སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅོ་ལྔ་པ། ཚ་བ་མ་སྨིན་པ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.08.2011
མན་ངག་རྒྱུད། >> ལེའུ་བཅོ་ལྔ་པ། ཚ་བ་མ་སྨིན་པ་བཅོས་པ།

ལེའུ་བཅོ་ལྔ་པ་མ་སྨིན་ཚ་བ་བཅོས་པ་ལ་གསུམ། ཞུས་ཤིང་མདོར་བསྟན་མཚམས་སྦྱོར། གཞུང་དོན། ལེའུ་མཚན་ནོ། །དང་པོ་ནི། དེ་ནས་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གཉིས་པ་གཞུང་དོན་བཤད་པ་ལ་བརྒྱད། རྒྱུ། རྐྱེན། ངོ་བོ། མིང༌། དབྱེ་བ། རྟགས། བཅོས་ཐབས། དོན་བསྡུ་བ་བཤད་པའོ། །དང་པོ་རྒྱུ་བཤད་པ་ནི། མ་སྨིན་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྐྱེན་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རང་བཞིན་གྱིས་མ་སྨིན་པ་དང༌། ནད་ཁམས་ཀྱིས་མ་སྨིན་པ་དང༌། རྐྱེན་གྱིས་མ་སྨིན་པའོ། །གཉིས་པ་རྒྱས་བཤད་ལ་གསུམ་ལས། དང་པོ་ནི། རང་བཞིན་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། རྐྱེན་བཞི་ནི་དུས་གདོན་ཟས་སྤྱོད་བཞིའོ། །གཉིས་པ་ནད་ཁམས་ཀྱིས་མ་སྨིན་པ་ནི། ནད་ཁམས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཡུལ་དང༌། དུས་དང༌། རང་བཞིན་དང༌། ན་སོ་དང༌། གནས་དང༌། ནད་ཁམས་དང༌། ཟས་དང༌། སྤྱོད་ལམ། རྐྱེན་དབང་སྟེ་དགུ་པོ་བད་རླུང་ལྡན་པས་སྨིན་པ་དཀའོ། །གསུམ་པ་རྐྱེན་གྱིས་མ་སྨིན་པ་བཤད་པ་ནི། རྐྱེན་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ངོ་བོ་བཤད་པ་ནི། དེས་བསྐྱེད་ཅེས་རྐང་པ་ལྔས་བསྟན་ནོ། །བཞི་པ་མིང་གི་རྒྱུ་མཚན་ནི། སྡོངས་ཟླ་ཞེས་རྐང་པ་ལྔས་བསྟན་ནོ། །ལྔ་པ་དབྱེ་བ་བཤད་པ་ལ་གསུམ། མདོར་རྒྱས་ཞར་བྱུང་ངོ༌། །དང་པོ་མདོར་བསྟན་ནི། དབྱེ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང༌། རང་ཉིད་སྨིན་པ་སྨིན་ལོང་མེད་པ་སྨིན་དུ་མི་འདོད་པ་གསུམ་མོ། །གཉིས་པ་རྒྱས་བཤད་ལ་གསུམ་ལས། །དང་པོ་རང་ཉིད་སྨིན་པ་བཤད་པ་ནི། རང་ཉིད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ལའང་སྟོབས་ཆེན་དང་སྟོབས་ཆུང་གཉིས་སོ། །གཉིས་པ་སྨིན་ལོང་མེད་པ་ནི། སྨིན་ལོང་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གནད་བབས་དང༌། སྦྱོར་བ་ལོག་པ་གཉིས་སོ། །གསུམ་པ་སྨིན་དུ་མི་འདོད་པ་བཤད་པ་ནི། ཚ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རླུང་དང་བད་ཀན་དང་རྐྱེན་བྱེར་གསུམ་མོ། །གསུམ་པ་ཞར་བྱུང་བཤད་པ་ནི། དེ་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། བྱ་ཤོར། བྱེར་བ། སྡིགས་པ། རྙོག་པ་དང་བཞི་སྟེ་དྲིལ་བས་བཅུ་གཅིག་གོ །དྲུག་པ་རྟགས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། མ་སྨིན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྤྱི་དང་བྱེ་བྲག་དང༌། ཕྱིས་འབྱུང་ཁ་དམར་དང༌། སྨིན་རྟགས་དང་བཞིའོ།།

