ལེའུ་བཅོ་ལྔ་པ། ཚ་བ་མ་སྨིན་པ་བཅོས་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.02.2021 |
ལེའུ་བཅོ་ལྔ་པ། ཚ་བ་མ་སྨིན་པ་བཅོས་པ།
དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས། །མ་སྨིན་ཚ་བའི་རྒྱུ་རྐྱེན་ངོ་བོ་གང༌། །མ་སྨིན་ཚ་བའི་མིང་དུ་ཅི་ཕྱིར་བཏགས། །དབྱེ་བ་རྟགས་དང་བཅོས་ཐབས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་ལ་རྒྱས་པ་ཕྱེ་བ་དང་མདོར་བསྟན་པ་གཉིས་ཀྱིས་ལན་གསུངས་པ་ལ། །
དང་པོ་སྤྱི་དོན་བདུན་ལས་དང་པོ་མ་སྨིན་ཚ་བའི་རྒྱུ་ནི་བད་རླུང་ཡིན། །སྤྱི་དོན་གཉིས་པ་དེ་ལ་རྐྱེན་གསུམ་རང་བཞིན་མ་སྨིན་དང་། །ནད་ཁམས་ཀྱི་མ་སྨིན་པ་དང་རྐྱེན་གྱི་སྒོ་ནས་མ་སྨིན་པའོ། །དང་པོ་རང་བཞིན་རྒྱུ་ཡིས་མ་སྨིན་ཞེས་བྱ་བ། །དེ་རྒྱུ་བད་རླུང་བསྡོངས་པ་ཅི་ཞེ་ན། །དཔེར་ན་རླུང་མཁྲིས་བད་ཀན་ཕ་སྤུན་འདྲ། །གཅིག་ལ་རྐྱེན་བྱུང་གཉིས་ཀྱང་མི་བདེ་ལྟར། །རྐྱེན་དུས་གདོན་ཟས་སྤྱོད་བཞི་མཁྲིས་པ་ལ་ཕོག་ནས་མཁྲིས་པ་དེས་བསླང་བས། །ཞར་ལ་བད་རླུང་གཉིས་ཀྱང་མི་བདེ་འཁྲུག་པར་འགྱུར། །དེ་ཕྱིར་བད་རླུང་དུ་བསྡོངས་པས་མ་སྨིན་ཚ་བ་འབྱུང་བ་ཡིན། །དེ་ཚ་བ་གཞན་ཡང་ཁྱད་པར་རིམས་ལ་མི་འབྱུང་བ་མེད་པས། །གཉིས་པ་ནད་ཁམས་ཀྱི་མ་སྨིན་པ་དང་ཡུལ་ངད་ཅན་སྨན་ཅན་དང་དུས་དང་རང་བཞིན་དང་ན་སོ་དང༌། །གནས་སྟོད་སྨད་དང་ནད་ཁམས་བད་རླུང་ཤས་ཆེ་བ་དང་ཟས་དང་སྤྱོད་ལམ་སྟེ་དགུ་པོ་དེའི་རྐྱེན་བད་རླུང་བསྐྱེད་པ་ལ་སོགས་པ་དབང་གིས། །བད་རླུང་ལྡན་པས་སྨིན་པ་དཀའ་བར་འགྱུར། །གསུམ་པ་རྐྱེན་གྱིས་མ་སྨིན་པ་ནི་མ་སྨིན་ཚ་བ་བྱུང་དུས་སུ། །ཟས་སྤྱོད་བསིལ་བ་གཉེན་པོ་སྔས་པས་བྱེར་བ་ཡིན་བད་རླུང་བསྐྱེད་པའི་ཚ་བ་ཡིན།།
