སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅོ་ལྔ་པ། ཚ་བ་མ་སྨིན་པ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2023
མན་ངག་རྒྱུད། >> ལེའུ་བཅོ་ལྔ་པ། ཚ་བ་མ་སྨིན་པ་བཅོས་པ།




ལེའུ་བཅོ་ལྔ་པ། ཚ་བ་མ་སྨིན་པ་བཅོས་པ། 

དེའི་རྗེས་དེ་མ་ཁད་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ལ་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །མ་སྨིན་པའི་ཚ་བའི་རྒྱུ་རྐྱེན་དང་ངོ་བོ་གང་ཡིན་དང་མ་སྨིན་ཚ་བའི་མིང་དུ་རྒྱུ་མཚན་ཅིའི་ཕྱིར་ནས་བཏགས། ནད་དེ་ལ་དབྱེ་བ་དང་རྟགས་དང་བཅོས་པའི་ཐབས་གང་ཡོད་བཤད་དུ་གསོལ་ཞེས་དེ་སྐད་ཞུས་པའི་དོན་ལ་ལན་གསུངས་པ།

མ་སྨིན་པའི་ཚ་བའི་རྒྱུ་ནི་བད་ཀན་དང་རླུང་ཡིན་ལ།

དེ་ལ་རྐྱེན་གསུམ་ཡོད་པ་དེ་རང་བཞིན་གྱིས་མ་སྨིན་པ་དང༌། ནད་ཁམས་ཀྱིས་མ་སྨིན་པ་དང༌། རྐྱེན་གྱི་སྒོ་ནས་མ་སྨིན་པའོ། །དེ་ཡང་དང་པོ་རང་བཞིན་རྒྱུས་མ་སྨིན་པ་ཞེས་བྱ་བ་ནི་དེའི་རྒྱུ་ལ་བད་རླུང་གཉིས་བསྡོངས་པ་ཅི་ལྟ་བུ་ཡིན་ཞེ་ན། དཔེར་ན་རླུང་དང་མཁྲིས་པ་བད་ཀན་དང་གསུམ་ཕ་སྤུན་དང་འདྲ་སྟེ་གཅིག་ལ་རྐྱེན་བྱུང་ན་གཞན་གཉིས་ཀྱང་མི་བདེ་བ་ལྟར་དུས་དང་གདོན་དང་ཟས་དང་སྤྱོད་ལམ་གྱི་རྐྱེན་བཞི་མཁྲིས་པ་ལ་ཕོག་ནས་མཁྲིས་པ་དེས་བསླང་བས་ཞར་ལ་བད་ཀན་དང་རླུང་གཉིས་ཀྱང་མི་བདེ་བར་འཁྲུགས་པ་དེའི་ཕྱིར་བད་རླུང་དང་བསྡོངས་པས་མ་སྨིན་ཚ་བ་འབྱུང་བ་ཡིན་ཞིང༌། དེ་ཡང་ཁྱད་པར་དུ་རིམས་ཡིན་ཕྱིན་ལ་མ་སྨིན་པ་མི་འབྱུང་བ་མེད་དོ། །ནད་ཁམས་ཀྱིས་མ་སྨིན་པ་ནི་ཡུལ་ངད་རླན་ཅན་དང༌། དུས་དབྱར་དགུན་དང༌། རང་བཞིན་བད་རླུང་གི་མི་དང༌། ན་སོ་རྒན་པོ་དང་བྱིས་པ་དང༌། གནས་སྟོད་སྨད་ཤ་རུས་སོགས་དང༌། ནད་ཁམས་བད་རླུང་ཤས་ཆེ་བ་དང༌། ཟས་བད་རླུང་སྐྱེད་པ་དང༌། སྤྱོད་ལམ་བད་རླུང་སྐྱེད་པ་སོགས་རྐྱེན་དེ་རྣམས་ཀྱི་དབང་གིས་ཚ་བ་བད་རླུང་དང་ལྡན་པས་སྨིན་པ་དཀའ་བར་འགྱུར་རོ། །རྐྱེན་གྱིས་མ་སྨིན་པ་ནི་མ་སྨིན་ཚ་བ་བྱུང་དུས་སུ་ཟས་དང་སྤྱོད་ལམ་ནད་ཀྱི་གཉེན་པོ་བསྟེན་སྔས་པས་བད་རླུང་བསྐྱེད་ལ་ཚ་བ་བྱེར་པ་ཡིན་ནོ། །

