སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་བཅོ་ལྔ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་བཅོ་ལྔ་པ། འཐོར་དཔྱད་རྒྱལ་པོའི་དཀོར་མཛོད།

ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་མ་ལ་ཕྱག་འཚལ་ལོ། །གསོ་དཔྱད་རྒྱལ་པོའི་དཀར་མཛོད་ཅེས་བྱ་བ་འདི་ལ། དང་པོ་རིམས་བསྲུང་པའི་གདམས་ངག་ནི། རྒྱུ་རྣམ་པར་རྟོག་པ་ཡིན་པས་སེམས་བསྐྱེད། རྣམ་རྟོག་གི་འཁྲི་པ་གཅོད་པ་ཡིན་པས་སྔགས་དང་རྫས་ལ་ནན་ཏན་བསྐྱེད་དེ། གླ་རྩི་དང་། ཤུ་དག རྒྱ་སྣག་གསུམ་སྦྱར་ཏེ། གཟུངས་འདི་བྲི། ཏདྱ་ཐཱ། ཨ་ལི། མ་ཧ་ལི། ཧ་ལ་ཧ། ཆེ་གེ་མོ་ལ། ཛྭ་རན། ཙན་དྷ་ལི། ཨ་ཀ ཧ་ཧི་ཏི། གན་ཏེ་ཧི། ཀན་ཙ་དུ་ག ཐ་གུ་ནི། ཨདྱ་སྭཱ་ཧཱ། ཞེས་པ་རང་གིས་བྲིས་ན་ལེགས། འབྲི་མཁན་མ་ལངས་པར་དྲིལ་ལ་མགུལ་དུ་གདགས། ཟླ་བ་གསུམ་ནས་སྤོས་ན་ལེགས་སོ། །རིམས་ནད་ཐམས་ཅད་དང་། ཁྱད་པར་དུ་གག་ལྷོག་རྒྱུ་གཟེར་ཐུབ། ཕྱུགས་ནད་ཐམས་ཅད་ཀྱང་ཐུབ་བོ། །འདི་ལ་ཐེ་ཚོམ་མ་བྱེད། ཤིན་ཏུ་ཟབ་པོ་ཨི་ཐི།

མགོ་ལ་སྲིན་རིགས་གཉིས་ཡོད་དེ། ཡ་མ་དཀར་པོ་དང་། ཡ་མ་ནག་པོའོ། །དཀར་པོ་ནི་མགོ་ཕྱེད་ན། ལྡང་ཏུབ་དུ་ཡོད་དེ། དེ་ལ་སྐྲ་བཞར་ལ་བྱི་ཏང་ག་དང་། ཤིང་ཀུན་ཞོ་རེ་རེ། བག་ཕྱེ་ཞོ་དང་སྦྱར་ལ་མགོ་ལ་ཁྱད་པར་བྱུགས། རས་ཀྱི་རྒྱ་ཆིངས་བྱས་ལ་ཞག་ལྔ་བཞག དེའི་བར་ལ་ཁྲག་གམ། ཆུ་སེར་ཅིག་རྣ་བ་ན་འབྱུང་། མ་བྱུང་ན་རྣ་ལྟག་པའི་ཀུང་ཀུང་པོ་སྤྲ་བ་ལྔས་བསྲེག་གོ། ཡ་མ་ནག་པོ་ནི་མགོ་ཐམས་ཅད་ལ་ཟུག་གཟེར་ལྡང་སྟེ་སྙིང་མི་ཐུབ། ལུས་འདར། ཡན་ལག་མི་ཚུགས་སོ། །དེ་ལ་སྤྱི་གཙུག་དང་མཚོག་སྒོ་བསྲེག རྩེ་ཆུང་གཉིས་གཏར། དཔུང་རྩ་གཉིས་གཏར། སྙིང་རླུང་གི་དཔྱད་ལ་ཚིགས་པ་དྲུག་པ་དང་སྙིང་རྩ་གཉིས་བསྲེག འབྲས་བུ་གསུམ་གྱི་སྨན་མར་གཏང་། སྙིང་རྩ་གཉིས་གཏར་ན་ཕན་ནོ། །ཀླད་པ་རྒྱ་འཁྲུགས་པའི་དཔྱད་ནི། སྐྲ་སངས་ཀྱིས་བཞར་ལ། བག་ཕྱེ་དང་ཞོ། །སྦང་མའི་གར་པོ། སྒོ་ང་རྣམས་སྦྱར་ལ་སྐྲ་མཚམས་ཡན་ཆད་ཁྱབ་པར་བྱུག རས་ཀྱིས་རྒྱ་ཆིངས་བྱས་ལ་བསྡམས། སྣ་ནས་ཁྲག་དང་ཆུ་སེར་བྱུང་ན་ཐུབ། མ་བྱུང་ན་སྣ་བཤལ་གཏང་ངོ་། །ཐོད་རྩ་གཉིས་གཏར་བས་ཕན་ནོ། །མཁྲིས་པ་མལ་ནས་ཤོར་ནས་སྐྱུགས་པ་ལ་ཚིགས་པ་བཅུ་གཉིས་པ་སྤྲ་བ་གཅིག་གིས་བསྲེག མཚོག་སྒོར་སྤྲ་རྡོག་བདུན་གྱིས་བསྲེག་གོ། དེས་ཕན་ངེས་སོ། །མིག་ལ་ལིང་ཏོག་བྱུང་བ་ལ། མིག་དམར་ན་མཆིན་པ་ལ་ཁྲག་ལུད་པ་ཡིན་པས། ཚིགས་པ་དགུ་པ་བསྲེག བཤལ་དྲག་པོ་བྱས་ན་ཕན་ནོ། །མིག་སྐྱ་ན་རླུང་དང་བད་ཀན་སྐྱ་བོའི་ནད་ཡོད་པས། ཚིགས་པ་དགུ་པ་ལ་སྤྲ་བ་བཞག བ་སྤུ་འཁྱིལ་བའི་རླུང་དམིགས་སུ་སྤྲ་རྡོག་བདུན་བཞག མིག་དམར་ལ་ཚགས་ན། མཚེར་བ་ལ་ཁྲག་ལུད་པ་ཡིན་པས། ལག་པའི་སྲིན་ལག་གི་མཚེར་རྩ་ཁུག་པ་གཉིས་གཏར་ན་ཕན། མིག་སྐམ་ཚགས་སུ་སོང་ན། མུར་གོང་གི་འཁྱུག་རྩ་གཉིས་གཏར་ལ། རྨ་ཁར་སྤྲ་རྡོག་གསུམ་གྱིས་གདབ། མིག་སེར་པོར་མཐོང་བ་སེལ་སྙོང་འདོད་ན། མཁྲིས་པ་ལྷག་པ་ཡིན་པས། རྐང་པའི་མཐེ་བོང་ན་མཁྲིས་རྩ་རུ་འདུ་བྱ་བ་ཡོད་དེ། དེ་གཏར་ན་ཐུབ་བོ། ཡང་མིག་ལ་གློ་བུར་དུ་རྡོ་དང་། དབྱུག་པ་དང་། མཚོན་ལ་སོགས་པས་བཞར་བ་དང་། སྣད་པ་དང་། བཙན་པ་ལ་སོགས་པ་ལ། ཕ་འོང་གི་དྲེག་པ་དཀར་པོ་དང་། ཁྱེའུ་ནུ་འཐུང་གི་ནུ་ཞོ་དང་སྦྱར་ལ་བྱུག ནང་དུ་བླུགས། པུག་ཤུད་མིག་སྨན་ཞེས་བྱ་སྟེ་ངེས་པར་འཚོའོ། །མིག་ལ་སྐྱ་རིབ་ཀྱིས་ནག་པོ་ལང་ལོང་གིས་ཁེབས་ན། ཨ་རུ་ར་གསེར་མདོག་ཆུ་ལ་བརྡར་ལ། སྒ་སྐྱ། ཡུང་བས་མདོག་འགྱུར་ཙམ་བྱས་ལ། བག་ཕུར་ལ་ཐིགས་རེ་ཐིགས་གཉིས་བླུགས་ལ། ལུག་རེ་བཤའ་ཡུན་ཙམ་དུ་ཉལ་ལ། དེའི་རྗེས་ལ་ཆུ་གཙང་གིས་བཀྲུའོ། །ཡང་འདི་ཡིན་མེད་པར་མཐོང་བྱེད་ཉམས་ནས་རེ་རེ་ལ་གཉིས་གཉིས་སུ་མཐོང་བ་དང་། ནག་པོ་ལང་ལོང་བྱུང་ན། ཨ་རུ་ར། སྐྱུ་རུ་རུ། ལྕགས་ཕྱེ། པི་པི་ལིང་། ཤིང་མངར་རྣམས་སྨན་མར་གྱི་ཚུལ་དུ་སྦྱར་ལ། རྩ་ཨ་པ(རྩྭ་ཨ་ཝ)། གུར་གུམ། ཀ་ར། སྦྲང་རྩི་རྣམས་ཁ་ཚར་བཏབ་ལ་བསྟེན་ན་ཕན་ནོ། །དེ་མ་འབྱོར་ན། ཨ་བ། གོ་སྙོད། གུར་གུམ། ཁྱིམ་བྱའི་བྱ་ཐལ་རྣམས་གཏང་ངོ་། །ཡང་མིག་འཕེལ་འགྲིབ་བྱེད་པ་ལ། ཕག་ཚིལ་གོ་སྙོད། འབྲི་མར་རྣམས་རྐང་མཐིལ་ལ་བྱུགས་ན་ཕན་ནོ། །སྣ་ཁྲག་འཛག་པའི་དཔྱད་ལ། ཀླད་པ་ནས་འོང་ན། ཁྲག་མདོག་སྐྱ་ལ་སེར་ཏེ། སྨན་མཚམས་སུ་སྤྲ་རྡོག་ལྔས་བསྲེག སྤྱི་བོའི་རྩ་རྣམས་གཏར་བས་ཕན་ནོ། །རྩ་ནས་འོང་ན་ཁྲག་གི་མདོག་དམར་པོར་འོང་བས། སྐེའི་འབོག་མཚམས་སུ་རྩེའུ་ཆུང་གཉིས་ལ་སྤྲ་བ་ལྔ་ལྔས་བསྲེག ནད་པ་ལ་གཞུ་ལན་གསུམ་དགེངས་གཞུག རྐང་མཐིལ་དུ་ཤིང་ལེབ་སོས་བརྡབས་པས་ཕན་ནོ། །སྒྲེལ་བཞི་ནས་འོང་ན། ཁྲག་མདོག་ནག་པོར་འོང་བས། དེ་ལ་ཕོའི་རླིག་པ་དང་། མོའི་ནུ་རྡོག་དམ་པར་བཅིང་། རོ་སྟོད་ལ་ཆུ་ལྕག་བརྡེགས། གྲང་དུགས་བྱའོ། །རྣ་བ་སྒྲ་ཆེ་ལ་འུར་ན། མཁལ་མ་ལ་རླུང་ཞུགས་པ་ཡིན་པས། དེ་ལ་རྟིང་པ་ནས་སོར་གཉིས་བཅལ་བར། ཐུར་མ་རུས་པ་ལ་ཐུགས་པར་འཕངས་ལ། རྨ་ཁ་སྤྲ་རྡོག་བདུན་གྱིས་བསྲེགས་ན་ཕན་ནོ། །རྣ་བ་ཚ་འོན་དུ་སོང་ན། མཁལ་མའི་ཁྲག་ལྷགས་པ་ཡིན་པས། ལག་པའི་མཐེའུ་ཆུང་གི་མཁལ་རྩའི་ཁུག་པ་གཉིས་གཏར། རྣ་བའི་བུ་ག་རྡབ་རུས་གཞིབས་ན་ཕན་ནོ། །རྣ་བ་ནས་རྣག་འཛག་སྟེ་འོན་པ་ལ་རྣ་རྩ་སྦུ་གུ་ཅན་གཉིས། སྤྲ་བ་བདུན་བདུན་གྱིས་བསྲེགས་ན་ཕན་ནོ། །གློ་ལ་ཁྲག་ཏུ་འོར་པ་ནི། གློ་རྩ་ཆད་པ་འམ། འགྲམས་པའི་སྐྱོན་ཡིན་པས། སོག་པའི་མེ་ལོང་གཉིས་སྤྲ་རྡོག་བདུན་བདུན་གྱིས་བསྲེགས་ན་ཕན་ནོ། །རོ་སྟོད་རླུང་གི་གང་སྟེ་ན་བ་ལ། གློ་རྩ་གཉིས་གཏར། ཚིགས་པ་ལྔ་བསྲེགས་ན་ཕན་ནོ། །མཆིན་པ་ད་རྒན་དུ་སོང་ན། ཚིགས་པ་བརྒྱད་པ་དང་དགུ་པ་འབུར་ཏེ་འོང་། དེ་ནི་མཆིན་པ་ཚིགས་པ་ལ་འབྱར་ནས་ཡོང་པ་ཡིན་ཏེ། དེ་ལ་དང་པོ་བྱེ་བྲའི་ལུམས་དྲག་པོ་བྱ། ལུམས་ནས་བཏོན་ནས། གྱེན་ནམ་སྐས་ལ་ཁུར་ཆེན་པོ་ཁུར་ན་ཕན། དེས་མ་ཕན་ན། ཁུར་མི་འཚམ་པ་ཅིག་བཀུར་ལ། ཁུར་པོ་དེ་མིས་བཏེགས་ལ་གྱེན་དུ་བལྟས་ཏེ་གཞུ་འགེངས་སུ་གཞུག་གོ། ཁེངས་པ་དང་། མིས་བཏེགས་པ་གཏང་ན། མཆིན་པ་དང་། ཚིགས་པ་བྱེ་ནས་འགྲོའོ། །གློ་ད་རྒན་དུ་སོང་ནས། གློ་བ་དང་། ཚིགས་པ་འབྱར་ནས་སྐམ་པ་ཡིན་ཏེ། དེ་ལ་ཆང་མང་པོ་བཏང་ལ་བཟི་རུ་གཞུག ཟངས་ཆུས་བཀང་ལ། མེས་བསྐོལ་ཏེ། དེའི་ཁུ་ཕུབ་ཀྱིས་བཅད་དེ། སྒལ་ཚིགས་ཕུབ་ལ་གཏད་ལ་གན་རྐྱལ་དུ་བཞག་ནས་ཇི་ཙམ་བཟོད་བཟོད་དུ་གཞག མ་བཟོད་ན་བཞག་ལ། གཞུ་འགེངས་སུ་གཞུག རྐྱལ་པ་བུས་པ་གཅིག་མ་ཚོར་བར་རྒྱབས་ནས་ལན་གསུམ་བརྒྱབ་ན། གློ་དང་ཚིགས་པ་བྱེ་ནས་འགྲོའོ། །སྙིང་ད་རྒན་དུ་སོང་སྟེ། སྙིང་ལ་ཆུ་ཤོར་བས། སྙིང་ཚིལ་ཚིགས་པ་འབྱར་ན་རྐྱལ་ལ་བཞི་བུས་ལ། ས་སྟེང་ས་ཤོད་དུ་བྱས་ལ་རྐྱལ་པ་སྐས་ཐེམ་བཞིན་དུ་བྱས་ལ། རྐྱལ་བའི་འོག་ཏུ་དོང་ཆུས་བཀང་བ་བྱས་ལ། ནད་པ་དྲག་ཤུལ་དུ་ཁྲིད་པས། རྐྱལ་བ་ལ་འདྲེད་ནས་ཆུར་ལྷུང་བ་དང་། སྙིང་ཚིལ་དང་སྒལ་ཚིགས་འབྲལ་ལོ། །ཆུ་སེར་རྩ་ལ་གྲམ་ནས་འགྲོ་བས། ཨོལ་གོང་གི་འཕར་རྩ་གཉིས་ལ་སྤྲ་བ་གསུམ་གསུམ་གྱིས་བསྲེག་གོ། མཁལ་མའི་ནད་ཀྱིས་ལྷག་པ་དགྱེ་བོར་སོང་ན། མཁལ་རྩ་ནག་པོའི་ཚིགས་པ་བཅོ་ལྔ་པ་ནས་ཉེར་གཅིག་པའི་མཆན་ན་གནས་པས། དེ་གཉིས་བསྲེག་ན་ཕན་ནོ། །མཁལ་མའི་རྩ་འགྲམས་ན་བྱིན་གཞུག་གཏར་ལ་རྨ་ཁ་སྤྲ་བ་བདུན་གྱིས་བསྲེག་གོ། དཔྱི་མིག་གཉིས་བསྲེག་གོ། ཚིགས་པ་བཅུ་བཞི་པ་དང་། བཅུ་དྲུག་པ་གཉིས་བསྲེགས་ན་ཕན་ནོ། །མཚེར་པ་ལ་ཚ་བ་སྐྱེས་ནས། སྐྱུག་བྲོ་ནས་ཟས་མི་འདོད་ན། ངར་གདོང་གི་མཚེར་རྩ་གཏར། ལག་པའི་སྲིན་ལག་གི་ཚིགས་པའི་བར་གཉིས་བསྲེགས་ན་ཕན་ནོ། །རྩ་ནག་བསྲེགས་ན་ཡང་ཕན་ནོ། །མཚེར་པ་གྲངས་ཏེ་སྐྱིགས་བུ་འོང་བ་ལ། མཚོག་སྒོ་སྤྲ་བ་ལྔས་བསྲེགས་ན་ཕན་ནོ། །མཚེར་པ་ཚ་བའི་སྐྱོན་གྱིས་སྦུ་(ལྦུ་)བར་སྐྱུགས་ན། པུས་མོ་ནས་མར་སོར་བཞི་བཅལ་བར་བསྲེགས་པས་ཕན་ནོ། །ཚིགས་པ་བཅུ་གསུམ་པ་ལ་སྤྲ་བ་བཅོ་ལྔ་བཞག་ན་ཕན་ནོ། །མ་ཞུ་བའི་རིགས་གསར་རྙིང་ཐམས་ཅད་ལ་བཤལ་གྱིས་སྦྱང་ན་ཕན་ནོ། །ཕོ་ཁར་སྤྲ་བ་བརྒྱད་ཀྱིས་བསྲེགས་ན་ཕན་ནོ། །ཕོ་བ་རླུང་གིས་གང་བ་ལ། འཇམ་རྩི་ལན་ལྔ་འམ་བདུན་གཏང་། ཚིགས་པ་བརྒྱད་པ་དང་བཅུ་གསུམ་པ་བསྲེག་གོ། རྒྱུ་ཞབས་སུ་ཁྲག་སྲིན་བྱུང་ན། ཚ་སྣ་དྲུག་ཁོང་དུ་གཏང་ལ་ཁྲུས་དྲག་པོ་བྱས་ན་ཕན་ནོ། །ལྒང་བ་སྐྲངས་པ་ལ་ཚིགས་པ་ཉི་ཤུ་པའི་གཡས་གཡོན་མཚོན་རེ་བཅལ་བར་སྤྲ་བ་བདུན་བདུན་བཞག་ན་ཕན་ནོ། །ལྒང་པའི་ནང་དུ་རྨེན་བུ་ཡོད་པ་དེ་ལ། རྨེན་གོང་མོའི་ཁར་བླངས་ལ་ཐུར་མ་བརྡེག དེ་གཉིས་ནས་རྩ་འཁྲུས་དྲག་པོ་གཏང་ངོ་། །ལྒང་པའི་ནང་དུ་རྡེའུ་ཡོད་པ་ལ། གུང་མོའི་ཐོར་ཏོས་རྡེའུ་བླངས་ལ་ཐུར་མ་བསྲེགས་པ་རྒྱབ་པས་ཕྱེ་མར་བཏང་ལ། དེ་ནས་སྐྲ་བསྲེགས་པའི་ཐལ་བ་དང་། སྐྱེས་པའི་ས་བོན་དང་རྒྱ་ཚ་ཕྱེ་སྒོང་གང་། བྱིས་པ་ལོ་བརྒྱད་པའི་ཆུ་ལ་སྦྱར་ནས་གཏང་ན། རྡེའུ་ཕྱེད་མར་ཐོན་ཏེ་མྱུར་དུ་སོས་སོ། །ཆུ་རླུང་གིས་སྲིན་ཚིགས་པ་བརྒྱད་པ་ཁ་གསུམ་དུ་བསྲེགས་ན་ཕན་ནོ། །མཁལ་མ་ཞོ་ཤ་དང་། ཀ་ཀ་རུའི་སྨན་མར་སྦྱར་ན་ཕན་ནོ། །ཆུ་ཁྲག་གིས་སྲི་བ་ལ། ནད་འདྲ་གཉིས་གཏར་ལ། ཨ་འབྲས་འཇམ་འབྲས་སུ་འབྲས་གསུམ་སྡིག་སྲིན་རྣམས་ཆུ་གྲང་ལ་སྦྱར་ནས་གཏང་ན་ཕན། རྒྱུ་ཞབས་སུ་དུགས་དྲག་པོ་བྱས་ན་ཡང་ཕན་ནོ། །ཚད་པས་ཁྲག་ཏུ་འཁྲུ་བ་ལ། ཁྱེའུ་ལོ་བརྒྱད་པའི་ཆུ་ལ། ཀ་ར་དང་ཞོ་བཙོས་པའོ་མལ་བཏབ་ནས་གཏར་ན་ཕན་ནོ། །ཚད་པས་སེར་པོར་འཁྲུ་ན། ལྕུམ་རྩ་དང་། དུར་བྱིད། ཤི་རི་ཁཎྜ། ཆུ་གྲང་ལ་བཏབ་ནས་གཏང་ན་ཕན་ནོ། །བེའུ་སྣབས་སུ་འཁྲུ་བ་ལ། ཐ་རམ་པ་དང་། ད་ཏྲིག་ཞོ་ལ་བཏབ་ནས་གཏང་ན་ཕན་ནོ། །བད་ཀན་སྐྱ་རྦབ་ཏུ་སོང་བ་ལ། གདོང་རྩ་ཡུ་མོ་ཐུར་དུ་རྒྱུག་པ་དང་འདྲ་བ་དེ་གཉིས་བཅད་ན་ཆུ་འབྱུང་སྟེ། སྐྱ་རྦབ་འཕྲལ་དུ་སོས་སོ། །ཆུ་སྐེམས་པ་ལ། མི་ཐོད་སྐམ་པོ། ལྕིབ་སེང་ཀ་མ། དབྱི་མོང་སྐམ་པོ་དང་གསུམ་བསྲེགས་པའི་ཐལ་བ། ཡ་བཀྵ་ར། དངུལ་ཐལ། ཟངས་ཐལ། ལྕགས་ཐལ། གསེར། མུ་ཟི། དེ་རྣམས་ཞིབ་པར་བཏགས་ལ། དར་ཚགས་ནས་འདོན། དེ་ནས་ཚ་བ་གསུམ་དང་སྦྱར་ནས་བཏང་ན་འཕྲལ་དུ་སོས་སོ། །སྲིན་ན་དྲ་དེ་ནི། མཚོག་མ། མུར་འགྲམ་དང་སོ་ལ་ཟུག་ནས་ན་ན། རྩི་བོ་ཆེ། སྒོག་སྐྱ། དྷ་དུར་ནག་པོ། ལྒ། དེ་རྣམས་ཤ་བའི་ཚིལ་བུ་ལ་སྦྱར། སླ་ངར་ཆུ་བླུགས་ལ་གཡོམ་པའི་སྟེང་དུ། འཁར་གང་བསྲེགས་ལ་བཞག་ལ། དེ་ལ་སྨན་རིལ་མ་ཙམ་རེ་བསྲེགས་ལ་ཁ་བཅད་དེ་དུ་བ་མ་ཤོར་བར་བྱས་ལ་མལ་ཆས་བྱིབས། ལན་གསུམ་བྱའོ། །དེས་མ་ཕན་ན། སྲིན་ལག་ཐོར་ཏོ་སྤྲ་བ་གསུམ་གྱིས་བསྲེགས་ན་ཕན་ནོ། །སྣ་ཁྲག་ཡུན་རིང་དུ་འཛག་ན་སྐྱ་རྦབ་དུ་འགྲོ་ཉན་ཡོད་པས། གུར་གུམ། ཙནྡན། མར་རྙིང་ལ་སྦྱར་ནས་བདུགས་ན་ཕན་ངེས་སོ། །སྙིང་ལ་རླུང་ཞུགས་ནས་སྤྲུགས་པ་ལ་རྐང་པ་གཉིས་ཀྱི་མཐེབ་སྙིང་ལ་སྤྲ་བ་ལྔ་ལྔ་བསྲེགས་ན་ཕན་ནོ། །འབྲུམ་བུ་ནག་པོ་ནི་མཚེར་པ་ལ་མཁྲིས་པ་ལུད་པ་ཡིན་པས། རྩུབ་ཁྲུས་དྲག་པོ་གཏང་ན་ཕན་ནོ། །དམར་པོ་ནི་མཆིན་པ་ལ་ཁྲག་ལུད་པ་ཡིན་པས། རྩེ་ཚུང་གཉིས། མཆིན་རྩ་གཉིས། སྙིང་རྩ་གཉིས། ནང་འདྲ་གཉིས། ཉིན་རེ་ལ་གཉིས་གཉིས་གཏར་བས་ཐུབ་བོ། དཀར་པོ་ནི། གློ་བ་ལ་བད་ཀན་དཀར་པོ་ལུད་པ་ཡིན་པས། བ་ཤ་ཀ ར་ཤ ར་ཁྲག་རློན་པ་དང་། དྲོན་མོ་བཏང་ན་ཐུབ་བོ། །སྣ་ཆམ་ལ་ཀ་ར་དང་། རྒྱ་སྤོས་སྦྱར་ཏེ་སྣ་ནས་བདུགས་ན་ཅིས་ཀྱང་ཐུབ་བོ། །གློ་ཆམ་ལ། ཨ་ཀྲོང་དང་། འདམ་བུ་ག་ར་ཁྱེའུ་ལོ་བརྒྱད་པའི་དྲི་ཆུ་ལ་སྦྱར་ནས་འཐུངས་ན་མྱུར་དུ་སོས་སོ། །བུ་ཆུང་དང་ཤ་མ་དང་ཁྲག་མ་ཐོན་པ་ལ། རི་བོང་རིལ་མ་བདུན། རྒྱ་རུ་དུམ་གཅིག ཁྱིམ་བྱའི་བྲུན་དཀར་པོ། རྩངས་པའི་ཤ རྒྱ་ཚ། འོལ་མོ་སེ། སེ་ལྡེབ་ཚུམ་གཅིག ཁྱིའི་འབྲས་བུ་རྣམས་ཞིབ་ཏུ་བཏགས་ལ་ཆང་ལ་བཏབ་ནས་ཁོང་དུ་གཏང་། རྒྱུ་ཞབས་ནས་སྨད་དུ་དུགས་བྱ། བྲེའི་ཞབས་ལ་མཚལ་གྱིས་ཡི་གེ་ཉ་གཅིག་བྲིས་ལ་མིག་བལྟ་རུ་གཞུག་གོ། མི་ཐོན་མི་སྲིད་དོ། །གཞན་དང་བུ་སྣོད་ལུག་ན་འོ་མ་འཇམ་པོས་བཀྲུས་ལ། སྦར་སྦུར་དང་། ས་དང་། དྲི་མ་མེད་པར་བྱས་ཏེ། དྲོད་ཕབ་ལ་མར་དང་ཏིལ་མར་བྱུག །རྐང་པ་ལ་ཐག་པ་བཏགས་འཐེན། དེ་ལ་དབྱུག་པ་རྒྱབ་པས་ཚུད་་པར་འགྱུར་རོ། །ཡང་ན་ལག་པའི་སེན་མོ་བྲེགས་ལ་དག་པར་བཀྲུས་ལ་མར་གྱིས་བྱུག གཞང་དང་བུ་སྣོད་ཀྱང་བྱུགས་ལ། ལག་པས་གཞང་དང་བུ་སྣོད་རང་སློང་དུ་གཞག ཚུད་པ་དང་། འཕོངས་དང་། མོ་མཚན་ལ་ཕྱིང་པ་ལ་མར་གྱིས་བྱུགས་ལ་བསྲོས་ལ་གླན། རྡོ་འམ། གླུ་གུ་བསྲེགས་ལ་བདུག་གོ། སོ་སྲིན་གྱིས་ཟོས་པའི་ཨོག་ཕོར་དུ་བོང་ང་ནག་པོ་བཅུག་ནས་སྤྲ་ཚིལ་གྱིས་ཁ་བཅད་ན་ཕན་ནོ། །ཆུ་མ་ཐོན་ནས་འགགས་ན་སྐྲ་ཤད་བསྲེགས་པའི་ཚིགས་མ་ཁྱོར་ཕྱེད་ཙམ་ཆུ་སྐྱོགས་ཕྱེད་ཀྱི་ནང་དུ་བླུགས་ལ་གཏང་ངོ་། །དེས་ཕན་ནོ། །མཇེའི་བུ་གར་བཙོང་བཙུགས་ཏེ་བུས་ན་ཕན་ནོ། །ཡང་ན་སྤུར་མ་ནག་པོ་སླ་ང་རུ་བསྔོས་ཏེ། ཤུན་པ་ནག་པོ་སྐྱུར་ལ་དཀར་པོ་མར་དང་སྦྱར་ནས་གཏང་ན་ཕན་ནོ། །ཁྱི་རྡོའི་སྨན་ལ་ཤོ་མོང་གི་རྩ་བ་བརྡུངས་ལ། མར་དང་བརྫིས་ཏེ་ལུས་ལ་བྱུག་ནས་ཉི་མ་ལ་གདུང་། དེ་ལྟ་བུ་ལན་གཉིས་གསུམ་བྱས་ན་ཕན་ནོ། །རྣ་བ་ནས་རྣག་འཛག་པ་ལ་ར་རོག་པོའི་ཆུའི་ནང་དུ་རྒྱ་ཚ་ལུག་ཤིག་ཙམ་བཅུག་ལ། འཇམ་བསྲོས་ལ་རྣ་བར་བླུགས་ཏེ་ཅུང་ཟད་བཞག་ལ་དགོ་སྣག་རུལ་སྦྱང་བའོ། །དེ་ནས་རྩ་བ་ལྔའི་སྨན་མར་སྦྱར་ལ་གཏང་ལ། ཞུན་མར་དང་བཅུད་བཟང་དུ་བསྟེན། །ཆང་སྐྱུར་སྤངས། རྣ་བའི་ནང་དུ་ལུག་ཤིག་དང་རྩྭ་ཤིག་སོང་ན། ཆང་ངམ་ཞོ་སྐྱུར་མོ་བླུགས་ན་ཕན་ནོ། མཛེར་པའི་དཔྱད་ལ་ལམ་རྒྱ་གྲམ་གྱིས་ས་བླངས་ལ་ཟླ་བ་ཉའི་དུས་སུ་ས་དེས་ཕྱིས། རང་གི་དྲི་ཆུས་བཀྲུས་ན་ཕན་ནོ། །ཡང་ན་སྤང་སྤོས་ཞིབ་ཏུ་བཏགས་ནས། བ་དམར་མོའི་འོ་མ་དང་། བའི་ཆུའི་ལྡེ་གུ་བྱས་ལ། སྲོད་ལ་ཉལ་ཁར་ལག་པ་བཀྲུས་ལ་བསྐུ། །དེ་མེ་ལ་བསྲོས་ལ་བསྐམས་པ་དང་། ལག་པ་རང་གི་ཕུར་ལ་བཞག ནད་པར་ལག་པ་མི་བཀྲུ། །དེའི་ནུབ་མོ་ཡང་སྔར་བཞིན་བྱ། དེའི་ནང་པར་ལག་པ་དག་པར་བཀྲུས་ལ། དེ་ལ་ཚ་(ཚྭ་)བསྐུས་ལ་བ་ལང་ལ་བལྡག་དུ་གཞུག་གོ། དེ་ལྟ་བུ་ལན་གསུམ་བྱས་ན་མཛེར་པ་ཐམས་ཅད་ལ་ཕན་ནོ། །བུད་མེད་བུ་དབྱུང་བར་དཀའ་ན་ཁོང་དུ་མར་ཁུ་བླུད། ལྟོ་བ་པགས་པ་རློན་པས་དཀྲི། མི་གཅིག་གིས་ཕྲག་པ་གཡས་གཡོན་ན་བཙིར་ན་ཕན་ནོ། །ཡང་བུད་མེད་བུ་མེད་པ་ལ། བའི་འོ་མ་དང་། རྟའི་འོ་མ་དང་། བུད་མེད་ཀྱི་འོ་མ་ཆ་མཉམ་ལ་བསྲེས་ལ་དཀྲོགས་པའི་མར་དེ་རའི་འོ་མར་བསྐོལ་ཏེ་བཀྲུ་སྨན་དང་སྦྱར་ཏེ་འཐུངས་ན་མངལ་རྡོ་རྗེ་བཞིན་བརྟན་དེ་བུ་ཆགས་པར་འགྱུར་རོ། །སྐྲངས་པའི་རིགས་ཙམ་ལ་སྟེང་དུ་བག་ཟན་གྱི་ར་བ་འཕང་ལོ་ཙམ་བྱས་ལ། དེའི་ནང་གཡེར་མ་ཕྱེ་མས་དགང་། དེའི་སྟེང་དུ་བག་ཟན་ལེབ་མས་དགབ་ལ། དེའི་སྟེང་དུ་མེ་བཙའ་གདབ། ཁོང་དུ་ཚ་བ་ཚོར་ན་མོད་ལ་ཕན་ནོ། །བུད་མེད་ཟླ་མཚན་མ་ཆོད་ན། རྐང་པའི་ལོང་བུའི་ནང་གི་རྩ་ལ་སྤྲ་རྡོག་གསུམ་བཞག དེས་ཆོད་པར་འགྱུར་རོ། །ཡང་རྒྱ་སྐྱེགས་དང་། དོམ་མཁྲིས་སྦྱར་ནས་གཏང་ན་ཕན་ནོ། །སྣ་ཁྲག་མ་ཆོད་ན། དུང་དང་མགྲོན་བུ་འདྲ་སྟེ། བསྲེགས་པའི་ཐལ་བ་ཆང་ལ་སྦྱར་ནས་འཐུངས་ན་ཕན་ནོ། །ཡང་ན་ཕོའི་རླིག་པ། མོའི་ནུ་རྡོག་བཅིངས་ན་ཕན་ནོ། །ཟབ་ཆེན་གྱི་དུད་པ་སྣ་རུ་བདུག་ན་ཕན་ནོ། །རྨ་ཁྲག་མ་ཆོད་པ་ལ་རྟ་སྦངས་ཀྱི་ཕྱེ་མ་རྨ་ཁར་གླན་ཏེ་བསྡམས་ན་ཕན་ནོ། །མིའི་དྲི་ཆེན་སླ་ངར་བསྲེགས་ནས་ཞིབ་པར་བཏགས་ལ་རྨ་ཁར་གླན་ན་ཕན་ནོ། །དོམ་མཁྲིས་གུར་གུམ། ཀ་ར་གསུམ་རྒྱ་སྐྱེགས་ཁུ་བས་ཕུལ་ནས་བཏང་ན་བད་ཀན་སྨུག་པོ་བྱེད་བསྡུད་པའི་མཆོག་ཡིན་ནོ། །དབྱི་མོང་ལོ་མ་གཅིག་མཚུངས་སུ་གཏང་བའི་ཡོན་ཏན་ནི། དམུ་རྫིང་། འོར་དུ་སྐྲངས་པ། ལྟོ་བ་ན་བ། ཟས་མི་འཇུ་བ། རྟུག་སྐམ་གྱིས་བཏབ་པ། གཅིན་འགག་པ་དང་། ད་རྒན་དང་མཁལ་རྐེད་ན་བ་ལ་ཕན་ཏེ། ཐུན་ཚོད་ཞོ་རེ། ཁྱེའུ་སུས་ལ་ཆང་དང་སྦྱར་ནས་གཏང་། ལན་བདུན་ནམ་དགུ་ལ་སོགས་པ་ཉམས་དང་སྦྱར་ལ་གཏང་། དང་པོ་སྦྱར་བའི་ཐབས་ནི། དབྱི་མོང་ལོ་མ་བྲེ་གང་ཙམ་དེ་བསྐམས་ལ། དགེ་སློང་གི་དྲི་ཆུས་བངས་ཙམ་སྦངས་ལ་ཡང་སྦངས་ལ་ཡང་བསྐམས་ལ་ཞིབ་པར་བཏགས་སོ། །དེ་ནས་ཁ་རུ་ཚྭ་ཆུ་ལ་སྦྱར་བས་བངས་ཙམ་དུ་བཏབ་ལ། དེ་ཡང་དེ་མ་ཐག་ཏུ་བསྐམས་ལ་བཏགས་སོ། །ཁྱི་ལྕེ་བའི་མེ་ཏོག་དང་། ལོ་མ་བརྡུངས་པའི་ཁུ་བ་བརྩིར་ལ། སྐྱོགས་བཅུ་ཙམ་བསྐོལ། གང་ཙམ་དུ་སོང་བ་དེ། ཉི་མ་ལ་བསྐམས་ལ། དེའི་རིལ་བུ་ནས་ཙམ་དེ་ཟོས་པའི་ཡོན་ཏན་ནི། རིམས་གསར་བུ་དང་། ཚ་བའི་རིམས། རུས་པ་ལ་རིམས་ཞུགས་པ་ལ་ཕན་ནོ། །ལྟོ་བ་སྲ་བ་སྙི་བར་བྱེད་དོ། །ཡང་ཟངས་རྩི་བའི་ལོ་མ་རློན་པའི་ཁུ་བ། ཁྱི་ལྕེ་བའི་ཐབས་བཞིན་བྱེད་དེ། རིལ་བུ་གཏང་ན་ཆུ་སེར་དམར་པོ་ལས་གྱུར་པའི་རིམས་ནད་ཐམས་ཅད་ལ་ཕན་ནོ། །ལྟོ་བ་སྙི་བར་བྱེད་དོ། །སོ་ཕག་རྙིང་པ་བསྡུས་པའི་ཐང་གཏང་ན། ཁ་ལྕེ་དང་གྲེ་བ་སྐམ་པ་སེལ་ལོ། །སྤང་རྒྱན་དཀར་པོ་དང་། ཤིང་མངར་གཉིས་གདུས་ལ། ཅུ་གང་། ཀ་ར་བཏབ་ལ། ཅུང་ཟད་ངད་ཡལ་བ་ལ་བཏང་ན། གྲེ་བའི་ནད་ཐམས་ཅད་སེལ་ལོ། །མ་ནུ། ཀཎྚ་ཀ་རི། སླེ་ཏྲེས། སྒ་བཞི་ཐང་དུ་བསྐོལ་ནས་གཏང་ན་ཁྲག་ནད་ཐམས་ཅད་དང་། ཁྱད་པར་གཟེར་ནད་ཐམས་ཅད་ལ་ཕན་ནོ། །སྐྱུ་རུ་རའི་ཆིག་ཐང་གིས་ཁྲག་ངན་པ་དངས་སྙིགས་འབྱེད་པའི་མཆོག་ཡིན་ནོ། །ལུ་ག་དུལ་(དུར་)བསྐོལ་བའི་ཐང་ལ། ཅུ་གང་། གུར་གུར། ཀ་ར་བཏབ་ནས་གཏང་ན་གློའི་ཚད་ནད་སེལ་ལོ། །ལི་ག་དུར་དང་། གླ་རྒང་གཉིས་རྒྱུད་དང་ནུས་པ་གཅིག་ཡིན་ཏེ། གློ་བའི་ནད་ལ་ཆིག་ཐང་གིས་ཐུབ་བོ། །མཆིན་སྨན་ཚིག་གུ། གུར་གུམ་གཉིས། ཐང་ངམ་ཡང་ན་མར་དང་སྦྱར་ཏེ་བཏང་ན་མཆིན་པ་རྒུད་པའི་ནད་སེལ་བར་བྱེད་དོ། །ཨ་རུ་ར་དང་། རྒྱམ་ཚ། སྒ་འམ་པི་པི་ལིང་སྦྱར་ནས་ཐང་གཏང་ན་གྲང་བའི་ནད་སེལ་ལོ། །ཁྱད་པ་དུ་མ་ཞུ་བ་སེལ་ལོ། །སེ་འབྲུ། ཤིང་ཚ། སུག་སྨེལ། པི་པི་ལིང་། ཆ་བསྙམས་ལ། ཀ་ར་བཞི་འགྱུར་དང་སྦྱར་ནས་བཏང་ན་བད་རླུང་ཐམས་ཅད་སེལ་ལོ། ལྷག་པར་ནད་གཞི་གང་ཡིན་ཀྱང་དང་ག་འབྱེད་པའི་མཆོག་ཡིན་ནོ། བཙོད། ལ་ཕུག ནཱ་གཔུཥྤེ། ནཱ་ག་གེ་སར། པི་པི་ལིང་། སྒ་རྣམས་ཆ་བསྙམས་ལ་ཞིབ་པར་བཏགས་ནས་ཀ་ར་བཞི་འགྱུར་དང་སྦྱར་ན། བད་ཀན་སེལ་ཏེ། ཁྱད་པར་དུ་སྐྱུགས་པའི་ནད་སེལ་ལོ། །ཤིང་ཀུན་དང་། སྒ་གཉིས་ཞིབ་ཏུ་བསྡུས་ལ་ཁ་རུ་ཚྭ་ཁ་ཚར་བཏབ་ནས་གཏང་ན་སྙིང་རླུང་སེལ་ལོ། །ཨ་ཤྭ་ཀན་དྷ(ཨཤྭགནྡྷ)། ལྕ་བ། ར་མོ་ཤག ཨ་རུ་ར། བ་རུ་ར། སྒ་རྣམས་བསྲེས་ལ། ཁུ་བ་འདོན། ལན་གསུམ་མམ། དགུ་ལ་སོགས་པ་ཅི་རིགས་པར་གདོན། དེའི་ཁུ་བ་དང་། མར་དང་། འོ་མ་ཆུ་མ་ཆོད་ཀྱི་བར་དུ་གདུའོ། །ཕོ་བ་ཞན་ན་སྨན་ཚིགས་གདོན། ཕོ་བ་བཟང་ན་སྨན་ཚིགས་མར་དང་བསྲེས་པ་ཙམ་ལས་ཆུ་མི་བཅད། དེ་གང་ཡང་རུང་སྟེ། ཁ་འཁྱག་ཙམ་སུག་སྨེལ། སླེ་ཏྲེས། པི་པི་ལིང་། རྒྱམ་ཚ། སྦྲང་དང་བུ་རམ་བཏབ་ལ་ལེགས་པར་དཀྲུག་ཏེ་བཏང་ན་རླུང་དང་། ཆུ་སེར་འདྲེས་པའི་ནད་སེལ་ལོ། །ཁྱད་པར་དུ་ཆབས་ཀྱི་ནད་སེལ་ལོ། །སྨད་དུ་གྲང་བ་སྐྱེས་པ་ལ། ལྟེ་བ་མན་ཆད་ནས། རྐང་པའི་མཐིལ་ཡན་ཆད་དང་། རྩ་སྦུབས་དང་། ཆུ་སྦུབས་ཀྱི་ཉེ་འཁོར་དུ་སྣུམ་གྱིས་ཞེན་པར་བསྐུ་མཉེ་བྱའོ། །ཁྱད་པར་དུ་ཚང་རའི་ཏེལ་ཏེལ་པོ་ལ་དྲག་དུ་བྱའོ། །དུགས་བྱ་བ་ནི་རྡོ་ལེབ་དང་། སོ་ཕག་ཚོས་པར་བསྲེགས་ལ་ཆུ་བཏབ་ལ་གོས་ཀྱིས་གཡོགས་ཏེ། བུར་དཀར་མཐེ་བོང་ཙམ་གཅིག་གཞུག་གོ། སྦུབ་དང་། ཚང་ར་དང་། རྐང་མཐིལ་དང་། རྒྱུ་ཞབས་སུ་ཡུན་རིང་དུ་བདུག་གོ། གོས་དྲོ་བར་བྱ། དུགས་ཀྱི་རྗེས་ལ་གྲང་དུ་མི་གཞུག་གོ། ཡང་ན་སྦང་མ་སྐམ་པོ་ལ་ཆང་གིས་ཁ་ཕྲུ་གདབ་པའི་ནང་དུ་རྡོའམ་སོ་ཕག་བཅུག་ལ་བྱ། ཡང་ན་ཕྱིང་བའམ། རེ་བསྣུམ་གྱིས་བསྐུས་པས་གཏུམས་ལ་བྱའོ། །རིང་(རེང་)བུ་ནི་ལྕུམ་རྩ་དང་། བུལ་ཏོག དུད་པ། པོ་སོ་འཆའ། ཨ་རུ། པི་པི་ལིང་། རྒྱམ་ཚ་རྣམས་བཏགས་ལ་མར་དང་བསྲེས་ཏེ། རེང་བུ་མཐེ་བོང་གི་དབྱིབས་འདྲ་བ་བྱས་ལ། མས་ཡར་བཏང་ན་དེས་ལྟོ་སྦོས་པ་དང་། ཕྱི་ས་འགགས་པ་དང་། ཆུ་སྲི་བ། བད་ཀན་གྱི་སྐྲན། རླུང་སྐྲན་བེའུ་སྣབས་འཁྱགས་པ། རླུང་ནད་ཐམས་ཅད་དང་། ཁོང་སྐྲན་དང་། གྲང་ནད་ཐམས་ཅད་སེལ་ལོ། །དྲི་མ་དང་རླུང་ལེགས་པར་རྒྱུ་བར་བྱེད་ཅིང་། རླུང་རང་རང་གི་གནས་སུ་འཇོག་པར་བྱེད་དོ། །རེང་བུ་བཏང་ནས་ཀྱང་དུགས་ཡུན་རིང་དུ་བྱའོ། །ཙི་ཏྲ་ཀ ཨ་རུ་ར། རྒྱམ་ཚ་རྣམས་ཆ་སྙམས་ནས་ཞིབ་བར་བྱས་ལ་ཆུ་སྐོལ་ལ་སྐྱོ་མར་བྱས་ནས་འཐུངས་ན། ཕོ་བའི་མེ་དྲོད་སྐྱེད་པ་དང་། མ་ཞུ་བ་སེལ་བ་དང་། སྐྲན་འཇོམས་པ་དང་། ཡི་ག་འབྱེད་པར་བྱེད་དོ། །ཡང་ཨ་རུ་ར་དང་། པི་པི་ལིང་། རྒྱ་ཆ་གསུམ་ཆ་སྙམས་པའི་ཕྱེ་མས་ནི་དྲོད་སྐྱེད་པ་དང་། ཡི་ག་འབྱེད་ཅིང་སྐྲན་འཇོམས། མ་ཞུ་བ་སེལ་ལོ། །ཚ་བ་གསུམ་དང་། རྒྱམ་ཚ། ཁ་རུ་ཚ། ཆ་བསྙམས། བུ་རམ་ཅུང་ཆེ་བར་བྱས་པའི་ཕྱེ་མས་གླང་ཐབས་ཐམས་ཅད་སེལ་ལོ། །ཁོང་པ་ཁྲོག་ཅིང་ན་ན། ནས་ཟན་གྱི་བྱ་བྲ་དང་། ཚ་བག་ཙམ་ཞིག་ཅོང་ཞི་ཕྱེ་ཚོམ་གཅིག ཆུ་བྲེ་ཕྱེད་ལ་གདུས་ལ་གཏང་། རྡོ་རྗེའི་བྲག་ཀྱང་འཇིིག་གོ། བུད་མེད་ཀྱི་ལྟོ་བར་ཤིན། བྱ་གོ་བོའི་གྲེ་བ་དང་། རྒྱ་རུ་སྦྱར་ལ་གཏང་ངོ་། །རོ་སྨད་ཆེས་མ་ཐེག་ན། བྱི་ས་ཕུལ་བཞི། ལུག་གི་རིལ་མ་ཕུལ་བཞི། ཕུག་རོན་གྱི་རིལ་མ་ཕུལ་བཞི། ཕབས་རྣམས་ཆང་གི་བྲན་ལ་ཚོས་པར་བཙོས། སྒྱེའུའི་ནང་དུ་བླུགས་ལ་ཡུན་རིང་དུ་བདུག ལན་གསུམ་བཞི་བར་དུ་བྱའོ། ། རླིག་པའི་འབྲས་བུ་སྐྲངས་ན། ཚིགས་པ་བཅུ་བཞིའི་གསང་བསྲེག དེས་ཐུབ་བོ། །ཕོ་བ་གཟེར་ནས་ན་ན། ཆུ་སྐོལ་གཏང་། དུགས་བྱའོ། །ཕྱི་ས་འགགས་ན་སུག་པའི་ཕྱེ་མ་མར་དང་བསྲེས་ནས་འཕོངས་ན་ཡར་བཅུག་ན། ད་ལྟ་རང་དུ་སངས་ཀྱིས་འགྲོའོ། །གྲེ་བར་རུས་པ་ཟུགས་ནས་མ་ཐོན་ན། ཤ་རྙིང་དུམ་བུ་རྒྱུད་པས་ཁོང་ནས་བརྒྱུས་ལ་མིད་དུ་གཞུག གྲེ་བར་སོང་བ་དང་ཡར་འཐེན་ནོ། །དེས་ཐོན་ངེས་སོ། བུད་མེད་བུ་བཙས་པའི་རྗེས་ལ། ཁྲག་མ་ཐུབ་ན། འོམ་བུའི་དུད་པས་འདོམ་ནས་བདུགས་ན་ཕན་ནོ། །སྲད་བུ་ཕྲ་མོས་ཉྭ་བཞི་བཀྱིགས་ན་ཕན་ནོ། །གྲེ་བ་བཅོས་ཐབས་ལ། སྤང་རྒྱན་དཀར་པོ་འམ། སྔོན་པོ་གང་རྙེད་དང་། ཤིང་མངར་དང་། ཀ་ར། ཅུ་གང་རྣམས་བསྲེག་ལ་གདུས་ཏེ་ལྟོ་སྟོང་ལ་ཕུལ་གང་གཏང་། གྲེ་བ་འགགས་པ་ཀུན་ལ་ཕན་ཏེ། སྐད་དྲིལ་བུ་འདྲ་བར་འགྱུར་རོ། །སྙིང་ལ་ཚད་པ་ཞུགས་ན། ལྕེ་དཀྱིལ་ནག་པོར་འོང་སྟེ། རྩེ་ཆུང་དང་། ཨ་སོ་ལི་ཀ་གཏར། བསིལ་སྨན་གཏང་ངོ་། །སྙིང་ལ་ནད་གྲང་བ་ཞུགས་ན། རྔུལ་མང་པོ་འདོན། རུས་པའི་སྨན་མར་ཕན་ནོ། །བུད་མེད་བུ་རོགས་མ་ཐོན་པ་ལ། གླུམ་བཟང་པོ་མཉེས་པ་གཅིག་ལ། སྦ་རྡོ་ལྔ་དང་། ཀར་རྡོག་གཅིག་མཉེས་ཏེ། ཕུལ་དོ་ཁྱེའུ་སུས་ལ་བཏང་ན་ཕན་ནོ། །ཁྱོའི་སྐྲ་ཤད་བསྲེགས་པའི་གཞོབ་བཏབ་སྟེ། ཆང་དང་སྦྱར་ནས་བཏང་ན་ཕན་ནོ། །དེས་མ་ཐོན་ན། རྟ་དྲག་ཤུལ་བྱས་པའི་རྟ་སྟན་དྲོན་མི་བཀབ་ལ། ལྕག་གིས་བྲབ་ན་ཕན་ནོ། །ལྕེ་ཆུང་དམར་ལ་ཡ་རྐན་སྨུག་ན་ལྕེ་ཆུང་ཚ་བ་བབས་པ་ཡིན་ཏེ། སྤྱི་བོའི་རྩ་རྣམས་གཏར་ན་ཕན་ནོ། །རྐན་དང་ལྕེ་ཆུད་སྐྱ་ན་གྲང་བ་བབས་པ་ཡིན་ཏེ། སྤྱི་བོའི་རྩ་རྣམས་ལ་མེ་བཙའ་བཞག་ན་ཕན་ནོ། །བཟང་དྲུག་གི་སྟེང་ན་ག་པུར་བསྣན་ནས་ཀ་ར་དྲུག་འགྱུར་དང་སྦྱར་ནས་གཏང་ན་ཚད་ནད་སེལ་ལོ། །ཨ་རུ་ར་ཚ་བ་གསུམ། བུ་རམ་ལ་སྦྱར་ནས་བཏང་ན་གྲང་བའི་ནད་ཐམས་ཅད་སེལ་ལོ། །མ་ནུ་བཞིའི་སྟེང་དུ་ཏིག་ཏ་བསྣན་ཏེ་བཏང་ན་ཁྲག་དང་ཁྱད་པར་དུ་སྟོད་གཟེར་ལ་ཕན་ནོ། །མ་ནུ་དང་འབྲས་བུ་གསུམ་བསྐོལ་ནས་གཏང་ན། རླུང་མཁྲིས་འདྲེས་པའི་ནད་ལ་ཕན་ནོ། །མ་ནུ། སླེ་ཏྲེས། པི་པི་ལིང་དང་གསུམ་འོ་མར་བསྐོལཏེ། ལྟོ་སྟོང་ལ་བཏང་ན་རླུང་ལས་གྱུར་པའི་རིམས་ནད་སེལ་ལོ། །གུར་གུམ། ཅུ་གང། བྲག་ཞུན་གསུམ་ཆ་བསྙམས་ལ་བསྐོལ་ཏེ་བཏང་ན། མཆིན་པའི་ནད་སེལ་ལོ། །སྒ། ཁ་རུ་ཚ། ཙབ་རུ་ཚ། ཤིང་ཀུན་རྣམས་བསྐོལ་ནས་གཏང་ན། གྲང་བའི་ནད་དང་རྒས་ནད་སེལ་ལོ། །སེ་འབྲུ། སྒ། རྒྱམ་ཚ་བསྐོལ་ནས་གཏང་ན། བད་ཀན་གྱི་ནད་སེལ་ལོ། །མ་ནུ། ཏིག་ཏ། གླ་སྒང་། ཁྱི་ལྕེ་བ་རྣམས་བསྐོལ་ནས་གཏང་ན། མཁྲིས་པའི་ནད་ཐམས་ཅད་སེལ་ལོ། །སྐྱིགས་བུ་རྒྱུན་མ་ཆད་པར་བྱུང་ན། སྙིང་ཁུང་དུ་སྤྲ་བ་གསུམ་བསྲེགས་ན་ཕན་ནོ། །ལི་ཤི། གླ་རྩིའི་ཆུས་འབྲུམ་པའི་ནད་ལ་མཆོག་ཏུ་བསྔགས། ར་ཤ་དང་པོ་ནས་གཏང་། རའི་ཁྲག་གཏང་ན་ཕན། འབྲུམ་བུ་མིག་ལ་བྱུང་ན། འོལ་མོ་སེའི་འབྲས་བུ་བཏགས་ལ་བུད་མེད་ཀྱི་ནུ་ཞོ་ལ་སྦྱར་ལ་བྱུགས། འབྲི་མོག་དང་། དྲེའུའི་ཚིལ་བུས་བྱུགས་པས་རྗེས་མི་འོང་ངོ་། །འབྲུམ་ནག་གྲེ་བར་བྱུང་ནས་འཐམས་ན། བྱི་ཚེར་བའི་རྩ་བ་ལྐོག་པ་སྐྱུར་ལ། ནང་གི་དེ་བཏགས་ནས་ཆུ་གྲང་ལ་སྦྱར་ནས་གཏང་ན་རྡོལ་ནས་མེད་པར་འགྲོའོ། །སྤྱིར་འབྲུམ་ནག་བྱུང་བ་ལ། འདིའི་ཆུ་ཐིགས་རེ་ཁོད་པར་གཏང་པས་ཆོག་གོ། སམཱ་པྟ་མི་ཐི། །གྲེ་བའི་སྐྱ་ཐོར་ལ། ཨ་རུ་ར་གསེར་མདོག