སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅོ་ལྔ་པ། ཚ་བ་མ་སྨིན་པ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་བཅོ་ལྔ་པ། ཚ་བ་མ་སྨིན་པ་བཅོས་པ།



ལེའུ་བཅོ་ལྔ་པ། ཚ་བ་མ་སྨིན་པ་བཅོས་པ།

དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས། །མ་སྨིན་ཚ་བའི་རྒྱུ་རྐྱེན་ངོ་བོ་གང༌། །མ་སྨིན་ཚ་བའི་མིང་དུ་ཅི་ཕྱིར་བཏགས། །དབྱེ་བ་རྟགས་དང་བཅོས་ཐབས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་ལ་ལན་གསུངས་པ།།

མ་སྨིན་ཚ་བའི་རྒྱུ་ནི་བད་རླུང་ཡིན། །དེ་ལ་རྐྱེན་གསུམ་རང་བཞིན་མ་སྨིན་དང་། །ནད་ཁམས་རྐྱེན་གྱི་སྒོ་ནས་མ་སྨིན་པའོ། །རང་བཞིན་རྒྱུ་ཡིས་མ་སྨིན་ཞེས་བྱ་བ། །དེ་རྒྱུ་བད་རླུང་བསྡོངས་པ་ཅི་ཞེ་ན། །དཔེར་ན་རླུང་མཁྲིས་བད་ཀན་ཕ་སྤུན་འདྲ། །གཅིག་ལ་རྐྱེན་བྱུང་གཉིས་ཀྱང་མི་བདེ་ལྟར། །རྐྱེན་བཞི་མཁྲིས་པ་ལ་ཕོག་དེས་བསླང་བས། །ཞར་ལ་བད་རླུང་གཉིས་ཀྱང་མི་བདེ་འཁྲུག །དེ་ཕྱིར་མ་སྨིན་ཚ་བ་འབྱུང་བ་ཡིན། །དེ་ཡང་ཁྱད་པར་རིམས་ལ་མི་འབྱུང་མེད། །ནད་ཁམས་ཡུལ་དུས་རང་བཞིན་ན་སོ་དང༌། །གནས་དང་ནད་ཁམས་ཟས་སྤྱོད་རྐྱེན་དབང་གིས། །བད་རླུང་ལྡན་པས་སྨིན་པ་དཀའ་བར་འགྱུར། །རྐྱེན་ནི་མ་སྨིན་ཚ་བ་བྱུང་དུས་སུ། །ཟས་སྤྱོད་གཉེན་པོ་སྔས་པས་བྱེར་བ་ཡིན།།

དེས་བསྐྱེད་མ་སྨིན་ཚ་བ་ཞེས་བྱ་བ། །ཚ་བ་བད་རླུང་བསྡོངས་ཟླར་བཅས་པ་ཡིས། །རླུང་གིས་ཚ་བ་ཟུངས་ལ་ཁྱབ་པར་གཏོར། །བད་ཀན་ཚ་བའི་མགོ་མནན་སྐྱེར་མི་སྟེར། །ཤིང་རློན་མེ་སྔོན་དུ་བ་འབྱུང་བ་ལྟར། །བསྡོངས་ཟླ་མ་ཕྱེད་ནད་ཤུགས་མ་རྫོགས་པས། །སྐྱེ་འཕྲོ་མ་ཆད་མ་སྨིན་ཞེས་སུ་བརྗོད། །འདི་དུས་ཚ་བ་ཟུངས་དང་དབྱེར་མེད་འདྲེས། །ནད་ཁྲག་ཟུངས་ཁྲག་འོ་མ་ཆུ་འདྲེས་འདྲ། །ཡུངས་དཀར་མར་བཞིན་དེ་ལུས་ཁྱབ་པར་གནས།།ཛ

དབྱེ་བ་རང་ཉིད་སྨིན་དང་སྨིན་ལོང་མེད། །སྨིན་དུ་མི་འདོད་ཚ་བ་རྣམ་པ་གསུམ། །རང་ཉིད་སྨིན་ལ་སྟོབས་ཆེན་སྟོབས་ཆུང་གཉིས། །སྨིན་ལོང་མེད་ལ་གནད་དུ་བབས་པ་དང་། །སྦྱོར་བ་ལོག་པས་སྨིན་ལོང་མེད་པ་གཉིས། །ཚ་བ་སྨིན་དུ་མི་འདོད་རྐྱེན་གསུམ་སྟེ། །རླུང་དང་བད་ཀན་རྐྱེན་གྱིས་བྱེར་བ་འོ། །དེ་ལ་མ་སྨིན་གཉེན་པོ་བསྟེན་སྔས་པས། །བྱ་ཤོར་བྱེར་སྡིགས་རྙོགས་པ་བཞི་རུ་འགྱུར།།

མ་སྨིན་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །ཕྱིས་འབྱུང་ཁ་དམར་སྨིན་པའི་རྟགས་དང་བཞི། །སྤྱི་རྟགས་རྩ་རྒྱུད་ཕྲ་ཞིང་གཡོ་ལ་མགྱོགས། །ཆུ་མདོག་དམར་སེར་སྐ་ལ་རྙོག་མ་ཅན། །ལྕེ་སྐྱ་སྟེང་དུ་རླུང་འབྲུམ་དམར་ཙིམ་འབྱུང་། །ལུས་དྲོད་མི་སྙོམས་སྲོད་ལ་ཤ་དྲོད་ཆེ། །གཡལ་མང་སྒྱིད་པ་སྐྱུར་ལ་བྱ་རྨྱང་བྱེད། །ཁ་ཁ་མགོ་དང་བྱིན་ཉྭ་ཚིགས་གཞི་ན། །གྲང་ཤུམ་བྱེད་ཅིང་མེ་དང་ཉི་མ་སྙེག །རྨི་ལམ་ཟ་ཟི་མང་ལ་སེམས་ལས་ཆེ། །མ་སྨིན་ཚ་བ་ཀུན་ལ་རྟགས་དེ་འབྱུང༌། །བྱེ་བྲག་རང་ཉིད་སྨིན་པའི་ཚ་བ་དེ། །ནད་ཁམས་ཁྲག་མཁྲིས་ཤས་ཆེའི་མི་རྣམས་ལ། །ཚ་བ་ཁྲག་མཁྲིས་རྔུལ་གནས་བབས་པ་ཡི། །ཟས་དང་སྤྱོད་ལམ་ཚ་གྲང་མ་ལོག་པས། །ལུགས་སུ་འབྱུང་བ་རྐྱང་པའི་ཚ་བ་ཡིན། །ཞག་གསུམ་ལྔ་བདུན་དུས་ན་རང་ཉིད་སྨིན། །རྩ་ཆུ་དང་ག་མགོ་དང་ཚིགས་གཞི་ན། །གྲང་ཤུམ་དག་ལས་ནད་སྟོབས་ཆེ་ཆུང་དཔག །གནད་དུ་བབས་པས་སྨིན་ལོང་མེད་པ་ནི། །འགྲམས་འཁྲུགས་རིམས་དུག་མོད་དུ་དོན་སྣོད་བབས། །དོན་སྣོད་འདྲུལ་ཕྱིར་སྨིན་དུས་སྡོད་ལོང་མེད། །སྦྱོར་བ་ལོག་པས་སྨིན་ལོང་མེད་པ་ནི། །ཚ་བ་བད་རླུང་གཉིས་ལ་བབས་པ་ལས། །ཟས་སྤྱོད་ཤ་ཆང་ཤུགས་དྲག་འདོམ་པ་ཡིས། །སྨིན་པའི་ལོང་མེད་སྲོག་ལ་མྱུར་དུ་རྒོལ། །དེ་རྟགས་ལུས་སྟོབས་དབང་པོའི་གཟི་མདངས་འཆོར། །ན་མ་ཐོག་ནས་ཟུག་ཆེ་ཅར་ལ་ཐེབས། །ཉལ་དང་སྙེས་དང་ཙོག་པུར་འདུག་ལ་སོགས། །གང་ཡང་བདེ་མེད་སྨིན་ལོང་མེད་པ་ཡིན། །རླུང་གིས་ཚ་བ་སྨིན་དུ་མི་འདོད་རྟགས། །རྩ་འཁྲུག་ལུས་ཀུན་བརྡུངས་སྙམ་སྟོང་སྐྱུགས་བྱེད། །གཡལ་འདར་མིག་དཔངས་མཐོ་ལ་མཆི་མ་འཛག  །ཚ་བ་བད་ཀན་དག་གིས་མ་སྨིན་ན། །ཁ་མངལ་མཆིལ་སྣབས་མང་ལ་ཕོ་བ་རྫིང༌། །དང་ག་མི་བདེ་སྐྱུག་ཅིང་ལུས་དྲོད་ཆུང༌། །ཆུ་གྲང་ཞོ་དར་གཏར་བཤལ་རྔུལ་ཐང་སོགས། །རྐྱེན་གྱིས་བྱེར་བས་ལུས་རྔུལ་ཤེད་ཉམ་ཆུང༌། །གྲང་ཤུམ་རེས་ཡོད་རེས་མེད་མེ་ཉི་འདོད། །དེ་ཡང་རླུང་ཤས་ཆེ་ན་བྱ་ཤོར་ཏེ། །བཅོས་སུ་མི་འདོད་ཚ་བ་ལམ་ནས་འཁྱོག །ཆུ་དམར་རྩ་རྒྱུད་ཕྲ་གྲིམས་སྟོང་ལ་མགྱོགས། །གློ་གསོར་གཉིད་ཆུང་གཡལ་མང་རུས་ཚིགས་ན། །བྱ་ཤོར་མ་གླན་སྟོངས་ཏེ་རླུང་ལྟར་འཚུབ། །ཁྲག་མཁྲིས་ཤས་ཆེའི་ཚ་བ་བྱེར་འགྱུར་ཏེ། །རྩ་རྒྱུད་ཕྲ་མགྱོགས་ཆུ་དམར་ཚིགས་གཞི་ན། །གློ་འབུད་རྔུལ་ཁ་སྙི་ལ་པགས་པ་བརྩེ། །བྱེར་ཏེ་མ་བསྡུས་རྙིངས་ནས་རྩི་ལྟར་ཞེན། །བད་ཀན་ཤས་ཆེ་ཚ་བའི་མགོ་སྡིགས་ཏེ། །ཕོ་མཆིན་མཁལ་འཁོར་མགོ་དང་ཚིགས་གཞི་ན། །དང་ག་མི་བདེ་འཇུ་དཀའ་སྟོང་སྐྱུགས་བྱེད། །སྡིགས་པ་མ་བསེངས་གབ་ནས་མུན་ལྟར་འཐིབ། །ཆུ་སེར་ཤས་ཆེ་ཚ་བ་རྙོགས་པར་འགྱུར། །རྩ་རྒྱུད་ཕྲ་མགྱོགས་ཆུ་མདོག་དམར་ལ་སྨུག །སྙིང་སྤྲུག་མིག་ལྕིབས་རྐང་བོལ་ཅུང་ཟད་གཡོ། །གློ་ཆུང་འདེགས་ཤིང་རོ་སྟོད་གཟེར་ཕྲན་འོང༌། །རྙོགས་པ་མ་བསལ་འོར་ལྷུང་ཆུ་ལྟར་འཕྱོ། །མ་སྨིན་ཚ་བ་ཕྱིས་ཀྱི་འབྱུང་ཚུལ་ནི། །ནད་སྟོབས་ཆེ་ལ་སྨིན་དཀའ་ཕལ་ཆེར་འཆི། །སྨིན་དཀའ་ནད་སྟོབས་ཆུང་ཡང་ཡུན་དུ་སྦྱོང༌། །སྟོབས་ཆེ་སྨིན་སླ་འཆི་སྐྱེན་འཚོ་སྐྱེན་ནད། །སྟོབས་ཆུང་སྨིན་པ་སླ་ན་མྱུར་དུ་འཚོ། །དེ་བཞིན་ཡུལ་དུས་རང་བཞིན་ན་སོ་དང༌། །ནད་ཁམས་ཁྲག་མཁྲིས་ཅན་ལ་ཟས་སྤྱོད་ལོག །ཚད་སྟོབས་ཆུང་ན་རང་ཤུགས་སྨིན་འགྱུར་ཏེ། །སྟོབས་ལྡན་ཚ་བ་རྒྱས་པ་ཕལ་ཆེར་འཆི། །དེ་བཞིན་བད་རླུང་གྲང་བའི་ནད་གཞི་ལ། །ཟས་དང་སྨན་དཔྱད་སྤྱོད་ལམ་བསིལ་བསྟེན་པས། །ཚ་བ་མ་སྨིན་ཡུན་དུ་སྦྱོང་བར་འགྱུར། །དེ་ལ་ཤ་ཆང་དྲག་ཤུལ་ཉིན་གཉིད་ཤོར། །ནད་སྟོབས་ཆུང་ན་སྨིན་པ་སླ་བ་སྟེ། །སྟོབས་ཆེ་སྨིན་ལོང་མེད་པའི་ཚ་བར་འགྱུར། །སྨིན་རྟགས་ལྕེ་སྟེང་དཀར་སེར་རླུང་འབྲུམ་མེད། །རྩ་སྟོད་རྒྱུག་ཅིང་རྩ་སྨད་དམའ་ལ་གྲིམས། །ཆུ་མདོག་དམར་སེར་ཀུ་ཡ་ལིང་གིས་འདྲིལ། །བསིལ་འདོད་ལུས་ལ་དྲི་འབྱུང་དབང་པོ་གཡུང༌། །ཁྱད་པར་གྲང་ཤུམ་ཆད་ན་སྨིན་པ་སྟེ། །འབུད་བྱེད་མེ་ཤིང་ཟད་པའི་མེ་དང་འདྲ། །གསོ་བའི་དུས་ཡིན་དེ་ལས་ཐལ་མི་བྱ།།

བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་པའི་ཚུལ་དང་གཉེན་པོ་གཉིས། །བཅོས་པའི་ཚུལ་ལ་རྣམ་པ་གཉིས་ཡིན་ཏེ། །རིམས་ཀྱི་ཚ་བ་ཆང་ལྟར་སྨིན་པར་བྱ། །འགྲམས་འཁྲུགས་ཚ་བ་དགྲ་ཟིན་ལྟ་བུར་དབྱེ། །བཅོས་པའི་གཉེན་པོ་སྨན་དཔྱད་ཟས་སྤྱོད་བཞི། །སྨན་དུ་མ་ནུ་བཞི་ཐང་དྲོ་འཇམ་བསྟེན། །ཚ་བ་མི་འཕེལ་བད་རླུང་ཞི་བར་བྱེད། །ཁྲག་མཁྲིས་ཤས་ཆེ་སླེ་ཏྲེས་འབྲས་བུ་གསུམ། །བསྡུས་འཇམ་བསྟེན་པས་ཚ་བ་དྭངས་སྙིགས་འབྱེད། །ཡུན་དུ་སྨིན་དཀའ་བིག་པན་ཐལ་བ་དང༌། །བཟང་པོ་གསུམ་དང་སླེ་ཏྲེས་པུ་ཤེལ་རྩེ། །ད་ལིས་བྱི་ཚེར་ཕྱེ་མ་རུས་ཁུས་དབུལ། །དཔྱད་དུ་ཕོ་བར་དུགས་བྱ་མཐིལ་བཞིར་བྱུག །ཟས་སྤྱོད་ཕྱེ་ཚོད་དྲལ་ཐུག་བསྐོལ་གྲང་ཆུ། །དེ་སོགས་བཅུད་མེད་འཇུ་སླ་དྲོ་འཇམ་བསྟེན། །ནང་ནུབ་དུས་སུ་ཆུ་སྐོལ་ཚན་མོ་བཏུང༌། །སྤྱོད་ལམ་གོས་དྲོ་ཉི་གྲིབ་མཚམས་སུ་བསྡད། །དྲག་ཤུལ་མེ་ཉིས་གདུངས་དང་ཉིན་གཉིད་ལོག །ཤ་ཆང་དྲོད་བཅུད་མཁྲིས་ཚད་སྐྱེད་ཕྱིར་སྤང༌། །གྲིབ་འཁྱགས་ས་རླན་བསེར་བུ་གྲང་བ་དང༌། །ཞོ་དར་ཆུ་གྲང་རྗེན་ཟས་འཇུ་དཀའ་རྣམས། །བད་རླུང་གྲོགས་ལ་ཕོག་པས་སྤང་བར་བྱ། །བཤལ་གཏར་རྔུལ་དབྱུང་བསིལ་ཐང་ཕྱེ་མ་རྣམས༌།  འདི་དུས་མི་བསྟེན་ཚ་བ་ལམ་ནས་འཁྱོག །དེ་ལྟར་སྨིན་བྱེད་སྦྱོར་བ་མི་ཤེས་པར། །ཁ་ཅིག་སྨིན་པ་སླ་ཞེས་དྲོད་སྦྱོར་བསྟེན། །ནད་ཀྱི་སྟོབས་བསྐྱེད་སྲོག་ལ་ངེས་པར་རྒོལ། །ཁ་ཅིག་མ་སྨིན་ཚ་བ་བསིལ་གྱིས་བཅོས། །ཁ་དྲག་སྐྱེལ་མའི་འགྲོན་པོ་བཅོམ་པ་འདྲ། །གཉེན་པོ་གྲོགས་ཀྱི་ཐོག་ཏུ་བབས་པ་ན། །མཁྲིས་ཚད་མི་གསོད་བད་རླུང་སྐྱེད་བྱེད་པས། །གྲོགས་འཕེལ་བས་ནི་ཚ་བ་ཉིད་འཕེལ་བྱེད། །དེ་ཕྱིར་སྨིན་བྱེད་བསིལ་དྲོད་སྙོམས་བསྟེན་ན། །ཕྱི་ནས་མི་སྐྱེ་སྔར་སྐྱེས་འབྱེད་ཅིང་སེལ། །བྱེ་བྲག་རང་ཉིད་སྨིན་པའི་ཚ་བ་ལ། །སྟོབས་ཆེ་སྨིན་བྱེད་གཉེན་པོ་ཚུལ་བཞིན་བསྟེན། །སྟོབས་ཆུང་ནད་ལ་ཚ་བ་བྱ་ལྟར་སྤུར། །འབྲས་བུ་གསུམ་དང་ཏིག་ཏ་ལི་ག་དུར། །བ་ལེ་ཀ་དང་ཨུཏྤལ་སླེ་ཏྲེས་བསྐོལ། །ཕུལ་ཕྱེད་རྩེ་འཇམ་བཏང་ལ་དྲོ་སར་བསྙལ། །སྨན་ཞུ་ལུས་རྔུལ་གྱུར་ནས་གདོང་པ་བྱིབས། །རྔུལ་ཐོན་བལ་དང་ཕྱེས་ཕྱི་རླུང་གནོན་བཏང༌། །གལ་ཏེ་ཐོན་དཀའ་སྣེའུའི་རླངས་དུགས་བྱ། །ཁ་ཅིག་སྨན་མ་ཞུ་བར་གདོང་པ་བྱིབས། །སྨན་ནུས་མ་ཐོན་ནད་པའི་སྡུག་སྲན་ཟད། །རྔུལ་མེད་ནད་འཁྲུགས་ཉེས་པ་ཕྱིར་ལ་ཆེ། །དེ་ལྟར་རྔུལ་འདོན་ཀུན་ལ་ཤེས་པར་གྱིས། །དེ་བཞིན་ཉི་མ་གསུམ་དུ་རྔུལ་བཏོན་ལ། །དེ་རྗེས་སྐར་ཆུ་རྫེ་འུ་གང་དོ་གསུམ། །རིམ་པས་ཉི་མ་གསུམ་དུ་ལུས་ལ་བྲན། །དེ་ནས་གི་ཝཾ་བསིལ་གསུམ་ཕྱེ་མ་བསྟེན། །དེ་ཡིས་ཚ་བ་ལམ་ནས་ཟློག་པར་ངེས། །སྨིན་ལོང་མེད་པའི་ཚ་བ་བཅོས་པ་ནི། །བད་རླུང་དུས་སུ་སྨིན་བྱེད་ཐང་བསྟེན་ཞིང༌། །མཁྲིས་པའི་དུས་སུ་བསིལ་གྱི་གཉེན་པོས་བསད། །སྨིན་དུས་བསྒུགས་ན་ལ་འདའ་སྲོག་འཕྲོག་འགྱུར། །དེ་བས་བྱེར་ཞིང་རྙོགས་ལ་མི་ལྟ་བར། །ནད་དང་སྨན་དཔྱད་སྲོག་ལ་ཐོབ་ཤ་བྱ། །བད་ཀན་མ་སྨིན་སེ་འབྲུ་སྐྱུ་རུ་ར། །སྒ་སྐྱ་པུ་ཤེལ་རྩེ་ཡི་བསྡུས་ཐང་བཏང༌། །ཡང་ན་སེ་འབྲུ་སྐྱུ་རུ་བྱི་ཚེར་བ། །ཡང་ན་རྒྱམ་ཚྭ་གསུམ་པའི་བསྡུས་ཐང་བཏང༌། །རླུང་གིས་མ་སྨིན་སླེ་ཏྲེས་བུར་རྙིང་ཐང༌། །ཡང་ན་རུས་བཅུད་གསུམ་གྱི་བསྡུས་ཐང་བཏང༌། །རྐྱེན་གྱིས་བྱེར་ན་བིག་པན་ཆང་སྦྱར་བྱིན། །གྲུ་མོ་པུས་མོ་མན་ཆད་ཆུ་ཡིས་བྲན། །ཕྱི་དེ་ནང་པར་དཔྱི་དཔུང་མན་ཆད་ལ། །དེ་ཡི་ཕྱི་དེ་ནང་པར་ལུས་ཀུན་བྲན། །དེ་ནས་འབྲས་གསུམ་ཏིག་ཏའི་བསྡུས་གྲང་བསྟེན། །བཅོས་སྔས་མ་སྨིན་ཚ་བ་བྱ་ཤོར་ན། །སྲེ་ལོང་ཐང་བཏང་མཐིལ་བཞི་རླུང་གསང་བྱུག །ཁོལ་བུར་ན་འམ་གཟེར་སར་དུགས་ཀྱིས་བདུག །མ་ནུ་བཞི་ཡི་བསྡུས་ཐང་ཚན་མོ་བསྟེན། །ཤ་གསར་མར་གསར་ཡོས་ཆང་བྱ་ཤོར་གླན། །མ་སྨིན་བྱེར་ལ་སྲེ་ལོང་རུས་ཐང་བཏང་། །དེ་ནས་འབྲས་བུ་གསུམ་གྱི་བསྡུས་གྲང་བླུད། །དེ་རྗེས་བཟང་པོ་དྲུག་གི་ཕྱེ་མ་སྦྱར། །བརྩེ་འཕྲོ་ཆད་ནས་(ཨ་རུ་ལྕུམ་རྩའི་)འཇམ་བཤལ་བཏང་བས་འཚོ། །ཁ་ཟས་བསིལ་བཅུད་བསྟེན་པས་བྱེར་བ་སྡུད། །མ་སྨིན་མགོ་སྡིགས་སེ་འབྲུ་བཞི་པ་སྦྱར། །སྲེ་ལོང་སྒ་བསྲེགས་ཐང་བཏང་འཇམ་བཤལ་བྱ། །བཅུད་མེད་དྲོ་འཇམ་ཟས་བསྟེན་མགོ་སྡིགས་སེང༌། །མ་སྨིན་རྙོགས་ལ་སླེ་ཏྲེས་པི་པི་ལིང༌། །འབྲས་གསུམ་ཐང་བཏང་རུ་ཐུང་སྣོད་ཀ་གཏར། །དེ་ནས་ཙན་དན་གི་ཝཾ་གུར་ཀུམ་གསུམ། །ཚད་སྟོབས་སྦྱར་ཏེ་རྭ་གསུམ་བ་ཤ་ཀ །སྤོས་དཀར་སོ་མ་ར་ཛ་བྲག་ཞུན་ཕྱེ། །ཐུན་སྐྱུངས་ཡུན་བསྲིངས་སེང་ལྡེང་ཐང་གིས་དབུལ། །(འབྲས་གསུམ་ལྕུམ་རྩ་སྔོན་བུ་སྤོས་དཀར་བ་ཆུའི་)བཤལ་བཏང་རྗེས་ལ་(ཚིགས་པ་དང་པོ་བཅུ་གསུམ་བཅོ་བརྒྱད་མེ་མཉམ་གསང་རྣམས་ལ་) མེས་བཅད་རྙོགས་པ་བསལ། །དེ་ལྟར་མ་སྨིན་པ་ཡི་ཚ་བ་དེ། །ཚ་བ་ཀུན་གྱི་སྔོན་དུ་འབྱུང་བ་སྟེ། །ཁྱད་པར་རིམས་ལ་མ་སྨིན་ཤས་ཆེར་འབྱུང་། །མ་སྨིན་རྟགས་དང་གང་ལྡན་སྨིན་བྱ་གཅེས། །དུས་ཚོད་སྨིན་རྟགས་མ་ཤར་བར་དུ་བཅོས། །སྨིན་ལེགས་ཚ་བ་ཆོམས་སླ་འཚོ་བ་སྐྱེན། །བཅོས་ཉེས་གབ་རྙིངས་རྒྱས་སྟོངས་རྙོགས་འགྱུར་བ། །དེས་ན་འདི་དུས་བཅོས་ཀ་གཟབ་པར་བྱ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཚ་བ་མ་སྨིན་པ་བཅོས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།


 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 3:30 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།