སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅོ་ལྔ་པ། སྐྱུགས་ཀྱི་སྦྱོར་བ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.09.2011
ཕྱི་མ་རྒྱུད། >> ལེའུ་བཅོ་ལྔ་པ། སྐྱུགས་ཀྱི་སྦྱོར་བ་བཤད་པ།

བཅུ་གསུམ་པ་སྐྱུགས་ཀྱི་སྦྱོར་བ་ལ་གསུམ། ཉོན་ཅིག་པར་གདམས་པ། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། སྦྱོངས་བྱེད་ལས་ལྔའི་དང་པོ་བཤལ་གྱི་སྦྱོར་བ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས། ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ཞེས་གདམས་སོ། གཉིས་པ་ལ་གཉིས། མདོར་བསྟན་དང་རྒྱས་བཤད་དོ། །དང་པོ་ནི། ལས་ལྔ་སོགས་རྐང་པ་གཉིས་ཏེ། སྦྱོངས་བྱེད་ལས་ལྔའི་ནང་ནས་སྐྱུགས་ཀྱི་ལས་ལ་སྔོན་འགྲོ་དང༌། དངོས་གཞི་དང༌། ཕྱི་རྗེས་བཅད་པ་དང༌། ཕན་ཡོན་བསྟན་པ་རྣམ་པ་བཞིར་ཡོད་དོ་ཞེས་པའི་དོན་ཏོ།།

གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས་དང་པོ་ལ་སྤྱིའི་དོན་ཚིག་གི་དོན་གཉིས་ཀྱི་དང་པོ་ནི། སྤྱིར་བརྒྱད་པ་ཟླ་ཟེར་དང་བཅས་པར། སྐྱུག་སྨན་དང་བཀྲུ་སྨན་ལྷན་དུ་གསུངས་པས་གོང་དུ་བཤད་མོད་ཀྱང༌། ཡན་ལག་བརྒྱད་པ་ལས། བད་ཀན་ནད་ལྡན་འདྲེས་པ་ཡི། །བད་ཀན་རྒྱས་ལ་སྐྱུགས་སྨན་བཏང༌། །དེ་བཞིན་མཁྲིས་པ་བཀྲུ་སྨན་བྱ། །རིམས་གསར་ཚད་འཁྲུ་ཐུར་དུ་ནི། །མཁྲིས་པ་ཁྲག་འཁྲུ་གློ་གཅོང་དང༌། །མཛེ་དང་གཅིན་དང་འབྲུམ་ཐོར་བུ། །རྐང་བམ་མི་དྲན་ལུད་པ་ཅན། །དབུགས་མི་བདེ་ཞིང་འཕར་འབྲས་མཆེད། །ནུ་མའི་ནད་དང་རོ་སྟོད་ནད། །ཁྱད་པར་དུ་ནི་སྐྱུགས་སྨན་བཏང༌། །སྐྱུགས་སྨན་མི་བཏང་སྦྲུམ་ཁོང་རྩུབ། །བཀྲེས་དང་རྟག་ཏུ་སྡུག་བསྔལ་བ། །བྱིས་པ་རྒན་སྐེམ་སྦོམ་སྙིང་ན། །གློ་སྐམ་སྨས་དང་ཉམ་ཆུང་དང༌། །རྟག་ཏུ་རློན་དང་མཆེར་པ་ན། །རབ་རིབ་ལྟོ་ན་སྲིན་བུ་ཡོད། །རླུང་ཁྲག་འདྲེས་མ་གྱེན་དུ་འབྱུང༌། །སོ་ན་མས་བཏང་སྐད་འཛེར་དང༌། །གཅིན་སྲི་དམུ་རྫིང་སྐྲན་ཅན་དང༌། །རློན་དཀའ་དྲོད་ཆེ་གཞང་འབྲུམ་ཅན། །རྟུག་སྐམ་མགོ་འཁོར་རྩིབ་ལོགས་སྲ། །རྩིབ་ལོགས་ཟུག་དང་རླུང་ཅན་ནོ། །དེ་དག་དུག་འཐུངས་མ་ཞུ་དང༌། །མི་འཕྲོད་ཟས་ཟོས་མ་གཏོགས་སོ། །རྟག་ཏུ་རློན་པ་ཡན་ཆད་དང༌། །ཕལ་ཆེར་མ་ཞུའི་རིམས་དག་དང༌། །མ་ཞུ་བ་ནི་ཐམས་ཅད་ལ། །དུད