སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅོ་བརྒྱད་པ། གབ་པའི་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2023
མན་ངག་རྒྱུད། >> ལེའུ་བཅོ་བརྒྱད་པ། གབ་པའི་ཚ་བ་བཅོས་པ།




ལེའུ་བཅོ་བརྒྱད་པ། གབ་པའི་ཚ་བ་གཅོད་པ། 

དེ་མ་ཁད་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ལ་སླར་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཚ་བ་འདི་ལ་གབ་པའི་རྒྱུ་དང་རྐྱེན་དང་ངོ་བོ་དེ་གང་ལགས། གབ་པ་ཞེས་པའི་ཚ་བའི་མིང་དུ་དགོས་པ་ཅི་ཕྱིར་ནས་བཏགས་པ་དང༌། དེ་ལ་དབྱེ་བ་དང་རྟགས་དང་བཅོས་པའི་ཐབས་སོགས་ཇི་ལྟར་ཡོད་ཀྱང་བཤད་དུ་གསོལ་ཞེས་དེ་སྐད་དུ་ཞུས་པའི་དོན་ལ་ལན་གསུངས་པ།

ཚ་བ་མེ་ལྟ་བུའི་ངོ་བོ་ལ་ཕྱི་ནས་ཐལ་བ་གྲང་མོ་གཡོགས་ནས་སྦས་པ་ལྟར་གྲང་རླུང་གཉིས་ཀྱིས་མགོ་བྱིབས་ནས་བག་ལ་ཉལ་བའི་གབ་པའི་ཚ་བ་ཞེས་པའི་རྒྱུ་ནི་གྲང་བ་དང་རླུང་གཉིས་ཡིན།

དེ་ལ་འབྱུང་བའི་རྐྱེན་གསུམ་ནི་རང་བཞིན་དུ་གབ་པ་དང༌། གནས་ཕོ་མཁལ་སོགས་ལ་གབ་པ་དང༌། རྐྱེན་མི་མཁས་པའི་རིགས་ཀྱིས་གབ་པའོ། །དེ་ཡང་རང་བཞིན་གྱིས་གབ་པ་ནི་ཡུལ་ངད་ཅན། དུས་དབྱར་དགུན། རང་བཞིན་རླུང་ཤས་ཅན། ན་ཚོད་རྒན་པོ་ནད་ཁམས་རླུང་རྣམས་ཏེ་གྲང་རླུང་ཅན་གྱི་ནད་པ་ལ་ཚ་བ་ཕྲན་བུ་བྱུང་བར་དང་པོ་རང་གནས་སུ་བད་རླུང་གི་འོག་ཏུ་གབ་པ་ལ་དེའི་ཕྱིར་རང་བཞིན་ཡེ་གདོད་མ་ནས་གབ་ཅེས་བྱ་བ་དང༌། གནས་ཀྱིས་གབ་པ་དང་རྐྱེན་གྱིས་གབ་པ་གཉིས་ལས་གནས་ནི་ཕོ་བ་དང་མཁལ་མ་དང་སྙིང་དང་གསུམ་ལ་ཚ་བའི་ནད་ཞུགས་ཀྱང་གྲང་རླུང་གི་གནས་ཡིན་པས་ཚ་བ་གཏིང་དུ་གབ་སྟེ་སྤྱི་རྟགས་གྲང་རླུང་དུ་སྟོན་ནོ། །རྐྱེན་གྱིས་གབ་པ་ནི་མ་སྨིན་པར་བཅོས་སྔས་པ་དང་བད་ཀན་གྱི་རི་ཐང་མཚམས་སུ་ཟས་གློད་པ་སྟེ་བཅུད་སྔས་པས་གོང་དུ་བཤད་པ་ལྟར་གྲང་བའི་འོག་ཏུ་ཚ་བ་སྦས་པའི་མེ་ལྟར་གབ་པ་ཡིན་ནོ། །

