སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་བཞི་པ། བཤལ་གྱི་སྦྱོར་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023
ཕྱི་མ་རྒྱུད། >> ལེའུ་བཅུ་བཞི་པ། བཤལ་གྱི་སྦྱོར་བ།



ལེའུ་བཅུ་བཞི་པ།  བཤལ་གྱི་སྦྱོར་བ། 

སྦྱོང་བྱེད་ལས་ལྔའི་སྔོན་འགྲོ་སྣུམ་འཆོས་ཀྱི་ལེའུ་གསུངས་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ཞེས་གདམས་ཏེ། སྦྱོང་བྱེད་ལས་ལྔའི་མཆོག་ཏུ་གྱུར་པ་བཤལ་གྱི་ལས་ལ་རུང་མི་རུང་སོགས་ཀྱི་བརྟག་པ་དང་བཏང་ཐབས་དང༌། སྐྱོན་དང་ཡོན་ཏན་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

ཟླ་ཟེར་ལས། བཀྲུ་སྨན་གྱིས་གསོ་སྐྲན་གཞང་འབྲུམ། །འབྲུམ་བུ་མིག་སེར་གཞོགས་ཕྱེད་ལྕི། །རིམས་རྙིང་དམུ་རྫིང་དབྱིག་དུག་དང༌། །སྐྱུག་དང་མཆེར་ནད་སྐྱ་རྦབ་དང༌། །ཁོང་ནད་རབ་རིབ་སྔོན་པོར་གྱུར། །མཆི་འཛག་ཞུ་བའི་གནས་ན་ཟུག །མངལ་དང་ཁུ་བའི་གནས་ཀྱི་ནད། །ཁོང་ནད་གཏོགས་དང་སྲིན་ནད་རྨ། །དྲེག་ཁྲག་ནམ་ཚོང་ཡན་ཆད་ནད། །གཅིན་སྲི་བཤང་བ་འགགས་པ་དང༌། །དམད་བྱ་མཛེ་གཅིན་ནད་ལ་སོགས། །ཞེས་བྱ་བ་ལ་སྐྲན་ལ་སོགས་པ་ནས་རྟུག་པ་འགགས་པའི་བར་གྱི་ནད་སོགས་རྒྱ་ཆེར་གསུངས།

ལས་ལྔའི་དང་པོ་བརྟག་ཐབས་དེ་ལའང་རུང་བ་དང་མི་རུང་བ་རྣམ་པ་གཉིས་སུ་ཡོད་པའི་ཚུལ་ཇི་བཞིན་དུ་ནད་གཞིའི་སྒོ་ནས་བརྟག་པ་དང༌། རན་དང་མི་རན་དུས་ཚོད་ཀྱི་སྒོ་ནས་བརྟག་པ་དང༌། ཟུངས་ཀྱིས་ཐུབ་དང་མི་ཐུབ་ལུས་ཤེད་ཀྱི་སྒོ་ནས་བརྟག་པར་བྱ་བ་དང་རྣམ་པ་གསུམ་དུ་ཡོད་པ་ལས།