སྤྱི་དོན་གསུམ་པ་རྒྱུ་རྐྱེན་དེས་བསྐྱེད་པའི་མ་སྨིན་ཚ་བ་ཞེས་བྱ་བའི་ངོ་བོ་ནི། །གཡུ་ཐོག་པས་གསུང་ནས་ངོ་བོ་འདུས་པའི་ཚ་བ་ཡིན་ཚ་བ་བད་རླུང་གི་བསྡོངས་ཟླར་བཅས་པ་ཡིས། །རླུང་གིས་ཚ་བ་ཟུངས་ལ་ཁྱབ་པར་གཏོར་ཏེ་བྱེར། །བད་ཀན་གྱིས་ཚ་བའི་མགོ་མནན་ནས་རྫོགས་པ་སྐྱེར་མི་སྟེར། །ཤིང་རློན་མེ་སྔོན་དུ་བ་འབྱུང་བ་ལྟར།།
སྤྱི་དོན་བཞི་བ་བསྡོངས་ཟླ་ཚ་བ་མ་ཕྱེད་དེ་ནད་ཤུགས་མ་རྫོགས་པས། །ཚ་བ་ཁ་སྐྱེ་འཕྲོ་མ་ཆད་པའི་ཕྱིར་མ་སྨིན་ཞེས་སུ་བརྗོད། །འདི་དུས་ཚ་བ་ཟུངས་དང་དབྱེར་མེད་དུ་འདྲེས་པ་སྟེ། །ནད་ཁྲག་ཟུངས་ཁྲག་འོ་མ་ཆུ་འདྲེས་འདྲ། །ཡུངས་དཀར་མར་བཞིན་དེ་ལུས་ཁྱབ་པར་གནས།།
སྤྱི་དོན་ལྔ་པ་དབྱེ་བ་རང་ཉིད་སྨིན་དང་སྨིན་ལོང་མེད། །སྨིན་དུ་མི་འདོད་ཚ་བ་རྣམ་པ་གསུམ། །རང་ཉིད་སྨིན་ལ་སྟོབས་ཆེན་སྟོབས་ཆུང་གཉིས། །སྨིན་ལོང་མེད་ལ་གནད་དུ་བབས་པ་དང་། །སྦྱོར་བ་ལོག་པས་སྨིན་ལོང་མེད་པ་གཉིས། །ཚ་བ་སྨིན་དུ་མི་འདོད་རྐྱེན་གསུམ་སྟེ། །རླུང་དང་བད་ཀན་རྐྱེན་གྱིས་བྱེར་བ་འོ། །དེ་ལ་མ་སྨིན་གཉེན་པོ་བསྟེན་སྔས་པས། །བྱ་ཤོར་བྱེར་སྡིགས་པའམ་གབ་པ་ལྟ་བུ་རྙོགས་པ་བཞི་རུ་འགྱུར།།
སྤྱི་དོན་དྲུག་པ་མ་སྨིན་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །ཕྱིས་འབྱུང་ཁ་དམར་སྨིན་པའི་རྟགས་དང་བཞི། །དང་པོ་སྤྱི་རྟགས་རྩ་རྒྱུད་ཕྲ་ཞིང་གཡོ་ལ་མགྱོགས། །ཆུ་མདོག་དམར་སེར་སྐ་ལ་རྙོག་མ་ཅན། །ལྕེ་སྐྱ་སྟེང་དུ་རླུང་འབྲུམ་དམར་ཙིམ་འབྱུང་། །ལུས་དྲོད་མི་སྙོམས་སྲོད་ལ་ཤ་དྲོད་ཆེ། །གཡལ་མང་སྒྱིད་པ་སྐྱུར་ལ་བྱ་རྨྱང་བྱེད། །ཁ་ཁ་མགོ་དང་བྱིན་ཉྭ་ཚིགས་གཞི་ན། །གྲང་ཤུམ་བྱེད་ཅིང་མེ་དང་ཉི་མ་སྙེག །རྨི་ལམ་ཟ་ཟི་མང་ལ་སེམས་ལས་ཆེ། །མ་སྨིན་ཚ་བ་ཀུན་ལ་རྟགས་དེ་འབྱུང༌། །གཉིས་པ་བྱེ་བྲག་རང་ཉིད་སྨིན་པའི་ཚ་བ་དེ། །ནད་ཁམས་ཁྲག་མཁྲིས་ཤས་ཆེའི་མི་རྣམས་ལ། །ཚ་བ་ཁྲག་མཁྲིས་རྔུལ་གནས་བབས་པ་ཡི། །ཟས་དང་སྤྱོད་ལམ་ཚ་གྲང་མ་ལོག་པས། །ལུགས་སུ་འབྱུང་བ་རྐྱང་པའི་ཚ་བ་ཡིན། །མཁྲིས་ཤས་ཅན་ལ་ཞག་གསུམ་བད་ཀན་ཤས་ཆེ་ན་ལྔ་རླུང་ཤས་ཅན་ལ་བདུན་དུས་ན་རང་ཉིད་སྨིན་པར་འགྱུར་རོ། །རྙོག་མི་རྙོག་རྩ་ཆུ་དང་ག་མགོ་དང་ཚིགས་གཞི་ན། །གྲང་ཤུམ་དག་ལས་ནད་སྟོབས་ཆེ་ཆུང་དཔག །གནད་དུ་བབས་པས་སྨིན་ལོང་མེད་པ་ནི། །འགྲམས་འཁྲུགས་རིམས་དུག་མོད་དུ་དོན་སྣོད་བབས། །དོན་སྣོད་འདྲུལ་ཕྱིར་སྨིན་དུས་སྡོད་ལོང་མེད། །སྦྱོར་བ་ལོག་པས་སྨིན་ལོང་མེད་པ་ནི། །ཚ་བ་བད་རླུང་གཉིས་ལ་བབས་སྨིན་དུ་མི་འདོད་པ་ལས། །ཟས་སྤྱོད་ཤ་ཆང་ཤུགས་དྲག་འདོམ་པ་ཡིས། །སྨིན་པའི་ལོང་མེད་པར་སྲོག་ལ་མྱུར་དུ་རྒོལ། །དེ་རྟགས་ལུས་སྟོབས་དབང་པོའི་གཟི་མདངས་འཆོར། །ན་མ་ཐོག་ནས་ཟུག་ཆེ་ཅར་ལ་ཐེབས། །མགོ་ཚབས་སུ་ཆེ་བ་ཉལ་དང་སྙེས་དང་ཙོག་པུར་འདུག་ལ་སོགས། །གང་ཡང་བདེ་མེད་སྨིན་ལོང་མེད་པ་ཡིན། །རླུང་གིས་ཚ་བ་སྨིན་དུ་མི་འདོད་རྟགས། །རྩ་འཁྲུག་ལུས་ཀུན་བརྡུངས་སྙམ་སྟོང་སྐྱུགས་བྱེད། །གཡལ་འདར་མིག་དཔངས་མཐོ་ལ་མཆི་མ་འཛག །ཚ་བ་བད་ཀན་དག་གིས་མ་སྨིན་ན། །ཁ་མངལ་མཆིལ་སྣབས་མང་ལ་ཕོ་བ་རྫིང༌། །དང་ག་མི་བདེ་སྐྱུག་ཅིང་ལུས་དྲོད་ཆུང༌། །ཆུ་གྲང་ཞོ་དར་གཏར་བཤལ་རྔུལ་འདོན་པ་དང་བསིལ་མགོ་ཐང་ཕྱེ་སོགས། །རྐྱེན་གྱིས་བྱེར་བས་ལུས་རྔུལ་དང་ཤེད་ཉམ་ཆུང༌། །གྲང་ཤུམ་རེས་ཡོད་རེས་མེད་མེ་ཉི་འདོད། །དེ་ཡང་རླུང་ཤས་ཆེ་ན་བྱ་ཤོར་ཏེ། །བཅོས་སུ་མི་འདོད་ཚ་བ་ལམ་ནས་འཁྱོག །ཆུ་དམར་རྩ་རྒྱུད་ཕྲ་གྲིམས་སྟོང་ལ་མགྱོགས། །གློ་གསོར་གཉིད་ཆུང་གཡལ་མང་རུས་ཚིགས་ན། །བྱ་ཤོར་མ་གླན་སྟོངས་ཏེ་རླུང་ལྟར་འཚུབ། །ཁྲག་མཁྲིས་ཤས་ཆེའི་ཚ་བ་བྱེར་འགྱུར་ཏེ། །རྩ་རྒྱུད་ཕྲ་མགྱོགས་ཆུ་དམར་ཚིགས་གཞི་ན། །གློ་འབུད་རྔུལ་ཁ་སྙི་ལ་པགས་པ་བརྩེ། །བྱེར་ཏེ་མ་བསྡུས་རྙིངས་ནས་རྩི་ལྟར་ཞེན། །བད་ཀན་ཤས་ཆེ་ཚ་བའི་མགོ་སྡིགས་ཁ་བཅོད་དམ་སྡིགས་ཞེས་པ་ལྟ་བུ་ཚ་བའི་མགོ་བད་ཀན་གྲང་བས་ཆོད་པ་ཏེ། །ཕོ་མཆིན་མཁལ་འཁོར་མགོ་དང་ཚིགས་གཞི་ན། །དང་ག་མི་བདེ་འཇུ་དཀའ་སྟོང་སྐྱུགས་བྱེད། །སྡིགས་པ་མགོ་ནན་པའི་བད་རླུང་མ་བསེངས་གབ་ནས་མུན་ལྟར་འཐིབ། །ཆུ་སེར་ཤས་ཆེ་ཚ་བ་རྙོགས་པར་འགྱུར། །རྩ་རྒྱུད་ཕྲ་མགྱོགས་ཆུ་མདོག་དམར་ལ་སྨུག །སྙིང་སྤྲུག་མིག་ལྕིབས་རྐང་བོལ་ཅུང་ཟད་གཡོ། །གློ་ཆུང་འདེགས་ཤིང་རོ་སྟོད་གཟེར་ཕྲན་འོང༌། །རྙོགས་པ་མ་བསལ་འོར་ལྷུང་བས་རྙིངས་ཚད་དུ་འགྱུར་ཆུ་ལྟར་འཕྱོ། །གསུམ་པ་མ་སྨིན་ཚ་བ་ཕྱིས་ཀྱི་འབྱུང་ཚུལ་ནི། །ནད་སྟོབས་ཆེ་ལ་སྨིན་དཀའ་ཕལ་ཆེར་འཆི་བར་འགྱུར། །སྨིན་དཀའ་ནད་སྟོབས་ཆུང་ཡང་ཡུན་དུ་སྦྱོང༌བར་འགྱུར། །སྟོབས་ཆེ་སྨིན་སླ་འཆི་སྐྱེན་འཚོ་སྐྱེན་ནད། །སྟོབས་ཆུང་སྨིན་པ་སླ་ན་མྱུར་དུ་འཚོ་བར་འགྱུར། །དེ་བཞིན་ཚ་རྒྱུ་ཡུལ་དུས་སྟོན་དཔྱིད་རང་བཞིན་ན་སོ་དར་མ་དང༌། །ནད་ཁམས་ཁྲག་མཁྲིས་ཅན་ལ་ཟས་ཤ་ཆང་སྤྱོད་ལམ་ལོག་དྲགས་པ་དང་། །ཚད་སྟོབས་ཆུང་ན་རང་ཤུགས་ཀྱིས་སྨིན་པའི་གྲོགས་སུ་འགྱུར་ཏེ། །བད་ཀན་སྟོབས་དང་ལྡན་པའི་ཚ་བ་རྒྱས་པ་ཕལ་ཆེར་འཆི་བར་འགྱུར། །དེ་བཞིན་བད་རླུང་གྲང་བའི་ནད་གཞི་ལ། །ཟས་དང་སྨན་དཔྱད་སྤྱོད་ལམ་བསིལ་བསྟེན་པས། །ཚ་བ་མ་སྨིན་པའི་རྐྱེན་དུ་འགྱུར་ཡུན་དུ་སྦྱོང་བར་འགྱུར། །དེ་ལ་ཤ་ཆང་དྲག་ཤུལ་ཡུལ་དུས་ལས་བད་རླུང་འོ་མས་ཉིན་གཉིད་ཤོར། །ནད་སྟོབས་ཆུང་ན་སྨིན་པ་སླ་བ་སྟེ། །སྟོབས་ཆེ་སྨིན་ལོང་མེད་པའི་ཚ་བར་འགྱུར། །བཞི་པ་སྨིན་རྟགས་ལྕེ་སྟེང་དཀར་སེར་རླུང་འབྲུམ་མེད། །རྩ་སྟོད་ཡུག་ལ་སྨིན་བྱ་མི་དགོས་སམ་ཞེས་པ་ལས་སྨིན་པ་མ་སྨིན་པ་གསོ་སླ་བའི་ཕྱིར་སྨིན་བྱ་མི་དགོས་པར་བྱེད། གདུ་བྱེད་མི་ཡིན་ཁྱབ་ཆེས་པའི་ཕྱིར་རོ་རྒྱུག་ཅིང་རྩ་སྨད་དམའ་ལ་གྲིམས། །ཆུ་མདོག་དམར་སེར་ཀུ་ཡ་ལིང་གིས་འདྲིལ། །བསིལ་བ་འདོད་ལུས་ལ་དྲི་འབྱུང་དབང་པོ་གཡུང༌སྟེ་ཞན་པ། །ཁྱད་པར་གྲང་ཤུམ་ཆད་ན་སྨིན་པ་སྟེ། །འབུད་བྱེད་མེ་ཤིང་ཟད་པའི་མེ་དང་འདྲ། །གསོ་བའི་དུས་ཡིན་སྤུན་གྱིས་འགོར་དེ་ལས་ཐལ་མི་བྱ།།
སྤྱི་དོན་བདུན་པ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་ལ་བཅོས་པའི་ཚུལ་དང་གཉེན་པོ་གཉིས། །དང་པོ་བཅོས་པའི་ཚུལ་ལ་རྣམ་པ་གཉིས་ཡིན་ཏེ། །རིམས་ཀྱི་ཚ་བ་ཆང་ལྟར་སྨིན་པར་བྱ། །འགྲམས་འཁྲུགས་ཚ་བ་དགྲ་ཟིན་ལྟ་བུར་ནད་ཁྲག་ཟུངས་ཁྲག་དབྱེ། དུག་ལ་སྨིན་བྱ་མི་དགོས་ཞེ་ན་སྨིན་པ་ལས་མ་སྨིན་པ་གསོ་སླ་བའི་ཕྱིར་སྨིན་བྱ་མི་དགོས་བྱེར་བ་སྨིན་འབྱེར་མ་ཡིན་ཁྱབ་ཆེས་པའི་ཕྱིར། །གཉིས་པ་བཅོས་པའི་གཉེན་པོ་སྨན་དཔྱད་ཟས་སྤྱོད་བཞི། །དང་པོ་སྨན་དུ་བྱ་བྱི་གཊ་ཊ་ཚི་ལ་མཱ་ན་སྟར་ཚེར་རྡབ་ཤཊ་འདི་ཙམ་མ་ནུ་བཞི་ཐང་དྲོ་འཇམ་བསྟེན། །ཚ་བ་མི་འཕེལ་བད་རླུང་ཞི་བར་བྱེད། །ཁྲག་མཁྲིས་ཤས་ཆེ་སླེ་ཏྲེས་འབྲས་བུ་ཨ་བར་སྐྱུར་གསུམ། །བསྡུས་འཇམ་བསྟེན་པས་ཚ་བ་དྭངས་སྙིགས་འབྱེད། །ཡུན་དུ་སྨིན་དཀའ་བིག་པན་ཐལ་བ་དང༌། །བཟང་པོ་ཛཱ་སུག་ཀ་གསུམ་དང་སླེ་ཏྲེས་པུ་ཤེལ་རྩེ། །ད་ལིས་བྱི་ཚེར་ཕྱེ་མ་རུས་ཁུས་དབུལ། །དཔྱད་དུ་ཕོ་བར་དུགས་བྱ་མཐིལ་བཞིར་བྱུག །གསུམ་པ་ཟས་སྤྱོད་ཐལ་དཀར་པོ་བཏབ་པའི་ཕྱེ་ཚོད་དྲལ་བ་ནས་སྔོན་པོར་བརྡུངས་པའི་ཐུག་པ་ཆག་ཚེ་བསྐོལ་གྲང་ཆུ། །དེ་སོགས་བཅུད་མེད་འཇུ་སླ་དྲོ་འཇམ་བསྟེན། །ནང་ནུབ་དུས་སུ་ཆུ་སྐོལ་ཚན་མོ་བཏུང༌། །བཞི་པ་སྤྱོད་ལམ་གོས་དྲོ་ཉི་གྲིབ་མཚམས་སུ་བསྡད། །དྲག་ཤུལ་མེ་ཉིས་གདུངས་དང་ཉིན་གཉིད་ལོག །ཤ་ཆང་དྲོད་བཅུད་མཁྲིས་ཚད་སྐྱེད་ཕྱིར་སྤང༌། །གྲིབ་འཁྱགས་ས་རླན་བསེར་བུ་གྲང་བ་དང༌། །ཞོ་དར་ཆུ་གྲང་རྗེན་ཟས་འཇུ་དཀའ་རྣམས། །བད་རླུང་གྲོགས་ལ་ཕོག་པས་སྤང་བར་བྱ། །བཤལ་གཏར་རྔུལ་དབྱུང་བསིལ་ཐང་ཕྱེ་མ་རྣམས༌། འདི་དུས་མི་བསྟེན་ཚ་བ་ལམ་ནས་འཁྱོག །དེ་ལྟར་སྨིན་བྱེད་སྦྱོར་བ་མི་ཤེས་པར། །ཁ་ཅིག་སྨིན་པ་སླ་ཞེས་དྲོད་སྦྱོར་བསྟེན། །ནད་ཀྱི་སྟོབས་བསྐྱེད་སྲོག་ལ་ངེས་པར་རྒོལ། །ཁ་ཅིག་མ་སྨིན་ཚ་བ་བསིལ་གྱིས་བཅོས། །མི་ཁ་དྲག་ཅན་སྐྱེལ་མའི་འགྲོན་པོ་བཅོམ་ན་དེ་ཡང་དགྲར་རུ་ལྡང་པ་དངའདྲ་སྟེ་འགྲོན་མི་འཚམས་སྐྱེལ་མ་དང་འཐུག་། །གཉེན་པོ་བསིལ་བས་རྐྱང་པ་གྲོགས་ཀྱི་བད་རླུང་ཐོག་ཏུ་བབས་པ་ན། །མཁྲིས་ཚད་མི་གསོད་བད་རླུང་སྐྱེད་པར་བྱེད་པས། །གྲོགས་ནི་གཉིས་བསྡོངས་པ་ལ་གྲོགས་སུ་བརྗོད་པའི་བད་རླུང་འཕེལ་བས་ནི་ཚ་བ་ཉིད་ཀྱང་སླར་འཕེལ་བར་བྱེད། །དེ་ཕྱིར་སྨིན་བྱེད་ཀྱི་བསིལ་དྲོད་སྙོམས་པར་བསྟེན་ན། །ཚ་བ་ཕྱི་ནས་མི་སྐྱེ་སྔར་སྐྱེས་འབྱེད་ཅིང་སེལ་བར་བྱེད་། །གཉིས་པ་བྱེ་བྲག་རང་ཉིད་སྨིན་པའི་ཚ་བ་ལ། །སྟོབས་ཆེ་སྨིན་བྱེད་གཉེན་པོ་ཚུལ་བཞིན་བསྟེན་ལ་སྨིན་པ་བསད། །སྟོབས་ཆུང་ནད་ལ་ཚ་བ་བྱ་ལྟར་སྤུར། །བྱ་སྤུར་བརྒྱད་པ་ནི་འབྲས་བུ་ཨ་བར་སྐྱུར་གསུམ་དང་ཏིག་ཏ་ལི་ག་དུར། །བ་ལེ་ཀ་དང་ཨུཏྤལ་སྔོན་པོ་སླེ་ཏྲེས་བསྐོལ། །ཕུལ་ཕྱེད་དུས་བཞིར་རྩེ་འཇམ་བཏང་ལ་དྲོ་སར་བསྙལ། །སྨན་ཞུ་ལུས་རྔུལ་གྱུར་ནས་གདོང་པ་བྱིབས། །རྔུལ་ཐོན་བལ་དང་ཕྱེས་ཕྱི་རླུང་གནོན་བཏང༌། །གལ་ཏེ་ཐོན་དཀའ་སྣེའུའི་རླངས་དུགས་བྱ། །ཁ་ཅིག་སྨན་མ་ཞུ་བར་ནད་པའི་གདོང་པ་གོས་སོགས་ཀྱིས་བཏུམས་ཤིང་བྱིབས། །སྨན་ནུས་མ་ཐོན་ན་དེ་ནད་པའི་སྡུག་སྲན་ཟད་ཅིང་། །རྔུལ་མེད་ན་ནད་འཁྲུགས་པས་ཉེས་པ་ཕྱིར་ལ་ཆེ། །དེ་ལྟར་རྔུལ་འདོན་ཀུན་ལ་ཤེས་པར་གྱིས། །དེ་བཞིན་ཉི་མ་གསུམ་དུ་རྔུལ་བཏོན་ལ། །དེ་རྗེས་ནང་མ་དང་པོ་ལ་སྐར་ཆུ་རྫེ་འུ་གང་གཉིས་པ་དོ་གསུམ་པར་གསུམ། །རིམ་པས་ཉི་མ་གསུམ་དུ་ལུས་ལ་བྲན། །དེ་ནས་གི་ཝཾ་བསིལ་ཆུ་གུར་ལི་གསུམ་ཕྱེ་མ་བསྟེན། །དེ་ཡིས་ཚ་བ་ལམ་ནས་ཟློག་པར་ངེས། །སྨིན་ལོང་མེད་པའི་ཚ་བ་བཅོས་པ་ནི། །བད་རླུང་སྲོད་ཐོ་རངས་སྔ་དགོང་དུས་སུ་སྨིན་བྱེད་ཐང་བསྟེན་ཞིང༌། །མཁྲིས་པའི་ཉིན་དང་མཚན་གུང་གཉིས་ལ་དུས་སུ་བསིལ་གྱི་གཉེན་པོས་བསད། །སྨིན་དུས་བསྒུགས་ན་ལ་འདའ་སྲོག་འཕྲོག་འགྱུར། །དེ་བས་བྱེར་ཞིང་རྙོགས་ལ་མི་ལྟ་བར། །ནད་དང་སྨན་དཔྱད་སྲོག་ལ་ཐོབ་ཤ་བྱ། །བད་ཀན་མ་སྨིན་སེ་འབྲུ་སྐྱུ་རུ་ར། །སྒ་སྐྱ་པུ་ཤེལ་རྩེ་ཡི་བསྡུས་ཐང་བཏང༌། །ཡང་ན་སེ་འབྲུ་སྐྱུ་རུ་བྱི་ཚེར་དྲོད་འཇམ་བ། །ཡང་ན་རྒྱམ་ཚྭ་ཨ་སྒ་གསུམ་པའི་བསྡུས་ཐང་བཏང༌། །རླུང་གིས་མ་སྨིན་སླེ་ཏྲེས་བུར་རྙིང་ཐང༌། །ཡང་ན་རུས་བཅུད་སྲེ་སོག་གཞུག་གསུམ་གྱི་བསྡུས་ཐང་བཏང༌། །རྐྱེན་གྱིས་བྱེར་ན་བིག་པན་སྒོག་ཐལ་ཆང་སྦྱར་བྱིན། །གྲུ་མོ་པུས་མོ་མན་ཆད་ཆུ་ཡིས་བྲན། །ཕྱི་ཉིན་དེའི་ནང་པར་དཔྱི་དཔུང་མན་ཆད་ལ། །ཡང་དེ་ཡི་ཕྱི་ཉིན་དེའི་ནང་པར་ལུས་ཀུན་བྲན། །དེ་ནས་འབྲས་ཨ་བར་སྐྱུར་གསུམ་ཏིག་ཏའི་བསྡུས་གྲང་ཤས་ཆེ་བསྟེན། །བཅོས་སྔས་མ་སྨིན་པར་རླུང་སྟོབས་ཆེ་ལ་ཚ་བ་ལ་བྱ་ཤོར་ན། །སྲེ་ལོང་ཐང་བཏང་རྐང་ལག་གི་མཐིལ་བཞི་རླུང་གསང་སྤྱི་གཙུག་ཨན་སྟོང་དཀར་ནག་མཚམས་ཚིགས་པ་དྲུག་པ་བདུན་པ་ནུ་དབྲག་བྱུག །ཁོལ་བུར་ན་འམ་གཟེར་སར་དུགས་ཀྱིས་བདུག །མ་ནུ་དང་སླེ་ཏྲེས་མཉམ་ཀཎྚ་ཀ་རི་ཉིས་ལོག་སྒ་སྐྱ་ཁ་ཚར་བཞི་ཡི་བསྡུས་ཐང་ཚན་མོ་བསྟེན། །ཤ་གསར་མར་གསར་ཡོས་ཆང་བྱ་ཤོར་གླན། །མ་སྨིན་བྱེར་ལ་སྲེ་ལོང་རུས་ཐང་བཏང་། །དེ་ནས་འབྲས་བུ་གསུམ་གྱི་བསྡུས་གྲང་བླུད། །དེ་རྗེས་བཟང་པོ་ཛཱ་སུག་ཀ་ཅུ་གང་ལི་དྲུག་གི་ཕྱེ་མ་སྦྱར། །ལུས་ཀྱི་བ་སྤུ་བརྩེ་འཕྲོ་ཆད་ནས་(ཨ་རུ་ལྕུམ་རྩའི་)འཇམ་བཤལ་བཏང་བས་འཚོ། །ཁ་ཟས་ཤ་གསར་མར་གསར་སོགས་བསིལ་བཅུད་བསྟེན་པས་བྱེར་བ་སྡུད། །མ་སྨིན་མགོ་སྡིགས་པ་ལ་སེ་འབྲུ་ཤིང་ཚ་སུག་སྨེལ་པི་པི་ལིང་བཞི་པ་སྦྱར། །སྲེ་ལོང་སྒ་བསྲེགས་ཐང་བཏང་ཨ་རུ་ལྕུམ་རྩ་པི་པི་ལིང་རྒྱ་ཚས་འཇམ་བཤལ་བྱ། །བཅུད་མེད་དྲོ་འཇམ་ཟས་བསྟེན་མགོ་སྡིགས་སེང༌། །ཚ་བ་མ་སྨིན་རྙོགས་ལ་སླེ་ཏྲེས་པི་པི་ལིང༌། །འབྲས་གསུམ་ཐང་བཏང་རུ་ཐུང་སྣོད་ཀ་ཅུང་ཟད་གཏར། །དེ་ནས་ཙན་དན་དཀར་པོ་གི་ཝཾ་གུར་ཀུམ་གསུམ། །ཚད་སྟོབས་སྦྱར་ཏེ་བསེ་རུ་ཤ་རུ་ཁ་ཤའི་རྭ་གསུམ་བ་ཤ་ཀ །སྤོས་དཀར་སོ་མ་ར་ཛ་བྲག་ཞུན་ཕྱེ། །ཐུན་སྐྱུངས་ཡུན་བསྲིངས་སེང་ལྡེང་ཐང་གིས་དབུལ། །(འབྲས་གསུམ་ལྕུམ་རྩ་སྔོན་བུ་སྤོས་དཀར་བ་ཆུའི་)བཤལ་བཏང་རྗེས་ལ་(ཚིགས་པ་དང་པོ་བཅུ་གསུམ་བཅོ་བརྒྱད་དམ་བཅུ་དགུ་ཟེར་བའང་འདུག་མེ་མཉམ་གསང་རྣམས་ལ་)མེས་བཅད་རྙོགས་པ་བསལ་བར་བྱའོ། །གཉིས་པ་མདོར་བསྟན་དེ་ལྟར་མ་སྨིན་པ་ཡི་ཚ་བ་དེ། །ཚ་བ་ཀུན་གྱི་སྔོན་དུ་འབྱུང་བ་ཡིན་སྟེ། །ཁྱད་པར་རིམས་ལ་མ་སྨིན་ཤས་ཆེར་འབྱུང་། །ཚ་བ་མ་སྨིན་པའི་རྟགས་དང་གང་ལྡན་དེ་ལ་སྨིན་པར་བྱེད་པའི་ཐང་བྱ་བ་གཅེས། །དུས་ཚོད་ནི་སྨིན་པའི་རྟགས་རྣམས་མ་ཤར་བའི་བར་དུ་བཅོས། །དེ་ཡང་སྨིན་ལེགས་ན་ཚ་བ་ཆོམས་པར་སླ་ཞིང་འཚོ་བ་སྐྱེན་ལ་། །བཅོས་ཉེས་ན་གབ་པ་དང་རྙིངས་པ་དང་རྒྱས་ཚད་ང་སྟོངས་ཚད་རྙོགས་ཚད་འགྱུར་བ་ཡིན་པས་། །དེས་ན་ཚ་བ་འདི་མ་སྨིན་པའི་དུས་འདིེར་བཅོས་ཀ་གཟབ་པར་བྱ། །ཞེས་གསུངས་སོ།།
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཚ་བ་མ་སྨིན་པ་བཅོས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།
མཐའ་མའི་འདོན་ཐེངས་།: 19.02.2021 ཉིན། 3:58 PM
<< སྔ་མ།