སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅོ་ལྔ་པ། སྐྱུགས་ཀྱི་སྦྱོར་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023
ཕྱི་མ་རྒྱུད། >> ལེའུ་བཅོ་ལྔ་པ། སྐྱུགས་ཀྱི་སྦྱོར་བ།



ལེའུ་བཅོ་ལྔ་པ། སྐྱུགས་ཀྱི་སྦྱོར་བ། 

སྦྱོང་བྱེད་ལས་ལྔའི་དང་པོ་བཤལ་གྱི་སྦྱོར་བ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ཞེས་གདམས་ཏེ། སྦྱོང་བྱེད་ལས་ལྔའི་ནང་ནས་སྐྱུགས་ཀྱི་ལས་ལ་སྔོན་འགྲོ་དང༌། དངོས་གཞི་དང༌། ཕྱི་རྗེས་བཅད་པ་དང་ཕན་ཡོན་བསྟན་པ་རྣམ་པ་བཞིར་ཡོད་དེ།

དེ་ཡང་ཡན་ལག་བརྒྱད་པ་ལས། བད་ཀན་ནད་ལྡན་འདྲེས་པ་ཡིས། །བད་ཀན་རྒྱས་ལ་སྐྱུགས་སྨན་བཏང༌། །དེ་བཞིན་མཁྲིས་པ་བཀྲུ་སྨན་བྱ། །རིམས་གསར་ཚད་འཁྲུ་ཐུར་དུ་ནི། །མཁྲིས་པ་ཁྲག་འཁྲུ་གློ་གཅོང་དང༌། །མཛེ་དང་གཅིན་ནད་འབྲུམ་ཐོར་བུ། །རྐང་བམ་མི་དྲན་ལུད་པ་ཅན། །དབུགས་མི་བདེ་ཞིང་འཕར་འབྲས་མཆེད། །ནུ་མའི་ནད་དང་རོ་སྟོད་ནད། །ཁྱད་པར་དུ་ནི་སྐྱུགས་སྨན་བཏང༌། །སྐྱུགས་སྨན་མི་བཏང་སྦྲུམ་ཁོང་རྩུབ། །བཀྲེས་དང་རྟག་ཏུ་སྡུག་བསྔལ་བ། །བྱིས་པ་རྒན་སྐེམ་སྦོམ་སྙིང་ན། །གློ་སྐམ་སྨས་དང་ཉམ་ཆུང་དང༌། །རྟག་ཏུ་སློན་དང་མཆེར་པ་ན། །རབ་རིབ་ལྟོ་ན་སྲིན་བུ་ཡོད། །རླུང་ཁྲག་འདྲེས་མང་གྱེན་དུ་འབྱུང༌། །སོ་ན་མས་བཏང་སྐད་འཛེར་དང༌། །གཅིན་སྲི་དམུ་རྫིང་སྐྲན་ཅན་དང༌། །སློན་དཀའ་དྲོད་ཆེ་གཞང་འབྲུམ་ཅན། །རྟུག་སྐམ་མགོ་འཁོར་རྩིབ་ལོགས་སྲ། །རྩིབ་ལོགས་ཟུག་དང་རླུང་ཅན་ནོ། །དེ་དག་དུག་འཐུངས་མ་ཞུ་དང༌། །མི་འཕྲོད་ཟས་ཟོས་མ་རྟོགས་སོ། །རྟག་ཏུ་སློན་པ་ཡན་ཆད་དང༌། །ཕལ་ཆེར་མ་ཞུའི་རིམས་དག་དང༌། །མ་ཞུ་བ་ནི་ཐམས་ཅད་ལ། །དུད་པས་དུག་པའི་ལས་ཀུན་སྤང༌། །ཞེས་གསུངས་པ་སོགས་ནས།