        གཉིས་པ་རྒྱས་བཤད་ལ་བཞི་ལས། དང་པོ་སྤྱི་རྟགས་ནི། སྤྱི་རྟགས་ཞེས་རྐང་པ་དགུས་བསྟན་ཏེ། མེ་དང་ཉི་མ་སྙེག་པ་ནི་དེ་ལ་འདོད་ཅིང་སྲེད་པའོ། །གཉིས་པ་བྱེ་བྲག་གི་རྟགས་བཤད་པ་ལ་བཞི། རང་ཉིད་སྨིན་པ་དང༌། སྨིན་ལོང་མེད་པ་དང༌། སྨིན་དུ་མི་འདོད་པ་དང༌། བཅོས་སྔས་ཀྱི་རྟགས་སོ། །དང་པོ་རང་ཉིད་སྨིན་པ་བཤད་པ་ནི། བྱེ་བྲག་ཅེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། རྩ་ཆུ་དང་ག་མགོ་དང་ཚིགས་བཞི་དང༌། །གྲང་ཤུམ་དག་ལ་ནད་སྟོབས་ཆེ་ཆུང་དཔག །ཅེས་པ། རྩ་དྲག་རྒྱས་འགྲིལ་མགྱོགས་གྲིམས་མཁྲང་སྟོབས་ཆེ་ན་ཚད་སྟོབས་ཆེ། ཆུང་ན་ཚད་སྟོབས་ཆུང༌། དེ་བཞིན་དུ་ཆུ་རྙོག་མི་རྙོག །མགོ་དང་ཚིགས་བཞི་ན་མི་ན་གྲང་ཤུམ་ཆེ་ཆུང་རྟགས་དེ་དག་སྟོབས་ཆེ་ཆུང་ལས་རྟགས་ཅན་ཚ་བའི་སྟོབས་ཆེ་ཆུང་ཡང་རྗེས་སུ་དཔག་གོ གཉིས་པ་སྨིན་ལོང་མེད་པ་བཤད་པ་ལ་གཉིས་ལས། དང་པོ་གནད་དུ་བབས་པ་ནི། གནད་དུ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། མོད་དུ་ནི་འཕྲལ་དེ་ཀར་བབས་པའོ། །གཉིས་པ་ནི། སྦྱོར་བ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ནོ། །གསུམ་པ་སྨིན་དུ་མི་འདོད་པ་ལ་གསུམ་ལས། །དང་པོ་རླུང་གིས་སྨིན་དུ་མི་འདོད་པ་ན། རླུང་གིས་ཞེས་རྐང་པ་གསུམ་གྱིས་བསྟན་ཏོ། །གཉིས་པ་ནི། ཚ་བ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་རྐྱེན་བྱེར་ནི། ཆུ་གྲང་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །བཞི་པ་བཅོས་སྔས་ཀྱི་རྟགས་བཤད་པ་ལའང་བཞི་ལས། དང་པོ་ལའང་གཉིས། རྟགས་དང་ཐལ་སྐྱོན་ནོ། །དང་པོ་རྟགས་ནི། དེ་ཡང་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ཐལ་སྐྱོན་ནི། བྱ་ཤོར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ལའང་གཉིས། རྟགས་དང་ཐལ་སྐྱོན་ནོ། །དང་པོ་རྟགས་ནི། ཁྲག་མཁྲིས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ཐལ་སྐྱོན་ནི། བྱེར་ཏེ་ཞེས་རྐང་པ་གཅིག་གིས་བསྟན་ནོ། གསུམ་པ་ལ་གཉིས། །རྟགས་དང་ཐལ་སྐྱོན་ནོ། །དང་པོ་རྟགས་ནི། བད་ཀན་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། གཉིས་པ་ཐལ་སྐྱོན་ནི། སྡིགས་པ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་ལ་གཉིས། རྟགས་དང་ཐལ་སྐྱོན་ནོ། །དང་པོ་རྟགས་ནི། ཆུ་སེར་