ཤུ་དག་ནག་པོ། སྒ་སྨུག་པོ་གསུམ་ཆ་བསྙམས་ལ། མཐོང་ས་ན་ཡོད་ན་སྦུ་གུས་བུད། མིག་གིས་མི་མཐོང་ན་གྲི་རྩེ་གང་ཆུ་ལ་བཏབ་ལ་གཏང་། རླུང་ཐུབ་ཚད་གཅིག་བསྡམས་ལ། དེ་ནས་ཧག་བྱས་པས། རོ་སྦུར་ཐོན་ནས་འོང་ངོ་། །འདི་སླ་ལ་ཕན་ཡོན་ཆེ་བ་ཡིན་ནོ། །སྒ། ལོ་བཙན། རྒྱམ་ཚ། དུད་པ། རྒྱ་མཚོ་གསེར་གྱི་ཕྱེ་མ་རྣམས་སྦྱར་ལ། རིལ་བུ་གསུམ་མམ་བདུན་གཏང་ལ་མལ་ཆས་གཏིབས། མ་དྲག་བར་ལ་ཆུ་མི་བཏུང་ངོ་། །དེས་ཕོ་ལོག་གི་རིགས་གང་ལ་ཡང་ཕན་ནོ། །ཆུའི་ཆར་པའམ། གྲང་བའམ། སྦོས་པ་ལ། རྡོ་སྲིན་ཅན་ཆོ་ལོ་ཙམ་གཅིག་སླ་ངར་བླུགས་པ་ལ། དེར་ཆང་བསིངས་བླུགས་ལ་བསྲེགས། ཆང་རྡོ་ལ་ཐིམ་པ་དང་། སྒྱེ་ཕད་སར་མོར་བླུགས་ལ་མཁལ་མ་ཐོག་ནས་བདུག་གོ། སྦོས་པ་ཞི་བར་འགྱུར་རོ། །ཐེ་ཚོམ་མེད། མིག་ཚགས་པ་ལ་ཏི་ཙ་དམར་པོ་ཞིབ་པར་བཏགས་ཏེ། ཀ་ར་དང་། མར་དང་སྦྱར་ཏེ་བསྐུས་ན་ཞག་གསུམ་ན་འཚོའོ། །མིག་ལ་ལིང་ཏོག་བྱུང་ན། མི་རུས་ལྕི་སྐམ་ལ་བསྲེག་ལ། དེས་བླང་ན་ལོན་ནོ། །སྣ་ཁྲག་མ་ཆོད་ན། ཟན་དཔྲལ་བར་བསྙད་ལ་རྩེ་མོ་ལ་བེའུའི་ལྕི་བ་བསྐུས་ཏེ་མེ་ལ་བསྲོས་ནས་ཐེམས་བུ་ལྟར་དགག་གོ། དེས་འཆད་དོ། །སྣ་ཁྲག་ལ་རྟའི་སོགས་པ་བསྲེགས་པའི་ཐལ་བ་སྣ་རུ་བུས་ཀྱང་འཆད་དོ། །དུས་སུ་མ་ཆོད་པར་གྱུར་ན། ལྕེས་དཔུང་པ་ལ་སླེབ་པའི་སར་རྩ་བསྲེག་གོ། སོ་ལ་སྲིན་བུ་བྱུང་ན། རྣ་ཆུང་བ་བསྲེགས་ན་ཕན་ནོ། །འབུ་གཟེར་ལ་སྲིན་བུ་དམར་ལེབ་དང་། ཤང་(ཤིང་)ཀུན་དང་། གླ་རྩི་གསུམ་ཆང་ཕུལ་གང་ལ་བཏབ་ནས་བཏང་ན་ཞི་བར་འགྱུར་རོ། །ལྕེ་ཆུང་བབས་པ་ལ། གཡེར་མ། ཕོ་བ་རིལ་བཏགས་ལ་ཁྱེའུ་སུས་སྟེང་དུ་མར་བསྐུས་ལ་དེའི་སྟེང་དུ་བླུགས་ལ་བརྡེག སྤྱིར་བོར་མར་བསྐུ། རས་བལ་བཀབ་ལ་སླུ་གུའི་ནང་དུ་མེ་བཅུག་ལ་བསྲེག་གོ། སྤྱི་བོ་ནས་སྐྲ་ཚོམ་གཅིག་བཅིངས། འཕང་ལོ་ནས་བཏོན་ལ་གཅུད་དོ། །མཆུ་བད་ཀན་གྱིས་ན་བ་ལ། ཨ་རུ་ར། བུ་རམ་གཉིས་ཞིབ་པར་བཏགས་ལ། ཁྱེའུས་འཐུང་བའི་ནུ་ཞོ་ལ་སྦྱར་ལ་བསྐུ། དར་དམར་པོས་བཀབ་ལ་ཞག་གསུམ་བཞག དེ་ནས་བཞུ། དེས་འཚོ་བར་འགྱུར་རོ། །མཆུ་རལ་ན་དར་སྐུད་ཀྱིས་བཙེམས། བཅད་འབྱོར་དོམ་འཁྲིས་རྨ་ཁར་གདབ། སྟེང་དུ་གར་སྦྱིན་གྱིས་བསྡམས། མཆུ་མི་བསྒུལ། མི་བགད་དོ། །སོ་སྲ་བར་བྱ་བ་ལ་སྦང་མ་། སེང་ཕྲམ(ཕྲོམ)། རུ་རྟ། པི་པི་ལིང་། འབྲས་བུ་གསུམ་བཙོད་རྣམས་ཆ་བསྙམས་ལ་སྦྲང་རྩི་ལ་སྦྱར་ཏེ། ལྟོ་སྟོང་ལ་སོའི་ཕྱི་དང་རྙིལ་ཐོག་ཏུ་བྱུགས་ན་སྲ་ཞིང་བརྟན་པར་འགྱུར་རོ། །ཁོང་པར་ཁབ་སོང་ན། རི་བོང་གི་སྤུ་འམ། བྱ་རྒོད་ཀྱི་འདོམ་སྤུ་གང་རུང་དང་། བག་ཕྱེ་སླ་ང་སེར་ཙམ་བསྔོས་པ་དང་། འོ་མ་བསྟེས་པའི་ཐུག་པ། ནང་མ་གསུམ་ཙམ་གཏང་། ཨ་རུ་ར་དང་། ཚ་ལ་བསྲེས་ལ་བག་རེ་གཏང་། ཟས་གཞན་མི་གཏང་། སྐོམ་བསྐྱུངས། གན་རྐྱལ་དུ་ཉལ་ལ་འགྱུར་དུ་མི་གཞུག་གོ། དེས་ཕན་ནོ། །མིད་པར་རུས་པའམ། གྲ་མ་འམ། ཉ་རུས་ཟུག་ན་རལ་བལ་ལམ། སྲིན་བལ་ལམ། དར་གསིང་ལ། རས་ཀྱི་སྐུད་པ་བཏགས་ལ་མིད་པ་འདས་ཙམ་ཅུ་མིད། སྐེའི་རྩ་བར་ཁུ་ཚུར་གྱིས་ཏུག་ཏུག་བྱས་ཏེ། སྐེ་ཕར་ལོག་ཚུར་ལོག་ལྔ་ཙམ་དུ་བྱ། དེས་སྔར་གྱི་སྐུད་པ་ནས་དལ་བུས་འཐེན་པས་འབྱུང་ངེས་སོ། །མི་ཆུས་ཁྱེར་བ་ཟིན་ན་ཁ་སྦུབ་ཏུ་བྱས་ལ། སྟེང་ནས་མིས་མནན་ལ་ཁ་སྣ་ནས་ཆུ་དབྱུང་། ཡང་ན་ཕྱགས་ལ་བཀལ་ལ་མགོ་འཕྱང་དུ་བཅུག་པས་སོས་སོ། །མི་འགགས་ན། ཐག་པ་མི་བཅད་པར་བཀྲོལ་ལ་ཁ་སྣ་ནས་ཐལ་མོས་བཀབ་ལ། དབུགས་དལ་གྱིས་གཏང་ངོ་། ཁ་ཟས་ཀྱི་བརྣངས་པ་ལ། ལྟག་པར་ཁུ་ཚུར་གསུམ་དུ་བརྡེག་གོ། སོག་དབྲག་ཏུ་གཉིས་བརྡེག་གོ། རླིག་པ་སྐྲངས་ན། རྨོང་གསེབ་ཀྱི་རྩ་ལ་མེ་བཙའ་བྱ། རྒྱབ་ཀྱི་མཁལ་གསང་བསྲེག་གོ། པགས་པ་རློན་པས་ལུམས་སུ་གཞུག་གོ། མཁན་པའི་ལོ་མ་རློན་པ་སླ་ངར་རྔོས། རས་ཀྱི་ཕུར་ལ་དུགས་བྱ། མིག་ཁ་བས་ཕྱིད་པ་ལ། རང་གི་དྲི་ཆུས་བྱུགས་ན་ཕན་ནོ། །རྐང་པའི་སེར་ཁ་མ་སོས་ན་སྤྱིན་བཟང་པོས་བྱུག་ནས། ཀྲད་དུམ་གཅིག་གླན་ན་སོས་སོ། །འཁྲུ་བ་བཅད་པ་ལ། ཚ་འཁྲུ་ལ། རྩ་ཚ་ལ་མྱུར་དུ་འཁྲུ། ལུས་སྟོབས་ཆེ་ལ་དང་ག་མི་བདེ། འཁྲུས་པ་དེ་ཆུ་རུ་བཅུག་པས་མི་འཇིག་པར་འདྲིལ་ན། ཚའཁྲུ་ཡིནཔས་ཐོ་རངས་སྐར་ཆུ་ཐུབ་ཚད་འཐུངས་ན་འཆད་དོ། །གྲང་འཁྲུ་ནི་ལུས་སྟོབས་ཆུང་བ་དང་། དང་ག་བདེ། འཁྲུས་པ་ཆུ་རུ་བཅུག་ན་འཇིག དེ་ལ་བཅུད་གཏང་ངོ་། །ཆུ་འགགས་པ་ལ་སྤུ་རྟག་ཏུ་གྲུ་བུ་བཅུག་ནས་སྣམ་བུས་རྒྱབ་འཆིང་བྱས་པས་འབྱུང་ངོ་། །ཡང་ན་སྡིག་པ་ཀ་ཀ་རུ་དང་། སྲིན་བུ་ཀ་ཀ་རུ་དང་། གླ་རྩི་དང་། སུག་སྨེལ། སྦུར་འགྱོགས་ཀྱི་ནང་ཤུན། ལྕམ་པ་རྣམས་ཆང་ཞིམ་པོ་དང་སྦྱར་ལ་གཏང་ངོ་། །གྲུ་མོ་བུད་ན། དཔུང་པ་ནས་གཅག་གིས་ཡར་འཐེན། གཅིག་གི་ལག་ངར་ནས་མར་འཐེན་ལ། སྨན་པའི་ལག་མཐིལ་གྱི་མི་དྲག་པར་ནང་དུ་ཕུལ་བས་ཚུད་དོ། །དེ་ནས་ཕྱིང་པས་བསྡམས་མགུལ་དུ་གདག མེ་བཙའ་བྱའོ། །དཔུང་པ་བུད་ན་ཐག་པ་རིང་པོས་མཁྲིག་མ་ནས་བཏགས་ལ། སྨན་པས་ནད་པའི་མཆན་འོག་ཏུ་གྲུ་བུ་བཅུག་ལ་ཡར་འཐེན། གཞན་གྱིས་ཐག་པའི་སྣ་ནས་མར་ཐད་ཀར་འཐེན་ལ། ཐག་པའི་དཀྱིལ་དུ་བེར་ཀས་བརྡེག དེས་ཐེ་ཚོམ་མེད་པར་ཚུད་དོ། །མཁྲིག་མའི་ཚིགས་བུད་ན། མཐོངས་ཀ་མཉམ་པོ་རུ་ཕྱིང་པ་བཏིང་ལ། སྟེང་དུ་ལག་པ་ཁ་ཕུབ་དུ་བཞག རྐང་པས་མནན། སོར་མི་རྣམས་ནས་ཀྱང་འཐེན། ཚུད་ནས་ལག་འགག་ལ་མེ་བཙའ་བྱའོ། །བརླ་དང་རྗེ་ངར་ཆག་པ་ཀུན་ཆིང་འདྲ་བར་བྱ་སྟེ། ཕྱིང་པ་དང་། བྱང་པུའི་རིང་ཐུང་ལྷུ་ཚིགས་དང་མཉམ། བྱང་བུ་དང་ཕྱིང་པ་སོགས་ཀར་བྱས་ལ་སྦོམ་པ་ལྷུ་ཚིགས་ཕྱོགས་སུ་གཏང་། ཤ་དང་བྱང་པའི་ཕྱོགས་སུ་རྟའི་ཟེ་རྡོག་དང་། རྩིད་པ་བཏང་། སྤྱིར་ལྷུ་ཚིགས་ཆག་པ་ལ། ལྷུ་གཉིས་བཅིང་ངོ་། །འཛར་དང་དམ་བུ་དམ་རན་པར་བྱ། རྨ་ཡོད་ན་ཐད་ཀར་འཛག་སྒོ་གཏོད་དོ། །རྐང་ལག་ཆག་པ་འོག་ཏུ་མི་གཞུག རྐང་པ་མཉམ་ལ་གན་རྐྱལ་དུ་ཉལ་ལོ། །དཔྱི་ཆག་པ་ལ་ས་སྐྱོང་མོར་བརྐོས་ལ་རྩ་འཐུག་པོ་བཏིང་ལ། མ་ཆག་པ་འོག་ཏུ་བཅུག་ལ། ཆག་པ་ལ་བོང་སྤུ་དང་སྤྱིན་བཟང་པོས་ཧེལ་གྱིས་གླན་ལ་འཕོངས་ས་འཛག་ཁུང་བྱས་ལ་མགུལ་དུ་མི་གཞུག རྐང་པ་མཉམ་ལ་གན་རྐྱལ་དུ་ཉལ་ལོ། །ཞག་ཉི་ཤུ་རྩ་གཅིག་ན་འབྱོར་པ་འདྲ་ན་མེ་བཙའ་བྱ། ཁོང་པ་ན་བ་དང་། ལུས་པོ་ཟ་བ། འབྲུམ་པ་མང་པོ་འོང་བ། ཁྱད་པར་དུ་གྲང་ན་ཟ་བའི་ཆུ་སེར་ལ། ཉེའུ་ཕུལ་གང་ལ་ཚ་བ་གསུམ་མང་དུ་བཏབ་སྟེ། བུ་རམ་རྡོག་པོ་གཅིག་བཏབ་ལ། མ་འདྲེག་པར་དཀྲུགས་ཤིང་བསྐོལ། དྲོད་མ་ཡལ་བ་ལ་ཕྱེད་བཏབ་ལ་སྟེང་ནས་གོས་ཀྱིས་བྱིབས་ལ་རྔུལ་གདོན། ཡང་ཕྱེད་འཕྲོ་བཏང་ལ་བྱའོ། །ཆུ་སེར་གྱི་ཕྱི་བཤལ་ཟབ་བོ། །སྲིན་ནད་ལ་བོང་ང་ནག་པོ་སྤན་མ་ཙམ་གཅིག་དང་། འབྲི་མོག་གི་རྩི་བཞུར་བ་ལ་བཏབ་སྟེ་བཏགས་ལ། མར་ཀར་ལ་རིལ་བུ་མཐེབ་ཚིགས་ཙམ་གསུམ་བྱས་ལ་དེ་ནས་གསང་ཆབ་ལེགས་པོ་བྱས་ལ་མེ་ལ་བསྲོས་ཏེ་དྲོས་པ་དང་། སྨན་གྱི་རེང་བུ་མས་ཡར་བཏང་ངོ་། །དེས་ངེས་པར་སེལ་ལོ། །ཕྱུགས་ཞེས་སྨོས་ཀྱང་རྔ་སྙིང་བསྲེགས་པས་ཞི་བར་འགྱུར་རོ། །ཕྱུགས་ཀྱི་ཁོངས་སུ་ཁབ་རྒྱུད་སོང་ངམ། སེམས་ཅན་སོང་ན། ཚ་དང་མར་བསྲེས་ནས་ཁ་རུ་བཅུག་པས། ཕྱག་ཕྱག་ཟེར་ན། ད་ལྟ་རང་སོས་པར་འགྱུར་རོ། །རྨའི་ཁྲག་མ་ཆོད་ན་རྟ་སྦངས་དྲོན་མོའི་ཁུ་བ་བཙིར་ན། ཇི་ལྟ་བུ་ཡང་ཆོད་པར་འགྱུར་རོ། །ཇ་ལ་བསྲེས་ནས་བཏང་ན་ཡང་ཆོག་གོ། རྣ་བར་སེམས་ཅན་སོང་ན་མཁན་པའི་ལོ་མ་བརྡུངས་པའི་ཁུ་བ་བླུགས་ན་འབྱུང་ངོ་། །ཡང་ན་བཙོང་གི་ཁུ་བ་འམ། སྐྱེས་པའི་ས་བོན་བླུགས་པས་འབྱོང་ངོ་། །རྣ་བར་སྲན་མའམ་འབྲུ་སོང་ན། སྐུད་པ་ཀློད་ཀློད་ལ་སྦྱིན་བཟང་པོ་བསྐུས་ལ། སྲན་མ་ལ་སྦྱར། གྲངས་པ་དང་འཐེན་པས་འབྱུང་ངེས་སོ། །རྣ་བར་ལུག་ཤིག་སོང་ན། ཆང་བཟང་པོ་ཉལ་ཁར་བླུགས་པས་འབྱུང་ངོ་། །ར་ཤིག་པ་སོང་ན། གཡེར་ཆུ་བླུགས་པས་འཆིའོ། །རྣ་བ་ནས་རྣག་ཡུན་རིང་པོར་འཛག་ན་ཤིང་ཀུན་ཚ་ཆུ་ལ་བཙོས་མ་ཐིགས་པ་གསུམ་བླུགས་པས་ཆད་དོ། །རྣ་བ་ཀྲོག་ཀྲོག་ཟེར་ཞིང་། ཆུ་སེར་འབབ་པ་ལ། དན་ད་དང་། ཐར་ནུ་སྦྱར་ལ་བཏང་། རྣ་བ་འོན་པ་ལ་ཤུ་དག་དང་བྱ་བྲུན། ཝ་ཤ་བསྲེས་པའི་ཤ་རྣམས་ཆ་བསྙམས་ཏེ། མར་ནག་གི་ནང་དུ་གདུས་ནས་རྣ་བར་བླུགས་ན་ཐོས་པར་འགྱུར་རོ། །རྣ་བ་དབྱེ་དུ་བཏུབ་མི་བཏུབ་བརྟག་པ་ནི། རྣ་བའི་ནང་ལྗན་ལྗིང་གྱིས་གང་ནས་མདོག་སྣུམ་ན་བཏུབ། སོང་ངེ་བྱས་ནས་སྐྱ་ན་མི་བཏུབ་བོ། །དེ་ལ་དང་པོ་སྦྱང་བ་ནི། ལ་ཕུག་གམ། སྒོག་སྐྱ་གང་རུང་གི་ཁུ་བ་དང་། མར་ནག་ལ། སྒ། རྒྱམ་ཚ། ཚ། ཡུང་བ་བཏབ་ལ། རྣ་བར་བླུགས་པ་ལ་བལ་གཙང་མས་དགག ཞག་གསུམ་དེ་ལྟར་བྱས། དེ་ནས་ལུག་མགོ་རྙིང་པའམ། ཉུངས་མ་བརྡུངས་པ་བཙོས་པའི་རླང་པས་བདུག དེ་ནས་དབྱི་མོང་ལོ་མ་དང་། ཤིང་ཀུན། ལ་ཕུག་སྐམ་པོ། སྒོག་སྐྱའི་ཁུ་བ་སྦྱར་ལ་གཏང་། སྦང་མའི་ཟན་དྲོན་གླན་ལ་དཀྲི། དེ་ནས་ཉི་མ་ཕྱེད་ཙམ་གཅིག་ནས་བཏུབ་ཚད་འབྲུ། རྡབ་པུས་དྲང་། ཡང་སྔར་ལྟར་བྱ། དེ་ལྟ་བུ་ལན་གསུམ་བྱས་ན་ཕྱེད་ངེས་སོ། །རྣ་བའི་བཤལ་ལ། རྒྱ་ཚ། གསེར་གྱི་ཕུད་བུ། ཤུ་དག སྒོག་སྐྱ་བཞི་ཆ་བསྙམས་ལ། རུ་རྟ་བག་ཙམ་གཅིག་དེ་རྣམས་ཞིབ་པར་བཏགས་ལ་བལ་གཙང་མའི་ཁུད་དུ་དྲིལ་ལ། སྒོ་ཆུར་བཅུག་ཅིང་། རྣ་བར་ཐིགས་པ་གསུམ་བཏིག་གོ། ཞག་གཉིས་སུ་ཉིན་རེ་ལ་ལན་གསུམ་གསུམ་བཏིག་གོ། དེ་ནས་ལྕགས་ཀྱི་སྦུ་གུ་རྣ་བར་བཅུག་ལ་བཞིབས། བག་ཙམ་དཀའ་ནའང་སྨན་གཏང་། དེས་རྣ་བའི་ནད་ཐམས་ཅད་མེད་པར་འགྱུར་རོ། །ཡང་རྣ་བ་འོན་པ་ལ། གླ་རྩི། ཁ་རུ་ཚ། ཤིང་ཀུན། རྨ་བྱའི་མདོང་། ལ་ཕུག རུ་རྟ། ཨུག་ཆོས་ཀྱི་རྩ་བ་རྣམས་མར་ཁུ་རྙིང་པའམ། མར་རྙིང་པ་ལ་སྦྱར་ལ། ཐིགས་པ་གསུམ་བླུགས་ལ་བཀྲུའོ། །ལྦ་བ་བཅོས་པ་ལ་ཨོལ་གོང་བཅུ་གསུམ། ཉ་ཤ་མཐེ་བོང་ཙམ་གཅིག ཤིང་ཚ་སོར་བཞི། ཝ་ཚ། སྒ། བཟང་དྲུག  ཀ་ར་བམ་གཅིག་(འདི་བརྟག) སུ་སྲང་གཅིག རུ་རྟ་ཆོ་ལོ་ཙམ་གཅིག ཨུཏྤལ་སྔོན་པོ་རྣམས་ཀྱི་ཕྱེ་མ། སྒ་སྤར་མོ་གསུམ་གདུས་པའི་ཁུ་བ་དྲོད་མ་ཡལ་བ་ལ་ཆང་ཕུལ་གང་བཏབ་ལ། གོས་ཀྱིས་བྱིབས་ལ་བཞག སྐྱ་སྦོས་བྱུང་བ་དང་ཐོ་རངས་ཁྱེམ་བུ་གསུམ་གསུམ་གཏང་ངོ་། །དེ་ནས་ཤིགས་པའོ། །ཨོལ་གོང་ལོ་ལོན་པ་བདུན། རྒྱ་ཚ་སྲན་མ་ཙམ་གཅིག བ་ཤ་ཀ་རིལ་མ་ཙམ་གཅིག ཝ་ཚ་མཐེ་བོང་ཙམ་གཅིག ཏིག་ཏ་སོར་ལྔ་ཙམ་གཅིག ཀ་ར་བརྡར་གཅིག སྤང་རྒྱན་དཀར་པོ་རྩ་བ་དང་བཅས་པ་བདུན། དེ་རྣམས་ཞིབ་པར་བཏགས་ལ། ཐོ་རངས་ཁྱེམ་བུ་དོ་དོ་བཏང་། དེས་རྗེས་གཅོད་དོ། །ཆུ་རྩ་སོར་དྲུག སྒ་སྐྱ་རྡོག་པོ་ལྔ་། ཛཱ་ཏི་སྲན་མ་ཙམ་གཅིག ཝ་ཚ་མཐེ་བོང་ཙམ་གཅིག སུག་སྨེལ་ཐུན་གཅིག སྨན་སྒ་རྡོག་པོ་གཅིག