ལས་ལྔའི་ནང་ཚན་སྐྱུགས་ཀྱི་སྔོན་འགྲོ་ལ། ནད་གཞིའི་སྒོ་ནས་རུང་དང་མི་རུང་གི་བརྟག་པ་དང༌། སྦྱོར་བའི་སྔོན་འགྲོ་ཉེ་བ་དང་རིང་བ་རྣམ་པ་གཉིས་སུ་བྱ་དགོས་པ་དང་བཞི་ལས། མི་རུང་བ་ནི་ཟུངས་ཟད་པ། རླུང་ཤས་ཆེ་བ། དྲི་ཆུའི་རྒྱུ་བ་འགགས་པ། མིག་འགྲིབ་པ། སྲིན་ནད་ཅན། གཞང་འབྲུམ་ཡོད་པ། ཤ་དུག་རྒྱས་པ། ཧ་ཅང་རྒས་ཆེས་པ་དང༌། གཞོན་ཆེས་པ་གདོན་ཅན་རྣམས་ལ་སྤང་ཞིང༌། རུང་བ་ནི་མ་ཞུ་བ་དང༌། ལྷེན་སྐྲན་དང༌། ལྕགས་དྲེག་ཆགས་པ་དང༌། དུག་དང་གླང་ཐབས་དང༌། ཁྲག་མཁྲིས་ཕོ་བར་ལྷུང་བ། མགོ་ནད་ཅན་དང༌། དང་ག་འགགས་པ་དང༌། སྲིན་བུ་ཁ་ནང་དུ་སླེབ་ནས་ཁོང་དུ་ལྡོག་པ་རྣམས་ལ་བྱ་ཞིང༌། ཁྱད་པར་བད་ཀན་སྐྱ་སྨུག་གི་ནད་ཕོ་བར་ལྷུང་བ་ཀུན་ལ་སྐྱུགས་ཀྱིས་སྦྱང་བ་མཆོག་ཏུ་གྱུར་པ་ཡིན་ནོ། །

སྦྱོར་བའི་སྔོན་འགྲོ་ཉེ་བ་དང་རིང་བ་རྣམ་པ་གཉིས་ནི་གོང་དུ་བཤལ་གྱི་སྐབས་སུ་རྒྱས་པར་བཤད་པ་དང་མཐུན་པས་དེ་ཉིད་དུ་རྟོག་པ་དང༌། འོན་ཀྱང་འཕྲལ་དུ་མ་ཞུ་བ་དང༌། མི་འཕྲོད་པ་ཟོས་པ་དང༌། བད་མཁྲིས་རྒྱས་པ་དང༌། ཕོ་བ་སྟེ་མ་ཞུ་བའི་གནས་སུ་འདུས་པ་དང༌། རྒྱུན་དུ་ལྟོ་སྣུམ་པ་སོགས་ལ་སྔོན་འགྲོ་བྱ་མི་དགོས་སོ། །

དངོས་གཞི་འདི་ལ་ཡན་ལག་བརྒྱད་པར། སྐྱུགས་སྨན་མཆོག་ནི་པོ་སོ་ཆ། །དུར་བྱིད་རྩ་བ་བཀྲུ་སྨན་མཆོག། གཞན་དག་ནད་ཀྱི་དབང་ལས་ནི། །ཁྱད་པར་དུ་ནི་གྱུར་པ་ཡི། །པོ་སོ་ཆ་དེ་མདོག་སྐྱ་ཞིང༌། །ཤིན་ཏུ་སྔོ་བའང་མ་ཡིན་པ། །ཉིན་ཞག་ཚེས་གྲངས་ཤིས་པ་ལ། །སོས་ཀ་དཔྱིད་ཀྱི་མཚམས་སུ་བཏུ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་དང་ཡང་བསྟུན་ཏེ། །དངོས་གཞིའི་ལས་ལ་འཇུག་པ་དེ་ལ་ནི། སྨན་སྦྱོར་བ་དང་བཏང་ཐབས་དང་ལྕག་དང་འདོན་ཚད་དང་ལོག་པ་གནོན་པ་དང་རྣམ་པ་ལྔ་རུ་བཤད་པས།

དང་པོ་སྨན་སྦྱོར་ལ་ཡང་གཙོ་བོ་དང་ཁ་འཛིན་གཉིས་སུ་ཡོད་དེ། གཙོ་བོ་ནི་རི་ཤོ་ཞེས་པ་རིགས་ཆེ་ཆུང་གཉིས་གང་རུང་དང༌། སྤྱང་ཚེར་རིགས་དཀར་ནག་གཉིས་གང་རུང༌། དུར་བྱིད་དམར་པོ་བཟང་དཀར་པོ་ངན་པ་གང་གཏོང་ཡང་བྱེ་མ་ལ་སྐྱེས་པ་ཁ་འབུས་ཙམ་སོས་ཀའི་དུས་བརྐོས་པ་དང༌། ཤུ་དག་ནག་པོ་རྒྱམ་ཚྭ་པི་པི་ལིང་གསུམ་དང༌། ཁ་ཅིག་ཡུངས་ཀར་ཡང་སྡེབས་གསུངས་པས་དེ་ལྟར་སྦྱར་བའི་གཙོ་བོ་དེ་འཇམ་པོའི་སྐྱུགས་བྱེད་ན་ཁུ་བ་དང་སྦྱར་བའི་འཇམ་སྐྱུགས་ཀྱི་ཁ་བསྒྱུར་བཅས་པའི་སྦྱོར་བ་བརྒྱད། དྲག་པོ་བྱེད་ན་རིལ་བུར་དྲིལ་བ་དྲག་པོ་ཁ་བསྒྱུར་བཅས་པའི་སྦྱོར་བ་བརྒྱད་དེ་སྤྱིར་བཏང་བཅུ་དྲུག་ཏུ་འགྱུར་བར་ངེས་དགོས་ཤིང༌། དེ་ཡང་གཙོ་བོ་དེ་སྟེང་ལ་ཁ་འཛིན་ནམ་ཁ་བསྒྱུར་གྱི་སྦྱོར་བ་ནི། མ་ཞུ་བ་ལ་བཅའ་སྒ་བསྡེབ་པ་དང་དེ་བཞིན་དུ་རླུང་ལྡན་ལ་པོ་སོ་ཆ་ཞེས་པ་མི་རྒན་གྱི་རླིག་པ་ལྟ་བུ་དེ། མཁྲིས་ལྡན་ལ་གསེར་གྱི་ཕུད་བུ་དང༌། སྐྲན་ལ་དབྱི་མོང་དཀར་ནག་གང་རུང༌། དུག་ལ་བོང་ང་དཀར་པོ་དང༌། འབྲི་རྟ་ས་འཛིན་གྱིས་ནི་བྱང་ཁོག་རྣག་ཁྲག་འདྲེན་པར་བྱེད་པ་དང༌། གློའི་ནད་ལ་ཤིང་མངར་རྣམས་བསྡེབ་པར་བྱ་བ་སོགས་ལ་ནི་རིག་མདས་ཀྱང་བསྣུན་དགོས་སོ། །

དེ་དག་བཏང་བའི་ཚུལ་ནི་ནམ་ལངས་དུས་སུ་བཏང་ལ། དེའི་རྗེས་སུ་ཁ་ཆུ་གྲང་གིས་བཤལ་ལ་གཏམ་མི་སྨྲ་ཞིང་ལུས་མི་གྲང་པར་བྱ་ཕྱིར་གོས་དྲོ་བར་གྱོན་ནས་ཙོག་པུར་འདུག་པར་བྱ་ཞིང༌། ཐོག་མར་སྐྱུགས་ན་ལན་འགའི་བར་མར་མནན་ནས་ལྡོག་དགོས་ཏེ། དེ་ལྟར་བྱས་པས་ནད་ལ་བརྐོ་ཞེས་པས་འགོགས་པ་དང་མཚུངས་མིང་དུ་བཏགས་པ་དང༌། འོན་ཀྱང་བརྐོས་དྲགས་ན་ཐུར་དུ་འཕྱུག་པའི་ཉེན་ཡོད་པས་ཚད་ནི་སྐྱུག་པ་ལོང་སློང་ལན་གསུམ་ཙམ་བྱུང་དུས་སུ་སྐྱུག་དགོས་ཏེ། དེ་ནས་མགོ་བོ་ཐུར་དུ་དཔྱངས་ལ་པུས་མོ་ཕོ་གསང་དུ་ལྟེམ་ཞིང་ཁ་བུབ་བྱས་ནས་སྐྱུགས་པ་སླ་ངར་བཟེད་ལ་ནད་ཀྱི་ཁ་དོག་ལ་བལྟ་དགོས་སོ། །

སྐྱུག་པ་དེའི་ལྕག་ཏུ་ནི་སྤྱང་ཚེར། རི་ཤོ། དུར་བྱིད་གསུམ་དུས་སུ་བརྐོས་པ་གདུས་པའི་ཁུ་བར་རྒྱམ་ཚྭ་ཤུ་དག་ནག་པོ་པི་པི་ལིང་དང་གསུམ་སྦྱར་བའི་ཐང་དེ། ཆུ་གཙང་མ་བསྐོལ་བ་ངད་ཡལ་ཙམ་དང་སྤེལ་གྱིན་བཏང་ཞིང༌། ཕུག་རོན་སོགས་གྱི་སྒྲོའམ་སོར་མོས་གྲེ་བ་མ་བསྣད་པར་བྱས་ལ་དྲངས་ཏེ་སྐྱུག་ཅིང༌། སྐྱུགས་པ་དྲག་ཞན་ནི་ལྕག་མང་ཉུང་མྱུར་བུལ་ལ་རག་ལུས་པས་ལུས་ཟུངས་ནད་སྟོབས་སོགས་དང་སྦྱར་ལ་ཐོན་པའི་ཚད་དང་ལྡན་པའི་བར་དུ་གདོན་དགོས་ཏེ།

