སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་བཅོ་ལྔ་པ། བཤལ་གྱི་ལས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2023
སྨན་འབུམ་དཀར་པོ། >>



ལེའུ་བཅོ་ལྔ་པ། བཤལ་གྱི་ལས་བསྟན་པ།

དེ་ནས་ཡང་གསོ་བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་བ།། ཀྱེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། ལས་ལྔའི་བཤལ་དུ་གསུངས་པ་བཤད་དུ་གསོལ།། དེ་སྐད་ཅེས་ཞུས་ཏེ་སྟོན་པས་བཀའ་སྩལ་(བསྩལ་)པ། གཉིས་པ་སྨད་འདྲེན་བཤལ་དུ་བསྟན་པ་ལ།། འདི་ལ་དོན་ཆད་རྣམ་པ་ལྔ་ཡོད་དེ།། བརྟགས་ཐབས་གཏོང་ཐབས་སྐྱེན་(སྐྱོན་)ཡོན་བཞི་ཡིན་ཏེ།། དང་པོ་རུང་དང་མི་རུང་བརྟག་པ་ནི།། ནད་ཀྱི་གཞི་ལ་རུང་དང་མི་རུང་བརྟག། སྔ་འམ་ཕྱི་བ་རན་དར་(དང་)མི་རན་བརྟག། ཐུབ་དང་མི་ཐུབ་ལུས་ཟུང་(ཟུངས་)སྟོན་(སྟོབས་)ལ་བརྟག། དང་པོ་རུང་བ་རིམས་འཁྲུག་(འཁྲུགས་)ཚ་བ་སྨིན།། སྣོད་ཀྱི་ཚ་བ་མ་ཞུ་སྐྲན་ནད་དང་།། དམུ་ཆུ་བད་སྨུག་སྐྱ་སྦབ་(རྦབ་)ཆུ་སེར་མཛེ།། རབ་རིབ་རྨ་རྙིང་དྲེག་གྲུམ་སྲིན་ནད་དང་།། ཕྱི་ནང་ཕལ་ཆེར་ནད་ལ་ཕན་པ་སྟེ།། ཁྱད་པར་མཁྲིས་ནད་ཅན་ལ་མཆོག་ཡིན་ནོ།། མི་རུང་ཟུངས་ཟད་རྒད་པོ་རྒུན་(དགུན་)དུས་དང་།། སྦྲུམ་མ་གདོན་ཅན་ནད་དང་མེ་དྲོད་ཉམས།། རླུང་ནད་གཞང་འབྲུམ་ཐུར་སེལ་ལོག་སྐྱུག་ཅན།། ཟུག་རྔུ་ལུས་ལ་ཁོང་དུ་བཏང་(བར་)བྱ།། གཉིས་པ་རན་དང་མི་རན་བརྟག་པ་ནི།། གང་ཡིན་ནད་སྨིན་(འདུས་)དང་རྒྱས་དུས་བཏང་།། སྔ་ན་ནད་མི་དྲོངས་(འདྲོངས་)ལ་འཕྱིས་(ན་)བརྟས།། དེས་ན་སྦྱང་དུས་གནད་ཐོག་མ་འཁྱུག་གཅེས།། གསུམ་པ་ཐུབ་དང་མི་ཐུབ་ལུས་སྟོབས་ནི།། ཟུངས་ཟད་ནད་པ་ཟས་དང་བྲལ་བ་དང་།། རྩ་ཡི་ཤད་(ཤེད་)ཤོར་སྤུན་སྡོད་ཡིད་མ་ཆེས།། དེས་ན་ནད་ཀྱིས་སྲོག་བཟུང་ཡིན་པས་བྲལ་བ་འཆི།། དེ་བས་མི་རུང་དེ་ལ་བཏང་(གཏང་)མི་བྱ།། སྦྱང་ནུས་ཞན་ན་ནད་སློང་དྲགས་ན་གསོད།། དེལ་འཁྲུ་སྨན་མི་བཏང་དུག་དུ་འགྲོ།། གཉིས་པ་བཏང་བའི་ཐབས་ལ་རྣམས་(རྣམ་)པ་གསུམ་ཡིན་ཏེ།། སྔོན་འགྲོ་ལག་ལེན་རྗེས་ཤུལ་གསུམ་ཡིན་པ།། དང་པོ་སྔོན་དུ་འགྲོ་བ་རྣམ་པ་གཉིས་ཡིན་ཏེ།། རིང་བ་དང་ནི་ཉེ་བའི་སྔོན་འགྲོ་ལ།། རིང་བའི་སྔོན་འགྲོ་ཡུན་རིང་ནད་པ་ལ།། ནད་དང་གང་འཕྲོད་ཐང་དང་ཕྱེ་མ་ཡིས།། བྱེར་བ་སྡུད་ལ་འདུས་པ་བཤིགས་པར་བྱ།། ཞེན་པ་འགོག་ལ་གབ་པ་སློང་བ་དང་།། མ་སྨིན་ནད་ལ་གང་གནོད་བཏང་བ་བསྡུད།། གཉིས་པ་ཉེ་བའི་སྔོན་འགྲོ་གཟའ་སྐར་དུས་བཟང་དུས།། རྒུན་(དགུན་)དུས་མཁན་པ་དབྱར་དུས་སྲོ་ལོ་དང་།། སྦང་(སྦངས་)ཆུ་སྙེམ་(སྙིམ་)གང་བསྲོས་ནས་ལུས་ཀུན་བཀྲུ།། ཚད་ནད་ཅན་(ལ་)འབྲུ་མར་གྲང་ལ་མར།། ཚ་གྲང་ནད་དང་སྦྱོར་ལ་མགོ་ལུས་ལེགས་པོར་འཕུར།། ཚ་བ་ཅན་ལ་ལྟོ་བ་མ་ལྟོག་(ལྟོགས་)ཙམ།། རླུང་ཤས་ཆེ་ན་ལྟོ་བ་སྦུབས་ཅན་བསྟན(བསྟེན)།། ཞུན་མར་ཨ་རུ་མཆུ་བསྙུང་(སྙུང་)སྦྱར་བ་དེ།། ནང་མོར་མ་འགག་ཟ་དང་མུར་བ་གཅེས།། འཇམ་རྩི་བག་རོ་བཏང་བས་རླུང་གསོད་བད་མཁྲིས་སློང་།། མདོར་ན་བཤལ་གྱི་བདུད་ནི་རླུང་ཡིན་སོད་ཐབས་བྱ།། ནན་ལྟར་(ཏར་)ཉེ་བ་ཞག་ལ་གཅིག་གོང་དུ།།   དེ་ཡིས་ནད་སློང་རླུང་ནོན་ལྟོ་བ་སྙི།། གཉིས་པ་ལག་ལེན་དངོས་གཞི་བཏང་ཚུལ་ལ།། སྦྱོར་བ་བཏང་སྦྱོང་ལྕག་དང་ཚོད་བཟུང་དང་།། ལོག་ནོན་ལ་སོགས་རྣམ་པ་ལྔ་ཡིན་ཏེ།། དང་པོ་སྦྱོར་སྡེ་འདི་ལ་རྣམ་པ་གསུམ་ཡིན་ཏེ།། ནད་རིགས་ཀུན་ལ་འགྲོ་བའི་སྤྱི་བཤལ་དང་།། འཐོར་བུ་ནད་ཀྱི་སྒོས་བཤལ་སྣ་སེལ་དང་།། སྦྱོང་རིགས་ཀུན་ལ་འགྲོ་བའི་སྤྱི་སྨན་ནོ།། དང་པོ་ཀུན་ལ་འགྲོ་བ་འདི་ལ་དོན་ཆད་གསུམ།། སྣ་སེལ་དེད་དཔོན་ཁ་འཛིན་གསུམ་པོ་ཡི།། སྣ་སེལ་ཨ་རུ་མཆུ་བསྙུང་(སྙུང་)ལྕིམ་(ལྕུམ་)རྩ་དང་།། ཆུ་མ་རྩི་དང་རྒྱམ་ཚ་པི་པི་ལིང་།། བསྡུས་ཐང་དྲོ་འཇམ་ནམ་གུང་བཏང་བྱས་པས།། འཁྲུ་དང་རྒྱུ་འཁྲོག་འཇམ་ཏེ་རྩི་མེད་ན།། དེ་ལས་ཕོ་བ་སྲ་སྙི་ཁྱད་པར་བཏག(བརྟག)། དད་(དེད་)དཔོན་ཐུན་ཚད་ཆེ་ཆུང་ཕོ་བསྟུན་བྱེད།། ཕོ་བ་སྲ་ལ་ཐུན་ཆུང་ནད་མི་ཐོན།། ཟུག་གཟེར་སླང་བས་ཕྱིར་ལ་ཐུ་བར་འབྱུང་།། ཕོ་བ་སྙི་ལ་ཐུན་ཚོད་ཆེ་བ་ན།། ལུས་ཟུང་(ཟུངས་)འཇོམས་ནས་ནད་ཀྱི་ཟུག་ཆེ་འོངས(འོང་)།། དེས་ན་ཕོ་བ་བརྟག་ཕྱིར་སྣ་སེལ་གཅེས།། ལྟོ་བའི་ཚོད་ལེན་རྣོ་འཇམ་གྲོགས་སུ་ཆེ།། གཉིས་པ་དད་(དེད་)དཔོན་གཙོ་བོ་འཁོར་གཉིས་ལ།། དང་པོ་གཙོ་བོ་འདི་ལ་རྣོ་འཇམ་གཉིས་ཡོད་པའི།། དང་པོ་ཤིན་ཏུ་རྣོ་བའི་གཙོ་བོ་རྣམ་པ་ལྔ།། ངད་དུག་ཡོད་པས་དུག་བཏོན་སྡེབ་དག་སྟེ།། ཨ་རུ་མཆུ་བསྙུང་(སྙུང་)ཐལ་ཚན་ནང་དུ་བཏུལ།། དན་དྷ་(ད་)རོག་པོ་ཕྱེ་འཕུར་ལྕེ་(ལྕེ་འཕུར་ཕྱེ་)ལ་བཏུལ།། དུར་བྱིད་རྐང་མར་ཤུན་པའི་ནང་དུ་བཏུལ།། ཤི་རི་ཁནྡ་(ཤྲཱི་ཁཎྜ་)མར་དཀར་ནང་དུ་བཏུལ།། དུག་འབྲས་ཡོས་ཚན་ནང་དུ་བཏུལ་བྱས་ནས།། ཆ་སྙོམས་ཞིབ་བཏག་(བཏགས་)རི་ལུ་རན་པར་དྲིལ།། རྣོ་ལ་དྲག་པས་སྟོབས་ཅན་ནད་ལ་བཏང་།། གཉིས་པ་འཇམ་ལ་རྣོ་བའི་གཙོ་བོ་བཅུ།། ཐར་ནུ་དུར་བྱིད་ཨ་རུ་མཆུ་སྙུང་དང་།། ལྕིམ་(ལྕུམ་)རྩ་སྔོན་བུ་ཁྲོན་བུ་དན་རོག་དང་།། ཤི་རི་ཁནྡ་(ཤཱི་ཁཎྜ་)དན་ཁྲ་དོང་ག་བཅུ།། བ་ཡི་ཆུར་བསྡུས་རྩ་བའི་ཁནྡ་(ཁཎྜ་)བྱས།། མ་འགྲེག་(འདྲེག་)མ་ཚིག་རྣོ་ལ་འཇམ་པ་