རྒྱུ་རྐྱེན་སོགས་དེ་རྣམས་ཀྱིས་བསྐྱེད་པའི་མ་སྨིན་ཚ་བ་ཞེས་བྱ་བའི་ངོ་བོ་ནི་ཚ་བ་བད་རླུང་གི་བསྡོངས་ཟླར་བཅས་པས་རླུང་གིས་ཚ་བ་ལུས་ཟུངས་ལ་ཁྱབ་པར་གཏོར་བས་བྱེར་བད་ཀན་གྱིས་ཚ་བའི་མགོ་མནན་ནས་ནད་ཤུགས་གང་རྫོགས་སྐྱེར་མི་སྟེར་བར་ཤིང་རློན་པས་མེའི་སྔོན་ལ་དུ་བ་འབྱུང་བ་ལྟར་ཚ་བ་བསྡོངས་ཟླ་དང་མ་ཕྱེད་པར་ནད་ཤུགས་མ་རྫོགས་པས་ཆེར་སྐྱེ་བའི་འཕྲོ་མ་ཆད་པའི་ཕྱིར་མ་སྨིན་ཞེས་སུ་བརྗོད་ཅིང་འདི་དུས་ལ་ཚ་བ་ལུས་ཟུངས་དང་དབྱེར་མེད་དུ་འདྲེས་ཏེ། ནད་ཁྲག་དང་ཟུངས་ཁྲག་འོ་མ་དང་ཆུ་འདྲེས་པ་འདྲ་ཡུངས་ཀར་གྱི་མར་བཞིན་ཚ་བ་དེ་ལུས་ཀུན་ལ་ཁྱབ་པར་གནས་སོ། །

དབྱེ་བ་ལ་རང་ཉིད་སྨིན་པ་དང་སྨིན་ལོང་མེད་པའི་ཚ་བ་དང་སྨིན་དུ་མི་འདོད་པའི་ཚ་བ་དང་རྣམ་པ་གསུམ་ཡོད་དེ། རང་ཉིད་སྨིན་པའི་ཚ་བ་ལ་སྟོབས་ཆེན་དང་སྟོབས་ཆུང་གཉིས་སོ། །སྨིན་ལོང་མེད་པའི་ཚ་བ་ལ་གནད་དུ་བབས་པ་དང་སྨན་དཔྱད་ཟས་སྤྱོད་ཀྱི་སྦྱོར་བ་ལོག་པས་སྨིན་ལོང་མེད་པ་གཉིས་སོ། །ཚ་བ་སྨིན་དུ་མི་འདོད་པའི་རྐྱེན་གསུམ་སྟེ་རླུང་དང་བད་ཀན་དང་རྐྱེན་གྱིས་བྱེར་བའོ། །དེ་ལ་འང་རྐྱེན་གྱིས་བྱེར་བ་མ་སྨིན་པར་གཉེན་པོ་བསྟེན་སྔས་པས་བྱ་ཤོར་བ་དང་བྱེར་བ་དང་སྡིགས་པ་སྟེ་གབ་པ་ལྟར་དང་རྙོགས་པ་དང་བཞི་རུ་འགྱུར་རོ། །

མ་སྨིན་པའི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས་དང་ཕྱིས་འབྱུང་ཚུལ་ལ་ཁ་དམར་གདགས་པ་དང་སྨིན་པའི་རྟགས་དང་བཞི་ལས། སྤྱི་རྟགས་ནི་རྩ་རྒྱུད་ཕྲ་ཞིང་གཡོ་བ་ལ་མགྱོགས་པ་དང༌། ཆུའི་མདོག་ནི་དམར་སེར་བསྐ་ལ་རྙོག་མ་ཅན་དང་ལྕེ་མདོག་སྐྱ་བའི་སྟེང་དུ་རླུང་གི་འབྲུམ་པ་དམར་ཙིམ་འབྱུང་ཞིང་ལུས་ཀྱི་དྲོད་མི་སྙོམས་པར་སྲོད་ལ་ཤ་དྲོད་ཆེ་བ་དང༌། གཡལ་མང་ཞིང་བྱ་བ་ལ་འདོད་པ་མེད་པར་སྒྱིད་བ་སྐྱུར་ལ་བྱ་རྨྱང་བྱེད་ཅིང་ཁ་ཁ་ལ་མགོ་ན་བ་དང་བྱིན་པའི་ཉྭ་དང་ཚིགས་གཞི་ན་བ་དང༌། ལུས་ལ་གྲང་ཤུམ་བྱེད་ཅིང་མེ་དང་ཉི་མ་ལ་སྙེག་པ་སྟེ་དགའ་སྣང་དང་རྨི་ལམ་དུ་ཟ་ཟི་མང་ལ་སེམས་ལས་ཆེ་བ་སོགས་མ་སྨིན་པའི་ཚ་བ་ཀུན་ལ་རྟགས་དེ་རྣམས་འབྱུང་ངོ༌། །

བྱེ་བྲག་ཏུ་རང་ཉིད་སྨིན་པའི་ཚ་བ་དེ་ནི་ནད་ཀྱི་ཁམས་ཁྲག་དང་མཁྲིས་པ་ཤས་ཆེ་བའི་མི་རྣམས་ལ་ཚ་བ་ཁྲག་དང་མཁྲིས་པ་རྔུལ་ལ་གནས་ཤིང་བབས་པའི་ཚ་བ་དེ་ཟས་དང་སྤྱོད་ལམ་གཉིས་ཚ་བ་དང་གྲང་བ་མ་ལོག་པས་རང་ལུགས་སུ་འབྱུང་བ་རྐྱང་པའི་ཚ་བ་ཡིན་ཏེ་མཁྲིས་ཤས་ཆེ་བར་ཞག་གསུམ། བད་ཀན་ཤས་ཆེ་བར་ལྔ། རླུང་ཤས་ཆེ་བར་བདུན་གྱི་དུས་ན་ཚ་བ་རང་ཉིད་སྨིན་པར་གྱུར་པས་རྩ་ལ་ཚད་རྟགས་ཆེ་ཆུང༌། དེ་བཞིན་ཆུ་ལ་རྙོག་མི་རྙོག དང་ག་བདེ་མི་བདེ། མགོ་དང་ཚིགས་གཞི་ན་ཚ་ཆེ་ཆུང༌། གྲང་ཤུམ་བྱེད་ལུགས་ཆེ་ཆུང་དག་ལས་ནད་ཀྱི་སྟོབས་ཆེ་ཆུང་དཔག་དགོས་སོ། །དེ་ཡང་གནད་དུ་བབས་པས་སྨིན་ལོང་མེད་པའི་ཚ་བ་ནི་འགྲམས་སམ་འཁྲུགས་སམ་རིམས་དང་དུག་སོགས་མོད་དུ་ཞེས་འཕྲལ་དུ་དོན་སྣོད་ལ་བབས་ནས་དོན་སྣོད་འདྲུལ་བའི་ཕྱིར་སྨིན་པའི་དུས་ཐུག་གི་སྡོད་ལོང་མེད་དོ། །སྦྱོར་བ་ལོག་པས་ནད་སྨིན་ལོང་མེད་པ་ནི་ཚ་བ་དེ་བད་རླུང་གཉིས་ལ་བབས་པ་ལ་བརྟེན་ནས་ཟས་དང་སྤྱོད་ལམ་ཤ་ཆང་སོགས་དང་ཤུགས་དྲག་པོ་འདོམས་པས་སྨིན་པའི་ལོང་མེད་པར་སྲོག་ལ་མྱུར་དུ་རྒོལ་ལོ། །དེ་གཉིས་ཀའི་རྟགས་སུ་ལུས་སྟོབས་དབང་པོའི་གཟི་མདངས་རྣམས་འཆོར་ལ་ནམ་ཐོག་དེ་ནས་ཟུག་ཆེ་ཞིང་ཅར་ལ་ཐེབས་ཏེ་འཚབ་པས་ཉལ་བ་དང་སྙེས་པ་དང་ཙོག་པུར་འདུག་པ་ལ་སོགས་གང་བྱས་ན་ཡང་བདེ་བ་མེད་པ་དེ་སྨིན་ལོང་མེད་པ་ཡིན་ནོ། །རླུང་གིས་ཚ་བ་སྨིན་དུ་མི་འདོད་པའི་རྟགས་ནི། རྩ་འཁྲུགས་ཅིང་ལུས་ཀུན་བརྡུངས་པ་སྙམ་དང་སྟོང་སྐྱུགས་བྱེད་ལ་གཡལ་འབྱུང་ཞིང་ལུས་འདར་བ་དང་མིག་གི་དཔངས་མཐོ་ལ་མཆི་མ་འཛག་གོ། །ཚ་བ་བད་ཀན་དག་གིས་སྨིན་དུ་མི་འདོད་པའམ་མ་སྨིན་ན་ཁ་མངལ་བ་སྟེ་རོ་མི་ཚོར་ཞིང་མཆིལ་མ་དང་སྣབས་མང་ལ་ཕོ་བ་རྫིང་བ་དང་ཟས་ཀྱི་དང་ག་མི་བདེ་ལ་སྐྱུག་ཅིང་ལུས་ཀྱི་དྲོད་ཆུང་བ་འབྱུང་ངོ༌། །ཆུ་གྲང་དང་ཞོ་དང་དར་བ་སོགས་དང་སྟོད་སྨད་གང་རུང་གཏར་བ་དང་བཤལ་དང་རྔུལ་འདོན་པ་དང་ཐང་བཏང་བ་ལ་སོགས་པའི་རྐྱེན་གྱིས་བྱེར་བས་ནི་ལུས་རྔུལ་ཞིང་ཤེད་ཀྱི་ཉམ་ཆུང་ལ་གྲང་ཤུམ་དེ་ཡང་རེས་འགའ་ཡོད་ལ་རེས་འགའ་མེད་ཅིང་མེ་དང་ཉི་མ་འདོད་དོ། །དེ་ལ་ཡང་རླུང་ཤས་ཆེ་བའི་ཚ་བ་ནི་བྱ་ཤོར་ཏེ་བཅོས་སུ་མི་འདོད་པར་ཚ་བ་ལམ་ནས་འཁྱོག་ལ། དེའི་རྟགས་ཆུ་དམར་ལ་རྩ་རྒྱུད་ཕྲ་ཞིང་ཁ་གྲིམས་པ་གཏིང་སྟོང་ལ་མགྱོགས་པ་དང༌། གློ་ཆུང་སོར་ལ་གཉིད་ཆུང་བ་གཡལ་མང་ཞིང་རུས་པ་དང་ཚིགས་ན་བ་བྱུང་ན་བྱ་ཤོར་བ་ཡིན་པས་རླུང་སྣ་མ་གླན་ན་སྟོངས་ཚད་དུ་འགྱུར་ཏེ་རླུང་ལྟར་དུ་འཚུབ་བོ། །ཁྲག་དང་མཁྲིས་པ་ཤས་ཆེ་བའི་ཚ་བ་བྱེར་བར་འགྱུར་ཏེ་རྟགས་སུ་རྩ་རྒྱུད་ཕྲ་བ་མགྱོགས་ཤིང་ཆུ་དམར་བ་དང་ཚིགས་གཞི་ན་བ་དང༌། གློ་འབུད་ཅིང་རྔུལ་ཁ་སྙི་ལ་ལུས་ཀྱི་པགས་པ་བརྩེ་བ་འབྱུང་བ་དེ་བྱེར་བ་ཡིན་ཏེ་མ་བསྡུས་ན་རྙིངས་ཚད་དུ་གྱུར་ནས་ལུས་ལ་རྩི་ལྟར་ཞེན་པར་འགྱུར་རོ། བད་ཀན་ཤས་ཆེ་ན་ཚ་བའི་འགོ་སྡིགས་པར་འགྱུར་ཏེ་དེའི་རྟགས་ཕོ་མཆིན་དང་མཁལ་མ་རྐེད་པའི་ཁ་འཁོར་དང་མགོ་དང་ཚིགས་གཞི་ན་བ་དང༌། དང་ག་མི་བདེ་ཞིང་ཟས་འཇུ་དཀའ་ལ་སྟོང་སྐྱུགས་བྱེད་པར་འགྱུར་བའི་སྡིགས་པ་དེ་མ་བསེངས་ན་གབ་ཚད་དུ་གྱུར་ནས་མུན་པ་ལྟར་འཐིབས་པའོ། །ཆུ་སེར་ཤས་ཆེ་བའི་ཚ་བ་ནི་རྙོགས་པར་འགྱུར་ལ་དེ་རྟགས་རྩ་རྒྱུད་ཕྲ་ལ་མགྱོགས་ཤིང་ཆུ་མདོག་དམར་ལ་སྨུག་པ་འབྱུང་བ་དང་སྙིང་ག་སྤྲུག་ཅིང་མིག་ལྕིབས་དང་རྐང་བོལ་ཅུང་ཟད་གཡོ་བ་སྟེ་སྐྲངས་པ་དང༌། གློ་ཆུང་འདེགས་པ་སྟེ་གློ་ཕྲན་བུ་ལུ་བ་དང་དབུགས་འཚིང་ཞིང་རོ་སྟོད་གཟེར་ཕྲན་བུ་འོང་བས་རྙོགས་པ་དེ་མ་བསལ་ན་འོར་དུ་ལྷུང་སྟེ་ཆུ་ལྟར་འཕྱོ་བས་རྙོགས་ཚད་དུ་འགྱུར་རོ། །

མ་སྨིན་པའི་ཚ་བ་ལ་ཕྱིས་ཀྱི་འབྱུང་ཚུལ་ནི་ནད་སྟོབས་ཆེ་བ་ལ་སྨིན་པ་དཀའ་བ་ཕལ་ཆེར་འཆི་བར་འགྱུར་ཞིང༌། སྨིན་པ་དཀའ་བ་ནད་སྟོབས་ཆུང་ཡང་ཡུན་དུ་སྦྱོང་བར་འགྱུར་རོ། །ནད་སྟོབས་ཆེ་ཞིང་སྨིན་སླ་བ་ནི་འཆི་སྐྱེན་པ་དང་འཚོ་བའང་སྐྱེན་པ་སྟེ་ནད་དེ་ཤན་ཕྱེད་པ་མགྱོགས་ལ། ནད་ཀྱི་སྟོབས་ཆུང་ཞིང་སྨིན་པ་སླ་ན་མྱུར་དུ་འཚོ་བས་འགྱུར་རོ། །དེ་བཞིན་ཡུལ་སྐམ་ས་དང་དུས་སྟོན་སོས་ཚ་བ་དང་རང་བཞིན་མཁྲིས་ཤས་ཅན་ན་སོ་དར་མ་དང་ནད་ཀྱི་ཁམས་ཁྲག་དང་མཁྲིས་པ་ཅན་ལ་ཟས་དང་སྤྱོད་ལམ་ལོག་པར་ཚད་པའི་སྟོབས་ཆུང་ན་རང་ཤུགས་ཀྱིས་སྨིན་པར་འགྱུར་བ་ཡིན་ཏེ། ནད་ཀྱི་སྟོབས་ལྡན་ཞིང་ཚ་བ་རྒྱས་པ་ནི་ཕལ་ཆེར་འཆི་བར་འགྱུར་རོ། །དེ་བཞིན་དུ་བད་རླུང་གྲང་བའི་ཡུལ་ངད་ཅན་བསིལ་བུ། དུས་དཔྱིད་དབྱར། རང་བཞིན་བད་རླུང་གིས་བྱས་པའི་རྒན་བྱིས་ནད་གཞི་གོང་གསལ་ཅན་ལ་ཟས་དང་སྨན་དཔྱད་དང་སྤྱོད་ལམ་རྣམས་བསིལ་བསྟེན་པས་ཚ་བའི་རྐྱེན་དུ་གྱུར་ཏེ་མ་སྨིན་ཡུན་དུ་སྦྱོང་བར་འགྱུར་ཞིང༌། དེ་ལ་ཟས་ཤ་ཆང་དང་སྤྱོད་ལམ་དྲག་ཤུལ་དང་ཡུལ་དུས་སོགས་འདོམ་པར་ཉིན་གཉིད་ཤོར་ཚེ། ནད་ཀྱི་སྟོབས་ཆུང་ན་སྨིན་པ་སླ་བར་འགྱུར་བ་ཡིན་ཏེ་ནད་སྟོབས་ཆེ་ན་སྨིན་པའི་ལོང་མེད་པའི་ཚ་བར་འགྱུར་རོ། །

