སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་བདུན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>

ལེའུ་བདུན་པ། གཏར་གའི་མན་ངག་ཟུག་རྔུ་ཕྱིར་འདྲེན།

ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །གཏར་གའི་མན་ངག་ཟུག་རྔུ་ཕྱིར་འདྲེན་ཞེས་བྱ་བ་འདི་ལ། ཁྲག་དང་མཁྲིས་པའི་ཟུག་རྔུ་ཕྱིར་འབྱིན་ཏེ། གཡེང་བ་མེད་པར་བསྙལ་ཐག་ལེགས་པར་བསྡམས། ཆུ་གྲང་དང་རྡོ་གྲང་ལ་སོགས་ལ། ནད་པ་ལུས་པོ་དྲོས་པ་ཤེས་པ་མ་བྲེད་པར་བྱས་ལ། གཙག་བུ་ཚད་དང་ལྡན་པ་རྣོན་པོ་བརྡར་ཏེ། གདབ་ལུགས་དུ་མ་ཡོད་ཀྱང་། གཉིས་ལེན་དང་། དོལ་ཆོད་དང་། གློ་ཕུག་བྱ་སྟེ། རྩ་ཆེན་པོ་རྣམས་སྒང་གཤག་བྱ། བྱིན་པོ་དོལ་ཆོད་བྱ་སྟེ། སྨན་པ་ལག་འདྲིས་པ་གལ་ཆེའོ། །དེ་ཡང་རྩ་ཆེན་པོ་རྣམས་སུ་སུམ་ཆ་བླང་། འབྲིང་པོ་ཕྱེད་བླང་། ཕྲ་མོ་རྣམས་སུམ་གཉིས་བླང་ངོ་། །མགོའི་རྩ་དོལ་བྱ་སྟེ། ཆོད་ཀྱང་སྐྱོན་མེད་དོ། །མགོའི་ཤ་མཐུག་པོ་དང་། ཤ་ལས་བྱེད་དང་། འཕར་རྩ་མ་གཏོགས་པ་རྣམས་གཏར་རོ། །རྐང་པ་སྣི་ས་དང་། ཉྭ་དང་ཆུ་བ་དང་། འགུལ་རྩ་ལ་མི་གདབ་བོ། །དང་པོ་ནད་ལ་ཡིད་མ་ཆེས་ན། སྣོད་ཁ་བག་ཙམ་གཏར་ལ་ཁྲག་ལ་ལྟ་སྟེ། ཁྲག་བཟང་ན་བཞག ཁྲག་ངན་ལ་ཡོང་ཆེ་ན་མང་དུ་དབྱུང་ངོ་། །དེ་ཡང་དར་དམར་པོ་བཞིན། དམར་ལ་གསལ་ན་ཁྲག་བཟང་བ་ཡིན་ཏེ། དེ་ལ་ལུས་བརྟན་ནས་ཟུངས་ཁྲག་ཅེས་བྱའོ། །མདོར་ན་ནད་རྙིང་པ་ལ་སོགས་པ། དོན་སྣོད་གང་ལ་བབས། ངོ་ཤེས་ན་དེ་རང་གི་རྩ་ལ་གདབ་བོ། །ཁྲག་སྦ་འབྱུང་ན་རྔོ་བ་ཆུར་བཅུག་ལ་མཉེ། ཁྲག་མ་ཆོད་ན་རྡོ་གྲང་མོ། ཆ་བྱའི་ཕོད་རྨ་ཁར་གླན། ཁྲག་རྗེས་བག་རེ་ལུས་ཀྱང་སྨན་གཏང་བས་འབྱུངས་ཏེ། ཉམ་ང་མི་དགོས་སོ། །ད་ནི་གཏར་བའི་བྱེ་བྲག་བསྟན་པར་བྱ་སྟེ། སྤྱི་གཙུག་གཏར་བ་ནི། རྣ་བ་གཉིས་མདུན་དུ་བལྟ་བ་ལ་སྲད་བུ་གཏང་། ལྟག་པའི་མདུད་ཁུངས་ནས། སྣ་རྩེར་སྲང་བུ་གཏང་རྒྱ་གྲམ་ལ་གཏར་ན་རྩ་བྱེད་ཆེན་པོ་བྱུང་བ་དང་། མགོ་ལྕི་ཞིང་འཁོར་བ་དང་། ལྷག་དགྱེར་སོང་བ་རྣམས་ལ་ཕན་ནོ། །གལ་ཏེ་ཁྲག་མ་ཆོད་ན། རྐང་མཐིལ་དུ་མེ་བཙའ་གདབ་བོ། །དཔྲལ་བའི་སྐྲ་མཚམས་ནས་ཡར་སོར་བཞི་མཇལ་བར་གཏར་ན། མཆོག་མ་ལྕི་ལ་མིག་ཕུགས་སུ་ཟུག་ཅིང་ན་བ་དང་། བད་མཁྲིས་ལས་གྱུར་བའི་རིམས་མགོ་འཁོར་ཞིང་ན་བ་ལ་ཕན་ནོ། །རྣ་བའི་ཕྱི་ངོས་སྣའི་རྩ་ན་སྤུ་འཇམ་པོ་གྱེན་དུ་འཁྱིལ་པ་ཡོད་དེ། གཏར་ལ་མེས་ཁ་བསྲུང་། ལྟག་ཁུང་གཡས་གཡོན་སྐྲ་མཚམས་ནས་གྱེན་ལ་སོར་བཞི་བཅལ་བའི་ལྟག་རྩ་ནག་པོ་བྱ་བ་གཉིས་ཡོད་དེ། གཙག་ཁ་འགྱེན་ལ་བསྟན་ལ་གཤགས། དེས་གཉའ་བ་རེངས་པ་དང་། མཇིང་འགྱུར་མི་ཤེས་པ་དང་། ཆུ་རྒྱུས་གནས་ས་ལྷག་པར་དགྱེ་པོར་སོང་པ་ལ་ཕན་ནོ། །དཔྲལ་བ་ལ་རྩ་གསུམ་ཡོད་དེ། དབུས་མ་ལ་མཁྲིས་པ་གསེར་མདུང་ཞེས་བྱ་བ། དེ་གཏར་བས་མཁྲིས་པ་རྒྱས་པ་དང་། སྟོན་དཔྱིད་མགོ་བོ་དང་། ཉི་མས་དྲོས་ན་མཚོག་མ་ལྕི་བ་དང་། ཆང་ནད་དྲག་པོ་ཀུན་ལ་ཕན་ནོ། །མིག་གཉིས་ཀྱི་གོང་ན་འཕར་རྩ་རེ་གནས་པས། སྐྲ་མཚམས་སུ་གཏར་ན། མིག་ཚ་བའི་ནད་ཐམས་ཅད་སེལ་ལོ། །སྣའི་རྩེ་མོ་ནས་སྤྱི་གཙུག་ཏུ་སྲད་བུ་བཏང་ལ། དེ་བལྟབ་པའི་སར་སྐྲ་མཚམས་ཕྱེད་ལ་གཏར། དེས་ཀྱང་མིག་གི་ནང་ལ་ཕན་ནོ། །མིག་ཕུགས་ཀྱི་རྩ་གཉིས་གཏར་ན། ཁྲག་གི་ལིང་ཏོག་གིས་མིག་ཁེབས་པ་དང་། ཟུག་གཟེར་ཆེ་བ་ལ་ཕན་ནོ། །རྣ་བའི་རྩེ་མོ་ནས་སོར་བཞི་གྱེན་ལ་བཅལ་བར་གཏར་ན་མགོ་ཕྱེད་ན་བ་ཕན་ནོ། །ལྕེ་འོག་གི་རྩ་གཉིས་གཏར་ན་ཁ་ཁ་བ་དང་། ཁ་སྐམ་པ་དང་། ལྕེ་ཕུགས་སུ་བྲོས་པ་ལ་ཕན་ནོ། །རྒྱལ་མོ་གབ་རྩ་སྙིང་གི་ལུང་ཐག་ཅེས་བྱ་སྟེ། མཆུ་འཐེམས་སུ་བཅུག་ལ། རྩ་ནག་ཆུར་བྱུང་བ་ལ་གཏར། དེས་མཆུའི་བད་ཀན་དང། མཚེར་པའི་ནད་ལ་ཕན་ནོ། །དེ་ལྟར་རྣ་བའི་ནད་ལ་རྣ་བའི་རྩེ་གཏར། སྣའི་ནད་ལ་སྣའི་རྩེ་གཏར་ན། མིག་སྐམ་ཚགས་ལ་ཕན་ནོ། །སྤྱིར་སྐྲ་མཚམས་ཡན་ཆད་ཀྱི་འཕར་རྩ་རྣམས་གཏར་ན་གཏར་བས་ཉེས་པམི་འབྱུང་ངོ་། །རོ་སྟོད་གྱི་གཟེར་ཐམས་ཅད་ལ་རྩེའུ་ཆུང་གཡས་གཡོན། སྐེ་ལ་མས་སོར་བཞི་བཅལ་བར་གཏར་ན་ཕན་ནོ། །གློ་བའི་ཨ་སོ་ལོ་ག་གཉིས་གྲུ་མོའི་ཁུག་ན་རྩ་གཉིས་ཡོད་དོ། །དེ་ལ་གློ་དྲུག་མགོ་ཡང་ཟེར་། དེ་གཉིས་བསྣོལ་ཏེ་གཏར་བས་གློ་ལ་རྣག་ཁྲག་འོང་བ་དང་། གློ་ལ་ཁྲག་རྒྱས་སྟེ་རྨུག་རྦབ་ཏུ་སོང་བ་དང་། སྟོད་ན་ཞིང་གཟེར་བ་དང་།  ཉིན་གུང་ནམ་གུང་ལ་ལྕི་ཞིང་དབུགས་མི་བདེ་བ་དང་། གློའི་དབུགས་མི་བདེ་བ་ལ་ཕན་ནོ། །གློ་བའི་དཔུང་རྩ་གཡས་གཡོན་གཉིས་གཏར་ན། རིམས་ལས་གྱུར་པའི་སྟོད་གཟེར་དྲག་པོ་དང་། གློ་རྩ་ཁྲག་གིས་རྒྱས་ཏེ་གཟེར་བ་དང་། གློ་རྩ་ཁྲག་གིས་རྒྱས་པའི་སྐྱོན་གྱིས་འགྲམ་པ་གཡས་གཡིན་དུ་གཟེར་བ་དང་། མགོ་ལ་ལྷ་འཐེམས་བྱུང་བ་ལ་ཕན་ནོ། །དེའི་རྒྱུད་གྲུ་མོའི་ཁུགས་ཀྱི་ཟུར་ན་གློ་བའི་ཟུར་རྩ་ཞེས་བྱ་བ་ཡོད་དེ། དེ་གཏར་ན། གློ་དང་། མཆིན་པ་དང་། སྟོད་ཀྱི་ཚ་བ་དང་། ལག་པ་སྦྲིད་ཅིང་ན་བ་དང་། རྟག་ཏུ་སྣ་ཁྲག་འཛག་པ་དང་། ཟས་ཡིད་གར་མི་འོང་བ་དང་། གློ་ལ་ཁྲག་མཚལ་ལྟ་བུ་འོང་བ་དང་། དབུགས་མི་བདེ་བ་དང་། བྱང་ཁོག་ལ་ནད་ཕོག་པ་རྣམས་ལ་ཕན་ནོ། །མཆིན་འོག་ནས་མཁྲིས་ནས་གྲུ་མོའི་ནང་དུ་བྱུང་བ་དེ་ལ། དྲུག་འགོ་ཆེན་པོ་ཞེས་བྱ་སྟེ། དེ་ལས་གྱེས་པའི་རྩ་ལྔ་ཡོད། ཕྱིར་འཁྱུག་པ་རུ་ཐུང་ཞེས་བྱ་སྟེ། དེའི་གྱེས་མཚམས་ནས་སོར་བཞི་བཅལ་བར་གཏར་ན་མཆིན་པ་ཁྲག་གིས་རྒྱས་པ་དང་། མཆིན་ཁྲག་ཕོ་བར་ལྟུང་བ་དང་། ཚང་ལས་གྱུར་བའི་རྒྱུ་གཟེར་དང་། མཆིན་པ་ལས་འཁྲུགས་པའི་སྐྱོན་གྱིས་མིག་ཚགས་པ་དང་། འགྲམ་པར་ཟུག་གཟེར་འོང་བ་དང་། རྩིབ་ལོགས་གཟེར་ཞིང་མཆིན་དྲི་ཁ་སྐོར་ན་བ་དང་། དུག་གིས་མཆིན་པ་རྒྱས་པ་དང་། བད་ཀན་སྨུག་པོ་མཆིན་པ་ལ་ཞུགས་ཏེ། ཁྲག་རྒྱས་པ་ལ་ཕན་ནོ། །དེ་ནས་མར་སོར་བརྒྱད་བཅལ་བར་གཏར་ན། དུག་ནད་རྙིང་པ་ལ་ཕན་ནོ། །རུ་ཐུང་གི་རྩེ་མོ་མཁྲིག་མའི་ཕྱི་རོལ་ལོང་བུའི་གདོང་དུ་གཏར་ན། མའི་ཁོང་དུ་རྒྱུད་ཆད་པར་སོང་ནས་མའི་རུམ་ནས་མིག་ཚགས་པ་ལ་ཕན་ནོ། །དེའི་ནང་ངོས་སུ་གྱེས་པའི་རྩ་དེ་ནི་མཆིན་པའི་ཟམ་པ་ཞེས་བྱ་སྟེ། མཆིན་པའི་ནད་ལ་ཕན་ནོ། །དེའི་ནང་གི་རྩ་དེ་མཁྲིས་པ་གཤའ་རིངས་ཞེས་བྱ་བ་ཡིན། དེ་གཏར་བས་མཁྲིས་པ་ཕོ་བར་ལུད་པ་དང་། མིག་སེར་བ་དང་། མཁྲིས་པ་ལས་གྱུར་བའི་རིམས་ནད་དང་། བལ་ནད་མིག་སེར་དང་། མཁྲིས་པའི་སྐྱོན་གྱི་མགོ་བོ་ན་བ་དང་། མིག་སེར་བ་དང་། ལིང་ཏོག་གསར་བ་དང་། མཁྲིས་པ་ལས་གྱུར་བའི་ཚད་ནད་ཡུན་རུང་གིས་དང་ག་འགགས་པ་རྣམས་ལ་ཕན་ནོ། །དེའི་ནང་ངོས་ཀྱི་རྩ་སྣོད་ཁ་ཞེས་བྱ་སྟེ། དེ་གཏར་ན་སྣོད་ཀྱི་ཚ་བ་སེལ་ལོ། །དེའི་ནང་དུ་བྱུང་བའི་རྩ་དེ་ནི། སྙིང་གི་ཨ་སོ་ལི་ག་ཞེས་བྱ་སྟེ། དེ་གཏར་བས་སྙིང་རྩ་ཁྲག་གིས་ཁེངས་པ་དང་། སྟོད་ལྕི་ཞིང་ཡི་ག་མི་བདེ་བ་དང་། རིམས་ནད་སྙིང་ལ་ཞེན་པ་དང་། དབུགས་མི་བདེ་བ་དང་། སྟོད་ལྕི་ཞིང་ནུ་མཆིན་གཟེར་བ་དང་། སྙིང་གི་ནད་ཐམས་ཅད་ལ་ཕན་ནོ། །དེ་སྙིང་གི་འཕར་རྩའི་སྟེང་ན་གནས་པས་ཤིན་ཏུ་གཟབ་བོ། །ཨ་སོ་དང་། གློའི་ཟུར་རྩ་འདོམ་པའི་རྩ་ལ་གཏར་ན། གློ་སྙིང་གཉིས་ཀའི་ནད་ལ་ཕན་ནོ། །ལག་པའི་མཁྲིགས་མའི་རྒྱབ་ན་རྩ་གཉིས་ཡོད་དེ། གཅིག་རྒྱབ་རྩ་དྲུག་འདུས་ཞེས་བྱ་སྟེ། དེ་གཏར་རོ་སྟོད་རྒྱས་པ་དང་། རྒྱབ་ཏུ་གཟེར་བ་དང་། ཁྲག་རོ་རྙིང་པ་ལ་ཕན་ནོ། །དེའི་ཕྱི་ངོས་རྒྱབ་རྩ་ཆེན་པོ་ཞེས་བྱ་སྟེ། དེ་གཏར་བའི་རྒྱབ་སྨད་དང་། སོག་འདབ་ན་བ་ལ་ཕན་ནོ། །དེའི་ཕྱི་ངོས་རྩ་ཕྲན་ཡིན་ཏེ། རྒྱབ་རྩ་འཁུན་བུ་ཞེས་བྱ་སྟེ། དེ་གཏར་ན་མཆིན་པ་སྙོང་བུ་དང་། མཆིན་པ་བསྐྱེད་འཁོར་གྱི་ནད་དང་། མཆིན་པ་ཀླད་གྲངས་ཀྱི་ནད་དང་། རོ་རྒྱབ་འབྱར་ཞིང་ན་བ་དང་། མཆིན་པ་ན་ཏིང་བྱེད་པ་དང་། ཁ་ཟས་ཡི་གར་མི་འོང་བ་ལ་ཕན་ནོ། །མཐེབ་མཛུབ་བར་ན་ཡར་མཚོན་གང་བཅལ་བ་ན་གློ་བའི་སྐྱོར་གོང་ཞེས་བྱ་བ་ཡོད་དེ། དེ་གཏར་ན་གློ་བའི་ལུད་པ་དམར་བ་དང་། གྲེ་བ་འཛེར་བ་དང་། སྐད་འགགས་པའི་ནད་ལ་ཕན་ནོ། །མཐེ་བོང་གི་རྒྱབ་ངོས་ན། སྙིང་རྩ་ཡོད་དེ། དེ་གཏར་བས་སྙིང་གི་ཚད་པ་སེལ་ལོ། །མཛུབ་མོའི་རྒྱབ་ན་གློ་རྩ་ཡོད་དེ། དེ་གཏར་བས་གྲེ་བ་མི་བདེ་བ་སེལ་ལོ། །གུང་མོའི་རྒྱབ་ན་མཚེར་པའི་རྩ་ཡོད་དེ། དེ་གཏར་བས་མ་ཆུའི་བད་ཀན་དང་། མཆེར་པའི་ནད་ལ་ཕན་ནོ། །སྲིན་ལག་གི་རྒྱབ་ན། མཁལ་རྩ་ཡོན་པོ་ཞེས་བྱ་བ་ཡོད་དེ། དེ་གཏར་བས་མཁལ་ནད་ལ་ཕན་ནོ། །མཐེའུ་ཆུང་གི་རྒྱབ་ན། མཆིན་པའི་རྩ་ཡོད་དེ། དེ་གཏར་བས་མཆིན་ནད་ལ་ཕན་ནོ། །ཐམས་ཅད་ལ་འཕར་རྩ་གཏར་བ་གལ་ཆེའོ། །ལྕེ་རྩ་གཡས་གཡོན་གཉིས་ལ་གཏར་ན་རིམས་ནད་ཚ་བ་བྱིང་བ་དང་། ལྕེ་སྐམ་ཞིང་སྐོམ་དད་ཆེ་བ་དང་། ཟས་ཡི་གར་མི་འོང་བ་དང་། བད་ཀན་གྱིས་དངས་མ་སྙིང་གར་བྲོས་ཏེ། ལྕེ་མི་བདེ་བ་ལ་ཕན་ནོ། །ཁ་དང་། ལྕེ་དང་། མཆུའི་ནད་ལ་ཡང་བད་ཀན་གྱི་རྩ་ལ་གཏར་ན་ཕན་ནོ། །རིམས་ནད་ལ་དཔྲལ་བའི་རྩ་ལ་གཏར་ན་ཁྱད་པར་དུ་ཕན་ནོ། །འཁྲུགས་དང་། རིམས་དང་། ཚད་པ་སྙིང་ལ་ཤོར་བ་ལ་ཨོལ་གོང་གི་ཐོག་གི་སྙིང་རྩ་འགྲེང་བུ་ལ་གཏར་བས་ཕན་ནོ། །མཐེབ་མཛུབ་ཀྱི་བར་གྱི་སྐྱོར་གོང་བའི་སྟེང་ནས། འཁྱིད་གང་བཅལ་བར་གློ་སྙིང་འདོམ་པའི་རྩ་ལ་གཏར་ན། གློ་སྐམས་པོ་འགོག་ཏུ་མི་བཏུབ་པ་དང་། དབུགས་མི་བདེ་བ་དང་། ཡི་ག་འཆུས་པ་རྣམས་ལ་ཕན་ནོ། །དེས་སྟོད་ཀྱི་རྩ་ཆེ་ཕྲན་གྱི་གདབ་པའི་གནས་བསྟན་ཟིན་ཏོ། །ད་ནི་སྨད་ཀྱི་གཏར་ས་བསྟན་པར་བྱ་སྟེ། མཚེར་པ་ལ་རྩ་སུམ་བརྒྱ་དྲུག་ཅུ་ཡོད་དེ། སྦོམ་ཕྲ་ཕལ་ཆེར་རྟའི་རྔ་མ་ཙམ་ཡོད། དེ་རྣམས་ཀྱང་རྩ་ཆེན་དྲུག་ཏུ་འདུས་ཏེ། སྟོད་ཀྱི་རྩ་ཐམས་ཅད་ཆེ་ཆུང་གཉིས་ལ་འདུས། རྒྱལ་པོ་གཏར་བས་ཀུན་ལ་ཕན་ཞེས་བྱའོ། །སྨད་ལ་རྩ་ཐམས་ཅད་ལོང་རྩ་གཉིས་ལ་འདུས་ཏེ། དེ་གཏར་བས་ལོང་ནད་ཀུན་ལ་ཕན་ནོ། །ཤ་ལྤགས་ཀྱི་རྩ་ཐམས་ཅད་ངར་གདོང་གཉིས་ཀྱི་མཆིན་དྲི་ནས། གཡས་གཡོན་དུ་ཡུ་མོ་ཐུར་དུ་རྒྱུག་པ་འདྲ་བ་གཅིག་ཡོད་དེ། ལྡང་བའི་གདོང་ནས་མཁྱིད་གང་བཅལ་བའི་ས་དེ་གཉིས་གཏར་ན། མཆེར་པ་འགྲམས་པ་དང་། སྣད་པ་དང་། སྦོ་བ་དང་། མཚེར་པ་ལ་བད་ཀན་སྨུག་པོ་ཡོད་པ་དང་། ཤ་སེར་བ་དང་། མིག་སེར་བ་དང་། མཁྲིས་པ་གཤའ་ཡས་(ཀྵཡ་)ཐེབས་པ་དང་། མཛེ་དང་། ཤུ་བ་དང་། གཡེན་པ་དང་། ཟ་ཀོར་དང་། རྨ་དང་། སེར་ག་སོས་སུ་མི་བཏུབ་པ་དང་། པུས་མོའི་ཚིགས་དང་། རྐང་པ་ལ་ཆུ་སེར་འཁོལ་བ་དང་། སྟོད་སྨད་དུ་ལྷུང་བ་དང་། མཁལ་མའི་ནད་དང་། འོར་དང་། རྐང་པའི་བོལ་གོང་སྐྲངས་པ་དང་། ཆུ་སེར་གྱི་ནད་དུ་གྱུར་པ་ཙམ་ལ་རྩ་འདི་གཏར་ཏེ། ཆུ་སེར་ནག་པོའི་གདོང་རྩ་ཞེས་ཀྱང་བྱ། མཚེར་མཁྲིས་འདོམ་པའི་རྩ་ནག་ཅེས་ཀྱང་བྱའོ། །ངར་གདོང་པའི་མར་སྣ་ནས་སོར་བཞི་བཅལ་བ་དེ། ཚིགས་ཀུང་ཀུང་པོ་གཡས་གཡོན་གཏར་ན། མཚེར་པ་ལས་གྱུར་པའི་ནད། ཕོ་བ་སྐབས་སུ་འཁྲུ་བ་དང་། ཟས་མི་ལེན་པ་ལ་ཕན་ནོ། །སྨད་དུ་ཆུ་སེར་རྒྱས་པ་ཆུ་སེར་གྱི་གདོང་རྩ་དང་། ཡོབ་ཆེན་གོང་འོག་གཏར་ན་ཕན་ནོ། །མཁལ་མའི་རྩ་ལ་ཕྱི་ན་རྩ་ནག་གུ་གཡས་གཡོན་གཉིས་དང་། ལག་པའི་མཐེའུ་ཆུང་། མཁྲིས་པའི་རྩ་གཉིས་ཀ་གཏར། ལ་ལ་དག་བྱིན་གཞུག་ཟེར། བྱིན་པའི་ཉྭའི་དཀྱིལ་ན་སྦྲུལ་འཁྱིལ་བ་ལྟ་བུ་ཞིག་ཡོད་དེ། རྟིང་པའི་དཀྱིལ་ནས་མཁྱིད་གང་བཅལ་བར་གཏར། དེའི་ཕྱི་རོལ་ན་མར་ལོང་བུའི་སྟེང་ན་མར་བྱིན་ཀྱོག་གཏར་རོ། །དེས་རྐེད་པ་ཆག་པ་སྙམ་བྱེད་པ་དང་། མཁལ་ཁུང་གཡས་གཡོན་དུ་མཆིན་ཁྲག་ལུད་པ་དང་། མཁལ་མ་སུར་ཡ་དང་། མཁལ་མ་སྐྱེད་འཁོར་གྱི་ནད་དང་། དཔྱིའི་འཁྲུལ་དམིགས་མཚམས་སུ་ཟུག་ཅིང་གཟེར་བ་དང་། བུད་མེད་མངལ་ཁྲག་གི་བུ་མི་འོང་བ་ལ་ཕན་ནོ། །བརླའི་རྩ་བོ་ཆེ་ནི། མས་ཡར་མཐོ་གང་བཅལ་བར་གཏར་རོ། །སྒྱིད་ཁུང་པའི་སྒབ་རྩ་སོར་བཞིའི་འོད་དུ་གཏར་ཏེ། དེས་མཆིན་ཁྲག་ལོང་དུ་འཐུམས་པ་དང་། ཕྱི་ཐེན་སྐྱེས་ས་འཁོད་གྱིན་འོད་དུ་བབས་པ་དང་། མངལ་ཁྲག་རྟག་ཏུ་འཛག་པ་རྣམས་ལ་ཕན་ནོ། །རྐང་པའི་མཐིལ་རྩ་གཏར་བ་ནི། གཉེར་མ་གསུམ་གྱི་དབུས་མ་ལ། རྐང་པའི་གུང་མོ་ནས་རྟིང་པའི་དཀྱིལ་དུ་སྲད་བུ་ཐེན་པར་དེ་བལྟབ་པར། གར་སླེབས་དུ་གཙུག་སུ་སོར་གཅིག་འཕངས། ཁྲག་དབྱུང་། བསྐུ་མཉེ་བྱ། མེ་བཙའ་སྤྲ་རྡོག་གསུམ་གྱིས་བསྲེག་གོ། ཁྲག་མ་ཆོད་ན་སྤྱི་གཙུག་གི་རྩ་ལ་མེ་བཙའ་གདབ་བོ། །དེས་ནི་སྙིང་བརྡུང་ཞིང་ན་བ་དང་། གཟེར་དྲག་པོ་དང་། གཏར་ག་གཞན་གྱིས་མ་ཐུབ་པ་དང་། མགོ་བོ་རྩའི་ཆུ་སེར་སྙིང་ལ་བབས་པ་ལ་ཕན་ནོ། །རྐང་པའི་རྟིང་པའི་དྲེག་མཚམས་སུ་གཙག་ཁ་ཐུར་ལ་བསྟན་ནས་དེར་བརྡེག