སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་བཞི་པ། ཚ་བ་རི་ཐང་མཚམས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.08.2011
མན་ངག་རྒྱུད། >> ལེའུ་བཅུ་བཞི་པ། ཚ་བའི་རི་ཐང་མཚམས་བསྟན་པ།

ལེའུ་བཅུ་བཞི་པ་རི་ཐང་མཚམས་བཤད་པ་ལ་གསུམ། བསླབ་པར་ཞུས་པའི་མཚམས་སྦྱོར་བ། དེའི་ལན་བསྟན་པ་གཞུང༌། ལེའིུ་མཚན་ནོ། །དང་པོ་ནི། དྲང་སྲོང་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། དེ་ཡང་རི་ཐང་མཚམས་ཀྱི་འཁྲུལ་མེད་ཀྱི་ངོས་འཛིན་དང་གཅོས་ཐབས་ཀྱིས་གདམས་པ་ཞུས་པའོ། །གཉིས་པ་ལ་གསུམ། བྱེ་བྲག་ཕྱེ་སྟེ་མདོར་བསྟན་པ། སོ་མཚམས་དུས་གཅིག་ཏུ་འདོད་པའི་སྐྱོན་དང༌། བསླབ་བྱ་དེ་དོན་རྒྱས་པར་བཤད་པའོ། །དང་པོ་ནི། རི་ཐང་ཞེས་རྐང་པ་བཞིས་བསྟན་ཏེ། རི་ཐང་ཞེས་དཔེས་དོན་འཚོལ་བ་སྟེ། དཔེར་ན་རི་ཟད་ནས་ཐང་དུ་སླེབས་མཚམས་ཡིན་ལ། དེའི་མཚམས་སུ་རི་ཀླུངས་ཀྱི་བྱེ་བྲག་ཕྱེད་དགོས་པ་ལྟར་ཚད་པ་ཟད་མཚམས་སུ་གྲང་རླུང་སྐྱེ་བས། དེའི་སོ་མཚམས་བྱེ་བྲག་ཕྱེད་དགོས་པ་ནི། རི་ཐང་མཚམས་ཞུ་འཁྱགས་མཚམས་སུ་གྲང་རླུང་སྐྱེ་བས། དེའི་སོ་མཚམས་བྱེ་བྲག་ཕྱེད་དགོས་པ་ནི། རི་ཐང་མཚམས་ཞུ་འཁྱགས་མཚམས་ཚ་གྲང་ལ་མཚམས་ཞེས་པའི་དོན་ནོ། །དེས་ན་ནོར་མི་ནོར་གྱི་སོ་མཚམས་ཀྱི་འགག་འདུས་ཤིང་ཉེན་ཆེ་བའི་དཀའ་གནས་འཕྲང་ལྟ་བུ་དེ་ལའང་ཉེས་པའི་འཕེལ་འགྲིབ་མགྱོགས་བུལ་ལ་བལྟོས་པའི་འཕྲང་རྣམ་པ་གསུམ་ཡོད་དེ། གང་ཞེ་ན་རླུང་གི་ཞུ་འཁྱགས་འབྱུང་སླ་ཞིང་ཐལ་སྐྱོན་ཆེ་བས་ཚ་བ་མ་ཟད་པའི་སྔུན་ནས་བསུ་བ་དང༌། མཁྲིས་པའི་ཞུ་འཁྱགས་ཟློག་ཁ་ཡང་ཞིང་རྣོ་མྱུར་ཚབས་ཚད་པ་ཟད་རླུང་སྐྱེས་མཚམས་ཀྱི་འཕྲང་ལ་བསྒུག་པ་བར་དེར་བཅོས་པ་དང༌། བད་ཀན་གྱི་ཞུ་འཁྱགས་བུལ་ཞིང་བྱིངས་ཆེ་བས་ཕྱི་རྗེས་བཅད་པ་ཐ་མར་བཅོས་པ་སྟེ་ཉེས་པ་ལ་བལྟོས་པའི་དུས་གསུམ་ཡོད་པའོ། །གཉིས་པ་སོ་མཚམས་དུས་གཅིག་ཏུ་འདོད་པའི་སྐྱོན་བསྟན་པ་ནི། དེ་ལྟར་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་བསླབ་བྱ་དེ་དོན་རྒྱས་པར་བཤད་པ་ལ་གསུམ། རླུང་དང༌། མཁྲིས་པ་དང༌། བད་ཀན་ནོ། །དང་པོ་རླུང་གི་རི་ཐང་མཚམས་ལ་དྲུག །རླུང་གི་རི་ཐང་མཚམས་འབྱུང་བའི་རྒྱུ་རྐྱེན་སྤྱིར་བསྟན་པ། འཁྲུལ་བ་བྱེ་བྲག་ཏུ་བཤད་པ། ལྟར་སྣང་རྗེས་འབྲངས་ཀྱི་འཁྲུལ་སྐྱོན་བསྟན་པ། དེའི་བཟློག་ཐབས་དང་དྲགས་སྐྱོན་བསྟན་པ། ཁྱད་པར་ངོས་འཛིན་བརྟག་པ་བསྟན་པ། དེའི་བཅོས་ཐབས་བསྟན་པའོ། །དང་པོ་རི་ཐང་མཚམས་འབྱུང་བའི་རྒྱུ་རྐྱེན་སྤྱིར་བསྟན་པ་ནི། རྒས་དང་ཞེས་རྐང་པ་ལྔས་བསྟན་ཏེ། རླུང་གནས་ནི་དཔྱི་རྐེད་དང་རུས་ཚིགས་དང༌། རེག་བྱ་རྣ་བ་རླུང་གི་གནས་ཡིན་ཏེ། ཁྱད་པར་ཞུ་ནས་ལོང་ན་གནས་པ་ཡིན། ཞེས་བཤད་རྒྱུད་དུ་བཤད་དོ།།

        གཉིས་པ་འཁྲུལ་བ་བྱེ་བྲག་ཏུ་བཤད་པ་ནི། ཐོར་བུ་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་ལྟར་སྣང་རྗེས་འབྲངས་ཀྱི་འཁྲུལ་སྐྱོན་བསྟན་པ་ནི། ལྟར་སྣང་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཁ་ཐལ་བ་ནི་བསིལ་ཐལ་ཆེས་པས་རླུང་ལྷག་པར་འཕེལ་བའོ། །བཞི་པ་དེའི་བཟློག་ཐབས་དང་དྲགས་སྐྱོན་བསྟན་པ་ནི། དེ་ཕྱིར་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །ལྔ་པ་ཁྱད་པར་གྱི་ངོས་འཛིན་བརྟག་པ་བསྟན་པ་ལ་གཉིས། རྒྱུ་དང་རྐྱེན་དང་བཅས་ཏེ་མདོར་བསྟན་པ། དེ་དོན་རྒྱས་པར་བཤད་པའོ། དང་པོ་ནི། རླུང་གི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། ཕྱི་རྟགས་ལ་ངོས་བཟུང་བ། ནང་རྟགས་ལ་ངོས་བཟུང་བ། གསང་རྟགས་ལ་ངོས་བཟུང་བའོ། །དང་པོ་ཕྱི་རྟགས་ལ་ངོས་བཟུང་བ་ནི། ཚད་གཞུག་ཅེས་རྐང་པ་བཅུས་བསྟན་ནོ། །གཉིས་པ་ནང་རྟགས་ནི། ནང་གི་ཞེས་རྐང་པ་བཅུ་གསུམ་གྱིས་བསྟན་ཏེ། སྐམ་ལ་རིད་པ་ནི་ལྕེ་རྩ་ཡར་འདྲིལ་ཉམས་ཡོད་པའོ། །བྱེར་རྙོགས་ཀྱི་ལྕེ་སྐྱ་སླེག་ནི་མདོག་སྐྱ་བ་ལ་སླེག་བཀྲག་མཚུངས་པ་སྟེ། ཆང་གི་བྲོ་བ་དང་མདོག་སོགས་ཆུང་བ་ལ་སིང་སླེག་ཅེས་པ་ལྟར་རོ། །གསུམ་པ་གསང་རྟགས་ནི། གསང་བ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། བུར་ཞོ་ནི་བུར་རམ་དང་ཞོ་སྨིན་ཆ་མཉམ་འདྲེས་པར་དཀྲུགས་པའོ། །དེ་ལྟར་ཕྱི་ཡུལ་ལ་བརྟག་པ། ནང་རྩ་ཆུ་ལ་བརྟག་པ། གསང་བ་སྨན་གྱིས་ནང་ཕུགས་རྩལ་ནས་བརྟག་པ་གསུམ་མོ། །དྲུག་པ་དེའི་བཅོས་ཐབས་བསྟན་པ་ནི། རྔམ་རྒོད་ཅེས་རྐང་པ་བཅུ་གཉིས་ཀྱིས་བསྟན་ཏེ། མཐིལ་བཞི་ནི་རྐང་མཐིལ་གཉིས་དང་ལག་མཐིལ་གཉིས་ཏེ་མཐིལ་བཞིའོ། །དེའི་རྩ་ན་ཡོད་པའོ། །ཚིགས་ནི་སྒལ་ཚིགས་ཏེ་ཕྱི་ནང་འབྲེལ་བའི་རྩ་སོགས་ཡོད་པའོ། །གོང་གི་སྣ་ལོན་པ་ནི་རྔམ་རྒོད་འདར་བ་འབོག་པ་སྨྲ་ཆལ་གྱི་སྣ་ལོན་པའོ། །བསིལ་ཤ་གསར་པ་ནི་རི་དྭགས་བ་ལང་ར་ན་གཞོན་གྱི་ཤའོ། །ཚོ་ཁུ་མེ་མ་འཕྲད་པ་ནི། ཤ་གསར་གྲི་ཐག་བྱས་པ་ལ་ཚ་སྡོར་ཚོ་ཐལ་རྣམས་ཆུ་དང་རན་པར་སྦྱར་བ་ལ་ལུང་རྡོ་བཟང་པོ་བསྲེགས་ལ་ཕོག་པའི་ནང་དུ་སྐོལ་བའི་ཤ་ཚོད་དོ་ཞེས་བླ་རྟ་བཞེད། གཡུ་ཐོག་པའི་རྒྱུད་ཕྱག་དྲེག་མར་དཀར་གོང་མེ་ལ་བསྲེགས་པས་སྐོལ་བ་ལ་བཞེད། དྲིན་ཅན་བླ་མ་ཉི་ཐང་ཆོས་རྗེ་རྡོ་ཁོག་མེ་ལ་བསྲེགས་པ་ཕྱིར་ཕོག་པའི་ནང་དུ་ཤ་ཁུ་ལུགས་པའི་དོན་ཡིན་གསུང༌། ཚད་སྟོངས་ཀྱི་བཅོས་ནི་འོག་ཏུ་འཆད་དོ། །གཉིས་པ་མཁྲིས་པའི་རི་ཐང་མཚམས་ལ་དྲུག །མཁྲིས་པའི་རི་ཐང་མཚམས་འབྱུང་བའི་རྒྱུ་རྐྱེན་སྤྱིར་བསྟན་པ། འཁྲུལ་བ་བྱེ་བྲག་ཏུ་བསྟན་པ། ལྟར་སྣང་རྗེས་འབྲངས་ཀྱི་འཁྲུལ་སྐྱོན་བསྟན་པ། བྱ་ར་སྒྲིམས་པ་གཅེས་པར་གདམས་པ། ཁྱད་པར་ངོས་འཛིན་གྱི་བརྟག་པ་བསྟན་པ། དེའི་བཅོས་ཐབས་བསྟན་པའོ། །དང་པོ་མཁྲིས་པའི་རི་ཐང་མཚམས་འབྱུང་བའི་རྒྱུ་རྐྱེན་སྤྱིར་བསྟན་པ་ནི། དར་མ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། མཁྲིས་པའི་གནས་ནི། བཤད་རྒྱུད་དུ། མཁྲིས་གནས་ཕོ་བ་ལྟེ་བ་ཁྲག་དང་རྔུལ། །དྭངས་མ་ཆུ་སེར་མིག་དང་པགས་པ་སྟེ། །ཁྱད་པར་ཞུ་གནས་ལོང་ན་གནས་པ་ཡིན། །ཞེས་དང༌། བྱེ་བྲག་ནི་རྩ་རྒྱུད་དུ། ཁྲག་རྔུལ་མིག་དང་མཆིན་མཁྲིས་རྒྱུ་མ་དང༌། ཞེས་སོགས་སོ། །ཁ་ཐལ་བ་ནི་ཚད་སྟོབས་རྒྱས་པ་བཅོས་ཀྱི་མི་ཐུབ་པ་ལྟར་གྱུར་པའོ།།

གཉིས་པ་འཁྲུལ་བ་བྱེ་བྲག་ཏུ་བསྟན་པ་ནི། དེ་ལ་ཞེས་རྐང་པ་བཞིས་བསྟན་ཏེ། གོང་དུ་བསྟན་པ་དེ་ལ་ཟས་གློད་པས་སྔར་ཡེན་ལ་གཏད་རྗེས་རྩ་སྟོང་བར་ཟས་ཀྱི་ཚད་པ་སྐྱེས་ཏེ་གཏིང་ཚད་དང་འཁྲུལ་བའོ། །གསུམ་པ་ལྟར་སྣང་རྗེས་འབྲངས་ཀྱི་འཁྲུལ་སྐྱོན་བསྟན་པ་ནི། རྨོངས་པས་ཞེས་རྐང་པ་ལྔས་བསྟན་ནོ། །བཞི་པ་བྱ་ར་སྒྲིམས་པ་གཅེས་པར་གདམས་པ་བཤད་པ་ནི། མ་སྔས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རི་ཐང་མཚམས་ཀྱི་བཅོས་མི་སྔ་སྟེ་ཚད་པ་ཟད་དགོས། མི་ཕྱི་སྟེ་ཟུངས་ཟད་རླུང་འགྱུར་ཚ་བར་མ་སོང་བའི་འཕྲང་དེར་བསྒུགས་ནས་བཅོས་པ་གཅེས་སོ། །ལྔ་པ་ཁྱད་པར་ངོས་འཛིན་གྱི་རྟགས་བསྟན་པ་ལ་གཉིས། མཁྲིས་པའི་རི་ཐང་མཚམས་སུ་སླེབས་རྟགས། ཟུངས་ཟད་རླུང་འགྱུར་གྱི་རྟགས་བཤད་པའོ། །དང་པོ་མཁྲིས་པའི་རི་ཐང་མཚམས་སུ་སླེབས་རྟགས་བཤད་པ་ནི། ངོས་བཟུང་ཞེས་རྐང་པ་དགུས་བསྟན་ཏེ། རྩ་རྒྱུད་ཕྱི་གྲིམས་པ་ནི་ཚད་པའི་ལྟར་སྣང༌། ཁོང་ལྷོད་པ་ནི་གྲང་བའི་ངོ་བོ། །ཐ་མལ་ཕྱིས་གྲངས་ནི་ཐ་མལ་ནད་མེད་དེ། སྨན་པའི་དབུགས་ཕྱི་ནང་ཁུག་པ་གཅིག་གི་ཡུན་ལ་ལན་ལྔ་འཕར་བའོ། །ཟོས་འགྲོག་ཚ་བ་སྐྱེ་ཡང་ཟས་མི་བཅད་པ་ནི། དྲོད་བཅུད་ཟོས་འགྲོག་སྟེ་ཟོས་འཕྲལ་ཚ་བ་སྐྱེས་ཀྱང་ཟས་དེ་བཟད་ན་ཚད་རྟགས་མེད་པའོ། །གཉིས་པ་ཟུངས་ཟད་རླུང་འགྱུར་གྱི་རྟགས་བཤད་པ་ནི། དེ་ལས་ཞེས་རྐང་པ་ལྔས་བསྟན་ཏེ། སྐྲ་རྩ་སེང་བ་ནི་སྐྲ་རྩ་འདྲེངས་པའོ། །དྲུག་པ་དེའི་བཅོས་ཐབས་བསྟན་པ་ལ་གཉིས། སྤྱི་བཅོས་དང་བྱེ་བྲག་ཟུངས་ཟད་རླུང་འགྱུར་གྱི་བཅོས་སོ། །དང་པོ་སྤྱིར་བཅོས་ནི། དེ་ལ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། ཆ་ཡི་བྲིད་པ་ནི་འདྲིས་སུ་འཇུག་པ་སྟེ། དང་པོ་ཆུང་ཆུང་ལ་རྗེས་ལ་མང་བར་རིམ་པས་བསྐྱེད་པའོ། །གཉིས་པ་བྱེ་བྲག་ཟུངས་ཟད་རླུང་གྱུར་གྱི་བཅོས་ནི། གལ་ཏེ་ཞེས་རྐང་པ་བཅུ་གསུམ་གྱིས་བསྟན་ཏེ། རུས་རྙིང་ནི་ལུག་དང་གཡག་འབྲོང་གིའོ། །སྤོད་སྣ་བྲན་པ་ནི། སེ་འབྲུ་ཤིང་ཚ་འུ་སུ་གོ་སྙོད་སོགས་སོ་ཞེས་མཆན་ཕལ་ཆེར་མཐུན་པར་འདུག་གོ །བིག་པན་ཐལ་བ་ནི་སྒོག་ཐལ་ལོ་ཞེས་ཕྱག་དྲེག་མའི་མཆན་དུ་གསལ། སུམ་ཡར་བཏང་བ་ནི་དུས་གསུམ་དུ་བཏང་བའོ། །རླུང་གསང་བཞི་ནི། ཨན་སྟོང་དང་པོ་ཚིགས་པ་དྲུག་པ། སྐེ་སྟོང་དང་དཀར་ནག་མཚམས་དང་བཞིའོ། །གསུམ་པ་བད་ཀན་གྱི་རི་ཐང་མཚམས་ལའང་དྲུག །བད་ཀན་གྱི་རི་ཐང་མཚམས་འབྱུང་བའི་རྒྱུ་རྐྱེན་སྤྱིར་བསྟན་པ། འཁྲུལ་བ་བྱེ་བྲག་ཏུ་བཤད་པ། ལྟར་སྣང་རྗེས་འབྲངས་ཀྱིས་འཁྲུལ་སྐྱོན་བསྟན་པ། དེའི་བཟློག་ཐབས་བསྟན་པ། ཁྱད་པར་ངོས་འཛིན་གྱི་བརྟག་པ་བསྟན་པ། དེའི་བཅོས་ཐབས་བསྟན་པའོ། །དང་པོ་བད་ཀན་གྱི་རི་ཐང་མཚམས་འབྱུང་བའི་རྒྱུ་རྐྱེན་སྤྱིར་བསྟན་པ་ནི། བྱིས་པ་ཞེས་རྐང་པ་བཞིས་བསྟན་ཏེ། བད་ཀན་གྱི་ཡུལ་ནི། བཤད་རྒྱུད་དུ། བད་ཀན་མགུལ་པ་བྲང་དང་གློ་བ་མགོ །དྭངས་མ་ཤ་ཚིལ་རྐང་ཁུ་བཤང་གཅི་དང༌། །སྣ་ལྕེ་ཁྱད་པར་མ་ཞུའི་གནས་ན་གནས། །ཞེས་དང༌། བྱེ་བྲག་རྩ་རྒྱུད་དུ། ཕོ་མཁལ་སྙིང་རྣམས་སུ་བབས་པའོ། །མ་སྨིན་པ་ལ་གཏར་བ་དང་བསིལ་སྦྱོར་བསྟེན་པས་བྱེར་རྐྱེན་ནོ། །གཉིས་པ་འཁྲུལ་བ་བྱེ་བྲག་ཏུ་བཤད་པ་ནི། རྩ་དལ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། བག་ལ་ཉལ་བ་ནི་ཚ་བའི་ནད་མི་མངོན་པར་ལྐོག་གྱུར་གྱི་དོན་ནོ། །གསུམ་པ་ལྟར་སྣང་རྗེས་འབྲངས་ཀྱི་འཁྲུལ་སྐྱོན་བསྟན་པ་ནི། དེ་ལ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །བཞི་པ་དེའི་བཟློག་ཐབས་བསྟན་པ་ནི། དེ་ཕྱིར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཚ་བ་ཟད་པའི་རྟགས་ཐོབ་ནས་དྲོད་ལ་སྒོར་བའོ། །ལྔ་པ་ཁྱད་པར་ངོས་འཛིན་གྱི་བརྟག་པ་བསྟན་པ་ནི། ངོས་བཟུང་ཞེས་རྐང་པ་དྲུག་གིས་བསྟན་ནོ། །དྲུག་པ་དེའི་བཅོས་ཐབས་བསྟན་པ་ནི། གོང་དང་ཞེས་རྐང་པ་ལྔ་དང་འབྲུ་གསུམ་གྱིས་བསྟན་ཏེ། གོང་དང་མི་འདྲ་བ་ནི་མཁྲིས་པའི་ཞུ་འཁྱགས་ཚ་བར་ལོག་ཉེན་ཡོད་པ་དེ་དང་མི་འདྲ་བའོ། །ཁ་མངལ་བ་ནི་ཅུང་ཟད་མངར་ཉམས་ཡོད་ཙམ་ལས་རོ་མི་གསལ་བའོ། །རྒྱམ་ཚྭ་སུམ་ཐང༌། སེ་འབྲུ་བཞི་པ། རྒོད་མ་ཁ་རྣམས་ནི་ཕྱི་རྒྱུད་ལྟར་རོ། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་སྙིང་པོ་ནས་བཅུ་བཞི་པའོ་ཞེས་སོ།།

 

མཐའ་མའི་འདོན་ཐེངས་།: 29.08.2011 ཉིན། 11:13 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།