སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་བཞི་པ། ཚ་བའི་རི་ཐང་མཚམས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.02.2021
མན་ངག་རྒྱུད། >>

 ལེའུ་བཅུ་བཞི་པ། ཚ་བའི་རི་ཐང་མཚམས་བསྟན་པ།

དྲང་སྲོང་ཡིད་ལས་སྐྱེས་ཀྱིས་ཡང་གསོལ་པ། །སྨན་པའི་རྒྱལ་པོ་རིག་པའི་ཡེ་ཤེས་ལགས། །ཚ་བའི་ནད་རྣམས་གཉེན་པོས་ཟློག་སླ་ཡང༌། །ཚ་བ་བཅོས་རྗེས་གྲང་བ་སྐྱེས་པ་ཡིས། །ཚ་གྲང་འཁྲུལ་ནས་གཞན་གྱི་སྲོག་འདོར་བས། །རི་ཐང་མཚམས་ཀྱི་ངོས་འཛིན་བཅོས་པའི་ཐབས། །འཁྲུལ་མེད་གནད་ཀྱི་མན་ངག་བསྟན་དུ་གསོལ། །རིག་པའི་ཡེ་ཤེས་དེ་ཡིས་ལན་གསུངས་པ། །རི་ཐང་མཚམས་ཞེས་པ་དཔེས་དོན་བསྟན་པ་ཡིན་ཏེ་དཔེར་ན་རི་ཟད་ནས་ཐང་དུ་སླེབས་པའི་མཚམས་དང་འདྲ་བར་ཚད་པ་ཟད་ནས་གྲང་རླུང་སྐྱེ་བའི་མཚམས་ཡིན་ལ་ ཞུ་འཁྱགས་ཞེས་བྱ་བ་ཡང་དགུན་ཆུ་འཁྱགས་པ་ཉི་མའི་འོད་ཚ་བས་ཞུ་བ་ནའང་སླར་གསེར་བུའི་ངད་གྲང་བས་འཁྱགས་པ་ལྟར་ཚད་པ་ཕྱོགས་ནས་རླུང་སྐྱེས་པས་བསིལ་ཐལ་ན་སླར་ཚ་བར་བཟློག་པ་ཡིན་ནོ་རི་ཐང་མཚམས་ཀྱི་འཕྲང་ལ་རྣམ་པ་གསུམ། །རླུང་གི་ཞུ་འཁྱགས་སྔུན་ནས་འབྱུང་སླ་བ་ཐལ་རྐྱེན་པས་ཚ་བ་མ་ཟད་ཙམ་པའི་བསུ་བ་དང༌། །མཁྲིས་པའི་ཞུ་འཁྱགས་ཟློག་ཁ་ཡང་ཞིང་རྣོ་མྱུར་ཆེ་བས་ཚད་པ་ཟད་རླུང་སྐྱེ་བའི་མགོ་རྩོམ་པའི་མཚམས་ཀྱི་འཕྲང་ལ་བསྒུག་པ་དང༌། །བད་ཀན་ཞུ་འཁྱགས་བུས་ཞིང་བྱིངས་ཆེ་བས་ཕྱི་རྗེས་བཅད་པའོ། །དེ་ལྟར་རི་ཐང་མཚམས་གསུམ་ཡོད་པར་མི་ཤེས་པས་རི་ཐང་མཚམས་ཞེས་སོ་མཚམས་གཅིག་ཏུ་འདོད་པ་དེ་འདྲ་བ་ནི། །རྨོངས་པའི་ལུགས་ཡིན་པས་གཞན་གྱི་སྲོག་འདོར་ར་བྱེད་པས་ན། །དེ་ཕྱིར་འཕྲང་གསུམ་པོ་འདི་ལྟར་ཤེས་པར་གྱིས།།

