སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་བཅོ་ལྔ་བ། གནས་སྐབས་སུ་སྤྱོད་པའི་ལས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་བཅོ་ལྔ་པ། གནས་སྐབས་སུ་སྤྱད་པའི་ལས་བསྟན་པ།

གསུམ་པ་གནས་སྐབས་སུ་སྤྱད་པའི་ལས་བསྟན་པ་ལ་གསུམ་སྟེ། ཉན་པར་གདམས་ཤིང་མདོར་བསྟན་པ་དང༌། རྒྱས་པར་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་བསྟན་པ་ནི་ཞེས་པའི་བར་གྱིས་བསྟན་ཏེ། དུས་སུ་སྤྱད་པའི་སྤྱོད་ལམ་བསྟན་ཟིན་པའི་རྗེས་ཐོག་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་འཁོར་དང་བཅས་པ་རྣམས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་པར་བྱའོ། །ཞེས་མཚམས་སྦྱར་ནས་བྱ་བ་སྤྱོད་ལམ་གྱི་གནས་ལས་གསུམ་པ་གནས་སྐབས་སུ་སྤྱད་པར་བྱ་བའི་སྤྱོད་ལམ་གྱི་ཁྱད་པར་བསྟན་པ་ནི་འདི་ལྟ་སྟེ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། བསླབ་བྱ་སྤྱིར་བཏང་བ། ཉེས་དམིགས་བྱེ་བྲག་ཏུ་བཤད་པ། དེའི་མཇུག་བསྡུ་བའོ། །དང་པོ་ལ་གཉིས། །སྤྱི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། ཕྱི་དབུགས་བཤང་གཅི་སྦྲིད་པ་དང༌། །བཀྲེས་སྐོམ་གཉིད་དང་ལུས་ངལ་དབུགས། གླལ་དང་མཆི་མ་སྐྱུག་པ་དང༌། ཁུ་བའི་ཤུགས་ནི་དགག་མི་བྱ། །ཞེས་དང༌། ཟླ་ཟེར་ལས། རླུང་ལ་སོགས་པའི་ཤུགས་དགག་པར་མི་བྱའོ། །ངལ་དབུགས་ཞེས་པ་ནི་ངལ་ཞིང་དུབ་པ་ལས་བྱུང་བའི་དབུགས་ནི་ངལ་བའི་དབུགས་ཏེ་དེ་དག་དགག་པའོ། །ཤུགས་ཞེས་བྱ་བ་ནི་ཁུ་བའི་བར་དེ་དག་འབྱུང་བ་ལ་རྗེས་སུ་ཕྱོགས་པར་གནས་པ་ཉིད་ལ་ནི་ཤུགས་ཞེས་བྱ་སྟེ། ཤུགས་དེ་དག་དང་འབྲེལ་བ་དེ་ནན་གྱིས་དགག་པར་མི་བྱའོ། །ཞེས་བཤད་དོ།།