ཚ་བ་སྨིན་པའི་རྟགས་ལ་ལྕེ་སྟེང་གི་མདོག་དཀར་སེར་ལ་རླུང་གི་འབྲུམ་པ་མེད་པ་དང༌། རྩའི་སྟོད་སྦོམ་པར་རྒྱུག་ཅིང་རྩ་སྨད་དཔངས་དམའ་བ་ལ་གྲིམས་པ་དང༌། ཆུ་མདོག་དམར་སེར་ལ་ཀུ་ཡ་དཀྱིལ་དུ་ལིང་གིས་འདྲིལ་ཞིང༌། ཟས་སྤྱོད་བསིལ་བའམ་གྲང་མོ་འདོད་ཅིང་ལུས་ལ་རྔུལ་དྲི་འབྱུང་བ་དང་དབང་པོ་མགོ་མིག་རྣ་བ་སྣ་ལྕེ་རྣམས་རྒོད་པ་ལས་ལོག་པ་དལ་བའམ་ངན་པས་གཡུང་ཞེས་བྱ་བ་འབྱུང་བ་དང༌། ཁྱད་པར་དུ་གྲང་ཤུམ་ཆད་པ་ན་སྨིན་པ་ཡིན་ཏེ། དེ་ནས་འབུད་བྱེད་ཀྱི་མེ་ཤིང་ཟད་པའི་མེ་དང་འདྲ་བར་གསོ་བའི་དུས་ཡིན་པས་དེ་དུས་ལས་སྨིན་པའི་ཆོ་གས་ཐལ་བར་མི་བྱ་ཞིང་།

གཉེན་པོས་བཅོས་པའི་ཐབས་ལ་དེ་ཡང་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་གཉིས་སོ། །སྤྱི་ལའང་བཅོས་པའི་ཚུལ་དང་གཉེན་པོ་གཉིས་ལས་བཅོས་པའི་ཚུལ་དེ་ལ་རྣམ་པ་གཉིས་ཡིན་ཏེ། དེ་ཡང་བཅོས་ཚུལ་ཞེས་པ་ནད་དང་གཉེན་པོ་སྤྲོད་པའི་དམིགས་རྣམས་ལ་བྱ་སྟེ་དེ་མ་བསྟེན་ན་གསོ་ཐབས་ཀྱི་གཉེན་པོ་འོལ་ཚོད་དུ་འགྲོ་བས་བཤད་རྒྱུད་དུ། ནད་ལ་གསོ་ཐབས་དཔག་ཏུ་མེད་མོད་ཀྱང༌། །གསོ་ཚུལ་མེད་ན་མུན་པར་མདའ་འཕེན་འདྲ། །ཞེས་པས། རིམས་གྱི་ཚ་བ་ལ་ཆང་ལྟ་བུར་སྨིན་པར་བྱ་བ་དང༌། འགྲམས་དང་འཁྲུགས་ཀྱི་ཚ་བ་དགྲ་ནད་དེ་ཟིན་ནམ་གཉེན་ལྟ་བུ་ཟུངས་ཁྲག་དང་ངན་ཁྲག་སོ་སོར་དབྱེ་སྟེ་དགྲ་གཞོམ་གཉེན་གསོ་བ་ལྟ་བུར་དབྱེའོ། །བཅོས་པའི་གཉེན་པོ་ལ་སྨན་དང་དཔྱད་དང་ཟས་དང་སྤྱོད་ལམ་བཞི་ལས། སྨན་དུ་ཐོག་མར་བད་རླུང་ཤས་ཆེ་བས་ཕྱི་རྒྱུད་ལྟར་གྱི་མ་ནུ་བཞི་ཐང་དྲོ་འཇམ་པ་བསྟེན་ན་དེས་ཚ་བ་མི་འཕེལ་ཞིང་བད་རླུང་ཞི་བར་བྱེད་ཅིང་ཁྲག་མཁྲིས་ཤས་ཆེ་བ་ལ་སླེ་ཏྲེས་དང་ཨ་རུ་བ་རུ་སྐྱུ་རུ་སྟེ་འབྲས་བུ་གསུམ་རྣམས་ཀྱི་བསྡུས་ཐང་དྲོ་འཇམ་བསྟེན་པས་ཚ་བ་དང་བད་རླུང་དྭངས་སྙིགས་འབྱེད་པ་དང༌། ཡུན་དུ་སོང་ཀྱང་སྨིན་དཀའ་ན་བིག་པན་གྱི་ཐལ་བ་དང༌། ཛཱ་ཏི་སུག་སྨེལ་ཀ་ཀོ་ལ་སྟེ་བཟང་པོ་གསུམ་དང་སླེ་ཏྲེས་པུ་ཤེལ་ཙེ་ད་ལིས་ཏེ་བ་ལུའི་མེ་ཏོག་དང་བྱི་ཚེར་རྣམས་ཀྱི་ཕྱེ་མ་རུས་ཁུས་དབུལ་དཔྱད་དུ་ཕོ་བར་དྲོད་དུགས་བྱ་ཞིང་མཐིལ་བཞིར་མར་དཀར་བྱུག ཟས་སྤྱོད་ཕྱེ་ཚོད་དེ་ཡོས་དྲལ་བ་ཆག་ཚེའི་ཐུག་པ་དང་བསྐོལ་གྲངས་ཀྱི་ཆུ་དེ་ལ་སོགས་པ་བཅུད་མེད་ཅིང་འཇུ་སླ་བ་དྲོ་ལ་འཇམ་པ་བསྟེན་ཞིང་ནང་ནུབ་ཀྱི་དུས་སུ་ཆུ་བསྐོལ་ཚ་མོའང་བཏུང་ངོ༌། །སྤྱོད་ལམ་ནི་གོས་དྲོ་བ་གྱོན་ལ་ཉི་མ་དང་གྲིབ་མའི་མཚམས་སུ་བསྡད་ཅིང༌། དྲག་ཤུལ་དང་མེ་དང་ཉི་མས་གདུངས་པ་དང༌། ཉིན་པར་གཉིད་ལོག་པ་དང༌། ཤ་ཆང་སོགས་དྲོད་བཅུད་ཀྱི་ཟས་མཁྲིས་ཚད་སྐྱེད་པའི་ཕྱིར་སྤང་བ་དང་གྲིབ་མར་འཁྱགས་པ་དང་ས་རླན་དང་བསེར་བུ་སོགས་གྲང་བས་ཕོག་པ་དང༌། ཞོ་དང་དར་བ་ཆུ་གྲང་རྗེན་པའི་ཟས་འཇུ་དཀའ་བ་རྣམས་བད་རླུང་གི་གྲོགས་ལ་ཕོག་པས་དེ་དག་ཀྱང་སྤང་བར་བྱ་ཞིང༌། བཤལ་གཏོང་བ་དང་སྟོད་སྨད་གང་ཡང་གཏར་བ་རྔུལ་ཕྱིར་དབྱུང་བ་བསིལ་བའི་ཐང་དང་ཕྱེ་མ་རྣམས་འདི་དུས་སུ་མི་བསྟེན་ཞིང་བསྟེན་ན་ཚ་བ་ལམ་ནས་ཕྱིར་འཁྱོག་གོ། །དེ་ལྟར་དུ་སྨིན་བྱེད་ཀྱི་སྦྱོར་བ་མི་ཤེས་པར་ཁ་ཅིག་ནི་སྨིན་པ་སླ་ཞེས་དྲོད་གྱི་སྦྱོར་བ་བསྟེན་པས་དེས་ནད་ཀྱི་སྟོབས་སྐྱེད་དེ་སྲོག་ལ་ངེས་པར་རྒོལ་བར་འགྱུར་ཞིང༌། ཁ་ཅིག་ནི་མ་སྨིན་པའི་ཚ་བ་ལ་བསིལ་གྱིས་བཅོས་པས་མི་ཁ་དྲག་ཅན་གྱིས་སྐྱེལ་མ་བྱས་པའི་མགྲོན་པོ་བཅོམ་པ་ན་མ་ཆོམས་པར་སྐྱེལ་མ་དེ་འང་དགྲ་རུ་ལྡང་བ་དང་འདྲ་སྟེ་གཉེན་པོ་བསིལ་ཀྱང་དེ་གྲོགས་བད་རླུང་གི་ཐོག་ཏུ་བབས་པས་ན་མཁྲིས་ཚད་མི་གསོད་ཅིང་བད་རླུང་སྐྱེད་པར་བྱེད་པས་དེས་ན་གྲོགས་བད་རླུང་འཕེལ་བས་ནི་ཚ་བ་ཉིད་སླར་ཡང་འཕེལ་བར་བྱེད། དེ་ཕྱིར་སྨིན་བྱེད་གཙོར་བཟུང་བའི་བསིལ་དྲོད་སྙོམས་པ་བསྟེན་ན་ཕྱི་ནས་ཚ་བ་མི་སྐྱེ་ཞིང་སྔར་སྐྱེས་པ་འབྱེད་ཅིང་སེལ་བར་བྱེད་དོ། །

བྱེ་བྲག་ཏུ་རང་ཉིད་སྨིན་པའི་ཚ་བ་ལ་ནད་སྟོབས་ཆེ་ན་སྨིན་བྱེད་དང་སྨིན་ནས་གསོད་བྱེད་ཀྱི་གཉེན་པོ་ཚུལ་བཞིན་ཏུ་བསྟེན་སྟོབས་ཆུང་གི་ནད་ལ་ཚ་བ་བྱ་ལྟ་བུར་སྤུར་བ་གོང་བཤད་ལྟར་དགོས་ཏེ་གང་ཞེ་ན་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་དང་རྒྱ་གར་ཏིག་ཏ་ལི་ག་དུར་བ་ལེ་ཀ་དང་ཨུཏྤལ་དཀར་པོ་དང་སླེ་ཏྲེས་རྣམས་ལ་བྱ་སྤུར་བརྒྱད་པ་ཞེས་པ་བསྐོལ་བ་ཕུལ་ཕྱེད་ཙམ་དྲོད་རྩེ་འཇམ་དུས་བཞིར་བཏང་ལ་དྲོ་སར་བསྙལ་ཞིང་སྨན་ཞུ་སྟེ་ལུས་རྔུལ་བར་གྱུར་ནས་གདོང་པའང་བྱིབ་ཅིང་རྔུལ་ཐོན་པ་དང་བལ་དང་ཕྱེས་ཕྱིས་ལ་རླུང་གནོན་པའི་ཤ་གསར་གྱི་ཐུག་པ་བཏང༌། གལ་ཏེ་རྔུལ་ཐོན་དཀའ་ན་སྔོ་སྣེའུའི་རླངས་དུགས་བྱ། ཁ་ཅིག་ནི་སྨན་མ་ཞུ་བར་ནད་པའི་གདོང་པ་བྱིབས་པས་སྨན་ནུས་མ་ཐོན་པའི་གོང་ནས་ནད་པའི་སྡུག་སྲན་ཟད་དེ་རྔུལ་མེད་པར་ནད་དེ་འཁྲུགས་པས་ཉེས་པ་ཕྱིར་ལ་ཆེ་བ་ཡིན་པས་དེ་ལྟར་གྱི་རྔུལ་འདོན་པ་འདིར་མ་ཟད་ཀུན་ལ་ཤེས་པར་གྱིས་ཞེས་གདམས་པ་དང༌། དེ་བཞིན་དུ་ཉི་མ་གསུམ་གྱི་བར་དུ་རྔུལ་བཏོན་ལ་དེ་རྗེས་སུ་སྐར་ཆུ་ནང་མ་དང་པོ་རྫེའུ་ཞེས་རྫ་མ་ཆུང་བ་གང་གཉིས་པར་དོ། གསུམ་པར་གསུམ་རྣམས་རིམ་པ་བཞིན་གྱིས་ཉི་མ་གསུམ་གྱི་བར་དུ་ལུས་ལ་བྲན་ཞིང༌། དེ་ནས་གི་ཝཾ་དང་ཅུ་གང་གུར་ཀུམ་ལི་ཤི་སྟེ་བསིལ་གསུམ་གྱི་ཕྱེ་མ་བསྟེན་པས་དེས་ཚ་བ་སླར་མི་རྒྱས་པར་སྐྱེ་འཕྲོ་ལམ་ནས་བཟློག་པར་ངེས་སོ། །སྨིན་པའི་ལོང་མེད་པའི་ཚ་བ་བཅོས་པ་ནི་སྲོད་དང་ཐོ་རངས་བད་རླུང་གི་དུས་སུ་སྨིན་བྱེད་ཀྱི་ཐང་མ་ནུ་བཞི་པ་སོགས་བསྟེན་ཞིང་ཉིན་མཚན་གྱི་གུང་མཁྲིས་པའི་དུས་སུ་བསིལ་སྨན་གྱི་གཉེན་པོས་བསད་དགོས་ཤིང༌། སྨིན་པའི་དུས་ཀྱི་བར་ལ་བསྒུགས་ན་ཚ་བ་ལ་འདས་ཏེ་ནད་པའི་སྲོག་འཕྲོག་པར་འགྱུར་རོ། དེ་བས་ན་བྱེར་ཞིང་རྙོགས་པ་ལ་མི་བལྟ་བར་ནད་དང་སྨན་དཔྱད་གཉིས་སྲོག་ལ་ཐོབ་ཤ་བྱ་དགོས་ཏེ། བད་ཀན་གྱིས་མ་སྨིན་པ་ལ་སེ་འབྲུ་དང་སྐྱུ་རུ་ར་དང་སྒ་སྐྱ་དང་པུ་ཤེལ་ཙེ་རྣམས་ཀྱི་བསྡུས་ཐང་དྲོ་འཇམ་བཏང་བའམ་ཡང་ན་སེ་འབྲུ་དང་སྐྱུ་རུ་དང་བྱི་ཚེར་བའམ་ཡང་ན་ཕྱི་རྒྱུད་ལྟར་གྱི་རྒྱམ་ཚྭ་གསུམ་པའི་བསྡུས་ཐང་བཏང་ངོ༌། །རླུང་གིས་ཚད་པ་མ་སྨིན་ན་སླེ་ཏྲེས་དང་བུར་རྙིང་གི་ཐང་ངམ་ཡང་ན་སྲེ་ལོང་སོག་ཡུ་མཇུག་གུ་ཆུང་སྟེ་རུས་བཅུད་གསུམ་གྱི་བསྡུས་པའི་ཐང་བཏང་ངོ༌། །རྐྱེན་གྱིས་བྱེར་ན་བིག་པན་དང་ཆང་སྦྱར་བ་བྱིན་ཞིང༌། ལག་པའི་གྲུ་མོ་དང་རྐང་བའི་པུས་མོ་མན་ཆད་ཆུས་བྲན་པ་དང༌། ཉི་མ་དེའི་ཕྱི་མ་འམ་དེའི་ནང་པར་དཔྱི་དང་དཔུང་པ་མན་ཆད་ལ་བྲན། དེ་བཞིན་ཉིན་དེའི་ཕྱི་མ་དེའི་ནང་པར་ལུས་ཀུན་ལ་བྲན་ཞིང༌། དེ་ནས་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་དང་རྒྱ་གར་ཏིག་ཏའི་བསྡུས་པའི་གྲང་ཐང་བསྟེན་ནོ། །བཅོས་སྔས་པས་མ་སྨིན་པའི་ཚ་བར་བྱ་ཤོར་ན། སྲེ་ལོང་གི་ཐང་བཏང་ལ་རྐང་ལག་གི་མཐིལ་བཞི་དང་རླུང་གསང་ལ་མར་གསར་བྱུག ཁོལ་བུར་ནའམ་གཟེར་གང་བྱུང་སར་རས་སྣུམ་ཅན་སོགས་དུགས་ཀྱིས་བདུགས་པ་དང༌། རྒྱུད་ཕྱི་མ་ལྟར་གྱིས་མ་ནུ་བཞིའི་བསྡུས་པའི་ཐང་ཚན་མོ་བསྟེན། ཤ་གསར་དང་མར་གསར་ཡོས་ཆང་རྣམས་ཀྱིས་བྱ་ཤོར་གླན་ནོ། །མ་སྨིན་པར་ཚ་བ་བྱེར་བ་ལ་སྲེ་ལོང་པའི་རུས་ཐང་བཏང་ཞིང་དེ་ནས་ཨ་རུ་བ་རུ་སྐྱུ་རུ་སྟེ་འབྲས་བུ་གསུམ་གྱི་བསྡུས་པའི་གྲང་ཐང་བླུད་པ་དང༌། དེ་རྗེས་ལ་ཅུ་གང་གུར་ཀུམ་ལི་ཤི་ཛཱ་ཏི་སུག་སྨེལ་ཀ་ཀོ་ལ་སྟེ་བཟང་པོ་དྲུག་གི་ཕྱེ་མ་སྦྱར་བས་ལུས་བརྩེ་བའི་འཕྲོ་ཆད་ནས། ཨ་རུ་མཆུ་སྙུང་དང་ལྕུམ་རྩའི་འཇམ་བཤལ་བཏང་བས་འཚོ། ཁ་ཟས་བསིལ་བ་དང་བཅུད་བསྟེན་པས་བྱེར་བ་སྡུད་དོ། །མ་སྨིན་ཚ་བའི་མགོ་སྡིགས་པ་ལ་ཕྱི་རྒྱུད་ཀྱི་སེ་འབྲུ་བཞི་པ་སྦྱར་ཞིང་སྲེ་ལོང་དང་སྒ་སྐྱ་བསྲེགས་པའི་ཐང་བཏང་ལ་གོང་གི་འཇམ་བཤལ་བྱ་བ་དང༌། བཅུད་མེད་ཅིང་དྲོ་འཇམ་གྱི་ཟས་བསྟེན་ནས་མགོ་སྡིགས་པ་སེང་ངོ༌། །མ་སྨིན་པའི་ཚ་བ་རྙོགས་པ་ལ་སླེ་ཏྲེས་དང་པི་པི་ལིང་ཨ་བར་སྐྱུར་ཏེ་འབྲས་གསུམ་གྱི་ཐང་བཏང་རུ་ཐུང་དང་སྣོད་ཀ་གཉིས་གང་འོས་གཏར་ལ། དེ་ནས་ཙནྡན་དཀར་པོ་དང་གི་ཝཾ་དང་གུར་ཀུམ་གསུམ་ཚད་པའི་སྟོབས་དང་སྦྱར་ཏེ་ཨ་བར་སྐྱུར་གྱི་ར་གསུམ་ཐང་ལ་མཆན་བུ་འགར་དེ་འབྲས་བུ་གསུམ་མིན་ར་ཞེས་པས་ཤ་རུ་དགོ་རུ་སོགས་སྲོག་ཆགས་ཀྱི་རྭ་ལ་བཞེད་ཀྱང་དེ་ནི་འཁྲུལ་པར་འཁྱམས་ཞེས་མི་འཐད་ལ་འབྲས་བུ་གསུམ་སྟེང་བ་ཤ་ཀ་སྤོས་དཀར་སོ་མ་རཱ་ཛ་དང༌། བྲག་ཞུན་རྣམས་ཀྱི་ཕྱེ་མ་ཐུན་བསྐྱུང་ཞེས་ཐུན་ཆུང་ངུ་གཏོང་རྟག་ཙམ་ཡུན་བསྲིངས་ཏེ་སེང་ལྡེང་གི་ཐང་གིས་དབུལ་ཞིང༌། འབྲས་བུ་ཨ་བར་སྐྱུར་གསུམ་དང་ལྕུམ་རྩ་སྔོན་བུ་སྤོས་དཀར་སོགས་བ་ཆུར་སྦྱར་བའི་བཤལ་བཏང་རྗེས་ལ་ཚིགས་པ་དང་པོ་བཅུ་གསུམ་བཅོ་བརྒྱད་མེ་མཉམ་གསང་རྣམས་ལ་མེས་བཅད་དེ་རྙོགས་པ་བསལ་ལོ། །དེ་ལྟར་བཤད་པའི་མ་སྨིན་པའི་ཚ་བ་དེ་ནི་ཚ་བ་ཀུན་གྱི་སྔོན་དུ་འབྱུང་བ་ཡིན་ཏེ། ཁྱད་པར་རིམས་ཀྱི་རིགས་ལ་མ་སྨིན་པ་ཤས་ཆེ་བར་འབྱུང་བས་མ་སྨིན་པའི་རྟགས་དང་གང་ལྡན་པ་དེ་སྨིན་པར་བྱེད་པའི་ཐང་དང་སྤྱོད་ལམ་བྱ་བ་གཅེས་དུས་ཚོད་ནི་སྨིན་པའི་རྟགས་མ་ཤར་གྱི་བར་དུ་བཅོས་སོ། །དེ་ཡང་སྨིན་མགྱོགས་ཤིང་ལེགས་ན་ཚ་བ་དེ་ཆོམས་པ་སླ་ལ་འཚོ་བ་ཡང་སྐྱེན། བཅོས་ཉེས་པའི་གབ་པ་དང་རྙིངས་པ་རྒྱས་པ་སྟོངས་པ་རྙོགས་པར་འགྱུར་བས་དེས་ན་མ་སྨིན་པའི་ཚ་བ་འདིའི་དུས་སུ་བཅོས་ཀ་རྣམས་ལ་གཟབ་པར་བྱའོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཚ་བ་མ་སྨིན་པ་བཅོས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།


 

མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 10:55 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།