་པས་བདུགས་པར་ལས་ཀུན་སྤང༌། །ཞེས་གསུངས་སོ། །གཉིས་པ་ཚིག་གི་དོན་ནི། སྔོན་འགྲོ་ཞེས་པ་ནས་བྱ་མི་དགོས་ཞེས་པའི་བར་ཚིགས་བཅད་གསུམ་དང་རྐང་པ་གཅིག་གིས་བསྟན་ཏེ། ལས་ལྔའི་ནང་ཚན་སྐྱུགས་ཀྱི་སྔོན་འགྲོ་ལ་ནད་གཞི་རུང་དང་མི་རུང་གི་བརྟག་པ་དང༌། སྦྱོར་བའི་སྔོན་འགྲོ་ཉེ་བ་དང་རིང་བ་རྣམ་པ་གཉིས་སུ་ཡོད་ལ། དེ་ཡང་སྐྱུགས་མི་རུང་བ་ནི་ཟུངས་ཟད་པ། རླུང་ཤས་ཆེ་བ། དྲི་ཆུ་རྒྱུན་དུ་འགག་པ། མིག་འགྲིབ་པ། སྲིན་ནད་ཅན། གཞང་འབྲུམ་ཡོད་པ། ཤ་དུག་རྒྱས་པ། ཧ་ཅང་རྒན་ཆེས་པ་དང་གཞོན་ཆེས་པ། གདོན་ཅན་རྣམས་ལ་སྤང་ཞིང༌། རུང་བ་ནི་མ་ཞུ་བ་དང༌། ལྷེན། སྐྲན། ལྕགས་དྲེག་ཆགས་པ། དུག  གླང་ཐབས། ཁྲག་མཁྲིས་ཕོ་བར་ལྷུང་བ། མགོ་ནད་ཅན། དང་ག་འགགས་པ། སྲིན་བུ་ཁ་ནང་དུ་སླེབ་ནས་ཁོང་དུ་ལྡོག་པ་རྣམས་ལ་བྱ་ཞིང༌། ཁྱད་པར་བད་ཀན་སྐྱ་སྨུག་གི་ནད་ཕོ་བར་ལྷུང་བ་ཀུན་ལ་སྐྱུགས་ཀྱིས་སྦྱང་བ་མཆོག་ཏུ་གྱུར་བ་ཡིན་ལ། སྦྱོང་བའི་སྔོན་འགྲོ་ཉེ་བ་དང་རིང་བ་རྣམས་བཤལ་དང་མཐུན་ཞིང་འོན་ཀྱང་འཕྲལ་དུ་མ་ཞུ་བ། མི་འཕྲོད་པ་ཟོས་པ། བད་མཁྲིས་རྒྱས་པ། ནད་མ་ཞུ་བའི་གནས་ཕོ་བར་ལུས་པ་རྒྱུན་དུ་ལྟོ་སྣུམ་པ་སོགས་ལ་སྔོན་འགྲོ་བྱ་མི་དགོས་སོ་ཞེས་པའོ།།

        གཉིས་པ་དངོས་གཞི་ལ་སྤྱིའི་དོན་དང་ཚིག་གི་དོན་གཉིས་ཀྱི་དང་པོ་ནི། ཡན་ལག་བརྒྱད་པར། སྐྱུགས་སྨན་མཆོག་ནི་པོ་སོན་ཆ། །དུར་བྱིད་རྩ་བ་བཀྲུ་སྨན་མཆོག །གཞན་དག་ནད་ཀྱི་དབང་ལས་ནི། །ཁྱད་པར་དུ་ནི་གྱུར་པ་ཡིན། །པོ་སོན་ཆ་དེ་མདོག་སྐྱ་ཞིང༌། །ཤུན་ཏུ་སྔོ་བའམ་མ་ཡིན་པ། །ཉིན་ཞག་ཚེས་གྲངས་ཤིས་པ་ལ། །སོ་ག་དཔྱིད་ཀྱི་མཚམས་སུ་བཏུ། །ཕྱིས་ནས་འཇག་མའི་སྣོད་དུ་ནི། །བཅུག་སྟེ་བཅིངས་ལ་བ་ལང་གི །གཅི་བས་སྣོད་དེ་བྱུགས་ནས་ནི། །འབྲུ་ཡི་ནང་དུ་བཞག་པར་བྱ། །འཇག་མས་དཀྲིས་པ་འཇམ་པ་དང༌། །སྦྲང་རྩི་ལྟ་བུར་དྲི་ཞིམ་ལ། །ཞག་བརྒྱད་འདས་པར་གྱུར་པ་དང༌། །ཕྱུང་སྟེ་དེ་ནི་ཉི་མར་སྐེམ། །དེ་འོག་ལེགས་པར་བསྐམས་པ་དང༌། །ནང་གི་འབྲས་བུ་ཕྱུངས་ནས་ནི། །ཞོ་དང་ཞོ་ཁ་ཆུ་མར་གྱི། །ལྡེ་གུར་མཉེས་ལ་སླར་ཡང་བསྐམ། །དེ་ནས་ལེགས་པར་སྦས་ཏེ་བཞག །དགོས་པའི་དུས་སུ་སྦྱར་བར་བྱ། །དེ་ནས་དེ་ལས་ཚད་ཙམ་དུ། །བླངས་ནས་ཆམ་ཆོམ་བརྡུངས་ནས་ནི། །ཤིང་མངར་གོ་བྱེ་ཕྱིད་རིའམ། །བིལ་པ་ལྕང་མ་ཤེས་སྨན་ཏེ། །པུ་ཏི་ཨ་བྲ་མརྒ་དང༌། །ཨརྒ་གང་ཡང་རུང་བ་ནི། །བསྐོལ་བའི་ཆུ་ཡི་ནང་དུ་ནི། །ནུབ་གཅིག་ལེགས་པར་སྦང་བར་བྱ། །དེ་ནས་སྨན་གྱི་ཁུ་བ་དེ། །མཉེས་ཤིང་བཙགས་ལ་ནང་པར་ནི། །མདོ་ནས་བསྟན་པའི་ཆོ་ག་བཞིན། །ལེགས་པར་བླུད་ལ་སྐྱུག་ཏུ་གཞུག །བད་ཀན་ལས་གྱུར་རིམས་ཆམ་པ། །སྐྲན་དང་ཁོང་འབྲས་རྣམས་ལ་ནི། །ཇི་སྲིད་མཁྲིས་པ་སྣང་གི་བར། །ཁྱད་པར་དུ་ནི་སྐྱུག་ཏུ་གཞུག །པོ་སོན་ཆ་ཡི་འབྲས་བུ་ཡི། །ཕྱེ་མ་བསྐོལ་བའི་ཁུ་བར་ནི། །འབྲས་བུ་གསུམ་ཕྱེ་ཆ་གསུམ་བཏབ། །ཀོ་བི་ད་ར་སོགས་ཁུར་བཅས། །བླུད་ན་རིམས་དང་དམུ་རྫིང་དང༌། །རྨེན་བུ་འབྲས་དང་འབྲུམ་ཆེན་དང༌། །གཏུན་འདྲའི་རླུང་ནད་སེལ་བར་བྱེད། །མཁྲིས་པ་བད་ཀན་གནས་ཞུགས་ལ། །ཛི་མུ་ཏ་སོགས་ཁུ་བར་བླུད། །སྙིང་ཚ་ཁྲག་མཁྲིས་དག་ལ་ནི། །དེ་འབྲས་འོ་མར་བསྐོལ་བ་ཡི། །འོ་ཐུག་བཅས་པ་བླུད་པར་བྱ། །བད་ཀན་ལས་གྱུར་རློན་བྲོ་བ། །ཆམ་པ་མུན་འཐིབས་བྱེད་པ་ལ། །དེ་བསྐོལ་འོ་མ་ལས་བྱུང་བའི། །ཞོ་ཡི་སྤྲིས་མའམ་ཞོ་བླུད་བྱ། །པོ་སོན་ཆ་སོགས་ལྡེ་གུ་དང༌། །བསྐོལ་བའི་འོ་མ་ལས་བྱུང་བའི། །མར་གསར་བད་ཀན་གྱིས་དྲོད་ཉམས། །ལུད་སྐམས་པ་ལ་སྐྱུགས་སྨན་བྱ། །པོ་སོན་ཆ་ཡི་ཁུ་བ་ནི། །བསེ་ཤིང་ཆོ་གས་བཙགས་ནས་ནི། །གཟར་བུར་ཆགས་པའི་བར་དུ་བསྐོལ། །བྱིན་ལ་བདེ་བར་སྐྱུག་ཏུ་གཞུག །ལྡེ་གུ་དེའམ་དེ་ཁུ་བ། །བཟའ་དང་བཏུང་བར་སྦྱར་ཏེ་བཏང༌། །པོ་སོན་ཆ་ཡི་འབྲས་བུའི་ཁུ། །དུག་མོ་ཉུང་སོགས་སྡེ་ཚན་བཏབ། །ནིམ་པ་ཨརྒ་གང་ཡང་རུང༌། །བསྐོལ་བའི་ཁུ་བར་བཅས་པ་ནི། །བླུད་ན་ཉམས་བརྟས་ལས་བྱུང་ནད། །གཏིང་ཟུག་ཀུན་ཀྱང་སེལ་བར་བྱེད། །པོ་སོན་ཆ་ཡི་མེ་ཏོག་ནི། །ཞིབ་བཏགས་འཕྲེང་བསྒོས་བསྣམས་ནས་ནི། །ཐུག་པ་ཤ་ཁུ་སོགས་ངོམས་བླུད། །སྐྱིད་དེ་བ་ནི་དེར་རློན་གཞུག །པོ་སོན་ཆ་ཡི་མེ་ཏོག་དང༌། །འབྲས་བུ་གཞོན་ནུ་དེ་བཞིན་སྦྱར། །ཛི་མུ་ཏ་སོགས་དེ་དང་འདྲ། །ཛི་མུ་ཏ་ནི་ཁྱད་པར་དུ། །རིམས་དང་ལུད་པ་དབུགས་མི་བདེ། །སྐྱིགས་བུ་ལ་སོགས་ནད་ལ་བཏང༌། །འདི་ཡི་མེ་ཏོག་འོ་མར་བཅོས། །འབྲས་བུ་སྨིན་པ་འོ་ཐུག་བཅས། །སྤུ་བཅས་འོ་མའི་སྤྲིས་མར་སྦྱར། །སྐྱ་བའམ་སྔོར་གྱུར་འོ་མར་བཅུག །ཞོ་ནི་སྐྱུར་པོར་གྱུར་པའམ། །མནན་པའི་ཆང་གི་དངྭས་མར་ནི། །མཉེས་ཏེ་ཞུ་བར་གྱུར་པ་བླུད། །བད་ཀན་ལུད་པ་ཡི་ག་འཆུས། །སྐྱ་རྦབ་གཅོང་ཆེན་ནད་ལ་བཏང༌། །ཀུ་པ་ཀོ་ཤ་ཏ་ཀི་ཡང༌། །སྦྱོར་བའི་ཆོ་ག་འདི་ཉིད་བྱ། །སྨིན་ཞིང་སྐམས་པར་གྱུར་པ་ཡི། །ཛི་མུ་ཏ་ཡི་འབྲས་བུ་དག །ཕྱེ་མ་སྲང་ཕྱེད་འོ་མར་བསྲེས། །རླུང་མཁྲིས་ནད་ཀྱིས་ཉེན་ལ་བླུད། །ཛི་མུ་ཏ་འབྲས་གཉིས་སམ་གསུམ། །བརྡུངས་པ་པ་ཏོའི་ཁུ་བའམ། །དོང་ག་ལ་སོགས་དགུ་པ་ནི། །གང་ཡང་རུང་བ་ལ་སྦངས་ཏེ། །མཉེས་ལ་བཙགས་པར་གྱུར་པ་དག །བད་ཀན་མཁྲིས་རིམས་ཅན་ལ་བླུད། །ཛི་མུ་ཏའི་ཕྱེའམ་ལྡེ་གུ་ནི། །ཆུ་གྲང་དང་ནི་སྦྱར་བ་དག །མཁྲིས་རིམས་ཅན་བླུད་བད་ཀན་དང༌། །རླུང་འདྲེས་རིམས་ལ་ཆུ་དྲོན་སྦྱར། །ལུད་པ་དབུགས་མི་བདེ་དང་དུག །རློན་རིམས་བད་ཀན་གྱིས་ཉེན་དང༌། །མུན་འཐིབས་བྱེད་པའི་ནད་ལྡན་ལ། །ཀུ་བ་ཁ་བོའི་སྐྱུགས་སྨན་བསྔགས། །དེ་ནི་མེ་ཏོག་འབྲས་བུ་མེད། །མྱུ་གུ་གཞོན་ནུ་འོ་མར་བཙོས། །བད་ཀན་མཁྲིས་པ་ལས་གྱུར་རིམས། །མཁྲིས་པ་ཤས་ཆེར་གྱུར་ལ་བླུད། །འབྲས་བུ་སྨིན་པའི་ནང་གི་ནི། །འབྲས་བུ་ཕྱུང་སྟེ་འོ་མར་བཅུག །ཞོར་གྱུར་ལུད་པ་དབུགས་མི་བདེ། །བླུད་དེ་རློན་དུ་གཞུག་པར་བྱ། །འབྲས་བུའི་ནང་མ་ཞོ་ཁ་ཆུ། །མཛེ་དུག་སྐྱ་རྦབ་ཉིད་ལ་བླུད། །དེ་དང་དར་བ་བསྐོལ་བ་ནི། རྒྱམ་ཚྭ་སྦྲང་རྩིར་བཅས་པ་བླུད། །ཡང་ན་དེ་ཡི་ས་བོན་ནི། །ར་ཡི་འོ་མར་བཅས་པ་དག །དུག་སྐྲན་དམུ་རྫིང་རྨེན་བུ་དང༌། །འབྲས་དང་རྐང་འབམ་ནད་ལ་བླུད། །བད་ཀན་ལས་གྱུར་ལུད་པ་རིམས། །ལྐོག་མའི་ནད་དང་མ་ཞུ་ལ། །ཀུ་བ་ཁ་བོའི་ཁུ་བ་ནི། །ཕྱེ་དང་སྦྱར་བའི་སྐྱོ་མ་བླུད། །སྐྲན་དང་རིམས་རྙིང་བྱིང་བ་ལ། །ལྡེ་གུ་ཤ་ཁུར་སྦྱར་བླུད་ན། །ལེགས་པར་ཁོ་ནར་རློན་གྱུར་ཅིང༌། །ཉམ་ཆུང་བར་ཡང་འགྱུར་མ་ཡིན། །ཀུ་བ་ཁ་བོའི་མེ་ཏོག་དང༌། །འབྲས་བུའི་ཕྱེ་མས་བསྒོས་པ་ཡི། །མེ་ཏོག་འཕྲེང་བས་བསྣམ་པ་ནི། །སྐྱིད་དེ་བ་ཡི་སྐྱུག་སྨན་ཡིན། །སྐྲན་ལུད་དམུ་རྫིང་ལྐོག་མའི་ནད། །བད་ཀན་གནས་ལ་བརྟེན་པའི་རླུང༌། །བད་ཀན་ཁ་དང་མགྲིན་པར་གནས། །བད་ཀན་འཕེལ་བར་གྱུར་པ་དག །བརྟན་ཅིང་དཀྱེལ་ནི་སྐྱེས་པ་ལ། །ཀོ་ཤ་ཏ་ཀའི་སྐྱུགས་སྨན་བསྔགས། །འཚོ་བྱེད་ཉེའུ་ཤིང་ཟངས་རྩི་བ། །ཁ་སྲན་ཕྲེའུ་ར་མཉེ་གཉིས། །ཤྲི་བ་དང་ནི་མེ་ད་དང༌། །མཧཱ་མེ་ད་མ་དྷཱུ་ལི། །འདི་དག་རེ་རེའི་ཕྱེ་མ་དང༌། །ཀོ་ཤ་ཏ་ཀའི་ཕྱེ་མར་བཅས། །སྦྲང་རྩི་ཁ་རར་སྦྱར་བ་ནི། །ལུད་པ་སྙིང་ནི་ཚ་ལ་བསྔགས། །དེ་རྗེས་ཆུ་དྲོན་བླུད་པ་ནི། །བད་ཀན་མཁྲིས་ཚད་ལྡན་ལ་བསྔགས། །འུ་སུ་གཡེར་མའི་ཁུ་བ་དང༌། །དེ་ཡི་ཁུ་བས་དུག་འཇོམས་སོ། །བིམ་བ་ཀ་པ་མར་དའམ། །བ་སྤྲུ་བ་ཡི་ཁུ་བར་ནི། །ར་ཛ་ཀོ་ཤ་ཏ་ཀ་ཡི། །རྡོག་པོ་གཅིག་གམ་གཉིས་མཉེས་པའི། །དངྭས་མ་སྙིང་གི་ནད་ལ་བླུད། །དེ་བསྐོལ་འོ་མ་ལས་བྱུང་མར། པོ་སོན་ཆ་སོགས་བསྐོལ་བ་བླུད། །ཀོ་ཤ་ཏ་སོགས་ཁ་དང་ཚ། །མཛེ་དང་སྐྱ་རྦབ་མཆེར་པའི་ནད། །འོར་ནད་སྐྲངས་ནད་སྦྱར་དུག་སོགས། །གཏིང་ཟུག་པ་ལ་བསྔགས་པ་ཡིན། །པོ་སོན་ཆ་སོགས་དྲུག་སོ་སོར། །བསྐོལ་བ་ཡི་ནི་རླན་ཅན་ཤ། །ཀོ་ཤ་ཏ་ཀ་ཆ་མཉམ་བསྐོལ། །ཁུ་བ་རྒྱམ་ཚྭར་བཅས་པ་བླུད། །པོ་སོན་ཆ་སོགས་པི་པི་ལིང༌། །ཆ་མཉམས་ཀོ་ཤ་ཏ་ཀར་སྦྱར། །ཡང་ན་ཀོ་ཤ་ཏ་ཀ་ཡི། །ཁུ་བ་བུ་རམ་ཤིང་ཁུ་བླུད། །དུག་མོ་ཉུང་ནི་སྐྱིད་དེ་བ། །བད་ཀན་མཁྲིས་པ་ཁྲག་བཅས་དང༌། །རིམས་དང་ཤུ་བ་སྙིང་ནད་དང༌། །དྲེག་ནད་ཀྱིས་འཐེང་མཛེ་ལ་བསྔགས། །དུག་མོ་ཉུང་གི་ས་བོན་དེ། །ཡུངས་ཀར་རམ་ནི་མ་དུ་ཀའི། །བསྐོལ་བ་ཆུ་འམ་རྒྱམ་ཚྭའི་ཆུ། །ཡང་ན་ཀྲི་བ་རར་ལྡན་བླུད། །དེ་ཡི་ས་བོན་ཨརྒ་ཡི། །འོ་མར་ཞག་བདུན་སྦངས་པ་ནི། །པོ་སོན་ཆ་དང་ཛི་མོ་ར། །དུ་བ་ཁ་བོ་ཛི་ཝནྟི། །ཛི་བ་ཀ་ནི་བསྐོལ་བ་ཡི། །ཁུ་བ་གང་ཡང་རུང་བ་བླུད། །སྐྱུག་སྨན་གྱི་ནི་གཙོ་བོ་ཡི། །ཆོ་ག་ཕྱོགས་ཙམ་བཤད་པ་ཡིན། །བློ་དང་ལྡན་པས་ཚུལ་འདི་ཡིས། གཞན་ཡང་ཅི་རིགས་སྦྱར་བར་བྱ། །ཞེས་གསུངས་སོ།།

        གཉིས་པ་ཚིག་གི་དོན་ལ་གཉིས། མདོར་བསྟན་དང་རྒྱས་བཤད་གཉིས་ཀྱི་དང་པོ་ནི། དེ་ལྟར་སྐྱུགས་ཀྱི་ལས་དངོས་གཞི་དེ་ལ་ནི་སྨན་སྦྱོར་དང་བཏང་ཐབས། །ལྕག འདོན་ཚད། ལོག་གནོན་དང་རྣམ་པ་ལྔ་རུ་བཤད་པ་ཡིན་ནོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ་ལས་དང་པོ་སྨན་སྦྱོར་བཅུ་བཞི་བཤད་པ་ནི། དང་པོ་སོགས་ཚིགས་བཅད་གཉིས་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་དངོས་གཞི་སྐྱུགས་ཀྱི་རིམ་པའི་དང་པོ་སྨན་སྦྱོར་ལ་གཙོ་བོ་དང༌། ཁ་འཛིན་གཉིས་སུ་ཡོད་ཅིང༌། གཙོ་བོ་ནི་རི་ཤོ་ཞེས་པ་རིགས་ཆེ་ཆུང་གཉིས་ཏེ། རི་ཤོ་མ་ནུའི་སྡོང་པོ་འདྲ། །ཀླུངས་ཤོ་གངས་ཤོ་ལྷོ་གོག་འདྲ། །ཞེས་པ་གཉིས་ལས། ནུས་པ་མཚུངས། མིང་ལ་དཀར་པོ་ཡར་ཤོག