ཡིན།། འཁྱིལ་དང་འབྱམས་དང་སྐྱུག་དང་མི་ལྡོག་རྩིང་(ཅིང་)།། ལྷེན་དང་རླུང་མི་བསྐྱེད་པས་ཚབ་(ཚབས་)ཆུང་ནད་དང་སྦྱར།། ཟུང་(ཟུངས་)ཟད་སྦྲུམ་(མ་)རྒན་པ་རྒུན་(དགུན་)དུས་དང་།། ལམ་ཞུགས་མགྲོན་པོ་ཡིན་ཡང་བཏང་བས་ཆོག། དེ་ལྟར་ནད་དང་སྦྱར་བས་དྲག་ཞན་གང་འགྲོ་བརྟག། གཙོ་བོ་རྣོ་འཇམ་གང་ཡིན་གཞིར་བཞག་ནས།། གཉིས་པ་ཁ་བསྒྱུར་འཁོར་ལ་རྣམ་པ་སུམ་ཅུ་རྩ་གཉིས་ཡོད།། གཙོ་བོ་དེ་ལ་འཁོར་གྱིས་བསྒྱུར་བ་ནི།། ཙན་དན་ཨ་ཀ་རུ་དང་སྙིང་ཞོ་ཤ། དེ་གསུམ་བསྲེས་པས་སྙིང་ཚད་འཁྲུ་ཞིང་སེལ།། ཚ་ལ་ཤིང་མངར་རྒུན་འབྲུམ་གློ་ནད་འཁྲུ།། བྲག་ཞུན་གུར་གུམ་བ་ཤ་ཁ་(ཀ་)རྣམས་སྡེབས།། དེ་གསུམ་བསྡེབས་པས་མཆིན་ཚད་མ་ལུས་འཁྲུ།། ཡ་བག་ཤས་(བཀྵར་)ཐལ་ཚ་པི་པི་ལིང་།། དེ་གསུམ་སྡེམ་(བསྡེབས་)པས་མཚེར་ནད་འཁྲུ་བར་བྱེད།། ལྕམ་པ་སུག་སྨེ་(སྨེལ་)དུག་མོ་ཉུང་དང་གསུམ།། དེ་གསུམ་སྡེབས་(བསྡེབས་)པས་མཁལ་མའི་ནད་རྣམས་འཁྲུ།། མ་ནུ་རྒྱུ་ཚ་པི་པི་ལིང་དང་གསུམ།། དེ་གསུམ་སྡེབས་(བསྡེབས་)པས་ཕོ་བའི་ནད་རྣམས་སེལ།། ཏིག་ཏ་གསེར་གྱི་མེ་ཏོག་དུག་མོ་ཉུང་།། དེ་གསུམ་སྡེབས་(བསྡེབས་)པས་མཁྲིས་ནད་མ་ལུས་སེལ།། སྙ་ལོ་བརྩོད་(བཙོད་)དང་ཁ་རུ་ཚ་དང་གསུམ།། དེ་དང་སྡེབས་(བསྡེབས་)པས་རྒྱུ་ལོང་ནད་རྣམས་སྦྱོང་།། བྱང་བ་སྡིག་སྲིན་སྤོས་དཀར་གསུམ་པོ་དང་།། དེ་དང་སྡེབས་(བསྡེབས་)པས་རྩ་ནད་མ་ལུས་སྦྱོང་།། ལི་ག་དུར་དང་དོམ་མཁྲིས་ཉི་དགའ་གསུམ།། དེ་དང་སྡེབས་(བསྡེབས་)པ་ཡིས།། སྨད་ཀྱི་རྩ་ནད་ཐམས་ཅད་སྦྱོང་བར་བྱེད།། སྤྱི་མོང་སྲུབ་ཁ་(ཀ་)བྱང་བ་སྡེབས་(བསྡེབས་)པ་ཡིས།། ཀླད་འགྲམ་(འགྲམས་)ལ་སོགས་མགོ་སྐྱོན་ནད་རྣམས་འཁྲུ།། སེ་རྒོད་བར་ཤུན་དབྱི་མོང་སྲོ་(སོ་)མ་ར།། དེ་གསུམ་སྡེབས་(བསྡེབས་)པས་ལྤགས་(པགས་)པའི་ནད་རྣམས་འཁྲུ།། མེ་ཏོག་ལུག་མིག་བིལ་བ་ཨ་འབྲས་སྡེབ།། མགོ་ནད་མ་ལུས་ཐམས་ཅད་དེ་ཡིས་སྦྱོང་།། ཨ་བ་ཨ་རུ་ར་དང་ལྕགས་དྲེག་སྡེབས(བསྡེབས)།། མིག་ནད་མ་ལུས་དེ་ཡིས་སྦྱང་བར་བྱེད།། ག་པུར་ཙན་དན་གྷི་གང་(གི་ལྦང་)གསུམ་བསྡེབས་དང་།། ཚད་པ་གསར་རྙིང་ནད་རྣམས་སྦྱོང་བར་བྱེད།། པི་པི་ལིང་དང་རྒྱམ་ཚ་ན་ལེ་ཤམ།། དེ་གསུམ་སྡེབས་(བསྡེབས་)པས་གྲང་བའི་ནད་རྣམས་སྦྱོང་།། འབྲས་བུ་གསུམ་སྡེབས་(བསྡེབས་)ཚ་གྲང་འདྲེས་པ་སྦྱོང་།། སྤོས་དཀར་ཐ་ཀར་རྡོ་རྗེ་སྲོ་(སོ་)མ་ར།། དེ་གསུམ་སྡེབས་(བསྡེབས་)པས་ཆུ་སེར་ནད་རྣམས་སྦྱོང་།། ཁྱུང་སྡེར་སྨུག་པོ་རེ་རལ་བོང་ང་དཀར།། དེ་གསུམ་སྡེབས་(བསྡེབས་)པས་དུག་ནད་མ་ལུས་སྦྱོང་།། བསེ་ཡབ་འུ་སུ་པུས་ཀར་(པུཥྐར་)མཱུ་ལ་སྡེབས(བསྡེབས)།། བད་ཀན་སྨུག་པོའི་ནད་རྣམས་མ་ལུས་སྦྱོང་།། དབྱི་མོང་སྲུབ་ཀ་ཆུ་དག་སྡེབས་(བསྡེབས་)པ་ཡིས།། སྐྲན་དང་དམུ་ཆུ་འདྲིལ་གྱི་ནད་རྣམས་སྦྱོང་།། གླ་གོར་ཞོ་ཤ་སྔོན་བུ་པད་མེ་དང་།། དེ་གསུམ་སྡེབས་(བསྡེབས་)པས་དམུ་རྫིང་ནད་རྣམས་སྦྱོང་།། ནིམ་པ་དང་ནི་རྒྱ་ཚ་ཛཱ་ཏི་དང་།། དེ་གསུམ་སྡེབས་(བསྡེབས་)པས་སྐྱུག་ནད་མ་ལུས་སྦྱོང་།། ཟར་མ་ཤུ་ཟུར་ཟོམ་ཚི་(རྩི་)གསུམ་དང་ནི།། ཕོ་ལོང་སྦོས་འཁྲོག་ནད་རྣམས་སྦྱོང་བར་བྱེད།། ཛཱ་ཏི་པི་པི་ལིང་དང་ན་ལེ་ཤམ།། གྱེན་ལོག་རླུང་དང་རྒྱུ་ལོང་འཁྲོག་པ་སྦྱོང་།། བྱི་ཐང་(ཏང་)ཀ་དང་གཡེར་མ་མེ་(མ་)རུ་རྩེ།། དེ་གསུམ་སྡེབས་(བསྡེབས་)པས་སྲིན་ནད་མ་ལུས་སེལ།། གུར་གུམ་དབྱི་མོང་སྲོ་(སོ་)མ་ར་ཙ་(ཛ་)དང་།། དེ་གསུམ་སྡེབས་(བསྡེབས་)པས་དྲེག་གི་ནད་རྣམས་སྦྱོང་།། རུ་ཏ་(རྟ་)མུ་ཟི་རྒྱ་ཚ་གསུམ་སྡེབས་(བསྡེབས་)ན།། ཤ་རུས་རྩ་ཡི་འབྲས་ནད་སྦྱོང་པར་བྱེད།། ཨ་ཤོ་གན་དྷ་(ཤྭ་གནྡྷ་)འོལ་མོ་ཡ་བག་ཤ(བཀྵ)།། དེ་གསུམ་སྡེབས་བསྡེབས་པས་བུ་སྣོད་ནད་རྣམས་སེལ།། མི་རུས་རྙིང་པ་ཡ་བག་ཤ་ར་(བཀྵར་)དང་།། དེ་དང་བསྡེབས་པས་ཕྱེ་ཟན་མི་འཇུ་སྦྱོང་།། གསུམ་པ་སྦྱོང་རིགས་ཀུན་ལ་འགྲོ་བའི་སྐྱོར་སྨན་བདུན།། དྲི་ཆུ་ཆུ་ཏུག་སྡེབ་པས་ཆུ་མི་གནོད།། ཉང་(མྱང་)རྩི་སྤྲས་དང་སྡེབས་(བསྡེབས་)པས་སྐྲང་པ་ཟླུམ།། དངུལ་ཆུ་དུང་ཐལ་རྒྱ་ཚ་སྡེབས་(བསྡེབས་)པ་ཡིས།། མི་སྐྱུག་མི་འགྱིང་མྱུར་དུ་འབུག་པར་བྱེད།། ཆུ་མ་རྩི་དང་སྡེབ་པས་སྐྱུག་པ་གནོན།། བ་སྤྲུ་སྡེབ་(བསྡེབས་)པས་སྦྲུམ་མས་བུ་མི་འཆོར།། ལྕམ་པའི་འབྲས་བུ་སྡེབས་(བསྡེབས་)པས་ཁ་མི་སྐོམ།། སྤྱི་རུ་བསྡུས་པ་སུམ་ཅུ་རྩ་བདུན་ཏེ།། དེད་དཔོན་སྦྱོང་གི་སྨན་དུ་ཤེས་པར་གྱིས།། གཉིས་པ་འཐོར་བུའི་ནད་ཀྱི་སྒོས་སྦྱོང་ནི།། ཐར་ནུ་བ་ཡི་ཆུ་བསྡུས་ཁན་དྷ་(ཁཎྜ་)དང་།། ཆུ་རྩ་ཁྲོན་བུ་ཧོང་ལེན་གསེར་མེ་ཏོག། འཁྲུགས་རིམས་རྒྱས་པའི་ཚད་པ་སྦྱོང་པར་བྱེད།། ཐར་ནུ་ཆུ་རྩ་རེ་ལྕག་རྩ་བ་གསུམ།། གཟའ་ནད་གཟེར་ཐུང་གག་ལྷོག་རྒྱུ་གཟེར་སྦྱོང་།། དུར་བྱིད་ལྕགས་ཕྱེ་སྒྲོན་ཤིང་བཅའ་ལྒ་དང་།། བ་ཡི་ཆུ་དང་སྦྱར་ན་སྐྱ་རྦབ་སྦྱོང་།། ཤི་རི་ཁན་དྷ་(ཤྲཱི་ཁཎྜ་)སྔོ་ཡི་ཚ་བ་གསུམ།། དུར་བྱིད་སྟར་བུ་དུང་ཐལ་སྦྲུལ་གྱི་ཤ། རྒྱ་ཚ་བུ་རམ་སྦྱོར་བས་སྐྲན་ནད་སྦྱོང་།། རྒྱ་ཚ་བུ་རམ་ཚ་ལ་སྦྱོར་བ་ཡིས།། མ་ཞུ་གླང་ཐབས་སྦོས་དང་ཁྲག་མཁྲིས་སྦྱོང་།། ཚ་ལ་འགྲོན་བུ་པ་ཏོལ་ཁྲོན་བུ་ཡིས།། མཁྲིས་པའི་ནད་རྣམས་མ་ལུས་སྦྱོང་བར་བྱེད།། དུར་བྱིད་ཧོང་ལེན་ཚ་ལ་སྟར་བུ་ཡིས།། བད་ཀན་སྨུག་པོའི་རྟགས་སྟོན་ཚད་པ་སྦྱོང་།། དན་དྷ་(ད་)དུར་བྱིད་ཤི་རི་ཁན་དྷ་(ཤཱི་ཁཎྜ་)དང་།། ཐར་ནུ་ཁྲོན་བུ་ལྕིམ་(ལྕུམ་)རྩ་རེ་ལྗག་(ལྕག་)པ།། དོང་ཁ་(ག་)སྔོན་བུ་རྒྱ་ཚ་ཆུ་མ་རྩི།། ཟངས་དྲེགས་པི་པི་ལིང་དང་བུ་རམ་སྦྱར།། རིལ་ལུས་(བུས་)འོར་དང་དམུ་ཆུ་སྦྱོང་བར་བྱེད།། ཨ་རུ་སྐྱེར་ཞུན་(ཤུན་)སྲོ་(སོ་)མ་ར་ཙ་(ཛ་)དང་།། སྤང་རྒྱན་འབྲི་ཏ་ས་འཛིན་དོང་ཁ་(ག་)ལྡུམ།། བསྡུས་པའི་ཐང་ལ་དུར་བྱིད་བཏབ་པ་དེས།། དུག་ནད་འཐོར་བུ་མ་ལུས་སེལ་བར་བྱེད།། དུར་བྱིད་ཧོང་ལེན་རྒྱ་ཚ་རྒྱ་སྐག་དང་།། མགྲོན་(འགྲོན་)ཐལ་གླ་རྩི་རིལ་བུས་ཤ་དུག་སྦྱོང་།། ཨ་བར་སྐྱུར་གསུམ་ལྕིམ་(ལྕུམ་)རྩ་དུར་བྱིད་དང་།། སྤོས་དཀར་བ་ཆུར་བསྡུས་པའི་ཁུ་བ་དེས།། རྒྱུན་སྦྱོང་དྲེག་དང་གྲུམ་བུ་ཆུ་སེར་དང་།། ཚད་པ་རྙིང་དང་རྙིང་(རྙོགས་)ཚད་མ་ལུས་སྦྱོང་།། ལྕིམ་(ལྕུམ་)རྩ་ཨ་རུ་མཆུ་སྙུང་ཆ་སྙོམས་ནས།། ལྕམ་པའི་འབྲས་བུ་ཤིང་མངར་རྒྱམ་ཚ་པི་པི་ལིང་།། བསྐོལ་ཐང་བྱས་ནས་རིམས་ནད་ཕོ་མཆིན་ནད།། མ་ཞུ་དུག་ཐབས་གསར་པ་སྦྱོང་པར་བྱེད།། དུར་བྱིད་དན་དྷ་(ད་)མཚལ་དཀར་པི་པི་ལིང་།། བསྐོལ་ཐང་མ་ཞུ་གསར་པ་རིམས་ནད་དང་།། ཕོ་མཆིན་ཚད་པ་འབྲས་བུ་སྦྱང་བར་བྱེད།། འཐོར་བུའི་ནད་སེལ་སྦྱོང་ཕྲན་བཅུ་གསུམ་མོ།། གཉིས་པ་བཏང་ཚུལ་རྣམ་བོ་(པ་)བཞི་ཡིན་ཏེ།། ཐང་དང་ཕྱེ་མ་རི་ལུ་སྨན་མར་བཞི།། དང་པོ་རྒས་པ་ཟུངས་ཟད་སྟོབས་ཞན་ལ།། བསྐོལ་བའི་ཐང་ནི་འཇམ་ལ་ཤིས་པ་ཡིན།། གཉིས་པ་ཕྱེ་མའི་སྡེ་རུ་བཏུལ་བ་ནི།། ལུས་ཟུངས་བཟང་དང་སྐྱུག་ནད་མེད་ལ་བཏང་།། གཉིས་(གསུམ་)པ་ཕྱེ་མ་རིལ་བུར་དྲིལ་བ་ནི།། སྟོབས་རྒྱས་ནད་དང་སྐྱུག་ནད་ཅན་ལ་བཏང་།། བཞི་པ་སྨན་དང་མར་དང་སྦྱར་བ་ནི།། ལྟོ་བ་སྲ་དང་སྐྱུག་ནད་ཅན་ལ་བཏང་།། སྨན་འདྲེད་ཡི་ག་སྡར་ན་ཟས་དང་སྡེབས།། དེ་ལྟར་བཏང་བཞག་མཁས་པས་ཉིས་(ཉེས་)པ་མེད།། གཏོང་བའི་དུས་ཚོད་ཐོ་རེངས་ཤིས་པ་ཡིན།། བཏང་གོང་ཕོ་བར་ཟས་རོ་མེད་པར་གཅེས།། ཁ་ཁ་བད་ཀན་ལོ་མ་ཡིན་པ་བཤལ།། མངར་བག་ཡོད་པའི་ཟས་ཅིག་ཅུང་ཟད་མུར།། འགྲོ་འདུག་ཀུན་སྤང་སྨྲ་བརྗོད་ཉལ་བ་དང་།། སྨན་ལམ་བདེ་བས་ཙོག་ཙོག་སྐྱོག་བུར་འདུག། འོག་རླུང་མི་བསྡམ་ནད་གདོན་འཁྲུ་བར་དམིགས།། གསུམ་པ་སྦྱོང་བ་ལྕག་གིས་འཕུལ་བ་ནི།། སྔ་ན་སྐྱུག་ཅིང་འཕྱིས་ན་སྨན་འཛད་པས།། སྦྱོང་ཐེབས་གཉིས་སམ་གསུམ་ཙམ་སྦྱོང་བ་དང་།། དང་ག་སྐྱུགས་ལོག་སང་བའི་དུས་ལ་རན།། ཚ་བ་སྨིན་རྒྱས་ཡིན་ན་གངས་ཀྱི་ཆུ།། ཟུངས་ཟད་ལུས་སྟོབས་ཞན་ལ་བུ་རམ་མུར།། རླུང་ཤས་ཆེ་ན་རུས་ཐང་ཆུ་ཡིས་ཕུལ།། སྙིང་ཚད་ཆུ་སེར་ནད་ལ་བ་ཡི་གཅིན།། འཁྲུ་བའི་ཤུགས་འདོན་ཨ་རུ་མཆུ་ཉུང་(སྙུང་)ལྕག། ཐུན་མོང་སྙོམས་པར་འདོད་ན་རྒྱམ་ཚ་བཏབ།། སྟོང་སྐྱུག་མང་དང་ཤེས་པ་ཟི་ཉོག་དང་།། ལུས་སྟོབས་ཉམས་དུས་བསྐུ་མཉེ་ཕྱེ་མར་ཕུལ།། རུས་ཐང་བླུད་ཅིང་གསུར་བདུག་རླུང་སྣ་ལེན(གླན)།། སྦྱང་ཕོག་ལུས་སྟོབས་ནད་དང་སྦྱར་བ་ཡིས།། རབ་ནི་སུམ་ཅུ་འབྲིང་ནི་ཉི་ཤུ་སྟེ།། ཟུང་(ཟུངས་)ཟད་ནད་ཚབས་ཆུང་ལ་ཐ་མ་བཅུ།། སྦྱོང་ལྕགས་(ལྕག་)མང་ཉུང་ཚད་པ་དེ་བཞིན་ཏེ།། དང་པོ་ནད་མདོག་ནད་བོ་ནད་གཞི་མིན།། བར་པ་བད་ཀན་ཟས་མདོག་མཁྲིས་ཁུ་ལ།། ཐ་མ་ཆུ་རུ་བྱུང་ན་འཕྲོ་བཅད་རན།། བཞི་པ་ནད་ཀྱི་འདོན་ཚད་ཚོད་བཟུང་སྟེ།། ནད་དང་ལུས་ཟུངས་རབ་འབྲིང་ཚད་ཡིན་པས།། ནད་དང་ལུས་ཤེད་ཆེ་ཆུང་ཚད་བརྟག་ལ།། ཟུང་(ཟུངས་)བཟང་ནད་མ་ཟད་པར་ལྕག་གིས་ཕུལ།། ཟུང་(ཟུངས་)ཟད་ནད་ལ་ནད་མ་ཟད་ཀྱང་ཕན།། དེ་ལྟར་རིག་པས་ཐལ་ལུས་མེད་པར་སྤྱོད།། ལྔ་པ་ལོག་གནོན་ཐབས་ཀྱིས་གནོན་པ་ལ།། འདི་ལ་གནོན་ལུགས་རྣམ་པ་ལྔ་ཡོད་དེ།། འཕར་ན་མནན་དང་སྟོར་ན་བཙལ་བ་དང་།། འཁྱིལ་ན་འདྲོང་དང་འབྱམས་ན་བཅད་པ་དང་།། སྲོག་རྩའི་སོ་བ་གཞག་དང་རྣམ་པ་ལྔ།། དང་པོ་འཕར་ན་གནོན་ཞེས་བྱ་བ་ནི།། སྟོད་དུ་སྐྱུག་ན་འཕར་བས་དྲི་བཟང་བདུག། རྡོ་གྲང་རྐེ་(སྐེ་)ལ་གྲང་ཚུག་(ཚུགས་)ཚང་(ཚངས་)སྐྲ་འཐེན།། གདོང་པར་ཆུའི་ཆག་ཆག་བསྔགས་ཐབས་བྱའོ།། འཕྲག་པ་མནན་བསྐུལ་(སྒུལ་)ལུས་པོ་སིག་སིག་བྱ།། སྤྱིར་ཡང་འཕར་བའི་རྒྱུ་ནི་རྣམ་པ་དྲུག་ཡིན་ཏེ།། ནད་ཀྱི་ཁམས་ཀྱིས་འཕར་ན་ཆུ་ཆོས་བྱ།། གདོན་གྱིས་འཕར་ན་འདྲུལ་(འགྲུལ་)བསྡམ་བསྐྲད་བརྡུང་བྱ།། སྨྲ་འགུལ་འཕར་བ་མི་གཏམ་ཙོག་བུར་བསྡད།། རླུང་གི་འཕར་བ་སྔོན་འགྲོ་ཐེམ་(འཐེམས་)པར་གཅེས།། རྩུབ་སྨན་དུག་གིས་འཕར་ན་དུག་བཏུལ་གཅེས།། ཐུན་ཚད་ཆེས་ན་འཕར་བ་སྣ་སེལ་བརྟག། དེས་ན་རིག་པ་ཞིབ་པ་ཀུན་གྱི་ལོག་ནོན་ཡིན།། གཉིས་པ་སྟོར་བ་བཙལ་བ་ནི།། སྨན་སྟོར་བཤལ་སྟོར་ནད་སྟོར་གསུམ།། སྨན་སྟོར་ཟུག་གཟེར་མ་སློང་སྨན་སྤོག་བཏང་།། ནད་སློང་བཤལ་བ་ཆུང་ན་བཤལ་སྟོར་བས།། རྣོན་པོ་གཙོ་བོ་ཆུང་བས་རྣོ་སྨན་བཏང་།། ནད་སྟོར་དང་ནས་ཆུ་བྱུང་སྐྱུར་བག་གཏོང་།། གསུམ་པ་འཁྱིལ་ན་འཕྲོ་ལ་གྲང་བ་གཉིས།། ཕོ་བར་འཁྱིལ་ལམ་ལུས་ལ་ཧྲིམ་པ་ལ།། ཕོ་བར་འཁྱིལ་ན་ཕོ་བར་དྲོད་དུགས་བྱ།། ལུས་ལ་ཧྲིམ་པ་གཡོ་འགུལ་འགྲོ་འདུག་བྱ།། བཞི་པ་འབྱམས་པ་འདི་ལ་རྣམ་པ་གཉིས་ཡིན་ཏེ།། ཚ་ལ་(བས་)འབྱམས་པ་དང་གྲང་བས་འབྱམས་པ་ཡིན།། འདི་ལ་གཅོད་ལུགས་སྤྱི་དང་བྱེ་བྲག་གཉིས།། སྤྱི་ནི