དེ་རྣམས་ཞིབ་པར་བྱས་ལ། སྦྲང་དང་། བུ་རམ་གྱིས་རིལ་བུ་བྱས་ལ་ནང་རེ་ལ་རེ་རེ་གཏང་། དེས་ཕྱིས་མི་ལྡང་བར་བྱེད་དོ། །ཆུ་འགགས་པ་ལ། ཨ་རུ་ར་དང་། རྒྱ་ཚྭ། རྒྱ་སྐྱེགས། ཉི་དགའི་འབྲས་བུ་དང་སྦྱར་ལ་གཏང་ངོ་། །ཉི་དགའ་གཅིག་པུས་ཀྱང་སེལ་ལོ། །རྩ་བ་ལྔའི་སྨན་མར་ལ། ཀ་ཤོ་ཀན་དྷ(ཨཤྭ་གནྡྷ)། གཟེ་མ། ར་མོ་ཤག ཉེ་ཤིང་བ། ལྕི་བ་རྣམས་ལན་གསུམ་གདུས་པའི་ཁུ་བ་དང་མར་སྦྱར། དེ་གདུས་པ་དེ་ཆུ་ཆོད་པ་དང་། མར་ཉི་ཚེ་ལུས་པ་དང་ཕོག་ལ་འབྲས་བུ་གསུམ་དང་། རུ་རྟ། རྒྱམ་ཚ། སུག་སྨེལ། བུ་རམ་དང་། སྦྲང་རྣམས་ལེགས་པར་སྦྱར་ལ་རས་སུ་དཀྲུག་གོ། དེས་ནི་མཁལ་ནད་ཆུ་སེར་དང་། རུས་ནད་ལ་སོགས་ཞི་བར་བྱེད་དོ། དེ་བལ་ལ་སོགས་པ་ལ་འང་དེ་བཞིན་དུ་ཤེས་པར་བྱའོ། །གློ་བ་ནད་ལ་བསེ་རུ་ཆ་གཅིག ཤྭ་བའི་གྭ་དོར་དེ་ཙམ་གཅིག རྒྱ་རུ་བསེ་རུ་ཙམ་བཞི། ཨ་ཀྲོང་བསེ་རུ་ཙམ་བརྒྱད། དེ་རྣམས་ཞིབ་པར་བཏགས་ལ། ཀ་ར་དེའི་བུངས་མཉམ་པར་སྦྱར་ལ་གཏང་ངོ་། །རུ་རྟ་ཆ་གཅིག ཨ་རུ་རུ་དེའི་ཉིས་འགྱུར། ཆུ་དྲོ་བ་ལ་སྦྱར་ལ་གཏང་ན་རྐེད་པ་ན་བའི་ཟུག་གཟེར་འཇོམས་སོ། །བུ་རམ་དང་འོ་སྐོལ་དྲོན་མོ་བཏབ་པས་ཕན་ནོ། །རུ་རྟ་དང་། ཤུ་དག་ཞིབ་པར་བཏགས་ནས་བུ་མེད་ནུ་ཞོ་ལ་སྦྱར་ཏེ་མིག་ཏུ་བླུགས་ན་ནད་ཐམས་ཅད་སེལ་ལོ། །སྒོག་སྐྱ་མེ་མདག་སྐམ་པོའི་ནང་དུ་བསྲོས་ནས། དེ་བཙིར་བའི་ཁུ་བ་རྣ་བ་གང་བར་བླུགས་ན་རྣ་བ་འོན་པ་སོས་སོ། །མིག་དམར་ལ་ཚགས་པ་ལ། འབྲས་བུ་གསུམ་ཆ་བསྙམས་ཏེ་བུད་མེད་ཀྱི་ནུ་ཞོ་ལ་སྦྱར་ནས་བསྐུས་ན་སོས་སོ། །དྲི་ཆུ་འགགས་པ་ལ། རྒྱམ་ཚ། སྡིག་པ་ཀ་ཀ་རུ། རྒྱ་མཚོ་གསེར་གྱི་བྱེ་མ། ཚ་བུལ་མེད་པ། དུད་པ་རྣམས་ཆ་བསྙམས་ནས་གཏང་ན་འབྱུང་ངོ་། །གླང་ཐབས་བཅོས་པ་ལ་བཞི་སྟེ། འབུ་གླང་ནི་ཧ་ཅང་མི་སྦོ། རྒྱུ་མ་ཚ་རབ་རབ་འོང་། དེ་ལ་གླ་རྩི་དང་། སྒོག་སྐྱ་རྣམས་སྦྱར་ལ་གཏང་ངོ་། ཚ་གླང་ནི་ཧ་ཅང་མི་སྦོ། ཉི་མ་ཚ་ན་དེའམ། ཟས་བཅུད་ཅན་གྱི་ལྡང་། དེ་ལ་ལོང་རྩ་གཉིས་གཏར་ལ་བསིལ་སྨན་གཏང་ངོ་། །གྲང་གླང་ནི་གྲང་བ་ལ་རྐྱེན་ནས་ལྡང་། དེ་ལ་རོ་སྨད་ལ་དུགས་དང་བསྐུ་བྱུག་བྱ། པི་པི་ལིང་། བཅའ་སྒ། ཨ་རུ་ར་རྣམས་ཆང་ངམ་ཆུ་ལ་སྦྱར་ལ་བཏང་། སྣ་བཅགས། དེས་མ་ཕན་ན། ལྟེ་བ་བསྲེག་གོ། རླུང་གླང་ནི། རླུང་གྱེན་དུ་ལོག་པས་གསོས་པ་ཐེང་གྱིས་སྦོས་ཏེ། དེ་ལ་དུགས་དང་བསྐུ་བྱུག་བྱ། རེང་བུ་བྱ། དེས་མ་ཕན་ན། གསུས་པར་ཨན་ཚུགས་སུ་བསྲེག་གོ། བད་རླུང་གིས་མིག་འགྲིབ་ན། ལྟག་པའི་མདུད་ཁུང་གཡས་གཡོན་ན་སྤུ་འཁྱིལ་པའི་གནད་ཡོད་དེ། དེར་མནན་ན་མིག་ན་བའམ། བེམ་བོར་ཚོར་བ་འོང་། དེར་ཐུར་མ་སོར་གསུམ་འཕངས་ན་མིག་འགུལ་པས་ཐུར་མ་འགུལ་ལོ། །རྨ་ཁར་སྤྲ་བ་གསུམ་བཞག་གོ། ཡང་རྟིང་པའི་ཆུ་བའི་དཀྱིལ་དུ་ཐིག་གདབ། འཕྲེད་ལ་དྲེག་མཚམས་སུ་ཐིག་གདབ་པའི་བྱ་རོག་རྗེས་ལ་ཐུར་མ་མཐེབ་སོར་གང་བརྡེག མིག་འགུལ་ན་ཐུར་མ་འགུལ་ལོ། །རྗེས་ལ་སྤྲ་བ་གསུམ་བཞག དེས་རབ་རིབ་སེལ་ལོ། །ཚད་རྙིང་རུས་པ་ལ་ཞེན་པ་ལ། རྒྱ་སྣེ་བཞི་སྦྱོར་ཞེས་བྱ་སྟེ། རྒྱ་སྣེའུ་དང་། རྒྱ་ཚ། ཨ་རུ་ར་དང་། ཚ་བ་ཆེ་ན། སྐྱུ་རུ་ར་ཡང་གཏང་། མཁྲིས་པ་ཆེ་ན་བ་ཟལ་མོའི་ཆུ། གྲང་བ་ཆེ་ན་ཆང་ལ་སྦྱར་རོ། །དེ་ནས་སྨན་བཏང་ལ་འོག་ཏུ་ཐལ་བ་བཏིང་ལ་སྟེང་ནས་མལ་ཆ་མང་པོས་གཏིབས་ནས་རྔུལ་དབྱུང་། དེ་ནས་ཕྱེས་དབྱིའོ། །ལན་གསུམ་གྱིས་རུས་པའི་ནད་ཐོན་པར་འགྱུར་རོ། །ཁྱིས་རྨུགས་པ་ལ། བཟུང་མ་ཐག་ཏུ། ཆུ་ངན་གྱིས་བཀྲུས་ལ། ར་སྤུ་དང་ཁྱི་སྤུས་མནན་ལ། ར་སྐུད་དང་། ཁྱི་སྐུད་ཀྱིས་བཅིང་། སྤྱོད་ལམ་གང་ཡང་བསྲུང་མི་དགོས་སོ། །ཤུ་བ་ལ་ཏི་ཚ། མུ་ཟི་ནག་པོ་ཀ་རའི་ལྐོགས་པ་བསྲེགས་ལ། སྒོག་སྐྱ་དྲུང་བ་གཅིག དུད་པ། ར་ལུག་གི་སོགས་པའི་ཐལ་བ། ར་སྤུ། ཁྱི་སྤུའི་གཞོག བྱ་རློག་རློག་ཕོའི་འབྲས་བུ། འབྲང་གི་སྐྲད་སྙིང་གི་གཞོབ། རི་བོང་གི་རིལ་མ་བདུན། དེ་རྣམས་ཞིབ་པར་བཏགས་པ། མིའི་ཞུན་ནམ། ཚིལ་བུ་ལ་སྦྱར་ལ་བསྐུ། ཉི་མ་ལ་གདུང་ངོ་། །ཤུ་བ་ཇི་ལྟ་བུ་ཡང་སོས་སོ། །མེས་ཚིག་པ་ལ། ར་དང་བོང་བུའི་མཚེར་པའི་ཁྲག སྐྲད་སྙིང་པའི་གཞོབ། སྟག་ཤ་བ། མཁྲིས་པ་རྙེད་ཚད། རྡོ་ཕ་བོང་(ཕ་ཝང་)ལོང་བུ། ཆུ་པའི་ཐལ་བ། ཀ་རའི་ལྐོགས་པའི་ཐལ་བ། རྒྱ་སྣག །དུད་པ། བུལ་ཏོག ཉ་ལྕིབས་སྐམ་པོ། ཁྱེའུས་ཐུང་པའི་ནུ་ཞོ་ལ་སྦྱར་ནས་བསྐུའོ། །ཇི་ལྟ་བུ་ཡང་འཚོ་བར་འགྱུར་རོ། །ནད་བཅོས་ཐབས་མཛུབ་ཚུགས་སུ་བསྟན་པའི་མན་ངག་ཡང་དག་པ་འདི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ། གསོ་དཔྱད་བདུད་རྩིའི་ཐིགས་པ་ལས། འཐོར་དཔྱད་རྒྱལ་པོའི་དཀོར་མཛོད་ཅེས་བྱ་བའི་ལེའུ་རྫོགས་སོ། །སྨན་ལ་ཐུན་ཚད་གོང་ནས་བཤད་པ་བཞིན་བྱ། ཐུན་ཚད་མ་བཤད་པ་རྣམས་ནི་མཐུན་སྦྱོར་ཞེས་བྱ་བ་ཡིན་པས་ཆེ་ཆུང་མི་ལྟའོ། །ས་མ་ཡ། ན་ར་སྐན། ས་མཱཔྟམི་ཐི།། །།

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 11:03 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།