གབ་པའི་ཚ་བའི་ངོ་བོ་ནི་ཐལ་བའི་ནང་དུ་སྦས་པའི་མེ་དང་འདྲ་སྟེ། གྲང་བ་དང་རླུང་གཉིས་ཀྱིས་ཚ་བའི་འགོ་བྱིབས་པས་བད་རླུང་གི་འོག་ཏུ་ཚད་པའི་རྟགས་བག་ལ་ཉལ་བའོ། །གབ་པའི་ཚ་བ་ཞེས་པ་ནི་ཕྱི་གྲང་བ་དང་ནང་ཚ་བས་གབ་པས་གབ་ཅེས་བྱའོ། །

དེ་ལ་དབྱེ་བ་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་རྣམ་པ་གཉིས་ལས་སྤྱི་དེ་ལ་ཚ་བའི་སྟོབས་ཅན་དང་གྲང་བའི་སྟོབས་ཅན་གཉིས་སོ། །བྱེ་བྲག་ཏུ་གནས་སྙིང་ལ་ཚ་བ་གབ་པ་དང་དེ་བཞིན་ཕོ་བར་གབ་པ་དང་མཁལ་མར་གབ་པའོ། །

དེ་ཡང་བརྟག་པའི་ཐབས་རྩ་ཆུ་གཏར་ཟས་སྨན་རྣམ་པ་བཞི་པོ་སྟེ་དེའི་སྒོ་ནས་རྟགས་ལ་ནད་ཀྱི་ངོས་བཟུང་དགོས་ཤིང་བཞི་པོ་ནི་རྩ་ཆུས་མཚང་འབྲུ་བ་དང་གཏར་གྱི་སྟོད་སྨད་གང་རིགས་ཕུགས་བཙལ་ཏེ་བརྟག་པ་དང༌། ཟས་དང་སྨན་གྱི་དྲོད་ཀྱི་རིགས་བསྟེན་པས་མགོ་ཕུར་བཤུ་བར་བྱའོ།། རྟགས་ཀྱིས་ངོས་བཟུང་བ་ལ་སྤྱི་དང་བྱེ་བྲག་གཉིས་ལས། སྤྱི་ལ་ཚ་བའི་སྟོབས་ཅན་དང་གྲང་བའི་སྟོབས་ཅན་གཉིས་ཀྱི་ཚ་སྟོབས་ཅན་དེ་ནི་རྩའི་དཔངས་དམའ་ལ་གྲིམས་པ་དང༌། ཆུའི་མདོག་ནི་དམར་ལ་ལྡོག་པར་དཀའ་ཞིང་ཤེས་པ་ལྕི་བ་དང་ངོ་སྣུམ་ཞིང་གཉིད་ལོག་བའི་རྗེས་ལ་ཁ་ལྕེ་སྐམ་པ་དང་ཁ་ཁ་ཞིང་དང་ག་མི་བདེ་ལ་སྐབས་སུ་རྔུལ་ཕྲན་བུ་འབྱུང་བ་དང་ལུས་བྱིངས་ལྕི་ལ་མིག་དམར་ཞིང་མགོ་ཡང་ལྕི་ལ་སྣ་ཁྲག་འཛག་ཅིང་ནུབ་མོ་གཉིད་ཆུང་ལ་ཉིན་པར་གཉིད་ཆེ་བ་དང༌། མེ་དང་ཉི་མས་ཕོག་ན་ཁམས་ལྕི་ཞིང་གྱེན་ལ་ཕྱིན་ན་ངལ་བ་དང༌། བསིལ་དྲགས་པ་དང་དྲོས་དྲགས་པ་གཉིས་ཀ་གནོད་པར་ཚོར་རོ། །གྲང་བའི་སྟོབས་ཅན་དེ་རྩ་རྒྱུད་བྱིང་པ་ལ་བུལ་བ་སྟེ་ལྷོད་པ་དང་ཆུ་མདོག་སྔོ་ལ་ལྡོག་ཏུ་མི་འདོད་ཅིང་གདོང་པ་སྐྱ་ལ་ལུས་གྱོང་བ་དང་དང་ག་མི་བདེ་ཞིང་སྣ་ཆུ་འཛག་ཅིང་ཤེས་པ་བྱིང་ལ་ཟས་དང་སྤྱོད་ལམ་དྲོ་ན་འཕྲོད་དོ། །བྱེ་བྲག་ཏུ་ཕྱེ་བ་ནི་སྙིང་ལ་གབ་པ་ན་རྐང་ལག་གི་སེན་མོ་རྣམས་དཀར་བ་དང༌། སྲོད་ལ་གཉིད་ཡེར་ཞིང་ཉིན་མོ་གྲིབ་མ་ལ་སྙེག་ཅིང་བྲང་དང་རྒྱབ་དང་གདོང་པ་ལ་སྲིན་ཐོར་རམ་ཤ་བཀྲ་རྒྱུན་མི་འཆད་པ་དང༌། ཆང་འཐུངས་པའི་རྗེས་ལ་དྲན་པ་མི་གསལ་བར་སེམས་འཕྱོའོ། །ཕོ་བར་གབ་པ་ན་ཚ་བ་དང་གྲང་བ་གཉིས་ཀ་གནོད་ཅིང་ཁྱད་པར་དུ་དྲོད་ཚ་དྲགས་པ་ན་ཕུར་པ་བཙུགས་པ་ལྟར་ན་བ་དང༌། གསར་པའི་ཤ་མི་འཕྲོད་ཅིང་ཟས་དང་སྐོམ་དྲོ་འཇམ་ཕན་སྙམ་བྱེད། མཁལ་མར་གབ་ན་ཟགས་པའི་ཆུ་ཐོག་མར་ཁྲག་ཏུ་ཡོད་པ་དང་དེ་ནས་རྣག་འབྱུང༌། ཆང་འཐུངས་པ་དང་འགྲོ་འདུག་བྱས་པའི་རྗེས་ལ་རྐང་པ་ལྕི་ཞིང་མཁལ་རྩ་གར་ཁྲིད་དེ་གང་ཡོད་ཀྱིས་ནས་གཟེར་རམ་ནའོ། །དེ་ལྟར་འབྱུང་ཡང་ནད་ཀྱི་རྟགས་དེ་ལ་ཐེ་ཚོམ་ཞིང་གདེངས་མ་ཁེལ་ན་རྩ་དང་ཆུའི་སྒོ་ནས་མཚང་འབྲུ་བར་བྱ་དགོས་ཏེ། རྩ་རྒྱུད་དེ་མ་ངེས་པ་ཇི་ལྟར་དུ་འདུག་ཀྱང་རུང་གཞིགས་ཏེ་བརྟགས་ན་གཏིང་ན་ཅུང་ཟད་ཅིག་གྲིམས་པ་ལ་མཁྲང་བར་འོང༌། ཆུ་མདོག་ནི་མ་ངེས་པར་ཇི་ལྟར་དུ་འདུག་གྱུར་ཀྱང་རླངས་པ་སངས་པ་བུལ་བ་སྟེ་འགོར་ལ་ཀུ་ཡ་ལིང་གིས་འོང་ངོ༌། །དེས་ཀྱང་མ་རྟོགས་ན་གཏར་གྱིས་ཕུགས་འཚོལ་དགོས་ཏེ་གང་ཞེ་ན་སྙིང་ལ་གབ་ན་སྣོད་ཀ་གཏར་བས་ཡིན་མིན་གསལ་བར་ཤེས་ཤིང༌། དེ་བཞིན་ཕོ་བར་གབ་ན་རུ་ཐུང་གཏར