དགེ་འདུན་སྐྱེས། གྱེན་དུ་འདྲེན་བྱེད་ཅེས་སོགས་སུ་གྲགས་པ་དེ་དང༌། སྦྱང་ཚེར་ལ་རིགས་དཀར་ནག་གཉིས། མིང་ཨེ་ན། བྱ་འདྲ་ཕག བྱ་ཏྲ་པད་ཅེས་གྲགས་པ་དང༌། དུར་བྱིད་གསུམ་ག་བྱེ་མ་ལ་སྐྱེས་པ་ཁ་འབུས་ཙམ་སོས་ཀའི་དུས་བརྐོས་པ་དང༌། ཤུ་དག་ནག་པོ། རྒྱམ་ཚྭ། པི་པི་ལིང་གསུམ་དང༌། ཁ་ཅིག་ཡུངས་ཀར་ཀྱང་སྡེབས་གསུངས་ཤིང༌། དེ་ལྟར་སྦྱར་བའི་གཙོ་བོ་དེ་འཇམ་པོའི་སྐྱུགས་བྱེད་ན། ཁུ་བ་དང༌། དྲག་པོ་བྱེད་ན་རིལ་བུར་དྲིལ་ལ་ཁ་འཛིན་ཁ་བསྒྱུར་གྱི་སྦྱོར་བ་ནི། མ་ཞུ་བ་ལ་བཅའ་སྒ་བསྡེབ་པ་དེ་བཞིན་དུ་རླུང་ལྡན་ལ་པོ་སོན་ཆ་ཞེས་པ་སྐྱུག་སྨན་གྱི་གཙོ་བོ་མི་རྒན་གྱི་རླིག་པ་ལྟ་བུ་དེ། མཁྲིས་ལྡན་ལ་གསེར་གྱི་ཕུད་བུ་ཞེས་ཆེ་ཆུང་གསེར་གྱི་མེ་ཏོག་ཙམ་ལ་ཁ་དོག་ནག་པོ། སྦུར་པ་བཅད་པ་འདྲ་བ་དེ། སྐྲན་ལ་དབྱི་མོང་དཀར་ནག་གང་རུང༌། དུག་ལ་བོང་ང་དཀར་པོ། བྱང་ཁོག་གི་རྣག་ཁྲག་འདྲེན་པར་འབྲི་ཏ་ས་འཛིན་ཞེས་པ། འབྲི་ཏ་ས་འཛིན་རྒྱུ་མ་འདྲ། །མདོ་མདོར་ས་ལ་འཛིན་ཅིང་འབྲེལ། །ཞེས་དང༌། བ་ཐག་དམར་པོས་རྩ་རྣམས་འཐུད་པར་བྱེད། །ཅེས་པས། སྐུད་པ་དམར་པོ་གྲོ་མའི་ཐག་པ་ལྟ་བུ་དེ་གློ་ཡི་ནད་ལ་ཤིང་མངར་རྣམས་བསྡེབས་པར་བྱ་བ་སོགས་ཡིན་པས། དེ་ཡང་འཇམ་པོའི་སྐྱུགས། རྩ་བ་རྣམས་ཀྱི་ཁུ་བ་དང་བསྡེབས་པའི་འཇམ་སྐྱུགས་བདུན་དང༌། དྲག་པོའི་སྦྱོར་བ་བདུན་ཏེ་བཅུ་བཞིའོ། །གཉིས་པ་བཏང་ཐབས་ནི། བཏང་ཚུལ་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཏེ། སྐྱུགས་དེ་བཏང་བའི་ཚུལ་ནི། ནམ་ལངས་དུས་སུ་བཏང་ལ་དེའི་རྗེས་སུ་ཁ་ཆུ་གྲང་གིས་བཤལ་ལ་གཏམ་མི་སྨྲ་ཞིང༌། ལུས་མི་གྲང་བར་བྱས་ཏེ་གོས་དྲོ་བར་གྱོན་པ་ཙོག་པུར་འདུག་བར་བྱ་ཞིང༌། ཐོག་མར་སྐྱུག་ན་ལན་འགའི་བར་མར་མནན་ཏེ་ལྡོག་པས་ནད་ལ་བརྐོ་ཞིང་ཡང་བརྐོས་དྲགས་ན་ཐུར་དུ་འཕྱུག་པའི་ཉེན་ཡོད་པས་ཚོན་ཟིན་པར་སྐྱུག་པ་སློང་དུས་སུ་སྐྱུག དེ་ནས་མགོ་བོ་ཐུར་དུ་བཅངས་ལ། པུས་མོ་ཕོ་གསང་དུ་གཏེམ་ཞིང་ཁ་བུག་བྱས་ནས་སྐྱུགས་པ་སླ་ངར་བཟེད་ལ་ནད་ཀྱི་ཁ་དོག་ལ་བལྟ་དགོས་སོ་ཞེས་པའོ། །གསུམ་པ་ལྕག་ནི། ལྕག་ཏུ་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཏེ། སྐྱུག་པ་དེའི་ལྕག་ཏུ། སྤྱང་ཚེར། རི་ཤོ། དུར་བྱིད་གསུམ་དུས་བརྐོས་བསྡུས་པའི་ཁུ་བར། རྒྱམ་ཚྭ། ཤུ་དག་ནག་པོ། པི་པི་ལིང་གསུམ་སྦྱར་བའི་ཐང་དང༌། ཆུ་གཙང་མ་སྐོལ་བ་ངད་ཡལ་ཙམ་གཉིས་སྤེལ་གྱིན་བཏང་ཞིང༌། ཕུག་རོན་སོགས་ཀྱི་སྒྲོའམ། སོར་མོས་གྲེ་བ་མ་སྣད་པར་བྱས་ལ་དྲངས་ཏེ་སྐྱུག་ཅིང༌། སྐྱུག་པ་དྲག་ཞན་ནི་ལྕག་ལ་རག་ལུས་པས་ལུས་ཟུངས་ནད་སྟོབས་དང་སྦྱར་ལ་ཐོན་པའི་ཚད་དང་ལྡན་པའི་བར་དུ་གདོན་ནོ་ཞེས་པའོ། །བཞི་པ་འདོན་ཚད་ནི། འདོན་ཚད་སོགས་ཚིགས་བཅད་གཅིག་སྟེ། སྐྱུག་པ་འདོན་པའི་ཚད་ལ་གྲངས། བུངས། ཁ་དོག་གསུམ་གྱིས་ཤེས་དགོས་པ་ལས་སྐྱུག་པའི་ནད་ལ་སྐྱུག་ཐེངས་གྲངས་ཐ་མ་བཞི་དང༌། འབྲིང་དྲུག །རབ་བརྒྱད་ཙམ་དང༌། བུངས་ཚད་ཐ་མ་བྲེ་ཕྱེད། འབྲིང་གང༌། རབ་བྲེ་དོ། ཁ་དོག་ཐ་མ་བད་ཀན། འབྲིང་མཁྲིས་པ། རབ་ཆུའི་མདོག་ལྟ་བུ་དང༌། གསུམ་ནི་རིམ་པ་བཞིན་དུ་གདོན་ཚད་ཐ་མ་འབྲིང་རབ་ཀྱི་ཚད་དུ་བཤད་པའོ།།

        ལྔ་པ་ལོག་གནོན་ནི། ལོག་གནོན་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། སྐྱུག་པའི་ལོག་གནོན་ལ། ཐོར་བུའི་རླུང་ལངས་པ་དང༌། མཁྲིས་པའི་ཁ་ཤོར་བ། སྨུག་པོའི་མཚོ་རྡོལ་བ། གློའི་རྩ་ཁ་རྡོལ་བ། སྨན་གྱི་དངྭས་མ་མིག་ལ་བྲོས་པ་སོགས་ཐལ་དྲགས་པའི་སྐྱོན་ལྔར་ཡོད་པའི་ཐོར་བུའི་རླུང་གི་རྟགས་སུ་མགོ་ན་བ་དང༌། སྟོང་སྐྱུགས་བྱེད་ཅིང་ཤེས་པ་ཉོག་པ་སོགས་བྱུང་ན་སྣུམ་གྱི་བསྐུ་མཉེ་བྱ། གསུར་དུད་བཏང་ལ་སྲེ་ལོང་གི་ཐང་གིས་བཟློག་ཅིང༌། མཁྲིས་པ་ཁ་ཤོར་ཏེ་སེར་པོར་བྱུག་ན། ཏིག་ཏ། གསེར་མེ། དུག་ཉུང༌། དོམ་མཁྲིས། རྩ་མཁྲིས་སོགས་ཀྱི་ཐང་གཏོང་ཞིང༌། ཡང་ན་ཁ་ཆེ། དོམ་མཁྲིས། རྒྱ་ཚོས་སུམ་ཐང་ངམ། ཡང་ན་དོམ་མཁྲིས། སེ་འབྲུ། གུར་གུམ་ཆ་མཉམ་གྱི་ཐང་དང༌། ཡང་ན་སྤྲུ་བ། འཁན་པ། སྐྱེར་པ། རམ་པ་རྣམས་ཀྱི་རྩ་བ། རྒྱ་ཚོས་བཅས་པའི་གྲང་ཐང་ལ། དོམ་མཁྲིས། ཁ་ཆེ། སྤྲུ་མའི་འབུ་ཁྲ་བོ་བྱུང་ན་རབ། གཞན་སྤྲུ་མ་གསུམ་གང་རྙེད། སྲན་མའི་མེ་ཏོག་རྣམས་ཆ་མཉམ་གྱི་ཕྱེ་མ་གཏོང་བར་བཞེད་པས་གང་འོས་དང༌། མཁྲིས་རྩ་བཤའ་རིང་གཏར། སྨུག་པོའི་མཚོ་རྡོལ་བས་ཁྲག་མཁྲིས་དུད་ཁུ་སྐྱུག་ན། ཆུ་བ། ཨ་བོ། ཞུ་མཁན་གསུམ་མམ། ཡང་ན་ཆུ་ལོ། ཆུ་རྡོ་རྨོས་ལྕགས་གསུམ་གྱི་གྲང་དུགས་བྱ་བ་དང༌། ཤངས་ལུག་ཆུ་ལོ་ཞུ་མཁན་གཉིས་ཆུར་སྦྱར་བསྲོས་པའི་དུགས་བྱེད་ཟེར། ཕྱེ་མ་འུ་སུ། གུར་གུམ། ཅུ་གང༌། དོམ་མཁྲིས། པུ་ཤེལ་ཙེ་རྣམས་ཆུ་གྲང་གིས་དབུས་བའམ། མན་ངག་རྒྱུད་ཀྱི་རྒྱ་བཤལ་རྩ་དམར་སྐྱུག་དུས་གུར་གུམ་དང་སོགས་ཀྱིས་བཅད་ལ། གློ་རྩ་འགྲམས་ནས་ཁྲག་ཏུ་སྐྱུག་ན། ཤངས་ལུག་དོམ་མཁྲིས། མཚལ། སྲན་མའི་མེ་ཏོག །ལྕུམ། ཀ་ར་རྣམས་རྒྱ་ཚོས་གྲང་ཐང་དུ་སྦངས་པའི་ཁུ་བས་ཕུལ་ཏེ་གཏོང་བར་བཞེད་ཀྱང༌། རང་ལུགས་བཙོད་དང༌། རྒྱ་སྐྱེགས་བསྡུས་ཁུར། གུར་གུམ། ཅུ་གང༌། ཤིང་མངར། ཤིང་ཚ། སྲན་མའི་མེ་ཏོག དོམ་མཁྲིས་རྣམས་བཏང་ལ་བཏབ་པ་དང༌། མན་ངག་རྒྱུད་ཀྱི་གློ་བ་ཆུ་ཤོར་གསོ་སྐབས་སུ། ཤིང་མངར་འདམ་བུ་ཀ་ར་ལི་ག་དུར། །ཅུ་གང་གུར་གུམ་དོམ་མཁྲིས་ཙན་དན་རྣམས། །ཀ་ར་སྦྱར་བ་བཙོད་ཀྱི་ཁུ་བས་དབུལ། །ཞེས་དང༌། གོང་དུ་ལྡེ་གུའི་སྐབས། ཨ་རུ་རྒྱ་སྐྱེགས་བཙོད་དང་འབྲི་མོག་རྩི། །བསིལ་གསུམ་འདམ་བུ་ཤིང་མངར་ལི་ག་དུར། །ཀ་ར་མར་གསར་སྦྲང་གི་ལྡེ་གུ་ཡིས། །ལུད་པ་ཤེ་རུལ་རྣག་ཁྲག་གློ་རྡོལ་སེལ། །ཞེས་བཤད་པའི་སྨན་གྱིས་རྩ་ཁ་བསྡམ་པ་དང༌། དངྭས་མ་མིག་ལ་བྲོས་པས་མགོ་ན་བ་དང་མིག་དམར་པོར་སོང་ན། སྣ་རྩེ་དང་དཔྲལ་རྩ་གཏར་ཞིང་ཆུ་ལྕག་བྱའོ་ཞེས་པའི་དོན་ནོ། གསུམ་པ་ཕྱི་རྗེས་བཅད་པ་ནི། བཅད་རན་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་སྐྱུག་པ་བཅད་རན་ནས་ཕྱི་རྗེས་ཀྱི་ཆོ་ག་རྣམས་ནི་བཤལ་དང་མཐུན་ལ། འོན་ཀྱང་ཟས་དང་སྤྱོད་ལམ་ནི་བཤལ་དེ་བས་འདིར་ལྷོད་པ་བྱས་པས་ཆོག་པ་ཡིན་ཞིང༌། རྗེས་སུ་གུ་གུལ་ནག་པོ་དང༌། གླ་སྒང༌། མར་གསར་སྦྱར་བའི་དུ་བས་བདུག་པ་དང༌། སྨན་རོ་སྦྱོང་བའི་ཕྱིར་རྒྱམ་ཚྭ་བཏབ་པའི་ཆུ་བསྐོལ་བཏུང་བར་བྱའོ་ཞེས་པའི་དོན་ནོ། །བཞི་པ་སྐྱུགས་ལེགས་པའི་ཕན་ཡོན་བསྟན་པ་ནི། སྐྱུགས་ལེགས་སོགས་རྐང་པ་གཉིས་ཏེ། དེ་ལྟར་སྐྱུགས་ལེགས་ན་དབང་པོ་གསལ་ཞིང༌། ལུས་ཡང་ལ་དང་ག་བདེ་བ་དང༌། ཁའི་ནང་གི་དྲི་ཞིམ་ཞིང་མཆིལ་མ་དང༌། སྣབས་དང༌། ལུད་པ་དག་པར་འགྱུར་རོ་ཞེས་གསུངས་སོ་ཞེས་སོ།།

        གསུམ་པ་ལེའུའི་མཚན་སྨོས་པ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་སྦྱོང་བྱེད་ལས་ལྔའི་ནང་ནས་གཉིས་པ་སྐྱུགས་ཀྱི་སྦྱོར་བའི་ལེའུ་སྟེ་བཅོ་ལྔ་པའོ་ཞེས་བྱ་བའི་དོན་ཏོ།།

 

 

མཐའ་མའི་འདོན་ཐེངས་།: 05.09.2011 ཉིན། 10:13 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།