་འབྲས་ཐུག་ནས་ཐུག་ཤ་གསར་བཙོས།། ཚད་མ་ཚགས་སུ་ལེགས་པར་བསྡུས་པ་ལ།། ངད་ཡལ་དུས་སུ་ད་ཏྲིག་ཐ་རམ་མོན་ཅ་(ཆ་)ར།། སྨག་དང་ཀ་པེད་བསྡུས་བྱས་བཏང་བ་དེ་ཡིས་ཆོད།། ཁ་སྐོམ་མ་བཏང་རྩེ་དགུར་(རྩེ་གུར་)བཏང་བར་བྱ།། གཉིས་པ་བྱེ་བྲག་སོ་སོར་གཅོད་པ་ནི།། སྨན་རོ་ལུས་དང་ནད་ཁ་བྱེ་བ་གཉིས།། ཚ་འབྱམས་གྲང་འབྱམས་བཞི་ཡི་གཅོད་ཐབས་ནི།། སྨན་རོ་ལུས་ན་རྒྱམ་ཚའི་ཐང་བཏང་འཆད།། ནད་ཁ་བྱེ་ན་མི་བཅད་ལུས་ཟུང་(ཟུངས་)གསོ།། མཁྲིས་རྩ་བྱེ་ན་བརྡོར་(རྡོལ་)དགོས་(དོགས་)མྱུར་གཅོད་དེ།། ཨིན་ཏྲ་(ཨིནྡྲ་)བཞི་ཐང་དོམ་མཁྲིས་བཏབ་པས་འཆད(ཆད)།། ཚ་བས་འབྱམས་ན་སྦྱོང་མདོག་དམར་རམ་སེར།། དྲི་མ་ངད་ཆེ་རྩ་ཆུ་ལུས་དྲོད་རྒྱས།། བྱིན་ཉ་(ཚྭ་)ཆུ་གྲང་རེ་སྐོན་གངས་ཆུས་བཅད།། གྲང་འབྱམས་དྲི་མ་ངད་ཆུར་ཆུ་རུ་འཁྲུ།། ཞུན་མར་ད་ཏྲིག་ཤིང་ཚ་བཏབ་པས་འཆད(ཆད)།། ལྔ་པ་སྲོག་རྩའི་སོ་བ་འདི་ལ་རྣམ་པ་བཞི།། འཐོར་བུའི་རླུང་སྐྱེས་སྣ་མ་ལེན་པ་དང་།། ནད་དང་གཉེན་པོ་མ་འཕྲོད་ཟུག་གཟེར་ལངས།། སྐྱུག་པ་མནན་པ་གློ་རྩར་ལོག་པ་དང་།། རྒྱུ་སྲིན་ཁྲོས་པས་གླང་ཐབ་(ཐབས་)ནད་དུ་ལོག། ནད་དང་འགལ་བས་འཆི་བའི་སོ་སོའོ།། དེ་ལ་ལོག་གནོན་སོ་བ་བཞི་པོ་ནི།། མི་བདེ་སྟོང་སྐྱུག་བྱེད་ཅིང་འཁྲུ་བ་ན།། འདུས་པ་ཉམ་ཆུང་ཤེས་པ་ཟི་ལ་ཉོག། འཐོར་བུའི་རླུང་ཡིན་སྣུམ་བྱུག་གསུར་དུ་བཏང་།། རུས་ཐང་མེ་བཙའ་སྣ་བླན་(གླན་)སྦྱོང་འཕྲོ་བཅད།། སོ་བ་དེ་ལ་མ་ལྡན་རླུང་ལོག་འཆི།། གཉིས་པ་རུང་དང་མི་རུང་མ་རྟོགས་དུས་ཚོས་འཆུག། ནད་དང་དཔྱད་འཛོལ་ནད་སླང་ཟུག་གཟེར་ལངས།། ཚ་གྲང་བརྟག་ལ་གཉེན་པོའི་སྨན་བསྟེན་བརྟགས།། ཚ་བར་མ་ནུ་རུ་རྟའི་བསིལ་ཐང་བཏང་།། དུད་པ་ཕྱེ་མ་ཐང་སྒྲ་གང་བདེར་བྱ།། གྲང་གཟེར་ཆ་མཉམ་དྲོད་ཀྱི་བཞི་ཐང་དང་།། དྲོད་དུགས་བསྐུ་མཉེ་མེ་དང་ཉི་མར་བསྲོ།། སོ་བ་དེ་དང་མ་ལྡན་ནད་བསྐྱེད་ལོག་ནས་འཆི།། གསུམ་པ་སྐྱུག་པ་མནན་དྲག་(དྲགས་)གློ་རྩར་ལོག་པ་ནི།། བཤལ་སྨན་གྱེན་ལོག་རོ་སྟོད་གཟེར་ཟུག་ལང་།། གློ་སྐྱུག་གཏར་ཁ་ཕྱེ་མ་སྐེམ་སྨན་སྦྱར།། སོ་བ་དེ་དང་མ་ལྡན་སྨན་(སྨད་)ནད་སྟོད་ལོག་འཆི།། བཞི་པ་གླང་ཐབ་(ཐབས་)སྲིན་བུ་ནང་ལོངས་ན།། དེའི་གཉེན་པོ་བསྟེན་ནས་བསད་པར་བྱ།། ཟུང་(ཟུངས་)ངན་སྟོབས་ཞན་ནད་མ་ཐོན་ཀྱང་གཅོད།། གསུམ་པ་ཕྱི་རྗེས་བསྲུང་ལུགས་རྣམ་པ་གཉིས།། སྤྱི་རུ་འགྲོ་དང་སྒོས་སུ་ཚ་གྲང་བསྟུན།། དང་པོ་སྤྱི་ནི་སྦྱོང་བའི་འཕྲོ་བཅད་ནི།། འབྲས་སམ་ཕྱེ་ཐུག་འདེག་(འདེ་)གུ་ཁེམ་མི་ཆགས།། དང་པོ་ཚ་རྡོར་(ཚྭ་སྡོར་)གང་ཡང་བག་ཆུང་བཅོས་ལེགས་བཏང་།