དང་པོའི་རྟགས་ཀྱི་རླུང་གི་ཞུ་འཁྱགས་ནི་ནད་པ་དེ་རྒས་པ་དང་གདོད་ནས་རླུང་ཆེའི་ཚ་བ་དེ་རླུང་གི་གནས་སྤྱིར་དཔྱི་རྐེད་རུས་ཚིགས་རེག་བྱ་རྣ་བ་ཞུ་གནས་ལོང་བྱེ་བྲག་སྲོག་རྩ་རྣམས་སུ་འབབ་པ་དང་། །མྱ་ངན་དང་སེམས་ལས་སོགས་འཕྲལ་གྱི་རླུང་རྐྱེན་འདོམ། །ག་བུར་གཏར་བཤལ་ཚ་བ་བདའ་དྲགས་སོགས། །དེ་ལ་སོགས་པ་རྣམས་ཀྱི་རིགས་ལ་ཚད་པའི་གཉའ་ཆག་དུས་སུ། །རླུང་གིས་སྣ་བསླང་ན་ཐོར་བུའི་རླུང་ཅེས་རྟགས་འོང༌། །ཐོར་བུའི་རླུང་གིས་ཚད་གཞུག་བུས་པ་ཡིས། །རྩ་རྒྱུག་ཆུ་དམར་བ་དང་དྲོད་ཆེ་བ་དང་སྐོམ་དད་ཆེ་བ་དང་། །ལྕེ་སྐམ་པ་དང་དབུགས་ཀྱི་རྔམ་པ་རྒོད་པ་ལ་སོགས་པ་ཡི། །ཚ་བའི་རྟགས་སྟོན་པས་འཁྲུལ་བའི་ས་ཅིག་ནི་འདི་དུས་ཡིན་ནམ། །སྐབས་འདི་ལྟར་སྣང་ཚ་བའི་རྗེས་སུ་འབྲངས་ནས་ཚ་བ་ཡིན་བསམ་པའི་བསིལ་སྦྱོར་གྱི་དེད་པ་ན། །བསིལ་གྱིས་རླུང་དེད་ནས་ཁ་ཐལ་བའི་རླུང་གིས་ཚ་བ་དེ་ནི་སྲོག་རྩར་དེད་ཅིང་འཕུལ་བས། །ཚ་བ་རྩ་སྟོངས་ཞེས་བྱ་བ་སྟེ་འདི་ལ་གསོ་ཐབས་དཀའ་བ་ཡིན་ནོ། །དེ་ཕྱིར་དེ་ལྟར་མ་བྱུང་སྔ་མོ་དེར་ཟས་ཀྱིས་རླུང་ནི་སྔུན་བསུ་ཞིང་རླུང་གི་སྣ་གླན་པར་བྱེད་དགོས་ལ། །དེ་ཡང་ཧ་ཅང་བསུ་བ་སྔས་ན་ཚ་བའི་གཞུག་དེར། །ཟས་ཀྱིས་བཟུང་ནས་རྙིངས་ཚད་སྐྱེད་པའང་ཡོད། །དེས་ན་རླུང་གི་ཞུ་འཁྱགས་འདི་ཉིད་མི་གསལ་ཞིང་འཁྲུལ་སོ་ཆེ་བའི་ཕྱིར་ན། །དོན་དེ་ཕྱིར་མི་འཁྲུལ་བར་ངོས་བཟུང་བ་ལ་ཕྱི་ནང་གསང་གསུམ་ཡོད་སྟེ། །དང་པོ་ཚད་གཞུག་དེ་རླུང་གིས་བུས་པའི་ཕྱི་རྟགས་སུ། །རྩ་རྒྱུག་པར་གྱུར་ཀྱང་སྟོང་ལ་མནན་མི་བཟོད་རྐྱལ་སྟོང་ལྟ་བུ། །ཆུ་མདོག་དམར་ཡང་སྙིགས་མ་མེད་པས་དྭངས་ལ་ལྦུ་བ་ཆེ། །གཟེར་བ་ཡོད་ཀྱང་གཟེར་དེ་མ་ངེས་པ་གར་ཡང་འཕོ། །ལྕེ་སྟེང་སྐམ་ཡང་ལྕེ་མདོག་དམར་ལ་ཤིན་ཏུ་རྩུབ་སྐམ་བྱེད་པ། །སྐོམ་དད་ཆེ་ཡང་མ་འཐུངས་པ་སྲན་པར་ཚུགས། །དབུགས་ཐུང་ཞིང་རྔམ་འདེགས་རྩེགས་དབུགས་རྒོད་གྱུར་ཀྱང་སྣ་བུག་ཧར། །རླུང་གསང་བརྫིས་ན་ན་སྟེ་སྲན་མི་བཟོད། །གཉེན་པོ་བསིལ་གཏར་བསྟེན་གྱིན་ཚད་པ་སླར་ཡང་སྐྱེ། །བུར་ཞོ་རུས་ཐང་སོགས་བསྟེན་གྱིན་ཚད་རྟགས་ནུབ་པའོ། །གཉིས་པ་ནང་གི་བརྟག་པ་རྩ་ནི་སྟོང་ལ་མྱུར། །ཆུ་མདོག་དམར་ལ་དྭངས་ཤིང་ལྦུ་བ་ཆེ། །ལྕེ་སྟེང་དམར་ལ་སྐམ་ཞིང་རྩུབ་པ་སྟེ། །དེ་གསུམ་མཐུན་ན་ཇི་ལྟར་ན་ཡང་ཁ་ཟས་གློད་པས་ཆོག །ལྕེ་སྐམ་སོགས་ཕན་ཆད་རླུང་གི་འབུད་ཡོད་པ་ཡིན། །དེ་ཡང་ལྕེ་སྐམ་ལ་རིད་ལྕེ་རྩེར་ཡར་འདྲིལ་པ་ན་རླུང་ལས་ཚད་ཁ་མཐོ་བའི་རྟགས། །ལྕེ་སྐམ་ལ་སྟེང་དྲེག་པ་ནག་ན་རླུང་ཚད་ཕྱེད་མར་ཡོད་པའི་རྟགས། །ལྕེ་དམར་ལ་སྐམ་ཞིང་རྩུབ་ན་རླུང་ཉིད་ཟང་མ་ཡིན་ཏེ་ཚ་བ་མེད་པའི་རྟགས། །ལྕེ་སེར་ལ་སྐམ་ཞིང་གྱོང་ན་ཁོག་པར་རླུང་དང་མཁྲིས་པར་ལྡན་པའི་རྟགས། །ལྕེ་སྐྱ་ལ་སྐམ་ཞིང་གྱོང་ན་ཁོག་ནི་བད་རླུང་ཚ་བ་ཡིན་པའི་རྟགས། །ལྕེ་སྐྱ་གླེག་སྟེ་བཀྲག་མདངས་མདོག་མེད་པ་ཚ་བ་བྱེར་ཞིང་རྙོགས་པའི་རྟགས། །ལྕེ་དམར་འཇམ་རློན་ཞིང་མཉེན་ན་ནད་དང་བྲལ། །དེ་ལྟ་བུའི་མན་ངག་གི་གནད་དང་ལྡན་པས་ཞུ་འཁྱགས་གང་ཡོད་མི་ནི་དངོས་སུ་མཐོང་བ་ས་གསལ་ལོ། །གསུམ་པ་གསང་བ་ཕུགས་འཚོལ་སྨན་གྱིས་བརྟག་པ་སྟེ། །བུ་རམ་གོ་སྙོད་སྒ་སྐྱ་བསྡུས་ཐང་ངམ། །རུས་བཅུད་སྲེ་ལོང་སོག་ཡུ་གཞུག་ཆུང་གསུམ་མམ་བུར་རམ་ཞོ་སྨིན་པ་ལ་བཏབ་པ་གང་རུང་བ། །ཁྱོར་གང་སྲོད་ལ་བཏང་པའི་དེ་ནུབ་ཏུ། །ནད་པ་དེ་ཉིད་གཉིད་ཆེ་བ་ཟུག་ཆུང་བླ་འཆོལ་འཁྲུལ་གཏམ་ཉུང་བ་དང༌། །ནང་པར་ལྕེ་རློན་ཤེས་པ་གསལ་ན་རླུང་གི་ཞུ་འཁྱགས་ཡིན་པར་ངེས། །དེའི་དབུགས་ཀྱི་རྔམ་རྒོད་ལུས་འདར་བརྒྱལ་འབོག་ཚིག་སྨྲ་བ་འཆལ་ལྕེ་གྲེ་ཕུག་ཏུ་འབྲོས་པ་ན། །འཕྲལ་དུ་རྐང་ལག་གི་མཐིལ་བཞིར་རྩ་སྣ་ཡོད་པས་མཐིལ་བཞིར་དང་ཚིགས་ཏེ་སྒལ་ཚིགས་ཕྱི་ནང་འབྲེལ་བའི་རྩ་ཡོད་་བསྐུ་མཉེ་བྱ། །ཚིལ་བུ་བུ་རམ་ཕྱེ་གསུར་དུ་བས་བདུག །གོང་བཞིན་ཞུ་འཁྱགས་སྐབས་ཀྱི་སྣ་ལོན་མཚམས་སུ་ཕེབས་པར་ངེས་པ་ཡིན་ཏེ། །དེ་ལྟར་ངེས་པ་རྙེད་ན་བསིལ་ཤ་རི་དྭགས་བ་བླང་ར་ན་གཞོན་སོགས་གསར་པ་ཡི། །ཚོ་ཁུ་མེ་མ་ཕྲད་ཤ་གསར་གྲི་འཐགས་བྱས་པར་ཚྭ་རྡོར་ཚོང་ཐལ་རྣམས་ཆུ་དང་རན་པར་སྦྱར་བ་ལུང་རྡོ་བཟང་པོ་བསྲེགས་པའི་ནང་དུ་བརྐོལ་བའི་ཤ་ཚོད་ཡིན་ནོ་དང་གསར་འཇམ་ཆང༌། །བ་ཤ་བཙོས་རྡུད་ཁེངས་སྒོག་སྐྱ་རུས་པ་བརྡུངས་བའི་ཆུས་བསིངས་བའི་ཆབ་མིག་དང༌། །བ་རའི་མར་གསར་ཀ་ར་སྦྲང་སྦྱར་རྣམས། །དགོང་དང་ཐོ་རངས་རླུང་དུས་བསྟེན་པར་བྱ། །དེ་ལས་རྒྱས་པ་ཚད་སྟོངས་ཏེ་སྟོངས་ཚད་ཀྱི་བཅོས་འོག་ཏུ་འབྱུང་བ་ལྟར་གྱི་བཅོས་དང་མཐུན། །ཁ་ཟས་སྔར་ན་གློད་ལ་བསིལ་སྨན་གཞུག་བསྲིངས་ལ་བཏང་སྟེ། །ཟས་ཀྱིས་རླུང་མནན་བསིལ་སྨན་གྱིས་ཚད་ལྷག་གདོན་པ་ཡིན་ནོ།།

གཉིས་པ་མཁྲིས་པའི་ཞུ་འཁྱགས་ནི་ནད་པ་དེ་དར་མ་ནད་ཁམས་ཁྲག་དང་མཁྲིས་པ་ཆེ་བ་དང༌། །མཁྲིས་པའི་གནས་སུ་ལྟེ་བ་ཕོ་བ་ཁྲག་རྔུལ་དྭངས་མ་ཆུ་སེར་མིག་ལྤགས་ཁྱད་པར་ཞུ་གནས་བྱེ་བྲག་ཁྲག་རྔུལ་མིག་མཆིན་མཁྲིས་རྒྱུ་མ་སོགས་ཚ་བ་བབས་པ་དང༌། །ཤ་ཆང་བསྟེན་དྲགས་པ་དང་གཉིད་དང་དྲག་ཤུལ་གྱི་ལས་སོགས་ཚད་པའི་རྐྱེན་འདོམ་པ་དང་། །ཚ་བ་བཅོས་ཕྱིས་ནས་ཚ་བ་ཁ་ཐལ་དང༌། །ཚད་པ་བད་རླུང་གྲོགས་མེད་རྐྱང་པ་རྣམས། །ཚད་པ་ཟད་ཀྱང་བད་རླུང་གི་རྟགས་མི་འབྱུང༌བས། །དེ་ལ་ཟས་གློད་ཡེན་ལ་བཀག་པ་མེད་པར་གཏད་རྗེས་ཀྱི། །རྩ་སྦུབས་སྟོངས་པས