གཉིས་པ་ཚིག་གི་དོན་ནི། བཀྲེས་སྐོམ་ཞེས་པ་ནས་དགག་མི་བྱ་ཞེས་པའི་བར་གྱིས་བསྟན་ཏེ། ཚེ་རིང་ཞིང་ནད་མེད་པར་འདོད་པ་རྣམས་ཀྱིས་དུས་དང་གནས་སྐབས་ཐམས་ཅད་དུ་བཀྲེས་པ་དང༌། སྐོམ་པ་དང༌། སྐྱུག་པ་དང༌། གཡལ་དང༌། སྦྲིད་པ་དང༌། དབུགས་དང༌། གཉིད་དང་ལུད་པ་དང༌། མཆིལ་མ་དང་བཤང་བ་དང༌། འཕྱེན་དང༌། གཅིན་དང༌། ཁུ་བ་རྣམས་འབྱུང་བ་ལ་མངོན་དུ་ཕྱོགས་པ་དེའི་ཚེ་ན་གང་དགར་གཏང་བར་བྱ་ཡི་ཤུགས་དེ་ནི་ནམ་ཡང་དགག་པར་མི་བྱའོ། །གཉིས་པ་དེ་རྣམས་བཀག་པའི་ཉེས་དམིགས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། འཕྱེན་ནི་བཀག་པར་གྱུར་པ་ཡི། །སྐྲན་དང་རྟུག་སྐམ་གཟེར་སྐོམ་ལྕི། །འཕྱེན་དང་བཤང་གཅི་ཁོང་དུ་འགག །མིག་རྟུལ་དྲོད་ཆུང་སྙིང་ནད་འགྱུར། །བཤང་བཀག་བྱིན་པའི་ཉྭ་འགྱུར་ཞིང༌། །ཆམ་པས་འདེབས་ཤིང་ཀླད་པ་ན། །ཁར་ནི་མི་གཙང་འབྱུང་བ་དང༌། །སྔར་བཤད་ནད་དུའང་འགྱུར་བ་ཡིན། །གཅིན་བཀག་པ་ཡི་ཡན་ལག་ན། །རྡེའུ་ཆུ་སོ་ཕོ་མཚན་དང༌། །དཀུ་ཡི་ནང་དུ་སྔར་གྱི་ནད། །ཕལ་ཆེར་འབྱུང་ངོ་དེ་ཡི་སྨན། །རེག་བྱ་བསྐུ་བྱུག་ལུས་བཅིངས་དང༌། །དུགས་དང་སྨན་མར་མས་བཏང་བའོ། །ཟས་སྐོམ་བཤང་བ་འགགས་པ་དང༌། །བཤང་འགགས་ལས་བྱུང་གློ་གཅོང་མཚུངས། །ཆུ་བཀག་པ་ལ་མར་གསར་ནི། །ཆེ་ཚད་ཙམ་ནི་རབ་ཏུ་སྦྱར། །སྒྲེགས་པ་བཀག་པས་ཡི་ག་འཆུས། །ལུས་འདར་སྙིང་དང་བྲང་འགག་ན། །སྦོ་ཞིང་ལུད་པ་སྐྱིགས་བུས་འདེབས། །དེ་སྨན་སྐྱིགས་བུ་དག་དང་འདྲ། །སྦྲིད་བཀག་མགོ་ན་དབང་མི་རྣོ། །གཉའུ་རེངས་ཁ་ཡོ་འགྲམ་ཆག་འགྱུར། །དུད་ནོན་གྱིས་བདུག་མིག་སྨན་དང༌། །སྣ་སྨན་ཉི་མར་བལྟ་བ་ཡི། །སྦྲིད་པ་འགགས་པ་བསལ་བྱ་ཞིང༌། །སྣུམ་དང་དུགས་ཀྱང་བསྟེན་པར་བྱ། །སྐོམ་པ་བཀག་པས་ཁ་སྐམ་ཞིང༌། །ཡན་ལག་མི་བདེ་སྣ་མི་གསང༌། །མགོ་འཁོར་མྱོས་ཤིང་སྙིང་ནད་འབྱུང༌། །དེར་བསིལ་ཆོ་ག་ཐམས་ཅད་ཕན། །བཀྲེས་པས་ལུས་ཞིང་ཡི་ག་འཆུས། །ལུས་སྙོམས་ཉམ་ཆུང་གཟེར་མགོ་འཁོར། །དེ་ལ་ཟས་ཡང་སྣུམ་དྲོ་དང༌། །ཆུང་བ་དག་ནི་སྦྱར་བར་བྱ། །གཉིད་བཀག་ཁོང་མྱོས་སྤྱི་བོ་མིག །ལྕི་ཞིང་སྙོམ་ལ་གླལ་འོང་ཞིང༌། །ལུས་ཞིག་སྐམ་སེམས་དེ་ལ་ནི། །གཉིད་ལོག་ལུས་མཉེ་ཕན་པ་ཡིན། །ལུད་པ་བཀག་པས་དེ་འཕེལ་ཞིང༌། །དབུགས་མི་བདེ་ཞིང་ཡི་ག་འཆུས། །སྙིང་ནད་སྐེམ་བྱེད་སྐྱིགས་བུས་འདེབས། དེར་ནི་ལུད་བསལ་ཆོ་ག་བྱ། །ངལ་དུབ་དབུགས་ནི་བཀག་པ་ལས། །སྐྲན་དང་སྙིང་ནད་མྱོས་པར་འགྱུར། །དེ་ལ་ངལ་གསོ་བྱ་བ་དང༌། །རླུང་སེལ་བ་ཡི་ཆོ་ག་ཕན། །གླལ་བཀག་ནད་ནི་སྦྲིད་བཀག་མཚུངས། །ཆོ་ག་ཐམས་ཅད་རླུང་འཇོམས་བྱ། །མཆི་མ་བཀག་པས་མགོ་སྙིང་ན། །གཉའ་རེངས་ཡི་ག་འཆུས་མགོ་འཁོར། །སྐྲན་བཅས་སྣ་ཆུ་འཛག་འགྱུར་དེར། །གཉིད་ངོམས་ཆང་འཐུང་གཏམ་སྙན་ཕན། །སྐྱུག་བྲོ་བཀག་པས་མེ་དབལ་མཛེ། །འབྲས་དང་མིག་ནད་གཡན་པའི་རིམས། །སྐྱ་རྦབ་ལུད་པ་དབུགས་མི་བདེ། །དང་ག་རོ་སྟོད་མི་བདེ་སྐྲངས། །དེར་ཁ་བཀང་དབོ་དུད་སྨྱུང་གནས། །རྩུབ་ཟོས་དེ་ཉིད་སྐྱུག་པ་དང༌། །རྩོལ་དང་མྱུར་བར་གཏར་ཁ་གདབ། །བཀྲུ་སྨན་བཏང་བའང་བསྔགས་པ་ཡིན། །ཁུ་བ་བཀག་པས་དེ་འཛག་དང༌། །ཕོ་མཚན་ནད་དང་འོར་ནད་རིམས། །སྙིང་ནད་ཆུ་འགགས་ལུས་ཞིག་དང༌། །རྡེའུ་འཕེལ་དང་མ་ནིང་འགྱུར། །དེ་མ་ལ་བྱའི་ཤ་དང་ཆང༌། །འབྲས་ཆན་མས་བཏང་ལུས་བཅིང་དང༌། །ཆུ་སོའི་ནད་བསལ་ཏིལ་མར་བཅོས། །འོ་མ་བུད་མེད་གཞོན་བསྟེན་ཕན། །ཞེས་འགྲེལ་པ་དང་བཅས་པས་རྒྱས་པར་བཤད་པ་ལྟར་ཤེས་པར་བྱའོ།།

གཉིས་པ་ཚིག་གི་དོན་ནི། བཀྲེས་བཀག་ཅེས་པ་ནས་ཤ་ཆང་བཏང་ཞེས་པའི་བར་གྱིས་བསྟན་ཏེ། གང་ཞིག་ཤིན་ཏུ་བཀྲེས་པར་གྱུར་ཀྱང་ཁ་ཟས་བཀག་པར་གྱུར་ན་ལུས་ཞིག་ཅིང་ཉམ་ཆུང་བ་དང་ཡི་ག་འཆུས་ལ་མགོ་བོ་འཁོར་བའི་ནད་འབྱུང་བར་འགྱུར་བས། དེ་ལ་ཁ་ཟས་ཡང་ཞིང་སྣུམ་དྲོ་དང་ལྡན་པའི་ཆུང་ངུ་ཆུང་ངུ་ནས་སྦྱར་བས་སེལ་བར་བྱེད་ཅིང༌། དེ་བཞིན་དུ་སྐོམ་པར་གྱུར་ཀྱང་བཏུང་བ་བཀག་ན་ཁ་སྐམ་ཞིང་མགོ་བོ་འཁོར་བ་དང༌། སྙིང་ནད་འབྱུང་ལ་མྱོས་པ་ལྟར་དྲན་པ་དང་མི་ལྡན་པར་འགྱུར་བས། དེ་ལ་ནི་བཟའ་བ་དང་བཏུང་བ་བསིལ་བར་བྱས་པའི་ཆོ་ག་ཐམས་ཅད་ཕན་པར་འགྱུར་རོ། །སྐྱུག་པ་བཀག་པ་ནི་དང་ཁ་འགགས་པ་དང་དབུགས་མི་བདེ་བ་དང་སྐྱ་རྦབ་དང་མེ་དབལ་དང༌། གཡན་པ་དང་འབྲས་དང་མཛེ་དང་མིག་ནད་དང་ལུད་པའི་ནད་དང་རིམས་ནད་ལ་སོགས་པ་འབྱུང་བར་འགྱུར་བས་དེ་ལ་ནི་སྨྱུང་བར་གནས་ཤིང་ཙན་དན་དང་ཨ་ག་རུ་ལ་སོགས་པའི་དུད་པ་རྣོན་པོ་རྔུབ་པ་དང་དེ་འདྲ་བའི་ཁུ་བས་ཁ་བཀང་སྟེ་དབོ་བར་བྱའོ། །སྦྲིད་པ་བཀག་པ་ལས་ནི་མིག་ལ་སོགས་པའི་དབང་པོ་མི་གསལ་ཞིང་མགོ་བོ་ན་བ་དང༌། གཉའུ་དང་གཉན་སའི་གནད་གཉིས་སུ་འདུས་པའི་གནད་རྣམས་རེངས་ཏེ་འགྱུར་མི་ཤེས་པ་དང༌། ཁ་ཕྱོགས་གཅིག་ཏུ་ཡོ་ཞིང་འགྲམ་ཆག་ཅེས་བྱ་བའི་རླུང་ནད་དུ་འགྱུར་བས་དེ་ལའང་དུད་རྣོན་དང་སྣ་སྨན་དང་ཉི་མ་ལ་བལྟ་བ་ལ་སོགས་པའི་ཆོ་གས་བསལ་བར་བྱའོ། །གཡལ་བཀག་པ་ནའང་སྦྲིད་པ་བཀག་པ་ལས་བྱུང་བའི་ནད་དེ་འདྲ་བ་འབྱུང་བས་ཆོ་ག་ནི་རླུང་འཇོམས་པར་ནུས་པ་ཐམས་ཅད་ཕན་པ་ཡིན་ནོ། །རྩོལ་བས་ངལ་ཞིང་དུབ་པའི་དབུགས་ཐོབ་ཐོབ་པོ་དེ་ཉིད་བཀག་པ་ལས་ནི་སྐྲན་དང་སྙིང་ནད་འབྱུང་བས་མྱོས་ཤིང་མི་དྲན་པར་འགྱུར་བ་དེར་ནི་ངལ་གསོ་བ་དང་རླུང་སེལ་བའི་ཆོ་ག་ཉིད་ཕན་ནོ། །གཉིད་བཀག་པ་ལས་ནི་གཡལ་མང་བ་དང་ལུས་སྙོམས་པ་སྒྱིད་ལུག་པ་དང་མགོ་བོ་ལྕི་བ་དང་མིག་འགྲིབས་ཤིང་ཁ་ཟས་མི་འཇུ་བ་དག་འབྱུང་བས། དེ་ལ་ཤ་ཁུ་དང་ཆང་ཞིམ་པོ་བཏུང་བ་དང༌། བསྐུ་མཉེ་བྱ་ཞིང་གཉིད་ལོག་པས་ཕན་པར་འགྱུར་རོ། །ལུད་པ་བཀག་པས་ནི་ལུད་པ་ཉིད་འཕེལ་ཞིང་དབུགས་མི་བདེ་བ་དང༌། ཤ་སྐེམ་པ་དང་སྐྱིགས་བུ་དང་སྙིང་ནད་དང་ཡི་ག་འཆུ་བར་འགྱུར་བས་དེར་ནི་ལུད་པ་བསལ་བའི་ཆོ་ག་བཅའ་སྒ་དང་པི་པི་ལིང་ལ་སོགས་པ་བུ་རམ་དང་སྦྱར་བའི་ལྡེ་གུ་ལྟ་བུ་བརྒྱད་པ་རྩ་འགྲེལ་ལས་བྱུང་བ་ལྟར་བྱའོ། །མིག་ལས་འབྱུང་བའི་མཆི་མ་བཀག་པ་ལས་སྙིང་དང་མགོ་བོ་དང་སྣ་ཆུ་འཛག་ཅིང་མགོ་བོ་འཁོར་བ་དང་ཡི་ག་འཆུ་བར་གྱུར་བས་དེ་ལ་ཆང་བཏུང་ཞིང་གཉིད་ལོག་པ་དང་ཡིད་དུ་འོང་བའི་གྲོགས་ཀྱིས་གཏམ་སྙན་སྨྲ་བ་རྣམས་ཕན་ནོ། །འཕྱེན་བཀག་པ་ལས་རྟུག་པ་སྐམ་ཞིང་འཕྱེན་ཏེ་འོག་རླུང་དང་བཤང་བ་འགག་པ་དང༌། སྐྲན་དང་སྦོས་ཤིང་གཟེར་བ་དང༌། མིག་རྟུལ་ཏེ་མི་མཐོང་བ་དང་ལུས་ཀྱི་དྲོད་ཆུང་ཞིང་སྙིང་ནད་བསྐྱེད་པར་འགྱུར་ཞིང༌། བཤང་བ་བཀག་པས་གྱེན་དུ་ལོག་སྟེ་ཁ་རུ་མི་གཙང་བ་དངོས་སུ་འབྱུང་བ་དང་ཀླད་པ་ན་ཞིང་རྐང་ལག་གི་ཉྭ་འགྱུར་བ་དང་ཆམ་པས་འདེབས་པ་དང༌། དེར་མ་ཟད་སྔར་འཕྱེན་བཀག་པ་ལས་འབྱུང་བར་བཤད་པའི་ནད་དུ་འགྱུར་ཞིང༌། གཅིན་བཀག་པ་ལས་ཀྱང་རྡེའུའི་ནད་དང་ཆུ་སོའི་ནད་སྲི་བ་སོགས་དང་ཕོ་མཚན་གྱི་ནད་དང་དཀུ་སྟེ་བརླའི་ནད་རྣམས་སུའང་སྔར་འཕྱེན་བཀག་པ་ལས་འབྱུང་བའི་ནད་འབྱུང་བས། དེ་རྣམས་བསལ་བའི་སྨན་འཇམ་པོའི་རེང་བུ་མས་ནས་བཏང་ཞིང་ལུས་ཆུ་ཚན་ནམ་བདུད་རྩི་ལྔའི་ལུམ་གྱིས་བཅིང་བ་དང༌། བསྐུ་བྱུག་དང་དུགས་དང་སྨན་མར་ལ་སོགས་པ་བསྟེན་པར་བྱའོ། །ཁུ་བ་བཀག་པ་ལས་ཀྱང་ཁུ་བ་དེ་ཉིད་འཛག་ཅིང་ཕོ་མཚན་ན་བ་དང༌། ཆུ་འགགས་ཤིང་རྡེའུ་འཕེལ་བ་དང་དབང་པོ་ལྡང་བར་མི་ནུས་པ་སོགས་མ་ནིང་དུ་འགྱུར་བས་དེ་ལ་ཡང་མས་བཏང་བ་དང་ལུས་བཅིང་བ་གོང་ལྟར་བྱས་ལ་བུད་མེད་ལ་སྤྱད་པར་བྱའོ། །དེ་བཞིན་དུ་ཏིལ་ལ་སོགས་པའི་འབྲུ་མར་དང༌། འོ་མ་དང་ཁྱིམ་བྱའི་ཤ་དང་ཆང་ཞིམ་པོ་རྣམས་བཏང་བས་ཕན་པར་འགྱུར་བ་ཡིན་ནོ།།

གསུམ་པ་མཇུག་བསྡུ་བ་ལ་གཉིས་ཏེ། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། ཤུགས་ནི་བཀག་དང་བཙིར་བ་ཡིས། །ནད་ནི་ཀུན་ཀྱང་འབྱུང་བར་འགྱུར། །ཤིན་ཏུ་མང་པོ་དེ་ཡི་ཕྱིར། །གསོ་དཔྱད་མང་པོ་འདི་བཤད་དོ། །དེ་ལ་ཕལ་ཆེར་རླུང་དུ་མ། །གང་ཕྱིར་འཁྲུག་པར་འགྱུར་བས་ན། །དེ་ཕྱིར་དེ་ཡི་ཟས་སྐོམ་སྨན། །མཉམ་པར་འགྱུར་བ་སྦྱར་བར་བྱ། །འདི་དང་གཞན་དུ་ཕན་འདོད་པ། །འདོད་ཆེན་ཕྲག་དོག་ཞེ་སྡང་དང༌། །སེར་སྣ་འདོད་ཆགས་པ་སོགས་ཤུགས། །རྟག་བཀག་དབང་པོ་ཐུལ་བར་བྱ། །དྲི་མ་རྣམས་ནི་སྦྱར་བའི་ཕྱིར། །ཇི་བཞིན་དུས་སུ་ནན་ཏན་བྱ། །དེ་ནི་ཤིན་ཏུ་བསགས་གྱུར་ན། །ཤས་ཆེར་འཁྲུག་པས་སྲོག་རྒྱུན་གཅོད། །གནོད་པ་སྨྱུང་དང་བཞུ་བྱས་པས། །བསལ་ཀྱང་སླར་ནི་ལྡང་སྲིད་ཀྱི། །གང་ཞིག་ལེགས་པར་སྦྱངས་པ་དག །དེ་ནི་སླར་ཡང་འབྱུང་མི་འགྱུར། །དུས་ཤེས་པ་ཡི་དེ་ཕན་ཆད། །རིམ་པ་བཞིན་དུ་ཅི་རིགས་པར། །བཅུད་ཀྱིས་ལེན་རྣམས་གྲུབ་པ་དང༌། །རོ་ཙའི་སྦྱོར་བ་སྦྱར་བར་བྱ། །སྨན་རྣམས་ཀྱིས་ནི་ལུས་སྦྱངས་ཕན། །ས་ལུ་དྲུག་ཅུ་བ་དང་གྲོ། །མུངྒ་ཤ་དང་མར་ལ་སོགས། །ཕན་པའི་ཟས་ཀྱིས་དེ་ལུས་བརྟ། །ཡིད་འོང་དྲོད་སྐྱེད་སྨན་སྦྱར་བ། །ཡི་ག་དབྱེ་ཞིང་འཇུ་བྱེད་དང༌། །བསྐུ་ཞིང་དྲིལ་ཕྱིས་ཁྲུས་བྱས་དང༌། །འཇམ་རྩི་དྲག་པོ་མས་གཏང་བྱ། །དེས་ནི་མེ་ཀུན་སྟོབས་ལྡན་ཞིང༌། །བློ་མདོག་དབང་པོ་དྲི་མ་མེད། །དེ་བཞིན་ཚེ་རིང་རོ་ཙ་དང༌། །དཔལ་དང་གཟི་མདངས་འཐོབ་པར་འགྱུར། །འབྱུང་པོ་དུག་དང་རླུང་དང་མེ། །མཚོན་རྨས་ཆག་གྲུམ་སོགས་འབྱུང་དང༌། །འདོད་ཆགས་ཞེ་སྡང་འཇིག་སོགས་གང༌། །དེ་ནི་གློ་བུར་ནད་ཅེས་བྱ། །ཤེས་རབ་ཉེས་པ་སྤང་བ་དང༌། །དབང་པོ་ཉེར་ཞི་དྲན་པ་དང༌། །ཡུལ་དུས་བདག་ཉིད་ཤེས་པ་དང༌། །དམ་པའི་སྤྱོད་པའི་རྗེས་འཇུག་པ། །ལྷན་ཅིག་སྐྱེས་དང་གློ་བུར་ནད། །མདོར་ན་མི་སྐྱེ་བའི་ཕྱིར་དང༌། །སྐྱེས་པ་ཞི་བར་བྱ་བའི་ཕྱིར། །ཆོ་ག་འདི་ནི་བསྟན་པ་ཡིན། །