་བས་ཤེས་པ་དང༌། མཁལ་མར་གབ་ན་ཡང་བྱིན་གཞུག་གཏར་བས་གསལ་ཞིང༌། ལུས་སྤྱིར་གབ་ན་གོང་དུ་བཤད་པའི་རྩ་གསུམ་ག་གཏར་བར་བྱའོ། །གཏར་ཁྲག་དེ་ལ་ཡང་རྣག་གམ་མཁྲིས་པ་དང་ལྕགས་ཀྱི་གཡའ་ཆགས་ན་གབ་པར་ངེས་ཀྱང་ད་དུང་ངེས་ཤེས་མ་སྐྱེས་ཚེ་ཟས་དང་སྨན་གྱིས་མགོ་ཕུར་བཤུ་བ་ནི་དང་པོ་ལ་ཁ་ཟས་དྲོད་དང་བཅུད་ཅི་རིགས་ཕྱོགས་གཅིག་ཏུ་བསྟེན་པས་ཐོག་མར་བད་རླུང་གི་གྲང་བ་ཞི་བས་བདེ་བར་མངོན་ཞིང༌། བར་དུ་ཕན་པ་དང་གནོད་པ་གང་ཡང་མེད་པར་བཏང་སྙོམས་བྱེད་ཅིང་མཇུག་ཏུ་གཏིང་གི་ཚད་པར་སླེབས་ནས་གནོད་པར་ཚོར་བས་ཤེས་སོ། །དེ་རྗེས་ལ་སྨན་གྱིས་མགོ་ཕུར་བཤུ་བ་ལ་ནི་སྤྱི་རུ་གབ་པ་ན་ཕྱི་རྒྱུད་ཀྱི་ཅུ་གང་བདེ་བྱེད་ཆེན་མོ་སྦྱར་བ་དེ་དང་སེ་འབྲུ་བཞི་པས་བད་རླུང་གི་མགོ་ཕུར་དེ་བཤུ། གུར་ཀུམ་དང་ཅུ་གང་དང་ཨུཏྤལ་གྱིས་ཚ་བ་འཇོམས། དེ་ཡང་ཁྱད་པར་གྱི་མགོ་ཕུར་བཤུ་བ་ནི། དཔེར་ན་དངོས་པོ་ཞིག་སྦས་པའམ་བརྐུས་པའམ་གབ་ནས་འཚོལ་བ་ལ་དེ་ཡོད་པར་སྣ་ཁྲིད་པའི་ལམ་རྒྱུས་མཁན་དང་ནང་ཡན་པ་འདི་ལ་ཡོད་ཅེས་པའམ་ནང་མི་རྒྱུས་ཡོད་པ་དང༌། ཕུགས་སུ་འཚོལ་མཁན་གསུམ་འཛོམ་ན་གང་ཡང་རྙེད་པ་ལྟར་འདིར་ཡང་དེ་གསུམ་དང་སྦྱར་དགོས་ཏེ། རང་གནས་སུ་སྣ་ཁྲིད་བཟང་པོ་སྙིང་ལ་ཛཱ་ཏི། མཁལ་མར་སུག་སྨེལ། ཕོ་བར་ཀ་ཀོ་ལ་གསུམ་པོ་ལ་བྱེད། དེ་ཕྱིན་ནང་ཡན་པ་སྟེ་གཞན་ཀུན་ལ་པི་པི་ལིང་གིས་བྱེད། ཕུགས་འཚོལ་གྱི་གཙོ་བོ་ཙནྡན་དཀར་པོ་གི་ཝཾ་དང་གུར་ཀུམ་གསུམ་ལ་འཁོར་གྱི་ཁ་བསྒྱུར་བ། སྙིང་ལ་རུ་རྟ་དང་སྤོས་དཀར་དང་ཨ་ག་རུ། མཁལ་མར་བྲག་ཞུན་དང་གླ་རྩི་དང་ཨ་རུ་ར། ཕོ་བར་བོང་ང་དཀར་པོ་དང་ལི་ག་དུར་བྲག་ཞུན་དང་གསེར་གྱི་མེ་ཏོག་སོགས་བསྣན་པ་དང་ཀ་ར་དཀར་པོ་སྦྱར་བ་ཐུན་བསྐྱུངས་པ་སྟེ་ཆུང་ངུ་བཏང་བ་ཡང་ཡང་ཆུ་ཚན་གྱིས་ཕུལ་ཏེ་བྲིད་ལ་བཏང་བས་དང་པོར་བད་རླུང་ལ་ཕོག་པའི་མི་འཕྲོད་པ་འདྲ་བ་དང༌། བར་དུ་གྲང་བ་ལ་ཐལ་ནས་ཕན་པ་དང་གནོད་པ་གཉིས་ཀ་མེད་ཅིང༌། ཐ་མ་ལ་ཚ་བར་སླེབ་ནས་ཕན་པར་ཚོར་བས་དེ་དག་གསུམ་འགྱུར་ནི་སྨན་གྱི་མན་ངག་ཡིན་ནོ། །

བཅོས་པའི་ཐབས་དེ་ལ་ཡང་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་གཉིས་ལས། སྤྱི་ལའང་བཅོས་པའི་ཚུལ་དང་གཉེན་པོ་གཉིས་སོ། །དེ་ཡང་གབ་ཚད་ཀྱི་བཅོས་ཚུལ་ནི་དང་པོར་རྐུན་ཆེན་མཛོད་ཕུགས་སུ་གཞུག་པའམ་བཞག་པས་ཆས་དབྱེ་གསལ་བྱས་ནས་ནང་དུ་ཟ་འོས་པ་ཟ། ཕྱི་རུ་འདོན་འོས་འདོན་པ་ལྟར་འདིར་གཉེན་པོ་བསིལ་འཇམ་བསྟེན་པས་ཚ་བ་ཁོང་དུ་གསོད་ཕྱིར་འཕུལ་ནད་ཁྲག་འབྱེད་དོ། །བར་དུ་དུ་བ་འཁྱིམས་པ་ལ་དུད་བའི་ཁུང་དང་རྒྱ་སྐར་རམ་སྒེ་ཁུང་དབྱེ་བས་འདོན་པ་ལྟར་གཏར་བཤལ་གྱིས་དབྱུང་བ་དང༌། ཐ་མར་མེ་ལྷག་ཕྲ་མོ་ཆུས་བྲན་ནས་གསོད་པ་ལྟར་བསིལ་སྨན་བསྲིང་བ་སྟེ་ནད་ཀྱི་གནས་སྐབས་ལ་ལྟོས་པའི་བཅོས་ཚུལ་དང་གསུམ་མོ། །གཉེན་པོ་སྨན་དང་དཔྱད་དང་ཟས་དང་སྤྱོད་ལམ་སྟེ་བཞི་ལས་སྨན་གྱིས་བཅོས་པ་ལའང་ཐང་དང་ཕྱེ་མ་གཉིས་ཀྱི་ཐང་སྦྱོར་ལ་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་དང་བ་ལེ་ཀ ཨུཏྤལ་དང༌། སླེ་ཏྲེས་དང༌། ཏིག་ཏ་བོང་དཀར། ག་དུར་དང་བ་ཤ་ཀ་བཅས་པའི་གདུས་གྲང་གི་ཐང་བཏང་བས་ཚ་བ་ཁོང་དུ་སོང་བ་གསོད་ཅིང་ཕྱིར་འབུལ་བ་དང་ཁྲག་ངན་རྣམས་འབྱེད་དོ། །དེ་རྗེས་ལ་ཚ་བ་རབ་དང་སྙིང་ལ་བབས་ན་ཕྱེ་མ་ག་བུར་དང་ཨ་ཀ་རུ་ཅུ་གང་གུར་ཀུམ་ལི་ཤི་སྟེ་བསིལ་གསུམ་ཏིག་ཏ་བོང་ང་དཀར་པོ་དང་ལི་ག་དུར་རྣམས་ཀ་ར་དཀར་པོའི་རྟ་ལ་བསྐྱོན་ལ་བཏང༌། ཚ་བ་འབྲིང་དང་མཁལ་མར་བབས་པ་ལ་གི་ཝཾ་དང་ཙནྡན་དཀར་པོ་དང༌། ཅུ་གུར་སུག་སྨེལ་ཏེ་བསིལ་གསུམ་དང་ཨ་རུ་ར་གླ་རྩི་དང་བོང་ང་དཀར་པོ་རྣམས་ཀ་ར་དང་སྦྱར། ཚ་བ་ཐ་མ་དང་ཕོ་བར་བབས་ན་གུར་ཀུམ་དང་ཅུ་གང་དང་ཏིག་ཏ་ཨ་རུ་ར། བྲག་ཞུན་ཨུཏྤལ་དང་སྔོ་མཚེའི་ཚིགས་དང་བ་ལེ་ཀ་རྣམས་ཀ་ར་དང་སྦྱར་བ་རྣམས་རིམ་པར་ཚ་བ་རབ་འབྲིང་ཐ་མ་སོགས་དང་སྙིང་དང་མཁལ་མ་ཕོ་བ་བཅས་གནས་པ་དང་སྦྱར་ཏེ་བསྟེན། ཡང་ན་གོང་གི་ནང་ཡན་པི་པི་ལིང་བཞག་པའི་སྣ་ཁྲིད་ཛཱ་སུག་ཀ་སྟེ་བཟང་པོ་གསུམ་དང་ཕུགས་འཚོལ་བ་སོགས་སྦྱར་བས་ཚ་བ་ཕྱིར་འཕུལ་ཞིང་ཁ་ཟས་ལ་འབྲས་དང་བ་ལང་གི་ཤ་གསར་པ་དང་ཆག་ཚེ་དང་མར་གསར་ཞོ་སྐྱ་དཀྲུགས་པ་རྣམས་མཁས་པས་ཚད་པ་དང་ལུས་སྟོབས་སྦྱར་རོ། །སྤྱོད་ལམ་ནི་བསིལ་བའི་གནས་སུ་དལ་བར་འདུག་པ་དང་གཉིད་མི་ལོག་ལ། དེས་ཚ་བ་ཁོང་པ་ནས་ཕྱིར་འཕུལ་བར་བྱེད་དོ། །ཏེ་ཞེས་པ་ཚིག་འདྲེན་བྱེད་དེ་དེ་ལྟར་བྱས་པས་གྲོག་ཚང་བཤིག་པ་དང་འདྲ་བར་ཕྱི་རུ་ཚད་པ་སྐྱེས་པ་མངོན་ཚུལ་ཆེར་སོང་ན་བར་གྱི་དཔྱད་དུ་སྟོད་སྨད་སོགས་གང་རྒྱས་པའི་རྩ་གཏར་ལ་ཕྱི་རྒྱུད་དེད་དཔོན་གྱི་སྟེང་ག་བུར་ཙནྡན་གི་ཝཾ་བསྣན་པས་བཤལ་གྱིས་སྦྱང་བ་དང་རུས་པར་བབས་ན་རྒྱུད་ཕྱི་མ་ལྟར་གྱི་བདུད་རྩི་ལྔའི་རླངས་ལུམས་བྱ། ཤ་དང་པགས་པ་ལ་བབས་པ་ན་གོང་བཤད་ལྟར་རྔུལ་དུ་དབྱུང༌། མཁལ་མ་དང་ནང་རྩར་བབས་ན་རྩ་སྦྱོང་ཕྱི་རྒྱུད་ལྟར་གྱི་རྩ་ལམ་ནས་སྦྱང་དགོས་ཤིང་དེ་དག་རྣམས་ཚ་བ་རང་སར་དབྱུང་བ་སྟེ། དཔེར་ན་ཁང་པར་དུ་བ་འཁྱིམ་པ་ལ་རྒྱ་སྐར་དེ་སྒེ་ཁུང་ལྟ་བུའི་མཐོངས་ཀ་འབྱེད་པ་ཇི་བཞིན་ནོ། །ཐ་མར