སྟེང་དུ་སྤྲ་རྡོག་སྲན་མ་ཙམ་གསུམ་གྱིས་བསྲོ། དེས་མིག་ནད་མ་ལུས་པ་ཐམས་ཅད་ལ་ཕན་ནོ། །ལོང་རྩ་གཡས་གཡོན་རུས་པའི་ཐེར་ལ་གདབ་པས་ལོང་གི་ནད་དང་། མཁལ་རྐེད་ཀྱི་ནད་དང་། མཆིན་པའི་ནད་ཐམས་ཅད་དང་། ཟླ་མཚན་རྟག་ཏུ་འཛག་པ་རྣམས་ལ་ཕན་ནོ། །རྐང་པའི་མཐེ་བོང་གཉིས་ཀྱི་བར་ནས་མཚོན་གང་བཅལ་བའི་སར་གཙུག་བུ་སོར་ཕྱེད་དང་། གཉིས་འཕངས་ནས། རོ་སྨད་ཆེ་བ་དང་། གྲུམ་བུ་ལ་ཕན་ནོ། །མཆིན་པ་འཕྲལ་དུ་སྣད་པ་ལ་རུ་ཐུང་གཏར། མདུན་ན་ཨ་སོ་གཏར་རོ། །རྒྱབ་ན་ན་རྒྱབ་རྩ་གཏར་རོ། །རུས་པ་ན་ན་མཁལ་རྩ་གཏར་རོ། །བུད་མེད་སྦྲུམ་མ་ལ་ལོང་རྩ་དང་། རུ་ཐུང་གཏར་དུ་མི་རུང་ངོ་། །ཨ་སོ་དང་མཁྲིས་རྩ་གཏར་རོ། །མིག་གི་དབང་པོའི་རྩ་གཉིས། རྣ་བའི་དབང་པོའི་རྩ་གཉིས། སྙིང་རྩ་གཉིས་ཏེ་དྲུག་ལ་གཏར་དུ་མི་རུང་ངོ་། །རྩ་སྒོ་བཞི་ཞེས་པ་རྩེའུ་ཆུང་གཉིས་དང་། ལོང་རྩ་གཉིས་ཡིན་ནོ། །རྩ་གཉན་བཞི་ནི་སྙིང་རྩ་གཉིས། བརླའི་རྩ་བོ་ཆེ་གཉིས་ཡིན་ནོ། །མདོར་བསྡུ་ན། རོ་སྟོད་ན་ན་རྩེའུ་ཆུང་གཉིས་གཏར། ནུ་མཆིན་དུ་ཟུག་ན་ཨ་སོ་གཉིས་གཏར། རྒྱབ་ཏུ་གཟེར་ན་གློ་བའི་སྒང་རྩ་གཏར། རྩིབ་རིངས་འཁྲིས་ན་མཆིན་པའི་རུ་ཐུང་གཏར། རྒྱུ་ཞབས་སུ་གཟེར་ན་ལོང་རྩ་གཏར། རྐང་པ་བཤལ་ན་བྱིན་གཞུག་གཏར་རོ། །གདམས་ངག་འདི་ནི་འབྲུ་བཅུད་ཀྱི་ནང་ནས་ཆང་དང་འདྲའོ། །གསོ་དཔྱད་བདུད་རྩིའི་ཐིགས་པ་ལས། གཏར་གའི་མན་ངག་ཟུག་རྔུ་ཕྱིར་འདྲེན་ཞེས་བྱ་བའི་ལེའུ་རྫོགས་སོ། །བླ་མ་རྗེ་བཙུན་ས་སྐྱ་པའི་གདམས་པའོ།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 10:16 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།