འདོན་ཚད་ནི་སྐྱུགས་པ་འདོན་པའི་ཚད་ལ་གྲངས་དང་བུངས་དང་ཁ་དོག་གསུམ་དུ་ངེས་དགོས་པ་ལས། སྐྱུག་པའི་ནད་ལ་སྐྱུག་ཐེངས་གྲངས་ནི་ཐ་མ་བཞི་དང༌། འབྲིང་དྲུགརབ་བརྒྱད་ཙམ་དང༌། བུངས་ཚད་ཐ་མ་བྲེ་ཕྱེད། འབྲིང་གང་དང༌། རབ་བྲེ་དོ་ཡིན་ཞིང༌། སྟེ་ཞེས་པ་འོག་མ་འདྲེན་ཚིག་ནས། ཁ་དོག་ནི་ཐ་མ་བད་ཀན། འབྲིང་མཁྲིས་པ། རབ་ཆུའི་མདོག་ལྟ་བུ་དང༌། གསུམ་ནི་རིམ་པ་བཞིན་དུ་གདོན་ཚད་སོགས་ཐ་མ་འབྲིང་རབ་ཀྱི་ཚད་དུ་བཤད་ཅིང༌། འདི་ལ་སོགས་པར་བརྒྱད་པ་ཟླ་ཟེར་སོགས་ལས་གསུངས་པ་ནི། བཤལ་སྐྱུག་ཐུན་མོང་དུ་གསུངས་གཤིས་གོང་གི་ལེའུ་བཤད་ཚར་བས་དེ་དག་ཀྱང་ངེས་དགོས་ཤིང༌།

