་འབྲུ་ལྔ་པ་དང་ལྟག་པ་སྤྲད་དོ། །རྒྱུ་མའི་མཁྲིས་སྐྲན་གྱི་རྣག་བཤལ་ནི་དུར་བྱིད། ཚ་ལ། དོམ་མཁྲིས། ཧོང་ལེན་རྣམས་སོ། ཏིག་ཏ་བརྒྱད་ནི་ཕྱི་རྒྱུད་དུ་བཤད་པའོ། །སྨུག་པོའི་ཁྲག་སྐྲན་གྱི་དྲག་པོའི་བཤལ་ནི། དུར་བྱིད་དང༌། ཚ་ལ་དང༌། སྟར་བུའོ། །རླུང་གི་ལྷིང་སྐྲན་གྱི་ཟུར་པ་དཀར་ནི་སྒ་རྒོད་དཀར་པོའོ། །བྱི་རུག་ནི་སེར་ནག་གཉིས་ལས་འདིར་ནག་པོ་ནུ་མ་ཐོག་པ་སྟེ་ཞིང་གི་མུ་ལ་སྐྱེའོ། །སྲིན་སྐྲན་ལ་དོང་གྲ་སྟེ་སྒ་རྒོད་དམར་པོ་དང་རྒྱ་ཚྭ་གཉིས་ཐུན་རེ་རེ། བྱི་ཏང་ག་ཞོ་བཞི་ཕུར་ཐལ་ཞོ་གང༌། རྟ་བུ་རམ་དང་སྦྱར་ནས་རིལ་བུ་བྱ། སྤྲུ་དུགས་ནི་སྤྲུ་མའི་དུགས་སོ། །སྒོག་སྐྱའི་སྨན་མར་ལ་བྱི་ཏང་ག་དྭ་བ་ཕུར་མོ་རྨེ་རུ་རྩེ་ལང་ཐང་རྩེ་ཚ་བ་གསུམ་རྣམས་སོ། །མངལ་སྐྲན་གྱི་བྱ་བྲ་ནི་ཕུག་རོན་གྱི་བྲུན་ནོ། །བྱི་བྲུན་ནི་བྱི་བའི་བྲུན་ནམ་བྱིའུ་འཆིལ་པའི་བྲུན་གང་རུང་སྟེ། བཤད་རྒྱུད་དུ། བྱ་བྲུན་བྱི་བྲུན་གཉིས་ཀྱིས་སྣག་རྣ་འདྲེན། ཞེས་ནུས་པ་གཅིག་ཏུ་གསུངས་སོ། །པ་ཡག་ནི། པ་ཡག གཡག་སྙིང༌། ལུག་སྙིང༌། ཕོ་རོག་མིག བྱ་རོག་ནོར་བུ་ཞེས་སོ། །ནད་མ་ལ་རིགས་གསུམ། ནད་མ་སྒྱིད་མ། ནད་མ་འབྱར་མ། ནད་མ་སྣུམ་བུ་གསུམ་རིལ་བུ་ནི་ཕྱི་རྒྱུད་དུ་བཤད་པ་ལྟར་རོ། །ཕྱི་ནང་འཁྲུས་བཤེར་སྦྱོར་བ་ནི་མོ་ནད་གསོ་བར་བཤད་པར་བྱའོ། །གསུམ་པ་ནི། མདོར་བསྡུས་ཞེས་རྐང་པ་བརྒྱད་དང་འབྲུ་གསུམ་གྱིས་བསྟན་ཏེ། རླུང་སྐྲན་གྱི་བརྟ་བར་བྱ་བ་ནི། བཤད་རྒྱུད་དུ་སྟོབས་སྐྱེད་བརྟ་བས་ཞེས་པ་རྣམས་སོ། །ཕྱི་སྐྲན་གྱི་དམར་འབྱིན་ནི་དངོས་པོ་དེ་བུམ་པས་དྲངས་ལ་ཕྲལ་ཏེ་འབྱིན་པའོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་ནས་བདུན་པའོ་ཞེས་པས་བསྟན་ནོ།། 

 

མཐའ་མའི་འདོན་ཐེངས་།: 01.09.2011 ཉིན། 11:39 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།