སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅོ་བརྒྱད་པ། གབ་པའི་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.02.2021
མན་ངག་རྒྱུད། >>

 ལེའུ་བཅོ་བརྒྱད་པ། གབ་པའི་ཚ་བ་བཅོས་པ།

          དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས༌།  ཚ་བ་གབ་པའི་རྒྱུ་རྐྱེན་ངོ་བོ་གང༌། །གབ་པའི་ཚ་བའི་མིང་དུ་ཅི་ཕྱིར་བཏགས། །དབྱེ་བ་རྟགས་དང་བཅོས་ཐབས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་ལ་སྤྱི་དོན་བདུན་གྱིས་ལན་གསུངས་པ་ལས་།།

སྤྱི་དོན་དང་པོ་གབ་པའི་ཚ་བའི་རྒྱུ་ནི་གྲང་རླུང་ཡིན། །སྤྱི་དོན་གཉིས་པ་དེ་ལ་རྐྱེན་གསུམ་རང་བཞིན་གབ་པ་དང་། །གནས་ཀྱིས་གབ་དང་རྐྱེན་གྱིས་གབ་པའོ། །དེ་ལ་ཡུལ་དུས་རང་བཞིན་ན་ཚོད་ནད་ཁམས་རྣམས། །གྲང་རླུང་ཅན་ལ་ཚ་བ་ཕྲན་བུ་བྱུང༌། །དང་པོ་རང་གནས་བད་རླུང་འོག་ཏུ་གབ། །དེ་ཕྱིར་རང་བཞིན་ཡེ་ནས་གབ་ཅེས་བྱ། །གཉིས་པ་གནས་ཀྱིས་གབ་པ་ཕོ་མཁལ་སྙིང་དང་གསུམ། །ཚ་བ་ཞུགས་ཀྱང་གྲང་རླུང་གནས་ཡིན་པས། །ཚ་བ་གཏིང་གབ་སྤྱི་རྟགས་གྲང་རླུང་སྟོན། །གསུམ་པ་རྐྱེན་གྱིས་གབ་པ་མ་སྨིན་བཅོས་སྔས་དང༌། །བད་ཀན་རི་ཐང་མཚམས་སུ་ཚད་ལྷག་ལུས་བཅུད་སྔས་པས། །གྲང་བའི་འོག་ཏུ་ཚ་བ་གབ་པ་ཡིན།།

          སྤྱི་དོན་གསུམ་པ་གབ་པའི་ཚ་བ་ནི་ཐལ་བའི་ནང་དུ་སྦས་པའི་མེ་དང་འདྲ། །གྲང་རླུང་གཉིས་ཀྱིས་ཚ་བའི་འགོ་མགོ་བྱིབས་སམ་གཡོགས་པས། །བད་རླུང་འོག་ཏུ་ཚད་རྟགས་བག་ལ་ཉལ།།

          སྤྱི་དོན་བཞི་བ་ཕྱི་གྲང་ནང་ན་ཚ་བས་གབ་ཅེས་བྱ།།

          སྤྱི་དོན་ལྔ་བ་དབྱེ་བ་སྤྱི་དང་བྱེ་བྲག་རྣམ་པ་གཉིས། །དང་པོ་སྤྱི་ལ་ཚ་སྟོབས་ཅན་དང་གྲང་སྟོབས་ཅན། །གཉིས་པ་བྱེ་བྲག་སྙིང་ལ་ཚ་བ་གབ་པ་དང༌། །ཕོ་བར་གབ་དང་མཁལ་མར་གབ་པའོ།།