་ཚད་པའི་གཞུག་མ་ཐོན་པར་རོ་མ་ལུས་པ་ལ་ཟས་སྤྱོད་སོགས་རྐྱེན་དང་འཕྲད་པ་ན་མེ་སྟག་དང་སྤྲ་བ་ཕྲད་པ་འདྲ་སྟེ་སྐད་ཅིག་ལ་ཆེར་མཆེད་པས་དེའི་ཕྱིར་ན་གི་ཝཾ་དང་ཙནྡན་དཀར་པོ་དང༌། ཅུ་གང་གུར་ཀུམ་ལི་ཤི་སྟེ་བསིལ་གསུམ་དང་ཤིང་མངར་དང་རྒུན་འབྲུམ་དང་ཛཱ་ཏི་དང་པི་པི་ལིང་དང་སེ་འབྲུ་དང་ཤིང་ཚ་དང་ཀ་ར་རྣམས་སྦྱར་བས་ཕོ་བའི་མེ་དྲོད་གསོ་ལ་གོང་གི་བསིལ་སྨན་རྣམས་ཀྱིས་ཚ་བའི་ལྷག་མ་འདོན། ལུག་ཐོང་ཚེར་གྱི་བལ་ཚིའི་ཆུ་ལུམས་བྱས་ལ་ཕྱི་རྒྱུད་ཏིག་ཏའི་སྨན་མར་གོང་མ་ལྟར་སྦྱར། ཟས་སྤྱོད་ཀྱིས་མི་ལྡང་ཞིང་ཚད་པའི་ལྷག་མེད་པའི་རྟགས་ཐོབ་ནས་ཁ་ཟས་རྣམས་ཐོག་མར་ཆ་ཡིས་གློད།

དེའི་རྗེས་ལ་བྱེ་བྲག་ཏུ་དོན་སྣོད་གང་ལ་བབས་པ་སོ་སོར་རྒྱས་པ་རང་རང་གཤམ་དུ་འཆད་པ་བཞིན་གྱི་གསང་ཁ་བསྡམ། བྱེ་བྲག་ཏུ་སྙིང་ལ་ཚ་བ་གབ་པ་ལ་ག་བུར་དང༌། ཙནྡན་དཀར་དམར་གཉིས་ཨ་ག་རུ་ཅུ་གུར་ལི་ཤི་སྟེ་བསིལ་གསུམ་ཛཱ་ཏི་སྙིང་ཞོ་ཤ་གེ་སར་དང༌། ཨ་རུ་ར་དང་ཀ་ར་རྣམས་སྦྱར་ལ་བཏང༌། དེ་ཡང་ཚད་པའི་སྟོབས་ཆུང་ན་ཙནྡན་དཀར་པོ་དང་ཨུཏྤལ་དང་ན་ག་གེ་སར་ཨ་རུ་ར་ཛཱ་ཏི་དང་སྐྱུ་རུ་ར་ཀ་ར་རྣམས་སྦྱར་ལ་བཏང་བ་དང་རྗེས་ལ་རྩེ་ཆུང་སྣོད་ཀ་ལྕེ་རྩ་ཐོང་རྩ་རྣམས་གཏར་ཞིང་ཚ་བ་ཆོམས་ནས་ནུ་དབྲག་དང་ཚིགས་པ་དྲུག་པ་བདུན་པ་བསྲེག་ཅིང་ཁ་ཟས་གློད་པ་འཕྱིས་ན་སྙིང་རླུང་འཇུག་པས་ན་སྔ་རུ་ཟས་རིམ་གྱིས་གློད་ལ་ཨ་བར་སྐྱུར་ཏེ་འབྲས་གསུམ་གྱི་སྨན་མར་ཕྱི་རྒྱུད་ལྟར་སྦྱར་རོ། །ཕོ་བར་གབ་ན་ཕྱི་རྒྱུད་ཀྱི་གུར་ཀུམ་བསྣན་པའི་སེ་འབྲུ་ལྔ་པའམ་ད་ལིས་བདུན་པ་གང་རིགས་ཀྱིས་ཕོ་བའི་གཞི་བཟུང་ལ་གུར་ཀུམ་དང༌། གསེར་གྱི་མེ་ཏོག་དང༌། དུག་མོ་ཉུང་