་སླར་ཟས་ཚད་སྐྱེད་འགྱུར་བས། །རྩ་འདེགས་གྲིམས་དྲོད་ཆེ་ཁ་སྐམ་ཤེས་པ་འཐིབ། །འདི་ལ་ཚད་ལྷག་ཡོད་ཟེར་འཁྲུལ་པའི་ས་ཡིན་ཏེ། །རྨོངས་པས་དེ་ལ་སྨན་སོགས་བསིལ་གྱིས་དེད་པ་ཡིས། །ཟུངས་ཟད་རླུང་ལས་གྱུར་པའི་ཚ་བར་སླར་ཡང་ལྡོག་ཏེ།  །དེ་སྲོག་གཤིན་རྗེའི་ལག་ཏུ་གཏད་དང་མཚུངས། །ཟས་གློད་པ་སྔས་ན་ཡང་རྒྱས་པའི་ཚ་བར་ལྡོག །གང་ཡང་མི་ཤེས་རྨོངས་པ་མགོ་བོ་འཁོར། །མ་སྔས་ཏེ་ཚད་པ་ཟད་པ་མ་ཕྱིས་ཏེ་ཟུངས་ཟད་རླུང་ལས་གྱུར་པའི་ཚ་བར་མ་བཟློག་པའི་བར་གྱི་འཕྲང་ལ་བསྒུག་པ་གཅེས་སོ། །དེ་ལ་ངོས་བཟུང་བའི་རྟགས་ལ་ནི་དོན་མེད་པར་ལུས་ལ་རྔུལ་འབྱུང་ཞིང༌། །དང་ག་མི་འགག་སྐོམ་དད་ཆུང་བ་དང༌། །གཉིད་དུ་སོང་དུས་ཟ་ཟི་མི་འོང་བར་དབུགས་ཀྱི་རྔམ་པ་བདེ། །སྣ་རྡོག་མཉེན་ཞིང་ཆུ་མདོག་དམར་སེར་དང༌། །རྩ་རྒྱུད་ཕྱི་གྲིམས་པ་ནི་ཚད་པའི་ལྟར་སྣང་ཁོང་ལྷོད་པ་ནི་གྲང་བའི་ངོ་བོ་ཐ་མལ་གྱི་གྲངས་ནི་སྨན་པའི་ཕྱི་ནང་གིི་དབུགས་འབྱུང་རྔུབ་གཅིག་ལ་ལན་ལྔ་འཕར་བ། །ལྕེ་སྟེང་སེར་ལ་སྐམ་ཁོག་ཐ་མ་དམར། །ཤ་རྙིང་མར་རྙིང་བུ་རམ་ཆང་ལ་སོགས། །བསྟུད་དྲགས་པ་དང་ཧ་ཅང་ཚད་ལས་ཐལ། །དྲོད་བཅུད་ཟོས་འགྲོག་སྟེ་ཟོས་འཕྲལ་ལམ་ཟོས་མ་ཐོག་དེར་ཚ་བ་སྐྱེ་ཡང་ཟས་མི་བཅད་ཡིག་རྙིང་དང་འགྲེལ་བར་ཟས་བཅད་མེད་བཅས་པ་འབྱུང་སྟེ་འདི་དུས་བཅུད་ཀྱི་ཟས་དེ་བཅད་ན་ཚད་རྟགས་མེད་ཅེས་པའི་དོན་ཡིན་ནོ།། །དེ་ལས་ཐལ་ནས་ཟུངས་ཟད་རླུང་གྱུར་ན། །ལུས་ཀྱིས་ཤ་འཆོར་པགས་པའི་མདོག་སེར་ལྕེ་ཡིས་རོ་མི་ཚོར། །དབུགས་ཀྱི་རྔམ་པ་རྒོད་ཅིང་ལུས་ཀྱི་བ་སྤུ་ལྡང་ཞིང་སྐོམ་དད་ཆེ། །སྐྲ་རྩ་སེང་འགྲེང་བ་ལ་སྐྲ་འདབ་བག་ཙམ་འདར། །དེ་རྣམས་ནི་མཁྲིས་པའི་ཞུ་འཁྱགས་མི་འགྱུར་ངོས་འཛིན་ཡིན། །དེ་ལ་བཅོས་ཐབས་ནི་ཚད་པའི་རྟགས་རྣམས་ནུབ་པ་དང་། །དེ་མ་ཐག་པ་གྲང་རླུང་གི་རྟགས་མི་སྒུག་བུར་ཞོ་ཚོ་ཁུ་དང༌། །ཆང་འཇམ་ལ་ཆུ་བསྲེས་པ་ཆ་ཡིས་ཐོག་མ་ཉུང་ཤས་ནས་རིམ་གྱིས་བྲིད་ལ་བཏང་། །དེ་ཡིས་ཚ་བ་མི་སྐྱེ་འཁྲུལ་བར་མི་སྲིད། །ཡང་ཚད་ནད་སྔར་མ་དེ་ཟད་ཟས་ཀྱིས་ཚ་བ་སྐྱེར་མངོན་ན་ཡང་དེས། །ལུས་ཟུངས་བསྲེག་པའི་ནུས་མེད་དཔེར་ན་མེ་ཤི་ཤུལ་གྱི་ཐལ་ཚན་དྲོད་་ཡོད་པ་དང་འདྲ། །གལ་ཏེ་ཚ་བ་དེ་བསིལ་གྱིས་བདའ་དྲགས་ཁ་ཐལ་ན། །ཟུངས་ཟད་རླུང་གྱུར་པ་དེ་སླར་ཚ་བར་ལྡོག་པའི་ཕྱིར། །རུས་རྙིང་བསྡུས་ཁུར་ཤིང་ཀུན་སེ་འབྲུ་ཤིང་ཚ་གོ་སྙོད་འུ་སུ་སོགས་སྤོད་སྣ་དང་། །བིག་པན་སྒོག་སྐྱ་ནུས་བསྲེགས་ཐལ་བ་དྲོ་འཇམ་ཁྱེའུ་སུས་བཏང༌། །ཡང་ན་ཁ་རུ་ཚྭ་དང་ཛཱ་ཏི་དང༌། །མར་རྙིང་སྦྱར་བ་སུམ་ཡར་བཏང་བར་བྱ། །དེས་མ་ཐུབ་ན་ཛཱ་ཏི་གསུམ་མམ་ལྔ། །ཁ་རུ་ཚ་ལ་ཞོ་བཞི་བུར་སྲང་གཅིག །མར་རྙིང་སྲང་བདུན་ལྡེ་གུར་བྱས་ཏེ་བཏང༌། །མི་རུས་བསྡུས་ཁུར་སྒོག་སྐྱ་ཤིང་ཀུན་བྲན། །རྐང་ལག་གི་མཐིལ་བཞི་དང་ཚིགས་པ་རྣམས་དང་རླུང་གསང་རྣམས་ལ་སྐུ་མཉེ་དང༌། །རླུང་གསང་བཞི་བསྲོ་ཨན་སྟོང་དང་ཚིགས་པ་དྲུག་པ་དང་སྐེ་སྟོང་དང་དཀར་ནག་མཚམས་རྣམས་ཡིན། ལ་ལས་དཀར་ནག་མཚམས་ཀྱི་དོན་དུ་ཚིགས་པ་བདུན་པ་བྱེད་པའང་འདུག་བསྲོ་མར་རྙིང་འཇམ་རྩི་བྱ། །ཤ་ཆང་མར་རྙིང་བུ་རམ་དྲོད་བཅུད་བསྟེན།།

གསུམ་པ་བད་ཀན་གྱི་ཞུ་འཁྱགས་ནི་ནད་པ་དེ་བྱིས་པ་དང་གདོད་མ་ནས་བད་ཀན་གྱི་ངོ་བོས་གྲང་བ་ཤས་ཆེ་བ་དང་། །བད་ཀན་སྐྱ་བོིའི་ཡུལ་དུ་མགུལ་པ་བྲང་གློ་བ་མགོ་དྭངས་མ་ཤ་ཚིལ་རྐང་ཁུ་བ་སྣ་ལྕེ་ཁྱད་པར་མ་ཞུ་བའི་གནས་བྱེ་བྲག་ཕོ་བ་མཁལ་སྙིང་རྣམས་སུ་ཚ་བ་བབས་པ་དང༌། །མ་སྨིན་པར་གཏར་བ་དང་བསིལ་བཅོས་བྱས་པས་ཚ་བ་བྱེར་བ་སོགས་རྐྱེན་དེ་དག་འདོམ་ནས། །ཚད་གཞུག་མི་མངོན་པར་གྲང་རྟགས་ཁ་ཡར་འོང༌། །རྩ་དལ་ཆུ་མདོག་སྔོ་ལ་དང་ག་འགག །ལྕེ་རློན་གདོང་སྐྱ་ཁ་ཟས་འཇུ་བ་དཀའ། །དེ་ལ་ཚ་བའི་ནད་ནི་མི་མངོན་པར་ལྐོག་ཏུ་བག་ལ་ཉལ་དུ་ཡོད་བས་གྲང་བར་འཁྲུལ་བ་ཡོད། །དེ་ལ་བརྟེན་ནས་ཟས་གློད་སྔས་པས་ཚ་བར་ལྡོག །ཧ་ཅང་ཐལ་དྲགས་དམུ་ཆུར་འགྱུར་བ་ཡོད། །དེ་མ་ཡིན་པ་འདི་ལ་ཐལ་སྐྱོན་ཆུང༌། །དེ་ཕྱིར་ཚ་བ་ཟད་ངེས་པའི་རྟགས་མཐོང་ནས་ཕྱི་རྗེས་དྲོད་ལ་བསྐོང་ནས་བཅད་དོ། །དེ་དག་ངོས་བཟུང་བ་ནི་རྩ་རྒྱུད་བྱིང་ཞིང་དལ་ལ་ལྷོད་པར་འཕར། །ཆུ་ཁ་སྙི་ལ་ཆུའི་མདོག་སྙོགས་པ་མེད་པར་སྔོ་ཤིན་ཏུ་དྭངས། །སྔར་གྱི་གོས་གྱོན་གོས་ཀྱིས་མི་དྲོས་སྐྲ་རྩ་སེང༌འགྲེང་བ། །ཁ་ཟས་འཇུ་བའི་སྟོབས་དང་སྐོམ་དད་ཆུང༌། །མིག་ཕུག་ཏུ་བྲོས་བྲང་དང་གསུས་པ་རྐང་པའི་བོལ་སྐྲངས། །རྟགས་དེ་རྣམས་ཚང་ན་དེ་དུས་ཚ་བ་མེད་པའི་ངེས་རྟགས་ཡིན་པས། །གོང་གི་མཁྲིས་པའི་ཞུ་འཁྱགས་དང་དང་མི་འདྲ་ཁ་ཟས་ཉུང་ངུ་ནས་བྲིད་མི་དགོས་པས་། །ཤ་ཆང་སོགས་དྲོད་བཅུད་ཐམས་ཅད་ཕོ་བས་ལེན་ཚད་དུ་ལྷུག་པར་བཏང་བས་ཆོག །ཟས་འཇུ་དཀའ་ཞིང་ཕོ་བར་སྦོ་ཞིང་སྒྲེག་པ་འབྱུང་བ་དང་ཁ་མངལ་བ་དང་མཆིལ་མ་མང༌བ་བྱུང་ན། །ཅུང་སྐ་མངར་ཉམས་ལ་རོ་མི་གསལ་དེ་ལ་རྒྱམ་ཚྭ་གསུམ་ཐང་སེ་འབྲུ་བཞི་པའམ། །རྒྱུད་ཕྱི་མའི་རྒོད་མ་ཁ་ཡི་ཕྱེ་མས་མེ་དྲོད་བསྐྱེད། །ཅེས་གསུངས་སོ། །

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཚ་བའི་རི་ཐང་མཚམས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།

 

མཐའ་མའི་འདོན་ཐེངས་།: 19.02.2021 ཉིན། 3:57 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།