། དེ་རྗེས་སྐ་དང་ཚོས་ཁུ་རིམ་བཞིན་བསྐྱེད།། ཚ་རྡོར་(ཚྭ་སྡོར་)བཙོས་དྲོན་ངད་སྙོམས་ཆང་གིས་ཕུལ།། གཉིས་པ་ཚ་གྲང་ཁྱེད་(ཁྱད་)པར་སོ་སོ་ནས།། ཚ་བའི་རྗེས་དང་གྲང་རྗེས་རྣམ་པ་གཉིས།། དང་པོ་རིམས་འཁྲུག་(འཁྲུགས་)ཚ་བ་གསར་པའི་ཚ་རྗེས་ནི།། ཆུ་འཇམ་ཙམ་(རྩམ་)པ་བཏབ་དང་ཐུག་ནག་དང་།། ཞོ་གསར་འོ་ཕྲུམ་བསིལ་གྱིས་བཅད་པ་ཡིན།། ཚ་བ་རྙིང་པ་དེ་མིན་བསིལ་ཤ་གསར།། ཚིལ་ལེད་(མེད་)ཚོ་ཁུ་ཇ་བསྐོལ་བསིལ་དང་ཆུ།། འོ་ཕྲུམ་ལ་སོགས་བསིལ་དྲོད་སྙོམས་པས་བཅད།། གཉིས་པ་གྲང་རྗེས་བཅུད་ཅན་དྲོད་ཀྱིས་བཅད།། ནོར་ལུག་གང་རུང་ཤ་ནི་གསར་རྙིང་རུང་།། ཚོ་ཁུ་ཆང་འཇམ་ཞུམ་མར་དྲོད་ཀྱིས་བཅད།། དེ་ཡང་དང་པོ་བྲིད་ལ་རིམ་པར་ཆ་བསྐྱེད་གཅེས།། རྗེས་གཅོད་མ་ཤེས་ལོག་པ་རྣམ་གསུམ་ཡོད།། ཚ་རྗེས་དྲོད་ཀྱིས་བཅད་ན་ཚ་བ་སྐྱེ།། གྲང་རྗེས་བསིལ་གྱིས་བཅད་ན་གྲང་བར་ལྡོག། རིམ་བཞིན་ཆ་བསྐྱེད་མ་ཤེས་ཟས་དྲག་(དྲགས་)ན།། ཕོ་བའི་དྲོད་ལྡོག་མཆིན་ཞུད་དམུ་སྐྲན་བསྐྱེད།། གཉིས་པ་སྦྱོང་ཉེས་སྐྱོན་ལ་རྣམ་པ་གཉིས།། དྲག་(དྲགས་)ན་ཐལ་ལ་ཞན་ན་མི་སྐྱོལ་བ།། དང་པོ་ནད་དང་དཔྱད་དུ་མ་འཇོམ་(འཛོལ་)ནས།། ཟུངས་ཟད་ནད་ལ་སྦྱང་དྲག་(དྲགས་)རླུང་སྐྱེས་འཆི།། དེ་ལ་ཟས་སྨན་དྲོད་བསྟན་(བསྟེན་)མེ་ཆོས་བྱ།། ནད་གཞི་ཆུང་ལ་དྲག་(དྲགས་)ན་ལུས་ཟུངས་འཆོར།། དེ་(ལ་)ལུས་ཟུངས་གསོ་བའི་ཟས་སྦྱོར་བྱ།། གཉིས་པ་ཞན་ནས་མ་སྐྱོལ་(སྦྱོང་)སྦྱོང་ཉེས་ན།། ནད་གཞི་ཆེ་ལ་སྦྱོང་ཞེན་ནད་མ་ཆོད།། ནད་མ་ཆོད་པས་ནད་སླང་ཕན་སྐྱེད་མེད།། ཡི་གེའི་ཟས་འགག་ཟོས་པས་འཇུ་བ་དཀའ།། སྣོད་ཀྱིས་སྡོང་བུ་སོང་བས་ནད་འཕེལ་བསྐྱེད།། ཟས་སྐོམ་རྒྱམ་ཚ་སེལ་(སེ་)འབྲུས་དྲོད་གསོའ་(གསོ་)ལ།། ལུས་ཟུངས་བཟང་ན་ཡང་ཅིག་སྔོན་འགྲོ་གཟབ།། སྦྱོང་སྤོག་བསྐྱལ་ནས་ཡང་ཅིག་བཏང་བ་ཡིན།། ཟུང་(ཟུངས་)ངན་སྨད་སུན་བྱ་ལ་ལྕགས་ཀྱིས་(ལྕག་གིས་)འཕུལ།། འཇམ་རྩི་སྦྱོར་བ་བྱ་ཞིང་ཕྱི་རྗེས་གཟབ།། བཞི་པ་སྦྱོང་ལེགས་ཡོན་ཏན་ནད་ཆོད་རྟག(རྟགས)། ནད་ཀྱི་རྩད་ཆོད་བད་ཀན་མཁྲིས་པ་དག་པའི་རྟགས།། ཁོང་པའི་དྲོད་འབར་ལུས་པོ་ཡང་ལ་བདེ།། བཀྲེས་སྐོམ་དུས་སུ་འབྱུང་ཞིང་ཡི་ག་བྱེ།། གཤང་ལྕི་(བཤང་གཅི་)ཚད་དུ་འོང་ཞིང་དྲགས་བསྐྱེད་ཆེ།། སྦྱོང་ལེགས་ནད་དང་བྲལ་བའི་རྟགས་ཡིན་ནོ།། ཞེས་གསུངས་སོ།།

སྡུག་བསྔལ་ཞི་བྱེད་གསོ་བ་སྨན་འབུམ་དཀར་པོ་ལས་བཤལ་གྱི་ལེའུ་སྟེ་བཅོ་ལྔ་པའོ།། །།



མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 11:23 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།