ལོག་གནོན་དགོས་པ་ནི། ཐོར་བུའི་རླུང་ལངས་པ་དང༌། མཁྲིས་པའི་ཁ་ཤོར་བ་དང༌། སྨུག་པོའི་མཚོ་རྡོལ་བ་དང༌། གློ་བའི་རྩ་ཁ་རྡོལ་བ། སྨན་གྱི་དངས་མ་མིག་ལ་བྲོས་པ་སོགས་ཐལ་དྲགས་པའམ་གཉེན་པོ་ལོག་སྐྱོན་ལྔར་འགྱུར་བ་ལས་ཐོར་བུའི་རླུང་གི་རྟགས་སུ་མགོ་ན་བ་དང༌། སྟོང་སྐྱུགས་བྱེད་ཅིང་ཤེས་པ་ཉོག་པ་སོགས་འབྱུང་བས་དེ་ལྟར་བྱུང་ན་སྣུམ་གྱི་བསྐུ་མཉེ་བྱ་ཞིང༌། གསུར་དུད་བཏང་ལ་སྲེ་ལོང་གི་ཐང་གིས་བཟློག་ཅིང༌། མཁྲིས་པ་ཁ་ཤོར་ཏེ་སེར་པོར་སྐྱུག་ན་ཏིག་ཏ། གསེར་མེ། དུག་ཉུང༌། དོམ་མཁྲིས། རྩ་མཁྲིས་སོགས་ཀྱི་ཐང་བཏང་ཞིང༌། ཡང་ན་ཁ་ཆེ། དོམ་མཁྲིས། རྒྱ་ཚོས་གསུམ་ཐང་ངམ། ཡང་ན་དོམ་མཁྲིས། སེ་འབྲུ། གུར་ཀུམ་ཆ་མཉམ་གྱི་ཐང་དང༌། ཡང་ན་སྤྲུ་མ། མཁན་པ། སྐྱེར་པ་རམ་པ་རྣམས་ཀྱི་རྩ་བ། རྒྱ་ཚོས་བཅས་པའི་གྲང་ཐང་ལ་དོམ་མཁྲིས། ཁ་ཆེ། སྤྲུ་མའི་འབུ་ཁྲ་བོ་བྱུང་ན་རབ། གཞན་སྤྲུ་མ་གསུམ་གང་རྙེད། སྲན་མའི་མེ་ཏོག་རྣམས་ཆ་མཉམ་གྱི་ཕྱེ་མ་གཏོང་བར་བཞེད་པས་གང་འོས་དང༌། མཁྲིས་རྩ་གཤའ་རིངས་གཏར། སྨུག་པོའི་མཚོ་རྡོལ་བས་ཁྲག་མཁྲིས་དུད་ཁུ་སྐྱུགས་པ་ལ་ཆུ་བ། ཧ་བོ། ཞུ་མཁན་གསུམ་མམ། ཡང་ན་ཆུ་ལོ་ཆུ་རྡོ། རྨོས་ལྕགས་གསུམ་གྱིས་གྲང་དུགས་བྱ་བ་དང༌། ཤངས་ལུགས་ཆུ་ལོ་ཞུ་མཁན་གཉིས་ཆུར་སྦྱར་བསྲོས་པའི་དུགས་བྱེད་ཟེར། ཕྱེ་མ་འུ་སུ། གུར་ཀུམ། ཅུ་གང༌། དོམ་མཁྲིས། པུ་ཤེལ་ཙེ་རྣམས་ཆུ་གྲང་གིས་དབུལ་བའམ། མན་ངག་རྒྱུད་ཀྱི་རྒྱ་བཤལ་རྩ་དམར་སྐྱུག་དུས་གུར་ཀུམ་དང་ཞེས་པ་གང་འོས་ཀྱིས་བཅད་ལ། གློ་རྩ་འགྲམས་ནས་ཁྲག་ཏུ་སྐྱུགས་ན་ཤངས་ལུགས། དོམ་མཁྲིས། མཚལ། སྲན་མའི་མེ་ཏོགལྕུམ་རྩ་ཀ་ར་རྣམས་རྒྱ་ཚོས་གྲང་ཐང་དུ་སྦངས་པའི་ཁུ་བས་ཕུལ་ཏེ་གཏོང་བར་བཞེད་ཀྱང༌། བཙོད་དང་རྒྱ་སྐྱེགས་གདུས་ཁུར། གུར་ཀུམ། ཅུ་གང༌། ཤིང་མངར། ཤིང་ཚ། སྲན་མའི་མེ་ཏོགདོམ་མཁྲིས་རྣམས་བཏབ་ལ་བཏང་བ་དང༌། མན་ངག་རྒྱུད་ཀྱི་གློ་བ་ཆུ་ཤོར་གསོ་སྐབས་སུ། ཤིང་མངར་འདམ་བུ་ཀ་ར་ལི་ག་དུར། །ཅུ་གང་གུར་ཀུམ་དོམ་མཁྲིས་ཙན་དན་རྣམས། ཀ་ར་སྦྱར་བ་བཙོད་ཀྱི་ཁུ་བས་དབུལ། །ཞེས་དང༌། གོང་དུ་ལྡེ་གུའི་སྐབས། ཨ་རུ་རྒྱ་སྐྱེགས་བཙོད་དང་འབྲི་མོག་རྩི། །བསིལ་གསུམ་འདམ་བུ་ཤིང་མངར་ལི་ག་དུར། །ཀ་ར་མར་གསར་སྦྲང་གི་ལྡེ་གུ་ཡིས། །ལུད་པ་ཤེ་རུལ་སྣ་ཁྲག་གློ་རྡོལ་སེལ། །ཞེས་སོགས་བཤད་པའི་སྨན་གྱིས་རྩ་ཁ་བསྡམ་མོ། །དྭངས་མ་མིག་ལ་བྲོས་པས་མགོ་ན་བ་དང༌། མིག་དམར་པོར་སོང་ན་སྣ་རྩེ་དང་དཔྲལ་རྩ་གཏར་ཞིང་ཆུ་ལྕག་བྱའོ། །

བཅད་རན་ནས་ཕྱི་རྗེས་ཀྱི་ཆོ་ག་རྣམས་ནི་བཤལ་དང་མཐུན་པ་ལས་སྒེར་དུ་མ་གསུངས། འོན་ཀྱང་ཟས་དང་སྤྱོད་ལམ་ནི་བཤལ་དེ་བས་འདིར་ལྷོད་པ་བྱས་པས་ཆོག་ཅིང༌། རྗེས་སུ་གུ་གུལ་ནག་པོ་དང༌། གླ་སྒང་མར་གསར་ལ་སྦྱར་བའི་དུ་བས་བདུག་པ་དང༌། སྨན་རོ་སྦྱོང་བའི་ཕྱིར་རྒྱམ་ཚྭ་བཏབ་པའི་ཆུ་བསྐོལ་བཏུང་བར་བྱའོ། །

དེ་ལྟར་བཤད་པའི་སྐྱུགས་ལེགས་ན་དབང་པོ་གསལ་ཞིང་ལུས་ཡང་ལ་དང་ག་བདེ་བ་དང༌། ཁ་ནང་གི་དྲི་ཞིམ་ཞིང་མཆིལ་མ་དང་སྣབས་དང་ལུད་པ་རྣམས་དག་པར་འགྱུར་རོ་ཞེས་གསུངས་སོ། །

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་སྦྱོང་བྱེད་ལས་ལྔའི་ནང་ཚན་གཉིས་པ་སྐྱུགས་ཀྱི་སྦྱོར་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།


མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 3:20 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།