གྲང་བ་ལས་བྱུང་ཉེས་ཚོགས་དཔྱིད་ཀྱི་ཚེ། །རྣམ་བསལ་སོ་ག་ལས་བྱུང་དབྱར་དུས་ན། །དབྱར་བསགས་སྤྲིན་བྲལ་དུས་སུ་ལེགས་སྦྱངས་ན། །དུས་བྱུང་ནད་ནི་ནམ་ཡང་འབྱུང་མི་འགྱུར། །རྟག་ཏུ་ཕན་པའི་ཟས་དང་སྤྱོད་ལམ་བསྟེན། །བརྟགས་ཏེ་བྱེད་ཅིང་ཡུལ་རྣམས་ལ་མི་ཆགས། །གཏོང་ལྡན་སེམས་སྙོམས་བདེན་བརྩོན་བཟོད་དང་ལྡན། །ཉམས་ལྡན་བསྟེན་པར་བྱེད་ན་ནད་མེད་འགྱུར། །ཞེས་འགྲེལ་པ་དང་བཅས་པས་རྒྱས་པར་བཤད་པ་ལྟར་རྟོགས་པར་བྱའོ།།

གཉིས་པ་ཚིག་གི་དོན་ནི། དེ་ལྟར་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། བཤད་ཟིན་པ་དེ་ལྟར་བཀྲེས་སྐོམ་ལ་སོགས་པའི་ཤུགས་ནི་ཉེ་བར་བཀག་པ་དང་ཡང་ན་མི་འབྱུང་བཞིན་དུ་ནན་གྱིས་བཙིར་བ་དེ་འདྲ་བ་ཡིས་ནི་དངོས་སུ་སྨོས་པ་དེ་རྣམས་སུ་མ་ཟད་རིམས་ལ་སོགས་པའི་ནད་ཀུན་འབྱུང་བར་འགྱུར་ཞིང་འཕྲལ་ཁོ་ནར་ཡང་རླུང་འཁྲུགས་པར་འགྱུར་བ་དེའི་ཕྱིར་རླུང་དེའི་གཉེན་པོའི་ཟས་དང༌། སྨན་དང༌། སྐོམ་ལ་སོགས་པ་སྦྱར་བར་བྱའོ། །དེ་བཞིན་དུ་ནད་གང་ལའང་སྨྱུང་བར་གནས་པ་དང༌། ཞི་བྱེད་ཀྱི་སྦྱོར་བས་བཞུ་བ་བྱས་ཏེ་རེ་ཞིག་ནད་མེད་པར་གྱུར་ཀྱང༌། ནམ་ཞིག་ན་ནད་ཀྱི་རོ་མ་ལས་ལྡང་བར་འགྱུར་བ་སྲིད་པས་ན་ཐོག་མ་ཉིད་ནས་བཤལ་སྐྱུག་ལ་སོགས་པའི་སྦྱོང་བྱེད་ཀྱིས་རྩ་བ་ནས་ལེགས་པར་སྦྱངས་ན་སླར་མི་འབྱུང་བ་ཡིན་ལ། དེའི་ཕྱིར་དགུན་སྟོད་དང་དགུན་སྨད་ཀྱི་དུས་སུ་བསགས་པའི་བད་ཀན་གྲང་ནད་དེ་དཔྱིད་དུས་ལྡང་བར་འགྱུར་བ་དེའི་སྐབས་སུ་སྐྱུག་སྒོ་ནས་སྦྱང་བ་དང༌། སོ་ག་བསགས་པའི་རླུང་ནད་དབྱར་དུས་སུ་ལྡང་བའི་སྐབས་སུ་འཇམ་རྩི་ལ་སོགས་པས་སྦྱང་བ་དང༌། དབྱར་ཁ་བསགས་པའི་མཁྲིས་པ་སྟོན་དུས་སུ་ལྡང་བའི་སྐབས་སུ་བཤལ་གྱི་སྒོ་ནས་སྦྱང་བ་སྟེ། དེ་ལྟ་བུའི་སྒོ་ནས་ལེགས་པར་སྦྱངས་ན་ནད་རོ་རྩ་བ་ནས་ཐོན་ཏེ་ནད་མེད་པར་འགྱུར་བས་ན་ལོ་རེའི་དུས་སུ་སྤྱད་པར་བསྔགས་པ་ཡིན་ནོ། །དེ་ལྟར་ན་མི་གང་ཞིག་དུས་རྟག་ཏུ་རང་གི་ལུས་ལ་ཕན་པའི་ཟས་དང་སྤྱོད་ལམ་འཆད་འགྱུར་དང༌། བཤད་ཟིན་པའི་ཚུལ་དེ་རྣམས་ལ་ལེགས་པར་བརྟགས་ཤིང་བརྟགས་ཏེ། འདི་བྱས་ན་ནི་འདི་ལྟ་བུའི་འབྲས་བུ་འབྱུང་ཞིང༌། འདི་བྱས་ན་ནི་འདི་ལྟ་བུ་རྫོགས་ཤིང་མཐར་ཕྱིན་པར་མི་འགྱུར་རོ། །ཞེས་ཤེས་པར་བྱས་ནས་སྤང་བླང་བྱེད་པ་དང༌། རང་གི་བློས་དེ་ལྟར་བརྟག་པར་མ་ནུས་ན། གསོ་བ་རིག་པའི་ཚུལ་མ་ལུས་པ་ཁོང་དུ་ཆུད་པའི་མཁས་པ་ཉམས་དང་ལྡན་པ་བསྟེན་ཏེ། དེས་ཇི་ལྟར་སྨྲས་པ་བཞིན་བྱེད་པ་དེ་དག་ལ་ནི་ནད་ཅི་ཡང་མི་འབྱུང་བ་ཡིན་ནོ། །དེ་བས་ན་ནད་ཀུན་གློ་བུར་དུ་མི་སྐྱེ་བར་བྱ་བའི་ཕྱིར་དང༌། གལ་ཏེ་སྐྱེས་པ་རྣམས་ཀྱང་ཉེ་བར་ཞི་བར་བྱ་བའི་ཕྱིར་དུ་གནས་སྐབས་ཀྱི་སྤྱོད་པ་ཉེ་བར་སྤྱད་པར་བྱ་བའི་ཆོ་ག་འདི་ཉིད་མཆོག་ཏུ་བསྔགས་པ་ཡིན་པས་དྲན་ཤེས་བཞིན་དུ་ཉམས་སུ་ལོངས་ཤིག་ཅེས་གསུངས་སོ་ཞེས་པའི་དོན་ཏོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་གནས་སྐབས་ཀྱི་སྤྱོད་ལམ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ་ཞེས་པ་སྟེ་གནས་བཞི་པ་བྱ་བ་སྤྱོད་ལམ་གྱི་གནས་ལེགས་པར་བཤད་ཟིན་ཏོ།།

འདིར་ཡང་སྨྲས་པ། དགེ་ལེགས་པད་ཚལ་མ་ལུས་པ། །རྒྱས་བྱེད་སྤྱོད་ལམ་རྟ་ལྗང་ཅན། །བཀྲལ་བའི་ཚ་ཟེར་འདི་མེད་ན། །སེམས་ཀྱི་རྐང་དྲུག་ཇི་ལྟར་བྱ། །དེ་ཕྱིར་ཚེ་དང་བདེ་འདོད་ཤེས་ལྡན་ངང་པའི་ཚོགས། །ལེགས་པར་བཤད་པའི་ཆུ་གཏེར་ཆེན་པོ་འདིར་ཞུགས་ལ། །ཕན་གནོད་ཆུ་དང་འོ་མའི་སྤང་བླང་མ་ནོར་བས། །གཙུག་ལག་གཉིས་ཀའི་ལྷ་ལམ་ཡངས་པོར་གར་གྱིས་ཤིག །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 4:31 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།