བྲག་ཞུན་དང༌། དོམ་མཁྲིས་དང༌། ག་དུར་བ་ལེ་ཀ་རྣམས་ཀ་ར་དང་སྦྱར་བ་ཉིན་མཚན་གྱི་གུང་གཉིས་ལ་ཆུ་བསྐོལ་ནས་གྲང་པ་ཞག་མ་ལོན་པས་དབུལ། ཡང་ན་ཕྱི་རྒྱུད་ཀྱི་ཅུ་གང་བདེ་བྱེད་ཆེན་པོ་ནམ་ཉིན་གྱི་ཕྱེད་གཉིས་དང་དགོངས་ཞོགས་ཏེ་དུས་བཞིར་བསྟེན། རུ་ཐུང་སྣོད་ཀ་གཏར་ལ་ཆུ་ཆུང་རྩ་བ་བསྡུས་པར་དུར་བྱིད་པི་ལིང་ཁ་ཚར་བཏབ་པའི་ཐང་ཁྲུས་བྱ་བ་དང༌། ཁ་ཟས་ཁྲེའུ་སྟེ་བསིལ་དྲོད་སྤེལ་ནས་བཏང་ཞིང་རྗེས་ལ་ཕོ་གསང་རྒྱབ་ཀྱི་ཚིགས་པ་བཅུ་གཉིས་པ་དང་མདུན་གྱི་ཕོ་གསང་དགུ་ཀ་བསྲེག །མཁལ་མར་གབ་ན་ཚོས་བཙོད་འབྲི་མོག་ཞུན་ཏེ་དམར་པོ་བཞི་ཐང་བཏང་ཞིང་ཕྱེ་མ་ཙནྡན་དཀར་པོ་དང་གུར་ཀུམ་དང་སུག་སྨེལ་དང་ཏིག་ཏ་དང་བྲག་ཞུན་དང་ཤུག་ཚེར་ཨ་རུ་རའམ། ཡང་ན་ཙནྡན་དམར་པོ་དང༌། གླ་རྩི་དང༌། ཨ་རུ་ར། སུག་སྨེལ་དང༌། ལི་ཤི་དང༌། གུར་ཀུམ་དང༌། ཏིག་ཏ་དང༌། འཇམ་འབྲས་དང༌། ཀ་ར་རྣམས་སྦྱར་བ་བཏང་ལ་བྱིན་གཞུག་དང་ལོང་རྩ་གཏར་ཞིང་གཟེར་གང་བྱུང་གི་སར་གླ་རིལ་དྲི་ཆུར་བཙོས་པས་བདུགས་པ་དང་རྗེས་ལ་སྦྲང་ཆང་དང་བོང་བུའི་ཤས་མཁལ་མའི་ཟུངས་གསོ་ཞིང་ཕྱི་རྒྱུད་ལྟར་གྱི་རྩ་བ་ལྔའི་སྨན་མར་སྦྱར་ལ་རྒྱབ་ཀྱི་ཚིགས་པ་བཅུ་བཞི་པ་བསྲེག་གོ། །དེ་ལྟར་དུ་གབ་པའི་ཚ་བ་ལ་རྣམ་པ་གསུམ་ཡོད་པ་དེ་རྣམས་ཚ་བའི་རྗེས་དྲོད་ཀྱིས་མ་བཅོས་ན་གྲང་བར་ལྡོག་པར་འགྱུར་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གབ་པའི་ཚ་བ་བཅོས་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།



 

མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 11:21 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།