          སྤྱི་དོན་དྲུག་པ་བརྟག་ཐབས་བཞི་སྟེ་རྟགས་ལ་ནད་ངོས་བཟུང༌། །དང་པོ་རྩ་ཆུས་མཚང་འབྲུ་གཏར་གྱིས་ཕུགས་བཙལ་ཏེ། །ཟས་དང་སྨན་གྱིས་མགོ་ཕུར་བཤུ་བར་བྱ། །གཉིས་པ་རྟགས་ཀྱིས་ངོས་བཟུང་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་ལ་ཚ་སྟོབས་ཅན་དང་གྲང་སྟོབས་ཅན། །ཚ་སྟོབས་ཅན་དེ་རྩ་དཔངས་དམའ་ལ་གྲིམས། །ཆུ་མདོག་དམར་ལ་ལྡོག་དཀའ་ཤེས་པ་ལྕི། །ངོ་སྣུམ་གཉིད་ལོག་རྗེས་ལ་ཁ་ལྕེ་སྐམ། །ཁ་ཁ་དང་ག་མི་བདེ་སྐབས་སུ་རྔུལ། །ལུས་ལྕི་མིག་དམར་མགོ་ལྕི་སྣ་ཁྲག་འཛག །ནུབ་གཉིད་ཆུང་ལ་ཉིན་གཉིད་ཆེ་བ་དང༌། །མེ་ཉིས་ཕོག་ན་ཁམས་ལྕི་གྱེན་ལ་ངལ། །བསིལ་དྲགས་དྲོས་དྲགས་གཉིས་ཀ་གནོད་པར་ཚོར། །གཉིས་པ་གྲང་སྟོབས་ཅན་དེ་རྩ་རྒྱུད་བྱིང་ལ་བུལ། །ཆུ་སྔོ་ལྡོག་ཏུ་མི་འདོད་གདོང་པ་སྐྱ། །ལུས་གྱོང་དང་ག་མི་བདེ་སྣ་ཆུ་འཛག །ཤེས་པ་བྱིང་ལ་ཟས་སྤྱོད་དྲོ་ན་འཕྲོད། །གཉིས་པ་བྱེ་བྲག་སྙིང་ལ་གབ་ན་སེན་མོ་དཀར། །སྲོད་ལ་གཉིད་ཡེར་ཉིན་མོ་གྲིབ་མ་སྙེག །བྲང་རྒྱབ་གདོང་པ་སྲིན་ཐོར་རྒྱུན་མི་ཆད་པ་འོང་། །ཆང་འཐུངས་རྗེས་ལ་དྲན་པ་མི་གསལ་འཕྱོ། །ཕོ་བར་གབ་ན་ཚ་གྲང་གཉིས་ཀ་གནོད། །ཁྱད་པར་དྲོད་དྲགས་ཕུར་པ་བཙུགས་ལྟར་ན། །གསར་ཤ་མི་འཕྲོད་ཟས་སྐོམ་དྲོ་འཇམ་ཕན། །མཁལ་མར་གབ་ན་ཟགས་ཆུ་ཁྲག་ཏུ་འབྱུང༌། །ཆང་འཐུངས་འགྲོ་འདུག་རྗེས་ལ་རྐང་པ་ལྕི། །མཁལ་རྩ་གར་ཁྲིད་གསལ་བ་ལ་ཟེར་ས་ནས་གཟེར་རམ་ཡང་ན་ན། །དེ་ལྟར་ནད་ཀྱི་རྟགས་ལ་ཐེ་ཚོམ་ན། །རྩ་དང་ཆུ་ཡི་སྒོ་ནས་མཚང་འབྲུ་སྟེ། །དང་པོི་རྩ་རྒྱུད་མ་ངེས་ཇི་ལྟར་འདུག་ཀྱང་རུང༌། །གཏིང་ན་ཅུང་ཟད་གྲིམས་ལ་མཁྲང་བར་འོང༌། །ཆུ་མདོག་མ་ངེས་ཇི་ལྟར་འདུག་གྱུར་ཀྱང༌། །རླངས་པ་སངས་བུལ་ཀུ་ཡ་ཆུའི་གཏིང་དུ་ལིང་གི་འོང༌། །དེས་མ་རྟོགས་ན་གཉིས་པ་གཏར་གྱིས་ཕུགས་འཚོལ་ཏེ། །སྙིང་ལ་གབ་ན་སྣོད་ག་གཏར་བས་གསལ། །ཕོ་བར་གབ་ན་རུ་ཐུང་གཏར་བས་ཤེས། །མཁལ་མར་གབ་ན་བྱིན་གཞུག་གཏར་བས་གསལ། །ལུས་སྤྱིར་གབ་ན་སྣོད་ཀ་རུ་ཐུང་བྱིན་གཞུག་གསུམ་ག་གཏར་བར་བྱའོ། །རྣག་གམ་མཁྲིས་པ་ལས་ལྕགས་གཡའ་ཆགས་ན་གབ་པར་ངེས། །ངེས་ཤེས་མ་སྐྱེས་ན་གསུམ་པ་ཟས་སྨན་གྱིས་མགོ་ཕུར་བཤུ་བ་གཉིས་ལས། །དང་པོ་ཁ་ཟས་དྲོད་བཅུད་ཕྱོགས་གཅིག་བསྟེན། །ཐོག་མར་གྲང་བ་ཞི་བས་བདེར་མངོན་ཞིང༌། །བར་དུ་གྲང་བ་ཟད་ནས་ཕན་དང་གནོད་པ་གང་ཡང་མེད། །མཇུག་ཏུ་གཏིང་ཚད་སླེབ་ནས་གནོད་པར་ཚོར། །དེ་རྗེས་གཉིས་པ་སྨན་གྱིས་མགོ་ཕུར་བཤུ་བ་ནི། །སྤྱི་རུ་གབ་ན་ཕྱི་རྒྱུད་ལྟར་ཅུ་གང་བདེ་བྱེད་སྦྱར། །སེ་འབྲུ་སུག་ཤིང་པི་བཞི་པས་བད་རླུང་མགོ་ཕུར་བཤུ། །གུར་ཀུམ་ཅུ་གང་ཨུཏྤལ་ཚ་བ་འཇོམས། །ཁྱད་པར་སྣ་ཁྲིད་ནང་ཡན་ཕུགས་འཚོལ་གསུམ། །དང་པོ་རང་གནས་སྣ་ཁྲིད་བཟང་པོ་སྙིང་ལ་ཛཱ་ཏི་མཁལ་མར་སུག་སྨེལ་ཕོ་བར་ཀ་ཀོ་ལ་གསུམ་པོ་ལ། །གཉིས་པ་ནང་ཡན་ཀུན་ལ་པི་པི་ལིང་གིས་བྱེད། །གསུམ་པ་ཕུགས་འཚོལ་གཙོ་བོ་ཙན་དན་དཀར་པོ་གི་ཝཾ་དང༌། །གུར་ཀུམ་གསུམ་ལ་འཁོར་གྱིས་ཁ་སྒྱུར་བ། །སྙིང་ལ་རུ་རྟ་སྤོས་དཀར་ཨ་ག་རུ་ནག་པོ། །མཁལ་མར་བྲག་ཞུན་གླ་རྩི་ཨ་རུ་ར། །ཕོ་བར་བོང་ང་དཀར་པོ་ལི་ག་དུར། །བྲག་ཞུན་གསེར་གྱི་མེ་ཏོག་ཀ་ར་སྦྱར། །ཐུན་སྐྱུངས་ཆུ་ཚན་འཕུལ་ཏེ་བྲིད་ལ་བཏང༌། །དང་པོར་བད་རླུང་ལ་ཕོག་མི་འཕྲོད་འདྲ། །བར་དུ་གྲང་བ་ཐལ་ནས་གནོད་པ་མེད། །ཐ་མ་ཚ་བར་སླེབ་ནས་ཕན་པར་ཚོར། །དེ་དག་གསུམ་འགྱུར་སྨན་གྱི་མན་ངག་ཡིན།།

          སྤྱི་དོན་བདུན་པ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་ལ་བཅོས་པའི་ཚུལ་དང་གཉེན་པོ་གཉིས། །དང་པོ་བཅོས་ཚུལ་དང་པོ་རྐུན་ཆེན་ཕུགས་སུ་གཞུག་པ་ནི་རྐུན་མ་མཛོད་ཕུགས་སུ་ཞུགས་ན་ནོར་དབྱེ་གསལ་བྱས་ཏེ་ནང་དུ་བཟང་བར་འོས་པ་ཟ་ཕྱིར་གདོན་པ་ལས་གཞན་དང་འདོར་པ་ལྟར་བའི་འདིར་ཚ་བ་ཁོང་དུ་གསོད་ཅིང་ཕྱིར་འཕུལ་བ་དང་ངན་ཁྲག་འབྱེད་པའོ། །བར་དུ་དུད་ཁུང་རྒྱ་སྐར་བྱེ་བ་དང༌ཞེ་ན་དུ་བར་འཁྱིལ་ན་དུང་ཁུང་འབུགས་པ་ལྟར་ནད་རླངས་གཏར་བཤལ་གྱིས་འདོན་པའོ། །ཐ་མ་ཚད་ལྷག་མེ་ལྷག་བསིལ་བའི་སྨན་ཟས་ཆུ་ཡིས་བསད་ཚུལ་ཐབ་ནང་དུ་མེ་སྦར་བའི་ལྷག་མ་ཆུས་གསོད་པ་ལྟར་བསིལ་སྨན་གྱིས་ཚ་བའི་ལྷག་མ་གསོད་པ་བཅས་གསུམ། །གཉིས་པ་གཉེན་པོ་སྨན་དཔྱད་ཟས་དང་སྤྱོད་ལམ་བཞི། །དང་པོ་སྨན་གྱིས་བཅོས་པ་ཐང་དང་ཕྱེ་ས་ཚ་བ་འདུལ་བ་གཉིས། །དང་པོ་ཐང་སྦྱོར་འབྲས་བུ་ཨ་བར་སྐྱུར་གསུམ་དང་བ་ལེ་ཀ །ཨུཏྤལ་སླེ་ཏྲེས་མཁྲིས་པ་ལ་ཏིག་ཏ་བོང་ང་དཀར། །བད་ཀན་ལ་ག་དུར་ཁྲག་ལ་བ་ཤ་ཀ་ཡི་བསྡུས་གྲང་བཏང༌། །ཚ་བ་ཁོང་དུ་གསོད་ཕྱིར་འཕུལ་ཁྲག་ངན་འབྱེད། །དེ་རྗེས་གཉིས་པ་ཕྱེ་མ་ཚ་བ་རབ་སྙིང་ལ་བབ་པ་ལ་ག་བུར་ཨ་ག་རུ། །བསིལ་ཅུ་གུར་ལི་གསུམ་ཏིག་ཏ་བོང་ང་ལི་ག་དུར། །ཀ་ར་དཀར་པོའི་རྟ་ལ་བསྐྱོན་ལ་བཏང༌། །གི་ཝཾ་ཚ་བ་འབྲིང་དང་མཁལ་མར་བབས་པ་ཙན་དན་བསིལ་ཅུ་གུར་ལི་གསུམ་ཨ་རུ་ར། །གླ་རྩི་བོང་ང་དཀར་པོ་ཀ་ར་སྦྱར། །ཆབ་ཆུང་བ་དང་ཕོ་བར་བབས་ན་གུར་ཀུམ་ཅུ་གང་ཏིག་ཏ་ཨ་རུ་ར། །བྲག་ཞུན་ཨུཏྤལ་མཚེ་ཚིགས་པ་དང་བ་ལེ་ཀ །ཀ་ར་སྦྱར་བ་ཚ་བ་རབ་འབྲིང་ཐ། །སྙིང་མཁལ་ཕོ་བ་གནས་དང་སྦྱར་ཏེ་བསྟེན། །ཡང་ན་གོང་གི་བརྟགས་སྐབས་ཀྱི་ནང་ཡན་པི་པི་ལིང་བཞག་པ་ཡི། །སྣ་ཁྲིད་ཕུགས་འཚོལ་སྦྱར་བས་ཚ་བ་ཕྱིར་འཕུལ་ཅིང་གསོད་པའི། ཁ་ཟས་འབྲས་དང་བ་ལང་ཤ་གསར་དང༌། །ཆག་ཚེ་མར་གསར་ཞོ་དཀྲུགས་ཞོ་སྐྱ་སྟེ་ཞོ་རོ་དང་ཞོ་ཕྲུམ་ལ་ཟེར་མཁས་པས་ཚད་པ་ལུས་སྟོབས་སྦྱར། །སྤྱོད་ལམ་བསིལ་གནས་དལ་འདུག་ཉིན་མོར་གཉིད་མི་ལོག །དེ་ཡིས་ཚ་བ་ཁོང་ནས་ཕྱིར་འཕུལ་ཏེ། །གྲོག་ཚང་བཤིག་འདྲ་ཕྱི་ཚད་སྐྱེས་པ་སྟེ་མངོན་ཚུལ་མི་ལེགས་པ་འོང་ན། །དཔྱད་དུ་གང་རྒྱས་རྩ་གཏར་སེ་འབྲུ་ཨ་རུ་ལྕུམ་རྩ་བ་ཆུར་སྦྱངས་པ་བཤལ་གྱིས་སྦྱང༌། །རུས་བབས་བདུད་རྩི་ལྔ་ཡི་རླངས་ལུམས་ཕྱི་རྒྱུད་ལྟར་བྱ། །ཤ་དང་ལྤགས་ལ་བབ་པ་རྔུལ་དུ་ཚ་བ་སྤྱི་བཅོས་ལྟར་དབྱུང༌། །མཁལ་མ་ནང་རྩར་བབས་ན་རྩ་ནས་ཕྱི་རྒྱུད་ལྟར་སྦྱང༌། །དེ་དག་ཚ་བ་རང་སར་དབྱུང་བ་སྟེ། །དུ་བ་འཁྱིམས་ལ་རྒྱ་སྐར་འབྱེད་བཞིན་ནོ། །ཐ་མར་ཚད་གཞུག་མ་ཐོན་རོ་མ་ལས། །རྐྱེན་དང་ཕྲད་ན་མེ་སྟག་སྤྲ་བ་འཕྲད་པ་དང་འདྲ། །དེ་ཕྱིར་གི་ཝཾ་ཙན་དན་དཀར་པོ་བསིལ་ཅུ་གུར་ལི་གསུམ་དང༌། །ཤིང་མངར་བ་ནུའམ་རྒུན་འབྲུམ་ཛཱ་ཏི་པི་པི་ལིང༌། །སེ་འབྲུ་ཤིང་ཚ་ཀ་ར་སྦྱར་བ་ཡིས། །ཕོ་བའི་མེ་གསོ་ཚ་བའི་ལྷག་མ་འདོན། །བལ་ཚིའི་སྦྱོར་བ་དང་རང་འབྱུང་ཆུ་ཚན་གྱི་ཆུ་ལུམས་ཏིག་ཏའི་སྨན་མར་ཕྱིོ་རྒྱུད་ལྟར་སྦྱར། །ཟས་སྤྱོད་ཀྱི་མེ་ལྡང་བའི་ཚད་ལྷག་མེད་པའི་རྟགས་ཐོབ་ཁ་ཟས་ཆ་ཡིས་གློད། །དེ་རྗེས་བྱེ་བྲག་དོན་སྣོད་གང་ལ་བབས་པའི་གསང་ཁ་ཁྱད་པར་ཕོ་མཁལ་སྙིང་གི་གནས་གསུམ་མེས་བསྡམ། །གཉིས་པ་བྱེ་བྲག་སྙིང་ལ་ཚ་བ་གབ་པ་ལ། །ག་བུར་ཙན་དན་དཀར་དམར་ཨ་ག་རུ། །བསིལ་ཅུ་གུར་ལི་གསུམ་ཛཱ་ཏི་ཞོ་ཤ་གེ་སར་དང༌། །ཨ་རུ་ར་དང་ཀ་ར་ལྔ་འགྱུར་དུ་སྦྱར་ལ་བཏང་། །ཚད་སྟོབས་ཆུང་ན་ཙན་དན་དཀར་པོ་དང༌། །ཨུཏྤལ་ནཱ་ག་གེ་སར་ཨ་རུ་ར། །ཛཱ་ཏི་སྐྱུ་རུ་ཀ་ར་སྦྱར་ལ་བཏང༌། །རྩེ་ཆུང་སྣོད་ཀ་ལྕེ་རྩ་ཐོང་རྩ་གཏར། །ཚ་བ་ཆོམས་ནས་ནུ་དབྲག་དྲུག་བདུན་བསྲེག །ཁ་ཟས་ཕྱིས་ན་སྙིང་རླུང་འཇུག་པས་ན། །སྔ་རུ་ཟས་གློད་འབྲས་གསུམ་སྨན་མར་ཕྱི་རྒྱུད་ལྟར་སྦྱར། །ཕོ་བར་གབ་ན་སེ་འབྲུ་སུག་ཤིང་པི་སྒ་ལྔ་པའམ། །ད་ལིས་ཤིང་ཚ་སུག་སྨེལ་ཀ་ཀོ་ལ་ཟི་ར་པི་ལིང་ན་ལེ་ཤམ་བདུན་པས་ཕོ་བའི་གཞི་བཟུང་ལ་ནང་ནུབ་ཆུ་བསྐོལ་དབུལ། །གུར་ཀུམ་གསེར་གྱི་མེ་ཏོག་དུག་མོ་ཉུང༌། །བྲག་ཞུན་དོམ་མཁྲིས་ག་དུར་བ་ལེ་ཀ །ཀ་ར་སྦྱར་བ་དགུང་གཉིས་བསྐོལ་གྲང་དབུལ། །ཡང་ན་ཕྱི་རྒྱུད་ལྟར་ཅུ་གང་བདེ་བྱེད་ཆེན་པོ་ནངས་ནུབ་གུང་གཉིས་དུས་བཞིར་བསྟེན། །རུ་ཐུང་སྣོད་ཀ་གཏར་ལ་(ཆུ་རྩ་སྙ་ལོ་ཆུ་ཆུང་རྩ་བ་བསྡུས་ལ་དུར་བྱིད་པི་ལིང་ཁ་ཚར་བཏབ་པའི་)རྡུལ་སྦྱོང་ངམ་ཐང་ཁྲུས་བྱ། །གསུམ་པ་ཁ་ཟས་ཁྲེའུ་བསིལ་དྲོད་སྤེལ་བའི་རྗེས་ལ་ཕོ་གསང་མདུན་གྱི་ཕོ་དབུས་དང་རྒྱབ་ཀྱི་ཚིགས་པ་བཅུ་གཉིས་བསྲེག །མཁལ་མར་གབ་ན་དམར་པོ་བཞི་ཐང་བཏང༌། །ཕྱེ་མ་ཙན་དན་གུར་ཀུམ་སུག་སྨེལ་དང༌། །ཏིག་ཏ་བྲག་ཞུན་ཤུག་ཚེར་ཨ་རུ་ར། །ཡང་ན་ཙན་དན་གླ་རྩི་ཨ་རུ་ར། །སུག་སྨེལ་ལི་ཤི་གུར་ཀུམ་ཏིག་ཏ་དང༌། །འཇམ་འབྲས་ཀ་ར་སྦྱར་བཏང་བྱིན་གཞུག་ལོང་རྩ་གཏར། །གཟེར་སར་གླ་རིལ་དྲི་ཆུར་བཙོས་པས་བདུག །བཞི་བ་རྗེས་ལ་སྦྲང་ཆང་བོང་བུའི་ཤས་མཁལ་ཟུངས་གསོ། །ཕྱི་རྒྱུད་ལྟར་རྩ་བ་ལྔའི་སྨན་སྨར་སྦྱར་ཚིགས་པ་བཅུ་བཞི་བསྲེག །དེ་ལྟར་གབ་པའི་ཚ་བ་རྣམ་པ་གསུམ། །ཚ་རྗེས་དྲོད་ཀྱིས་མ་བཅོས་ན་གྲང་བར་ལྡོག་པས་དྲོད་བཅོས་སོ། །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གབ་པའི་ཚ་བ་བཅོས་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།

 

མཐའ་མའི་འདོན་ཐེངས་།: 19.02.2021 ཉིན། 4:01 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།