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ཐལ་སྐྱོན་ནི། །རྙོག་པ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ཕྱིས་འབྱུང་ཁ་དམར་བཤད་པ་ལ་གཉིས། རང་བཞིན་བབས་ཀྱི་ཁ་དམར་དང༌། ནད་གཞི་བཅོས་པའི་ཁ་དམར་རོ། །དང་པོ་རང་བཞིན་བབས་ཀྱི་ཁ་དམར་བཤད་པ་ལ་གཉིས། སྨིན་དཀའ་པའི་ཁ་དམར། སྨིན་སླ་བའི་ཁ་དམར་རོ། །དང་པོ་སྨིན་དཀའ་བའི་ཁ་དམར་ནི། མ་སྨིན་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་སྨིན་སླ་བའི་ཁ་དམར་ནི། སྟོབས་ཆེན་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནད་གཞི་བབས་ཀྱི་ཁ་དམར་བཤད་པ་ལ་གཉིས། ཚ་བ་དང༌། གྲང་བའོ། །དང་པོ་ཚ་བའི་ཁ་དམར་ནི། དེ་བཞིན་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་གྲང་བའི་ཁ་དམར་བཤད་པ་ལ་གཉིས། གྲང་བ་ཤས་ཆེ་བ་ལ་བསིལ་ཤོར་བ་དང༌། དྲོད་ཤོར་བའོ། །དང་པོ་བསིལ་ཤོར་ནི། དེ་བཞིན་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་དྲོད་ཤོར་བཤད་པ་ནི། དེ་ལ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །བཞི་པ་སྨིན་རྟགས་བཤད་པ་ནི། སྨིན་རྟགས་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། བསིལ་འདོད་ལུས་ལ་དྲི་འབྱུང་དབང་པོ་གཡུང༌། ཞེས་པ་ནི་སྙིང་ལ་བསིལ་ལམ་གྲང་མོ་འདོད། ལུས་ལ་རྔུལ་དྲི་མནམ། དབང་པོ་མགོ་མིག་རྣ་བ་སྣ་ལྕེ་རྣམས་རྒོད་པ་ལས་ལོག་པ་ངལ་བའམ་ངན་པས་གཡུང་ཞེས་བྱའོ། འབུད་བྱེད་ནི་ཤིང་ཟད་པའི་མེ་དང་འདྲ། །ཞེས་པ་རླུང་གི་འབུད་ཞི། བད་ཀན་གྱི་འབུད་བྱེད་ཟད། མཁྲིས་ཚད་རྐྱང་པར་སོང་བ་སྟེ། རླུང་དང་ཤིང་གཉིས་ཀ་ཟད་ནས་མེ་རྐྱང་པ་དང་འདྲའོ། །བཅོས་པའི་དུས་ཡིན་ཞེས་པ་གཉེན་པོ་བསིལ་གྱིས་བཅོས་པའི་དུས་ཡིན་ནོ། །བདུན་པ་བཅོས་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་མདོར་བསྟན་ནི། བཅོས་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱི་དང་བྱེ་བྲག་གོ

        གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ལས། དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་མདོར་བསྟན་ནི། སྤྱི་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བཅོས་པའི་ཚུལ་དང༌། གཉེན་པོའོ། །དང་པོ་བཅོས་པའི་ཚུལ་བཤད་པ་ནི། བཅོས་པའི་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་བཅོས་ཚུལ་ཞེས་པ་ནད་དང་གཉེན་པོ་སྤྲོད་པའི་དམིགས་རྣམས་ལ་བྱ་སྟེ། དེ་མ་བསྟན་གསོ་ཐབས་གཉེན་པོའང་འོལ་ཚོད་དུ་འགྲོ་བར་བཤད་རྒྱུད་དུ། ནད་ལ་གསོ་ཐབས་དཔག་ཏུ་མེད་མོད་ཀྱང༌། །གསོ་ཚུལ་མེད་ན་མུན་པར་མདའ་འཕེན་འདྲ། །ཞེས་སོ། །དེའི་ཕྱིར། མ་སྨིན་པ་བཅོས་པའི་དམིགས་རྣམས་སམ་གོ་དོན་གསོ་ཚུལ་རྣམ་པ་གཉིས་ཡིན་ཏེ། རིམས་ཀྱི་ཚ་བ་ཆང་ལྟར་སྨིན་པར་བྱ་བ་དང༌། འགྲམས་དང་འཁྲུགས་ཀྱི་ཚ་བ་དགྲ་ནད་དང་ཟིན་ནམ་གཉེན་ཟུངས་ཁྲག་སོ་སོར་དབྱེ་དགྲ་གཞོམ་གསོ་བ་ལྟ་བུར་འདྲེས་པ་དབྱེ་བའོ། །གཉིས་པ་གཉེན་པོ་བཤད་པ་ལ་གཉིས། སྤྱི་དང་བྱེ་བྲག་གོ་ །དང་པོ་སྤྱི་ལ་གཉིས། བསྟེན་བྱ་དང་སྤང་བྱའོ། །དང་པོ་བསྟེན་བྱ་ལ་གཉིས། མདོར་རྒྱས་སོ། །དང་པོས་མདོར་བསྟན་ནི། བཅོས་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྨན་དང་དཔྱད་དང་ཟས་དང་སྤྱོད་ལམ་མོ། །གཉིས་པ་རྒྱས་བཤད་ལ་བཞི་ལས། དང་པོ་སྨན་བཤད་པ་ནི། སྨན་དུ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། མ་ནུ་བཞི་ཐང་ནི་ཕྱི་རྒྱུད་ཐང་ལེར་གསུངས་པ་ལྟར་རོ། །འབྲས་གསུམ་ནི་ཨ་བར་སྐྱུར་གསུམ་མོ།

        བཟང་པོ་གསུམ་ནི། ཛཱ་ཏི་སུག་སྨེལ་ཀ་ཀོ་ལ་དང་གསུམ་མོ། །པུ་ཤེལ་རྩེ་ནི་རྩྭ་ག་བུར་རོ། །གཉིས་པ་དཔྱད་བཤད་པ་ནི། དཔྱད་དུ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ཟས་སྤྱོད་བཤད་པ་ནི། ཟས་སྤྱོད་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། ཕྱེ་ཚོད་ཕྱེ་ཡིལ་གར་པོ་བཏབ་པའོ། །དྲལ་ཐུག་ནི་ཡོས་དབྲལ་བའམ་དྲལ་བ་སྟེ་ཆག་ཚེའོ། །བཞི་པ་སྤྱོད་ལམ་བཤད་པ་ནི། སྤྱོད་ལམ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་སྤང་བྱ་ལ་ལྔ། ཟས་སྤྱོད་དྲོད་རྟགས་ཀྱི་སྤང་བྱ་དང༌། བསིལ་དྲགས་པའི་སྤང་བྱ་དང༌། གཏར་བཤལ་བསིལ་སྨན་སྤང་བྱ། སྨིན་བྱེད་མ་ཤེས་པའི་སྐྱོན། ཤེས་པའི་ཡོན་ཏན་བཤད་པའོ། །དང་པོ་ཟས་སྤྱོད་དྲོད་རྟགས་ཀྱི་སྤང་བྱ་ནི། དྲག་ཤུལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་བསིལ་དྲགས་ཀྱི་སྤང་བྱ་ནི། གྲིབ་འཁྱགས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་གཏར་བཤལ་བསིལ་སྨན་གྱི་སྤང་བྱ་ནི། བཤལ་གཏར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་སྨིན་བྱེད་མ་ཤེས་པའི་སྐྱོན་ལ་གཉིས། སྤྱིར་བཏང་དང༌། དམིགས་བསལ་ལོ། །དང་པོ་སྤྱིར་བཏང་ནི། དེ་ལྟར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་དམིགས་བསལ་ལ་གཉིས། དྲོད་སྦྱོར་དང༌། བསིལ་སྦྱོར་རོ། །དང་པོ་དྲོད་སྦྱོར་ནི། ཁ་ཅིག་ཅེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་བསིལ་སྦྱོར་ནི། ཁ་ཅིག་ཅེས་རྐང་པ་ལྔས་བསྟན་ཏེ། ཁ་དྲག་སྐྱེལ་མའི་མགྲོན་པོ་བཅོམས་པ་འདྲ་ཞེས་པ་ནི། མི་ཁ་དྲག་པོ་སྟོབས་ཅན་གྱིས་སྐྱེལ་མ་བྱས་པའི་མགྲོན་པོ་བཅོམས་ན། མགྲོན་མ་ཆོམས་པར་སྐྱེལ་མ་དེའང་དགྲ་རུ་འགྲོ་བས། མགྲོན་སྐྱེལ་གཉིས་ཀ་སྟོབས་སུ་འགྱུར་བ་བཞིན་དུ་བསིལ་གྱི་གཉེན་པོ་རྐྱང་བར་བསྟེན་ན་མཁྲིས་ཚད་མི་གསོད་པར་བད་རླུང་བསྐྱེད་པས་གཉིས་ཀ་སྟོབས་སུ་འགྱུར་བའོ། །ལྔ་པ་ཤེས་པའི་ཡོན་ཏན་བཤད་པ་ནི། དེ་ཕྱིར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་བྱེ་བྲག་གི་བཅོས་བཤད་པ་ལ་བཞི། རང་ཉིད་སྨིན་པ། སྨིན་ལོང་མེད་པ། སྨིན་དུ་མི་འདོད་པ། བཅོས་སྔས་པའོ། །དང་པོ་རང་ཉིད་སྨིན་པ་བཤད་པ་ལ་གཉིས། སྟོབས་ཆེན་དང༌། སྟོབས་ཆུང་ངོ༌། །དང་པོ་སྟོབས་ཆེན་བཤད་པ་ནི། བྱེ་བྲག་ཅེས་རྐང་པ་གཉིས་གྱིས་བསྟན་ནོ།།

        གཉིས་པ་སྟོབས་ཆུང་བཤད་པ་ནི། སྟོབས་ཆུང་ཞེས་རྐང་པ་བཅུ་དྲུག་གིས་བསྟན་ཏེ། རྔུལ་འདོན་དང་ཆུ་ལྕག་གཉིས་ཀྱིས་བཅོས་སོ། །ཆུ་ལྕག་ནི་རིམ་པས་ནང་མ་གསུམ་དུ་བྲན་པ་ནི། ནང་སྔ་དང་པོ་ལ་རྫིའུ་གང༌། གཉིས་པ་ལ་དོ། གསུམ་པ་ལ་གསུམ་བྲན་ནོ། །གཉིས་པ་སྨིན་ལོང་མེད་པ་བཤད་པ་ནི། སྨིན་ལོང་ཞེས་རྐང་པ་དྲུག་གིས་བསྟན་ཏེ། བད་རླུང་གི་དུས་ནི་ཉིན་ཞག་གི་དུས་སོ། །སྲོད་ཐོ་རངས་སྔ་དྲོ་དགོང་ཀའོ། །མཁྲིས་པའི་དུས་ནི་ཉིན་གུང་མཚན་གུང་ངོ༌། །གསུམ་པ་སྨིན་དུ་མི་འདོད་པ་ལ་བད་ཀན་རླུང་འདྲེས་པ་དང་གསུམ་ལས། དང་པོ་བད་ཀན་སྨིན་དུ་མི་འདོད་པའི་བཅོས་ནི། བད་ཀན་ཞེས་རྐང་པ་བཞིས་བསྟན་ནོ།  །གཉིས་པ་རླུང་སྨིན་ནི། རླུང་གི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རུས་བཅུད་གསུམ་ནི་སྲེ་ལོང་མཇུག་ཐུང་སོག་ཡུ་དང་གསུམ་མོ། །གསུམ་པ་རྐྱེན་སྨིན་ནི། རྐྱེན་གྱིས་ཞེས་རྐང་པ་ལྔས་བསྟན་ཏེ། འབྲས་བུ་ནི་ཨ་བར་སྐྱུར་གསུམ་མོ། །ལྔ་པ་བཅོས་སྔས་པ་བཤད་པ་ལ་བཞི་ལས། དང་པོ་ནི། བཅོས་སྔས་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་ནི། མ་སྨིན་ཞེས་རྐང་པ་ལྔས་བསྟན་ནོ། །གསུམ་པ་ནི། མ་སྨིན་ཞེས་རྐང་པ་གསུམ་ཀྱིས་བསྟན་ནོ། །བཞི་པ་ནི། མ་སྨིན་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། ཙན་དན་ནི་དཀར་པོའོ། །རྭ་གསུམ་ནི་གྭ་དོར་གསུམ་མོ། །ཐུན་སྐྱུང་བ་ནི་སྨན་ཐུན་ཆུང་ངུ་ཡུན་བསྲིངས་ཏེ་རིང་པོར་བཏང་ངོ༌། །བརྒྱད་པ་དོན་བསྡུ་བཤད་པ་ནི། དེ་ལྟར་ཞེས་རྐང་པ་བརྒྱད་དང་འབྲུ་གསུམ་གྱིས་བསྟན་ཏེ། མ་སྨིན་རྟགས་དང་གང་ལྡན་པ་ལ་དེའི་སྨིན་བྱེད་བྱ། དུས་ཚོད་སྨིན་པ་དང་མ་སྨིན་པའི་རྟགས་ཀྱིས་བར་དུ་མ་ཤོར་བར་བཅོས་དགོས་སོ་ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་པ་ནས་བཅོ་ལྔའོ་ཞེས་པའི་བར་རོ།།

 

མཐའ་མའི་འདོན་ཐེངས་།: 29.08.2011 ཉིན། 11:09 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།