སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་བཅོ་བརྒྱད་པ། ཟས་ཚོད་རན་པར་བཟའ་བའི་ཚུལ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་བཅོ་བརྒྱད་པ། ཟས་ཚོད་རན་པར་བཟའ་བའི་ཚུལ་བསྟན་པ།

གསུམ་པ་ཟས་ཚོད་རན་པར་བཟའ་བའི་ཚུལ་བཤད་པ་ལ་གསུམ་སྟེ། ཉན་པར་གདམས་པ་དང༌། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། ཁ་ཟས་ཀྱི་ཚུལ་བསྡམ་པར་བྱ་བའི་ཚུལ་བསྟན་ཟིན་མ་ཐག་པ་དེ་ནས་སླར་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ལེགས་པར་བཤད་པར་བྱའོ། །ཞེས་པའོ།།

གཉིས་པ་གཞུང་དོན་དངོས་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། དུས་ཀུན་ཏུ་ནི་ཚོད་ཟིན་བཟའ། །དེ་ནི་མེ་དྲོད་སྐྱེད་བྱེད་ཡིན། །ཞེས་བྱ་བ་ལ། སྐྱེས་བུ་ནད་མེད་པའམ་ནད་དང་ལྡན་པོས་ཀྱང་རུང་སྟེ། དེས་དུས་ཀུན་ཏུ་ཞེས་པ་དུས་ཐམས་ཅད་དུ་ཟས་ཀྱི་ཚོད་ཟིན་ཚད་དང་ལྡན་པར་བཟའ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཚད་དང་ལྡན་པ་བཟའ་བ་ལ་འཇུག་པ་དེ་ནི་མེ་དྲོད་སྐྱེད་པར་བྱེད་པ་ཡིན་ཏེ། རང་གི་བྱ་བ་སྨིན་པའི་ལས་བྱེད་པར་ནུས་པ་ཡིན་ནོ། །དེས་ན་ཚོད་རན་པར་བཟའ་ཞིང་ཚོད་ཟིན་པར་བཟའ་བ་དང༌། ཚོད་ཟིན་པར་བཏུང་བ་དང༌། ཚོད་ཟིན་པར་བལྡག་པར་བྱའོ། །ཞེས་བལྟ་བར་བྱའོ། །ཚད་རན་པའི་མཚན་ཉིད་ནི་སློབ་དཔོན་གྱིས་འདི་ལྟར་བཤད་དེ། ཚད་ཀྱང་མེའི་དྲོད་ཀྱི་སྟོབས་དང་ཟས་ཀྱི་དངོས་པོ་ལ་བལྟོས་པར་བྱ་དགོས་ཏེ། ཟས་ཀྱིས་ལྟོ་བར་གནོད་པ་མི་བསྐྱེད་པ་དང༌། སྙིང་གར་ཐོགས་པར་མི་བྱེད་པ་དང༌། རྩིབ་ལོགས་གཉིས་སུ་ཟུག་ཅིང་གནོད་པར་མི་བྱེད་པ་དང༌། ཕོ་བ་ཤིན་ཏུ་མི་ལྕི་བ་དང༌། དབང་པོ་ཚིམས་ཤིང་བརྟ་བར་བྱེད་པ་དང༌། བཀྲེས་པ་དང་སྐོམ་པ་དང་བྲལ་བ་སྟེ། གནས་དང་སྟན་དང་མལ་དང་འགྲོ་བ་དང་དབུགས་འབྱིན་པ་དང༌། དབུགས་རྔུབ་པ་དང་གཏམ་ཟེར་བ་ན་བདེ་བར་གནས་པ་དང༌། དགོང་ག་དང་ནང་བར་བདེ་བར་ཡོངས་སུ་ཞུ་བ་དང༌། སྟོབས་དང་ཁ་དོག་ཉེ་བར་འཕེལ་བར་བྱེད་པ་ཏེ། འདི་དག་ནི་ཚད་དང་ལྡན་པའི་མཚན་ཉིད་ཡིན་ནོ། །འདི་དག་གིས་ཀྱང་ཚད་དང་ལྡན་ཞིང་ཚོད་ཟིན་པའི་གཙོ་བོ་ཡིན་ཏེ། སེ་འབྲུ་དང་སྐྱུར་པོ་ལ་སོགས་པའི་རྫས་མེའི་དྲོད་སྐྱེད་པར་བྱེད་པའི་རང་བཞིན་ཅན་དེ་ཚད་དང་ལྡན་པར་ཟོས་ན་མེའི་དྲོད་བསྐྱེད་པར་འགྱུར་གྱི། ཚད་དང་མི་ལྡན་པས་ནི་མ་ཡིན་ལ། ལྕི་ཞིང་རང་བཞིན་གཡུང་བའི་རྫས་འོ་མ་དང་བུ་རམ་ཤིང་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་བས་རྫས་ནི་ལྕི་བའམ་གང་ཡང་རུང༌། །ཚད་ལ་ལྟོས་པར་བྱ་བ་ཡིན། །ཞེས་བྱ་བ་ལ། རྫས་ལྕི་བ་ནི་འོ་མ་དང་བུ་རམ་ཤིང་དང་འབྲུ་དང་མོན་སྲན་གྲེའུ་དང་བརླན་ཅན་གྱི་ཤ་རྣམས་སོ། །ཡང་བ་ནི་ཆར་གྱི་ཆུ་དང༌། རཀྟ་ལི་ཞེས་བྱ་བ་འབྲས་སཱ་ལུ་རྩ་སྣར་དང༌། དྲུག་ཅུ་པ་དང༌། མོན་སྲན་གྲེའུ་དང༌། བྱི་ལ་འུར་པའི་ཤ་རྣམས་ཏེ། གཉིས་ཀ་ཡང་ཚད་ལ་བལྟོས་པར་བྱ་བ་ཡིན་ཏེ། དེ་རྣམས་ནི་དེ་ལ་རག་ལས་པར་འགྱུར་བ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །རྫས་ལྕི་བའམ་ཡང་བ་དེ་དག་ཟ་ཞིང་སྤྱད་པ་ན་ཟས་ཀྱི་ཚུལ་གྱིས་གོམས་པར་བྱ་བ་ཆ་འདྲ་བར་རྟག་ཏུ་བཟའ་བར་བྱ་བའམ། ཡང་ན་ལྕི་བ་ལ་ནི་ཚད་གཞན་དུ་བྱ་ལ། ཡང་བ་ལ་ནི་ཚད་གཞན་དུབ་ཞེས་སོམ་ཉིར་གྱུར་པ་དེའི་ཕྱིར་སྨྲས་པ་ནི། ལྕི་བ་ལ་ནི་ཕྱེད་འགྲང་བྱ། །ཡང་བ་ལ་ནི་རབ་འགྲངས་མིན། །ཞེས་བྱ་བ་ལ། ཁ་ཟས་ལྕི་ཞིང་འཇུ་དཀའ་བ་ལས་ནི་ཕྱེད་འགྲངས་ཙམ་དུ་བཟའ་བ་དང༌། ཁ་ཟས་ཡང་བ་ཆར་ཆུ་དང་སཱ་ལུ་རྩ་སྣར་ལ་སོགས་པ་ལས་རབ་ཏུ་འགྲང་བ་མི་ཟའི། གཞན་དུ་ན་རན་ཞིང་བདེ་བར་གནས་པ་ཙམ་གྱིས་འགྲང་བར་བྱེད་དགོས་ཏེ། གང་གི་ཕྱིར་མེ་དང་རླུང་དག་གི་ཡོན་ཏན་མང་པོ་དག་ལ་ཡང་བ་ལ་ནི་ཆ་མཉམ་པར་གནས་པས་མེའི་དྲོད་སྐྱེད་པར་བྱེད་པ་ཡིན་ལ། ཚོད་མ་ཟིན་པར་ཉེ་བར་ཟོས་སུ་ཟིན་ཀྱང་ཉེས་པ་ཅུང་ཟད་བསྐྱེད་པ་ཡིན་ནོ། །རྫས་ལྕི་བ་ལ་ནི་ས་དང་ཟླ་བ་དང་ཆུའི་ཡོན་ཏན་མང་དུ་གནས་པས་མེའི་མི་མཐུན་པར་འགྱུར་ཞིང༌། ཐུན་མོང་གི་ཡོན་ཏན་གཞན་ཡོད་པས་མེའི་དྲོད་འབྲི་བར་བྱེད་པ་ཡིན་ནོ། །བདེ་བླག་འཇུ་བ་དེ་ཙམ་ལས། །ཚོད་ཟིན་ཅེས་ནི་བཤད་པ་ཡིན། །ཞེས་བྱ་བ་ལ། ཚོད་ནི་ཚད་ཡོངས་སུ་ཚང་སྟེ། ཚད་ཅི་ཙམ་ཟོས་ན་བདེ་བླག་ཏུ་གནོད་པ་མེད་པར་ཞུ་ཞིང་དེངས་པར་འགྱུར་བ་དེ་ཙམ་གྱི་ཚོད་ལ་ནི་ཚོད་ཟིན་པ་ཡིན་ནོ། །ཞེས་བཤང་ཅིང་བསྟན་པ་ཡིན་ནོ། །ཞེས་གསལ་བར་བཤད་དོ། །གཉིས་པ་ཚིག་གི་དོན་ནི། དུས་ཀུན་ཞེས་པ་ནས་སྐྱེད་བྱེད་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། ནད་མེད་ཅིང་བདེ་བར་གནས་པར་འདོད་པའི་སྐྱེ་བོ་བློ་དང་ལྡན་པ་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ནི་ཁ་ཟས་ཀྱི་ཚོད་རན་པར་བཟའ་བར་བྱ་ཞིང༌། དེའང་ཇི་ལྟར་ཞེ་ན། ཟས་རྣམས་ཀྱི་ནུས་པ་ལྕི་བ་དང་ཡང་བར་གནས་པའི་ཚད་ལ་རྗེས་སུ་དཔག་པར་བྱ་དགོས་པ་ཡིན་ཏེ། སྐམ་སའི་ནས་བརྔོས་པ་ལས་བྱུང་བའི་རྩམ་པ་དང༌། སྐམ་ས་ལ་གནས་པའི་རི་དྭགས་ཀྱི་ཤ་བཙོས་པ་སོགས་ཡང་ཞིང་དྲོ་བ་རྣམས་ལ་འགྲང་བར་བཟའ་ཞིང༌། དེ་ལས་གོ་བཟློག་པའི་ཁ་ཟས་ལྕི་ཞིང་བསིལ་བ་རྣམས་ལ་ཕྱེད་འགྲང་ཙམ་བཟའ་བར་བྱ་བ་ཡིན་ལ། མདོར་ན་སྔ་དྲོ་ཟོས་པ་དགོང་ག་དང༌། ཕྱི་དྲོ་ཟོས་པ་ཐོ་རངས་ཀྱི་དུས་སུ་བདེ་བླག་ཏུ་འཇུ་སླ་བར་གྱུར་པ་གང་ཡིན་པ་དེ་ལ་ཟས་ཚོད་ཟིན་པ་ཞེས་སུ་བཤད་པ་ཡིན་པས། དེ་ལྟ་བུ་དེ་ནི་ལུས་ཡུན་རིང་དུ་འཚོ་བར་བྱེད་པའི་རྒྱུའི་གཙོ་བོ་ཉིད་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཟས་ཚོད་ཟིན་པ་དེ་ཡིས་ཞིང་ས་དང་འདྲ་བའི་ཕོ་བའི་མེ་དྲོད་སྐྱེད་པར་བྱེད་ཅིང༌། མེ་དྲོད་དེ་སྟོབས་དང་ལྡན་ན་གཅོང་ནད་ཐམས་ཅད་ཀྱི་རྩ་བ་རྒྱུ་མ་ཞུ་བ་སོགས་མི་འབྱུང་བ་ཡིན་པའི་ཕྱིར་རོ།།

གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། ཟས་ཚོད་མ་ཟིན་པའི་སྐྱོན། བཟུང་བའི་ཚད། བཏུང་བའི་དུས། ཚོད་ཟིན་པའི་ཕན་ཡོན་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྤྱི་དོན་དང་ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ཟས་ཚོད་མ་ཟིན་ཆུང་གྱུར་ན། །སྟོབས་དང་གཟི་མདངས་འཕེལ་མི་འགྱུར། །རླུང་གི་ནད་ནི་ཐམས་ཅད་ཀྱི། །རྒྱུ་ཉིད་དུ་ནི་འགྱུར་བ་ཡིན། །ཞེས་བྱ་བ་ལ། ཁ་ཟས་ཀྱི་ཚོད་མ་ཟིན་པ་ཚད་ལས་ཆུང་ཞིང་དམན་པར་འགྱུར་བ་ཟོས་ན་སྟོབས་སུ་ཡང་མི་འགྱུར། གཟི་མདངས་སུ་ཡང་མི་འགྱུར། ལུས་འཕེལ་ཞིང་རྒྱས་པར་ཡང་མི་འགྱུར་བ་དང༌། དེ་བཞིན་དུ་རླུང་ལས་གྱུར་པའི་ནད་མ་ལུས་པ་ཐམས་ཅད་ཀྱི་རྒྱུ་ཉིད་དེ། བསྐྱེད་པའི་རྒྱུར་འགྱུར་ཞིང་འབྱིན་པར་བྱེད་དོ། །ཞེས་བྱ་བའི་དོན་ཏོ། །ཚོད་ལས་ཤིན་ཏུ་ཆེས་པ་ཡང༌། །ཉེས་པ་ཐམས་ཅད་མྱུར་དུ་བསྐྱེད། །ཅེས་བྱ་བ་ལ། ཚོད་ལས་ཤིན་ཏུ་ཆེས་པ་ནི། ཟས་ལྷག་པར་མང་པོ་ཟོས་པ་སྟེ། དེས་ནི་ཉེས་པ་གསུམ་པོ་ཐམས་ཅད་མྱུར་ཞིང་རིངས་པར་སྐྱེད་པར་བྱེད་ཅིང་རབ་ཏུ་གཡོ་བར་བྱེད་དོ། །མ་ཞུའི་གནས་ནི་མི་བཟད་པ། །དེ་ཡིས་རླུང་སོགས་གཟིར་གྱུར་པས། །ཅིག་ཅར་རྣམ་པར་འཁྲུག་འགྱུར་ཅིང༌། །དེ་ཉིད་དུ་ནི་ཞུགས་གྱུར་ནས། །རྩ་སྒོ་འགག་ཅིང་བེ་སྣབས་བསྐྱེད། །སྟེང་དང་འོག་གི་ལམ་དག་ཏུ། །བསྐྱོད་པས་གསུད་ཅིང་ཟུག་བྱེད་པ། །རྐམ་ཆགས་ཅན་ལ་འཕྲལ་སྐྱེད་བྱེད། །ཅེས་བྱ་བ་ལ། ཟས་མ་ཞུ་ཞིང་ལྷག་པར་ཟོས་པ་མི་བཟད་ཅིང་གནོད་པར་འགྱུར་བ་དེས་རླུང་སོགས་ཞེས་པ་རླུང་དང་མཁྲིས་པ་དང་བད་ཀན་འཁྲུག་ཅིང་གཡོ་བར་གྱུར་པས་ཅིག་ཅར་དེ་རྣམས་དུས་ཅིག་ཏུ་འཁྲུགས་ཤིང་ལྡང་བར་བྱེད་པས་རྩ་སྒོ་འགག་ཅིང་ཞེས་པ་སྟེ་རྩ་སྦུབས་འགག་པར་བྱེད་པས་བེ་སྣབས་མ་ཞུ་བ་ཞེས་བྱ་བའི་ནད་བསྐྱེད་པར་འགྱུར་རོ། །ཅི་ཞིག་བྱས་ནས་དེ་བསྐྱེད་ཅེ་ན། དེ་ཉིད་དུ་ནི་ཞུགས་གྱུར་ནས། །ཞེས་པ་སྟེ། ཟས་མ་ཞུ་བ་དེ་ཉིད་ཀྱི་ནང་དུ་རླུང་ལ་སོགས་པ་ཞུགས་ནས་དེ་དང་ཅིག་ཏུ་གྱུར་ཅིང་འདྲེས་པར་གྱུར་ན་བེ་སྣབས་ཀྱི་ནད་བསྐྱེད་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་ཟས་མ་ཞུ་ཞིང་འདུག་པ་དེ་ཉིད་ལ་ཞུགས་ནས་སྟེང་དང་འོག་གི་ལམ་དག་ཏུ་སྐྱོད་ཅིང༌། བླ་འོག་ཏུ་དྲི་མ་དང་ཟས་ལ་སོགས་པ་ཕྱི་རོལ་ཏུ་འདྲེན་ཅིང་འཕོ་བར་བྱེད་པ་ན་དེ་ཉིད་ཀྱི་རྒྱུ་གསུད་པའི་ཟུག་གཟེར་དྲག་པོ་སྐྱེད་པར་བྱེད་པ་ཡིན་ནོ། །སུ་ཞིག་ལ་ཞེ་ན། རྐམ་ཆགས་ཅན་ལ་ཞེས་པ་སྟེ་བཟའ་བཏུང་ལ་ཆགས་ཤིང་ལྟོ་འདུན་ཅན་ཏེ་སེམས་མ་བསྡམས་པ་དག་ལ་གནོད་པ་འདི་ལྟ་བུ་འཕྲལ་དུ་བསྐྱེད་ཅིང་འབྱུང་བར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །དེ་ཡང༌། ཕལ་ཆེར་ཤེས་རབ་ཉེས་པ་ཡིས། །ནད་ཀྱི་ཙོགས་ནི་བསྐྱེད་པར་འགྱུར། །ཟས་ལ་རྐམ་པའི་མི་རྣམས་ལ། །ཕལ་ཆེར་དུ་ནི་གསུད་ནད་འབྱུང༌། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་འབྱུང་བའི་མ་ཞུ་བེ་སྣབས་དང་གསུད་གཟེར་ཞེས་པ་དེ་ཡང་ཇི་ལྟ་བུ་ཞེ་ན།

སློབ་དཔོན་གྱི་བསྡུས་པ་ལས། ཟས་ནི་འཇུ་བར་མ་གྱུར་ན། །སྟེང་དང་འོག་ཏུའང་མི་འགྲོ་བར། །མ་ཞུའི་གནས་སུ་བེ་སྣབས་འགྱུར། །དེས་ན་བེ་སྣབས་ཅན་ཞེས་བཤད། །རླུང་ལ་སོགས་པ་རབ་འཁྲུགས་པ། །གཟེར་ཟུག་སྣ་ཚོགས་ཀྱིས་ཟུག་ཅིང༌། །ཁབ་ཀྱིས་ལུས་ནི་འབིགས་པ་ལྟར། །རྣོ་བར་ཟུག་པ་གསུད་གཟེར་ཡིན། །ཞེས་གསལ་བར་བཤད་དོ། །གཞན་ཡང་ཟས་ཚོད་མ་ཟིན་པ་ལས་མ་ཞུ་བ་འབྱུང་བའི་ཚུལ་རྒྱས་པར། སྙིང་པོ་བསྡུས་པ་ལས། ཁྱད་པར་དུ་ནི་ཉམ་ཆུང་ཞིང༌། མེ་དྲོད་ཞེན་དང་ཤུགས་འགགས་པའི། །ཟས་ནི་རླུང་གིས་བཀག་པ་དང༌། །བད་ཀན་གྱིས་ཀྱང་རབ་བཀག་པའི། །ཉེས་པ་བེ་སྣབས་འཁྲུགས་པས་ན། །ཟུག་རྔུ་ཟུག་པ་ལྟ་བུར་གནས། །འཁྲུ་དང་རློན་པར་མི་བྱེད་པར། །གཟེར་ལ་སོགས་པ་མི་བཟད་པ། །བེ་སྣབས་དེ་ཡིས་ཉེས་རབ་གདུག །བེ་སྣབས་མི་བཟད་ཀྱིས་སྦུབས་བཀག །རྩིབ་ལོགས་ཀུན་ཏུ་དྲང་པོར་འགྲོ། །ཤིང་བཞིན་རེངས་པར་གྱུར་ན་ནི། །མ་ཞུ་ཤིང་འདྲ་ཞེས་བྱ་སྟེ། །མྱུར་དུ་གསོད་བྱེད་དེ་ཡང་བྱ། །མི་འཕྲོད་ལྷག་ཟ་མ་ཞུ་བར། །ཟ་བྱེད་མ་ཞུ་དུག་གི་ནི། །མཚན་ཉིད་ཅན་དེ་མི་བཟད་པ། །དུག་གི་མིང་ཅན་གང་ཡིན་དེ། །དུག་གི་ཚུལ་ཅན་མྱུར་གསོད་བྱེད། །གསོ་དཔྱད་བྱ་བར་དཀའ་བས་སྤང༌། །དེ་ལས་མ་ཞུ་བེ་སྣབས་གྱུར། །གསོར་རུང་ཤུ་དག་རྒྱམ་ཚྭ་དང༌། །པོ་སོན་ཆ་བཅུག་ཆུ་དྲོན་ནི། །འཐུངས་པས་སྐྱུག་བཅུག་དེ་ནས་ནི། །དུགས་དང་མས་བཏང་རེང་བུ་དག །དྲི་མ་རླུང་དག་ལེགས་རྒྱུ་སྦྱར། །ཡན་ལག་འཁུམས་པར་གྱུར་པ་ལ། །ཤིན་ཏུ་དུགས་བྱ་དཀྲི་བར་བྱ། །གསུད་ནད་ཤིན་ཏུ་འཕེལ་བ་ལ། །རྟིང་བར་མེ་བཙའ་གདབ་པ་བསྔགས། །དེ་ནི་དེ་ཉིན་སྨྱུང་བར་བཞག །ཁྲུས་བཏང་ལྟ་བུར་ཉེ་བར་སྤྱད། །མ་ཞུ་མི་བཟད་ཉེན་གྱུར་ཀྱང༌། །གཟེར་འཇོམས་སྨན་ནི་བཏུང་མི་བྱ། །བེ་སྣབས་མ་ཞུ་མེ་དྲོད་ཉམས། །ནད་ཀྱིས་སྨན་ནི་འཇུ་མི་ནས། །དེ་ཡིས་ནད་པ་འཕྲལ་དུ་ནི། །ཐུ་ཞིང་འཆི་བ་དག་ཏུའང་འགྱུར། །ཁ་ཟས་ཞུ་ནས་ལྟོ་བ་ནི། །རྩུབ་ཕྲར་གྱུར་ལ་སྨན་དག་ཀྱང༌། །ཉེས་པའི་ལྷག་མ་སྦྱང་ཕྱིར་དང༌། །ཕོ་བའི་མེ་ནི་སྐྱེད་ཕྱིར་བཏང༌། །མ་ཞུར་འགྱུར་བ་ཞི་བ་དག །ཉམས་དམས་པར་ནི་བྱས་ལས་འགྱུར། །དེ་གསུམ་ཉེས་པ་རྣམ་གསུམ་ནི། །བརྟགས་ནས་རབ་ཏུ་སྦྱར་བར་བྱ། །དེ་ལ་ཆུང་ལ་སྨྱུང་བ་ཕན། །འབྲིང་ལ་སྨྱུང་དང་གཞུ་བྱ་བ། །ཆེན་པོ་ལ་ནི་སྦྱང་བ་སྟེ། །དེ་ཡིས་དྲི་མ་རྩད་ནས་འབྱིན། །དེ་བཞིན་ནད་ནི་གཞན་དག་ལའང༌། །རང་ནད་གཞི་ལས་གོ་བཟློག་པས། །གསོ་བ་དེ་དང་རྗེས་འབྲེལ་ཡོད། །རྒྱུ་ལས་གོ་བཟློག་རྣམས་སྤང་བ། །སྨན་པས་ཇི་ལྟར་ཇི་ལྟ་བར། །ནད་ལས་གོ་བཟློག་སྦྱར་བའམ། དེའི་དོན་བྱེད་པའི་སྦྱོར་བ་བྱ། །ཉེས་མིན་མེ་དྲོད་སྐྱེས་གྱུར་ན། །ཉམས་བརྟ་སྣུམ་གྱིས་བྱུག་པ་དང༌། །བཏུང་དང་འཇམ་རྩི་སོགས་རིགས་སྦྱར། །བད་ཀན་མ་ཞུ་བེ་སྣབས་ཏེ། །དེ་ནི་མིག་དང་མཁུར་བ་སྐྲངས། །སྒྲེགས་པ་ཟོས་མ་ཐག་འདྲ་འབྱུང༌། །མཆིལ་མ་མང་ཞིང་ཉེས་གཡོ་ལྕི། །རླུང་ལས་རེངས་བག་ལ་ནི་དུགས་རབ་བྱ། །ཚ་བའི་མ་ཞུ་སྐྱུག་སྨན་དག །བཏང་བའམ་གནས་སྐབས་གང་ཕན་བྱ། མ་ཞུ་བེ་སྣབས་ལྕི་བ་ནི། །རྩ་སྦུབས་ཐིམ་ལས་ཡུན་རིང་ཅན། །བད་ཀན་རླུང་ནི་འདྲེས་མཚན་མ། །དེ་དང་མཉམ་པར་བསྒྲུབ་པར་བྱ། །དྭངས་མ་ལུས་ལ་ཟད་དང་ཆུང༌། །སྙིང་ན་སྒྲེགས་པ་མནམ་པར་འགྱུར། །འདི་ལ་ཅུང་ཟད་གཉིད་ལོག་བྱ། །མ་ཞུ་ཀུན་གྱི་ཉིན་པར་ནི། ཟས་མ་ཟོས་པར་གཉིད་ལོག་ལ། །བཀྲེས་གྱུར་ཡང་ལས་རན་པར་བཟའ། །མ་ཞུ་སྤྱི་ཡི་མཚན་མ་ནི། །རྣམ་པར་འགགས་སམ་ཤས་ཆེར་འབྱུང༌། །ན་ཞིང་རླུང་ནི་མི་གསལ་རྒྱུ། །མཁྲེགས་ཤིང་ལུས་ཀྱི་མགོ་བོ་འཁོར། །ཟས་ཚོད་ལྷག་པར་གྱུར་པ་ཉིད། །གཅིག་པུ་མ་ཞུར་མ་ཟད་ཀྱི། །མི་འདོད་འགག་བྱེད་ཚིག་མ་ཟོས། །ལྕི་དང་རྩུབ་དང་མི་གཙང་གྲགས། །ཁོང་ཚ་སྐམ་དང་ཆུ་མང་དང༌། །བསྲེས་པའི་ཟས་ནི་འཇུ་མི་འགྱུར། །མྱ་ངན་ཁྲོ་དང་བཀྲེས་པ་ཡིས། །ཉེ་བར་གདུངས་ཤིང་ཟས་མི་འཇུ། །ཕན་དང་མི་ཕན་བསྲེས་པ་དག །ཟོས་པ་མཉམ་ཟ་ཡིན་པར་འདོད། །འགྲངས་རྗེས་སླར་ཡང་ཟ་གྱུར་པ། །ལྷག་པར་ཟ་བ་ཡིན་ཞེས་བྱ། །དུས་མིན་ཆེའམ་ཆུང་ཟོས་པ། །མི་མཉམ་པར་ནི་ཟ་བ་ཡིན། །གསུམ་པོ་འདིས་ཀྱང་གསོད་པའམ། །མི་བཟད་ནད་ཀྱིས་འདེབས་པར་བྱེད། །དུས་སུ་གོམས་ཤིང་གཙང་ལ་ཕན། །སྣུམ་དྲོ་ཡང་དང་མ་ཡེངས་དང༌། །རོ་དྲུག་ལྡན་ཞིང་མངར་བག་ཆེ། །ཤིན་ཏུ་མྱུར་མིན་དལ་བར་མིན། །ཁྲུས་བྱས་བཀྲེས་ཤིང་དབེན་པར་གནས། །ཁ་གདོང་ལག་པ་རྐང་པ་བཀྲུས། །ལྷ་དང་ཡི་དྭགས་བརྗེད་བྱེད་སྦྱིན། །བླ་མ་བྱིས་པ་མགྲོན་མཆོད་བྱ། །དུད་འགྲོ་རྣམས་ཀྱང་རབ་བརྟགས་ཤིང༌། །བདག་ཉིད་ལེགས་པར་བརྟགས་ནས་ནི། །མ་དམད་སྨྲ་བའམ་ཡིད་འོང་སྨྲ། །སྐྱེ་བོ་གཙང་ཞིང་གུས་པས་སྟབས། །ཡིད་འོང་གཉེན་དང་ལྷན་ཅིག་བཟའ། །ཞེས་བྱ་བ་ལ་སོགས་ཕྲ་ཞིབ་ཏུ་བཤད་པ་ལྟར་དཔྱད་པར་གྱིས་ཤིག

གཉིས་པ་ཚིག་གི་དོན་ནི། གལ་ཏེ་ཞེས་པ་ནས་མེ་དྲོད་སྦྱར་ཞེས་པའི་བར་གྱིས་བསྟན་ཏེ། ཟས་ཚོད་ཟིན་པ་ནི་མེ་དྲོད་ལ་སོགས་པ་བསྐྱེད་པའི་རྒྱུ་ཡིན་ཡང༌། གལ་ཏེ་ཟས་ཀྱི་ཚོད་མ་ཟིན་པར་ཆུང་བར་གྱུར་ན་ནི་ལུས་ཀྱི་སྟོབས་དང༌། མདངས་ལ་སོགས་པ་མི་འཕེལ་ཞིང་རྒྱུ་དེས་ལུས་ཉམས་པར་འགྱུར་ལ། ཁྱད་པར་དུ་རླུང་ནད་མ་ལུས་པ་འབྱུང་བར་བྱེད་པ་དང༌། ཡང་ན་ཁ་ཟས་ཚད་ལས་ཐལ་ན་ནི་མ་ཞུ་བེ་སྣབས་བསྐྱེད་ནས་དེ་ཡིས་མེ་དང་མཉམ་པའི་རླུང་རྒྱུ་བའི་རྩ་སྦུབས་བཀག་སྟེ་མ་སྦར་བའི་རྒྱུན་ཆད་པ་ལ་བརྟེན་ནས་ཕོ་བའི་མེ་དྲོད་ཉམས་པས་གསུད་ནད་དང༌། ཤིང་རེངས་ལ་སོགས་པའི་ཉེས་པ་རྣམས་དང་གཅོང་ནད་མ་ལུས་པ་ཐམས་ཅད་སྐྱེད་པར་བྱེད་པ་ཁོ་ན་ཡིན་པ་དེའི་ཕྱིར་ན་ཁ་ཟས་ཡང་ལྕི་དང་ཕོ་བའི་མེ་དྲོད་ཆེ་ཆུང་འགྲངས་ཚོད་རྣམས་གཅིག་ཏུ་སྦྱར་ཏེ་ལོངས་སྤྱོད་པར་བྱའོ། །གཉིས་པ་ཟས་ཚོད་བཟུང་བའི་ཚད་བསྟན་པ་ལའང་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། སྔ་རབས་པ་རྣམས་ན་རེ། ཚོད་མ་ཟིན་ན་སྐྱོན་ཆེ་བར་འདུག་པས། དེའི་ཕྱིར་ན་ཟས་ལྕི་ཡང་དང་ཕོ་བའི་མེ་དྲོད་ཆེ་ཆུང་སྦྱར་ཏེ་ལྕི་ཡང་འབྲིང་པོ་དང་མེ་དྲོད་འབྲིང་པོ་གཅིག་ལ་ཕོ་བའི་བཞི་ཆ་གཉིས་ཟས་ཀྱིས་དགང༌། བཞི་ཆ་གཅིག་སྐོམ་གྱིས་དགང༌། བཞི་ཆ་གཅིག་རླུང་གི་གནས་སུ་བཞག་སྟེ། རླུང་གི་གནས་མ་བཞག་ན་མེ་མཉམ་རླུང་གི་རྒྱུ་ལམ་འགགས་ནས་འཇུ་མི་ནུས་པའི་ཕྱིར་བཞི་ཆ་སྟོང་བར་བཞག་པར་བྱའོ། །ཡང་བ་རྣམས་དེ་ལས་བག་ཆེ་ཡང་འཇུ་ལ། ལྕི་བ་རྣམས་དེ་བས་བག་ཆུང་ངུ་བཟའ་བར་བྱའོ། །ཞེས་ཟེར་ཡང༌། འདི་ནི་མེ་དྲོད་འབྲིང་པོའི་དབང་དུ་བྱས་པ་མ་ཡིན་ཏེ། ཟླ་ཟེར་ལས། ལྟོ་བའི་ཆ་གཉིས་ཟས་ཀྱིས་ཏེ། །ཆ་གཅིག་སྐོམ་གྱིས་དགང་བར་བྱ། །རླུང་ལ་སོགས་པའི་གནས་སུ་ནི། །ཆ་བཞི་པ་ནི་ལྷག་པར་བཞག །ཅེས་བྱ་བ་ལ། ལྟོ་བའི་ཆ་གཉིས་ཟས་ཀྱིས་དགང་བར་བྱའོ། །ལྟོ་བའི་ཆ་གཅིག་ནི་སྐོམ་སྟེ་བཏུང་བས་དགང་བར་བྱའོ། །རླུང་ལ་སོགས་པའི་ཉེས་པ་རྣམས་ཀྱི་གནས་དང་རྟེན་དུ་ནི་ལྟོ་བའི་ཆ་བཞི་པ་ལྷག་མར་གཞག་ཅིང་ལུས་པར་བྱའོ། །འདི་ནི་རྣམ་པ་ཐམས་ཅད་དུ་བྱ་བ་མ་ཡིན་ཏེ། དེ་ཡང༌། གཞུང་ལས། རླུང་མེའི་ཤས་ཆུང་ནད་མེད་དང༌། །རྒྱལ་པོ་བདེ་བའི་བདག་ཉིད་ལ། །རིམ་འདི་རྟག་ཏུ་སྦྱར་བྱ་ཡི། །གཞན་དག་ལ་ནི་ངེས་པ་མེད། །ཅེས་བཤད་པའི་ཕྱིར་རོ།།

གཉིས་པ་ཚིག་གི་དོན་ནི། ལྟོ་བའི་ཞེས་པ་ནས་གནས་སུ་བཞག་ཅེས་པའི་བར་གྱིས་བསྟན་ཏེ། མེ་དྲོད་ཀྱི་ཤས་ཆུང་ཞིང་རླུང་མཁྲིས་ཀྱི་ནད་མེད་པ་དང་རྒྱལ་པོ་ལ་སོགས་པ་ལུས་བདེ་ཞིང་དལ་བར་འདུག་པ་རྣམས་ཀྱི་ལྟོ་བའི་བཞི་ཆ་གཉིས་ཁ་ཟས་ཀྱིས་དགང་ལ་བཞི་ཆ་གཅིག་སྐོམ་གྱིས་དགང་བ་དང༌། ཆ་བཞི་པ་ནི་བད་ཀན་མྱགས་བྱེད་དང༌། མཁྲིས་པ་འཇུ་བྱེད་དང་རླུང་མེ་མཉམ་གསུམ་གྱི་གནས་སུ་བཞག་པར་བྱ་བ་ཡིན་གྱི། དར་མ་མེ་དྲོད་ཆེ་བ་དང་ལུས་བྲེལ་བ་སོགས་ལ་དེ་ལྟ་མ་ཡིན་ཏེ། དེ་ལས་ཅུང་ཟད་འགྱངས་པར་བཟའོ་ཞེས་དོན་གྱིས་རྟོགས་པར་བྱའོ། །གསུམ་པ་སྐོམ་བཏུང་བའི་དུས་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང་ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ཟས་རྗེས་སྐོམ་འཐུངས་ངོམས་དང་ཁྱབ། །སྟོབས་འཕེལ་ལུས་ནི་བརྟན་བྱེད་ལ། །ཟས་སྡུད་སྙི་བར་འགྱུར་བ་དང༌། འདྲུལ་ཞིང་རྣམ་པར་འཇུ་བར་འགྱུར། །ཞེས་བྱ་བ་ལ། ཟས་ཀྱི་རྗེས་སུ་སྐོམ་འཐུང་བ་ནི་ངོམས་ཤིང་ཚིམ་པར་བྱེད་པ་དང༌། ལུས་ཁྱབ་ཅིང་རྫོགས་པར་བྱེད་པ་དང༌། གཟི་མདངས་འཕེལ་ཞིང་བརྟ་བར་བྱེད་པ་དང༌། དེ་བཞིན་དུ་ལུས་བརྟན་པར་བྱེད་པ་སྟེ་ཡན་ལག་བརྟན་ཞིང་མཁྲེགས་པར་བྱེད་པ་དང༌། དེ་བཞིན་དུ་ལུས་བརྟན་པར་བྱེད་པ་སྟེ་ཡན་ལག་བརྟན་ཞིང་མཁྲེགས་པར་བྱེད་པ་དང༌། དེ་བཞིན་དུ་ཟས་ཀྱི་ཚོགས་སྡུད་ཅིང་གཅིག་ཏུ་གནས་པར་བྱེད་ལ་སྒོང་བར་བྱེད་དོ། །སྙི་བར་བྱེད་པ་ནི་ཟས་སྡུད་པ་སྟེ་ལྷོད་ཅིང་སྙི་བར་བྱེད་པ་དང༌། ཟས་དེ་ཉིད་འདྲུལ་ཞིང་སླ་བར་བྱེད་པ་དང༌། དེ་བཞིན་དུ་ནད་པར་འཇུ་ཞིང་བདེ་བར་འཇུ་བར་བྱེད་པར་འགྱུར་རོ། །དེ་ནི་ནམ་ཚོང་ཡན་ཆད་ནད། །དབུགས་ལུད་གློ་རྡོལ་ཆམ་པ་དང༌། །གླུ་ལེན་སྨྲ་མངས་ལ་ཆགས་དང༌། །སྐད་འགགས་པ་ལ་གནོད་པ་ཡིན། །ཞེས་བྱ་བ་ལ། སྐོམ་འཐུང་བ་དེ་ནི་ནམ་ཚོང་ཡན་ཆད་ཀྱི་ནད་ལ་གནོད་པ་ཡིན་ནོ། །དེ་ལ་ནམ་ཚོང་ནི་མཆན་ཁུང་དང་དཔུང་པ་གཡས་གཡོན་གཉིས་ཀྱི་བར་མཚམས་ལ་བྱ་སྟེ། དེའང་ལུང་ལས། ནམ་ཚོང་མགོ་དང་སྐེ་ཡི་རྟེན། །མགོ་འཛིན་ཞེས་ཀྱང་བཤད་པ་ཡིན། །ཞེས་འབྱུང་བ་ཡིན་ནོ། །དེ་ལྟར་ན་དེ་ཡན་ཆད་ཀྱི་ཡན་ལག་གི་ནད་ལ་གནོད་པ་ཡིན་ནོ། །ཞེས་དང༌། ཟོས་རྗེས་སྐོམ་ནི་བསིལ་བའི་ཆུ། །ནས་དང་བག་ཕྱེའི་གཡོས་བྱས་ཟོས། །ཞོ་ཆང་དྲུག་འབགས་སྦྲང་རྩི་ལ། །ཆུ་བསིལ་རྗེས་སུ་འཐུངས་ན་ཕན། །ཞེས་བྱ་བ་ལ། ཟས་ཟོས་པའི་རྗེས་ལ་སྐོམ་དུ་བཏུང་བ་ནི་ཆུ་ཉིད་བཟང་བ་ཡིན་ཏེ་རོ་ཐམས་ཅད་ཀྱི་སྐྱེ་གནས་ཡིན་པའི་ཕྱིར་དང༌། སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ལོངས་སྤྱོད་ཡིན་པའི་ཕྱིར་དང༌། འཚོ་བར་བྱེད་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །དེའང་ཁྱད་པར་ནི་བསིལ་ཞིང་གྲང་བའི་ཡོན་ཏན་དང་ལྡན་པའོ། །དེ་ཡང་གང་དང་རྗེས་སུ་མཐུན་ཞེ་ན། ནས་དང་བག་ཕྱེ་ལས་གཡོས་སུ་བྱས་པ་ཟོས་པ་དང༌། ཞོ་དང་ཆང་དང་དུག་དང་སྦྲང་རྩི་ཟོས་པའི་རྗེས་ལ་འཐུངས་ན་ཕན་ཞིང་བདེ་བར་འགྱུར་བ་ཡིན་ནོ། །མི་འཇུ་འགགས་ལ་ཆུ་དྲོན་བཏང༌། །ཚོད་མ་མུད་གའི་གནོད་པ་ལ། །ཞོ་དང་ཆུ་དང་དར་བ་དང༌། །རང་སྐྱུར་རྩབ་མོ་བཏུང་བར་བྱ། །ཞེས་བྱ་བ་ལ། ཟས་གང་མི་འཇུ་བ་དང་བཤང་གཅི་འགགས་པ་ལ་ནི་ཆུ་སྐོལ་བའི་དྲོད་མོ་བཏུང་བར་བྱ་ལ། ཚོད་མ་དག་དང་མུད་ག་ཟོས་པ་ལས་གནོད་པར་འགྱུར་བའི་ནད་ལ་ཞོ་དང་ཆུ་དང་དར་བ་དང་འབྲས་ཁུ་བསྣན་པའི་རང་སྐྱུར་གྱི་རྩབ་མོ་བཏུང་བར་བྱའོ། །སྐེམ་པོ་རྒྱས་ཕྱིར་ཆང་བཏུང་སྟེ། །སྦོམ་པོས་སྦྲང་རྩི་ཆུ་བཏུང་ངོ༌། །གཅོང་ཆེན་ནད་ལ་ཤ་ཁུ་བཏུང༌། །དྲོད་ཆུང་ཤ་ཟོས་ཆང་བཏུང་བྱ། །ནད་དང་སྨན་སོགས་རྨྱ་བུད་མེད། །ཟན་བཅད་དཀའ་ཐུབ་ལས་རྣམས་ཀྱིས། །སྐེམ་དང་བྱིས་པ་རྒན་པོ་ལ། །འོ་མ་བདུད་རྩི་ལྟ་བུར་ཕན། །མདོར་ན་སྐོམ་རྗེས་བཏུང་བ་དང༌། །གང་ཞིག་ཟས་དང་ཡོན་ཏན་ནི། །མི་མཐུན་མི་འཕྲོད་མེད་གྱུར་པ། །དེ་ནི་རྣམ་པ་ཀུན་ཏུ་བསྔགས། །ཞེས་དང༌། མདོར་བསྡུ་ན་ཟན་གྱི་རྗེས་ལ་སྐོམ་བཏུང་བར་བྱ་བ་ནི། གང་ཞིག་ཟས་དང་མི་འདྲ་ཞིང་དེ་དང་རང་བཞིན་མི་མཐུན་པར་གྱུར་པ་དེ་ནི་དུས་རྣམ་པ་ཀུན་ཏུ་བསྔགས་ཤིང་ཕན་པར་འགྱུར་བ་ཡིན་ལ། དེའང་མི་འཕྲོད་པ་མེད་པར་གྱུར་པའོ། །དེའང་དཔེར་ན་སྣུམ་པ་ལ་རྩུབ་པ་དང༌། རྩུབ་པ་ལ་སྣུམ་པ་དང༌། གྲང་བ་ལ་དྲོ་བ་དང༌། དྲོ་བ་ལ་གྲང་བ་དང༌། མངར་བ་ལ་སྐྱུར་བ་དང༌། སྐྱུར་བ་ལ་མངར་བ་དང༌། མངར་བ་ལ་ཁ་བ་དང༌། ཁ་བ་ལ་མངར་བའོ། །དེ་ལྟ་ན་འོ་མ་ལས་གཡོས་པའི་ཟས་དང་འོ་མ་ལས་གྱུར་པ་རྣམས་ལ་སྐོམ་དུ་རང་སྐྱུར་གྱི་རྩབ་མོ་ལ་སོགས་པ་བཏུང་བར་བྱ་དགོས་ཏེ། ཟས་ཀྱི་ཡོན་ཏན་ལས་མི་མཐུན་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་མི་འཕྲོད་པ་མེད་པ་ཞེས་སྨོས་པ་ཡིན་ཏེ། རྩབ་མོ་རང་སྐྱུར་ལ་སོགས་པ་སྐྱུར་བ་གང་ཡིན་པ་དེ་ནི་འོ་མ་ལ་སོགས་པ་དང་ཡོན་ཏན་མི་མཐུན་པར་གྱུར་པ་ཡིན་ཏུ་ཟིན་ཀྱང་དེ་ནི་མི་འཕྲོད་པ་ཡིན་ཏེ། འོ་མ་དང་སྐྱུར་ལྷན་ཅིག་ཟ་བ་ནི་མི་འཕྲོད་པ་ཡིན་ནོ། །ཞེས་སྔར་བསྟན་པའི་ཕྱིར་རོ། །དེ་བས་ན་གང་ཟས་དང་སྐོམ་ཡོན་ཏན་མི་མཐུན་ཞིང་མཚན་ཉིད་ཐ་དད་ཀྱང་མི་འཕྲོད་པ་མེད་པར་གྱུར་བའི་བཏུང་བ་དེ་མཆོག་ཏུ་བསྔགས་པ་ཡིན་ནོ། །ཞེས་དང༌། ཟས་ཟོས་བར་མཐའ་ཐོག་མར་ནི། ཆུ་འཐུངས་རན་དང་སྦོམ་སྐེམ་འགྱུར། །ཞེས་བྱ་བ་ནི། ཟས་ཟོས་པའི་བར་དང་ཐ་མ་དང་ཐོག་མར་ཆུ་འཐུངས་ན་ལུས་སྦོམ་ཕྲ་རན་པ་དང་སྦོམ་པ་དང་སྐེམ་པར་འགྱུར་རོ། །དེས་ནི་འདི་སྐད་སྟོན་པར་འགྱུར་ཏེ། མིས་ཟན་ཟོས་པའི་བར་དུ་སྐོམ་འཐུངས་ན་ལུས་ཟུངས་རན་པ་སྟེ་ཕྲ་སྦོམ་འཚམ་པར་འགྱུར་ལ། ཟས་ཟོས་པའི་ཐ་མར་སྐོམ་འཐུངས་པས་ནི་སྦོམ་ཞིང་རགས་པར་འགྱུར་ལ། ཟས་ཟོས་པའི་ཐོག་མར་སྐོམ་འཐུངས་པས་ནི་སྐེམ་པར་འགྱུར་རོ། །དེའང་བར་དུ་སྐོམ་འཐུངས་པས་ལུས་ཟུངས་མཉམ་པོར་སྐྱེད་ཅིང་ན་པ་ཉིད་དུ་བྱེད་དོ། །ཐ་མར་འཐུངས་པས་ནི་མ་ཞུ་བའི་གནས་སུ་བད་ཀན་འཕེལ་བས་སྦོམ་པར་བྱེད་དོ། །ཟས་ཀྱི་ཐོག་མར་འཐུངས་པས་ནི་ཟས་ཀྱི་ཤིང་མེད་པས་ཕོ་བའི་མེ་དྲོད་ཉམས་པར་བྱེད་དོ། །མེའི་དྲོད་ནི་མི་མཐུན་པའི་ཕྱོགས་སུ་གྱུར་པ་མེའི་དྲོད་འབྲི་བར་བྱེད་ལ། དེས་ན་ལེགས་པར་འཇུ་བར་མི་ནུས་ལ། །ཟས་མ་འཇུ་བས་དེའི་ཚེ་དངས་མ་ལ་སོགས་པའི་ལུས་ཟུངས་ཇི་ལྟ་བ་བཞིན་དུ་རྒྱས་པར་མི་འགྱུར་ལ། དེ་རྒྱས་ཤིང་འཕེལ་བར་མ་གྱུར་པས་སྐྱེས་བུ་སྐེམ་པོར་འགྱུར། །ཐ་མར་སྦོམ་པོ་ཉིད་འགྱུར་ཏེ། །དེ་ནི་མ་ཞུ་བད་ཀན་རྒྱས། །བར་མ་ཡན་ལག་མཉམ་ཉིད་སྙོམས། །ལུས་ཟུངས་མིན་པས་བདེ་བ་ཡིན། །ཞེས་བཤད་པ་ལྟར་ཟས་གང་དང་བཏུང་པ་གང་དག་ཡོན་ཏན་ཐ་དད་ཀྱང་འཕྲོད་པར་འགྱུར་བའི་བྱེ་བྲག་སོ་སོ་དང༌། ཁྱད་པར་དུ་འདི་སྐབས་ཀྱི་ཟས་ཞེས་པ་ནས་བརྔོས་པའི་ཕྱེ་མས་གཡོས་སུ་བྱས་པ་དང༌། སྐོམ་ཞེས་པ་ཆུ་བསིལ་ཉིད་ཡིན་པར་ངེས་དགོས་སོ།།

གཉིས་པ་ཚིག་གི་དོན་ནི། ཟས་ཟོས་ཞེས་པ་ནས་སྐེམ་པོར་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། ཕོ་བའི་མེ་དྲོད་ཆེ་བ་རྣམས་ཀྱིས་རྩམ་པ་ལས་གཡོས་སུ་བྱས་པའི་ཟས་ཟོས་རྗེས་སུ་ཆུ་བསིལ་དྭངས་ཤིང་དྲི་མ་མེད་པའི་སྐོམ་འཐུངས་པར་གྱུར་པས་ན་ངོམས་ཤིང་ཚིམ་པ་དང༌། ལུས་ཀུན་ལ་ཁྱབ་ཅིང་རྫོགས་པར་བྱེད་པ་དང༌། ཟས་སྐ བའི་ཆ་ཤས་རྣམས་འདྲུལ་བ་དང༌། བདེ་བླག་ཏུ་འཇུ་ཞིང༌། ལུས་ཀྱི་ཉམས་ཚགས་བརྟས་ཤིང་ལུས་སྟོབས་ཆེས་ཆེར་འཕེལ་བར་བྱེད་པ་ལ་སོགས་པའི་ཕན་ཡོན་དང་ལྡན་པ་ཡིན་ལ། འོན་ཀྱང་སྐད་འགགས་པ་དང༌། གློ་རྡོལ་དང༌། ལུད་པ་དང༌། ཆམ་པ་ལ་སོགས་ཏེ་མདོར་ན་ནམ་ཚོང་ཡན་ཆད་ཀྱི་ནད་ཡོད་པ་རྣམས་ལ་གནོད་པ་ཡིན་ནོ། །མེ་དྲོད་ཆུང་བ་རྣམས་ཀྱིས་ནི་ཤ་ཟོས་པའི་རྗེས་ལ་ཆང་བཏུང་བར་བྱ་ཞིང༌། དེའང་ཅུང་ཟད་མི་འཇུ་བའི་རྣམ་པས་སྦོས་པར་གྱུར་ན་ཟོས་རྗེས་དེར་སླར་ཡང་ཆུ་སྐོལ་བཏུང་བར་བྱ་བ་ཡིན་ལ། དེ་བཞིན་དུ་ལུས་སྐེམ་པོ་དེ་ཉིད་ཤས་ཆེར་རྒྱས་པར་བྱེད་འདོད་ན། མྱོས་པ་མ་ཡིན་ཙམ་དུ་ཆང་བཏུང་བར་བྱ་བ་དང༌། དེ་ལས་ཟློག་སྟེ་ལུས་སྦོམ་པོའི་ཤ་འབྲི་བར་འདོད་པ་ལ་སྦྲང་རྩི་དང་སྦྱར་བའི་ཆུ་ཡང་ཡང་དུ་བཏུང་བར་བྱའོ། །གཞན་ཡང་འདི་ལྟ་སྟེ་ཞོ་དང་ཆང་དང་དུག་གིས་སྦགས་པའི་ཁ་ཟས་དང་སྦྲང་རྩི་རྣམས་ཟོས་པས་ན་བར་གྱུར་རམ། ན་བར་མ་གྱུར་ན་ཡང་དེ་ལ་རྗེས་ཐོག་དེ་ནིད་དུ་ཆུ་བསིལ་འཐུངས་ན་ཟུག་རྔུ་འཇོམས་ཤིང་ཕྱིས་མི་ལྡང་བར་ཕན་པ་ཡིན་ལ། མདོར་ན་ཁ་ཟས་ཟན་དང་བཅས་པ་གཙོ་ཆེར་ཟོས་པའི་བར་དང༌། ཐ་མ་དང༌། ཐོག་མ་གང་དུ་སྐོམ་སྟེ་ཆུ་འཐུང་བར་གྱུར་པ་དེ་ལས་རིམ་པ་བཞིན་དུ་དང་པོ་ལྟར་ན་ལུས་ཀྱི་ཉམས་ཚགས་རན་ཞིང༌། གཉིས་པ་ལྟར་ན་སྦོམ་པ་དང༌། གསུམ་པ་ལྟར་ན་རིད་ཅིང་སྐེམ་པོར་འགྱུར་བ་ཡིན་པས་དེ་ལྟར་ཡིད་དང་མཐུན་པར་སྤྱད་པར་གྱིས་ཤིག

བཞི་པ་ཟས་ཚོད་ཟིན་པར་བྱས་པའི་ཕན་ཡོན་བསྟན་པ་ལའང་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། བཤང་དང་གཅི་བསལ་སྙིང་ལ་དྲི་མེད་ཉེས་པ་ལམ་མིན་པར་མི་འགྲོ། །སྒྲེགས་པ་དག་ཅིང་བྲུ་བ་ཚ་འགྱུར་ཐུར་གྱི་རླངུ་ནི་ཐ་མལ་རྒྱུ། །དེ་བཞིན་མེ་ཡི་དྲོད་བདོ་དབང་པོ་གསལ་ཞིང་ལུས་ཀྱང་རབ་ཏུ་ཡང༌། །ཟས་ཀྱི་ཚོད་རན་ཚོ་གར་སྦྱར་ཞིང་ཟ་བ་དེ་ནི་དུས་སུ་འདོད། །ཅེས་བྱ་བ་ལ། བཤང་བ་དང་གཅི་བ་ལེགས་པར་བསལ་ཞིང་བཏང་བ་དང་སྙིང་ལ་དྲི་མ་མེད་པ་སྟེ་སེམས་དང་ཞིང་ཉམ་ང་བ་མེད་པ་དང༌། ཉེས་པ་སྟེ་རླུང་ལ་སོགས་པ་ལམ་མ་ཡིན་པ་དག་ཏུ་ལོག་པར་མི་འགྲོ་ཞངི་རང་གི་གནས་ན་གནས་པ་དང༌། སྒྲེགས་པ་དག་ཅིང་དྲི་མ་རྣམས་མེད་པ་དང༌། བྲུ་བ་ཚ་བར་གྱུར་ཅིང་བཀྲེས་པས་ཟ་བར་འདོད་པར་འགྱུར་བ་དང༌། ཐུར་གྱི་རླུང་ཐ་མལ་དུ་རྒྱུ་བ་དེ་ཐུར་དུ་འབྱུང་བའི་རླུང་ལུགས་མཐུན་བཞིན་འབྱུང་བ་དང༌། དེ་བཞིན་དུ་ཕོ་བའི་མེ་དྲོད་བདོ་ཞིང་ཤས་ཆེ་བ་དང༌། དབང་པོ་གསལ་ཞིང་རང་གི་བྱ་བ་རྣམས་ལ་འཇུག་པ་གསལ་བ་དང་དེ་བཞིན་དུ་གང་གི་ལུས་ཀྱང་རབ་ཏུ་ཡང་བར་གྱུར་ཅིང་བྱ་བ་ལ་ཐོགས་པ་མེད་པར་གྱུར་པ་ན་ཟས་ཀྱི་ཚོད་རན་པར་སྦྱར་བ་ཇི་སྐད་བསྟན་པ་བཞིན་ཟ་བ་དེ་ནི་ཟས་ལ་སྤྱོད་པའི་དུས་ཡིན་པར་སློབ་དཔོན་དག་འདོད་ཅིང་བཞེད་པ་ཡིན་ནོ། །ཞེས་བཤད་དོ། །གཉིས་པ་ཚིག་གི་དོན་ནི། ཉེས་པ་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། རླུང་ལ་སོགས་པའི་ཉེས་པ་རྣམས་རང་རང་གི་ལམ་མ་ཡིན་པ་རྣམས་སུ་མི་འགྲོ་ཞིང་ལུས་ཀྱི་མེ་དྲོད་བཅུ་གསུམ་པོ་ཐམས་ཅད་ཆེས་ཆེར་འབར་ཞིང་འཇུ་བའི་ལས་བྱེད་པ་དང༌། ལུས་ཡང་ཞིང་དང་ག་བདེ་བ་མིག་ལ་སོགས་པའི་དབང་པོ་རྣམས་ཡུལ་སོ་སོ་ལ་གསལ་བར་ལོངས་སྤྱོད་པ་དང༌། ཤེད་སྟོབས་ཆེ་ཞིང་བཤང་བ་དང་གཅི་བ་འོག་རླུང་དང་བཅས་པ་གནོད་མེད་བདེ་བར་རྒྱུ་བ་ལ་སོགས་པའི་ཡོན་ཏན་རྣམས་ནི་གོང་དུ་བཤད་པ་ལྟ་བུའི་ཟས་ཀྱི་ཚོད་ལེགས་པར་ཟིན་པ་དག་ལ་ངེས་པ་ཁོ་ནར་འབྱུང་བར་འགྱུར་རོ། །ཞེས་གསལ་བར་གསུངས་སོ། །ཞེས་བྱ་བའི་དོན་ཏོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ཁ་ཟས་བསྲུང་བ་དང་ཟས་ཚོད་རན་པར་བཟའ་བའི་ལེའུ་སྟེ་བཅོ་བརྒྱད་པའོ། །ཞེས་བྱ་བ་སྟེ་གནས་ལྔ་པ་འཚོ་བ་ཟས་ཀྱི་རྣམ་པར་གཞག་པ་ལེགས་པར་བསྟན་ཟིན་ཏོ། །འདིར་སྨྲས་པ། ཁམས་དྲུག་ལྡན་པའི་ལུས་ཅན་གྱིས། །ཁམས་ཟས་བསྟེན་ཆུལ་མ་ཤེས་ན། །ཁམས་འཁྲུགས་ནད་ཀྱིས་འཛིན་འགྱུར་ཕྱིར། །ཁམས་སྙོམས་འཚོ་བ་ཟས་ཀྱི་གནས། །གནས་ཚུལ་གཞུང་གི་དགོངས་པ་བཞིན། །བཞིན་ལེགས་ཆུ་ནང་ཤར་བ་ལྟར། །ལྟར་སྣང་རང་བཟོས་མ་བསྒྲིབས་པ། །པ་ཏྲ་ཇི་བཞིན་རྣམ་པར་བཀྲ། །བཀྲ་ཤིས་གྲངས་ནི་རྫོགས་པའི་སླད། །སླད་ནས་མིན་པར་ཚུལ་འདི་དག དག་པའི་ལུང་དང་རིགས་པས་མཛེས། །མཛེས་མ་ལྟ་བུར་ཀུན་དགའི་རྒྱུ། །ཞེས་པ་ཡང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 4:20 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།