ནད་གཞིའི་སྒོ་ནས་བཤལ་རུང་བ་ནི་རིམས་སྨིན་པ་དང༌། འཁྲུགས་དང་ཚ་བ་སྨིན་ཞིང་རྒྱས་པ་དང༌། དུག་བསྡུ་བསད་བྱས་ཟིན་པ་དང༌། སྣོད་དྲུག་གང་རུང་གི་ཚད་པ། མ་ཞུ་བ། སྐྲན་ནད་དང༌། སྐྱ་རྦབ། དམུ་ཆུ། བད་ཀན་སྨུག་པོ། ཆུ་སེར། མཛེ། དྲེག གྲུམ་བུ། སྲིན་ནད། མིག་རབ་རིབ། རྨ་རྙིང་པ་སོགས་ཕྱི་ནང་ཕལ་ཆེར་གྱི་ནད་རིགས་ལ་བསྔགས་པ་ཡིན་ཏེ། ཁྱད་པར་མཁྲིས་པའི་ནད་ལ་མཆོག་ཏུ་ཕན་པར་བཤད་ལ། མི་རུང་བ་ནི། དགུན་གྱི་དུས་དང༌། ལུས་ཟུངས་ཟད་པ་དང༌། ན་སོ་རྒས་པ་དང༌། གདོན་ཅན་དང༌། སྦྲུམ་མ་དང༌། རླུང་ནད་ཅན་དང༌། མེ་དྲོད་ཉམས་པ་དང༌། གཞང་འབྲུམ་གྱི་ནད་དང༌། ཐུར་སེལ་གྱི་རླུང་ལོག་པ་དང༌། སྐྱུག་ལང་ཅན་དང༌། མདེའུ་སོགས་ཟུག་རྔུ་ཁོང་དུ་ལུས་པ་ལ་བཏང་བར་མི་བྱའོ། །

རན་པ་དང་མི་རན་དུས་ཚོད་ཀྱི་སྒོ་ནས་བརྟག་པ་ནི། གོང་དུ་བཤད་པའི་ནད་དེ་དག་གང་ཡང་སྨིན་པ་དང༌། ཕོ་བར་འདུས་པ་དང༌། འགྲིལ་བ་བཤིག་པ་དང༌། ནད་དེ་སློང་བ་དང༌། རྒྱས་པའི་དུས་སུ་སྦྱང་དགོས་ཀྱང་དེ་ལྟར་མ་ཡིན་པར་སྦྱོངས་སྔས་ན་ནད་མི་འདྲོངས་ལ་དེ་དག་གི་དུས་སུ་མ་སྦྱངས་པར་ཕྱིས་ན་ནི་སླར་ནད་དེ་བརྟས་པ་སྟེ་རྒྱས་པར་འགྱུར་བས། དེའི་ཕྱིར་སྦྱང་བའི་དུས་ཚོད་མཚམས་ཚིགས་ཟིན་པར་ཤེས་པ་གཅེས་སོ། །

ཟུངས་ཀྱིས་ཐུབ་པ་དང་མི་ཐུབ་ལུས་ཤེད་ཀྱི་སྒོ་ནས་བརྟག་པ་ནི་ནད་ཡུན་རིང་དུ་བཏབ་པས་ཟུངས་ཟད་པའི་ཤེད་སྟོབས་མེད་པ། ཁ་ཟས་ཀྱིས་བོར་བ་སྟེ་དང་གར་མི་འགྲོ་བ་དང༌། རྩའི་ཤེད་ཤོར་བ་དང༌། རྩ་རྒྱུད་སྤུན་པ་དང༌། སྡོད་རྣམ་པ་གསུམ་གང་ཡང་རུང་བ་ཡོད་ན་སྦྱོངས་མི་ཐུབ་སྟེ། ཅིའི་ཕྱིར་ཞེ་ན། མི་དེའི་ནད་ལ་སྲོག་གནས་པས་སྦྱོངས་ཞན་ནི་ནད་སློང་ཞིང༌། སླར་ཡང་དང་ག་འགགས་ལ། སྦྱང་བ་དྲགས་ན་ནི་ནད་སྲོག་གཉིས་ཀ་ལྷན་ཅིག་ཏུ་འཇོམས་པར་འགྱུར་བ་དེའི་ཕྱིར། དེ་ལ་ནི་བཀྲུ་སྨན་མི་གཏོང་ཞིང༌། གལ་ཏེ་བཏང་ན་དུག་བཏང་བ་དང་མཚུངས་ཞེས་སོགས་སྒོར་མར་གཞིགས་ནས་ལག་ཏུ་བླང་བར་བྱ་ཞིང༌། མི་རུང་བ་དེ་འདྲ་བ་ལ་ནི་འོག་ཏུ་བཤད་པའི་འཇམ་རྩི་དང་ནི་རུ་ཧ་སྤེལ་ནས་བཏང་བ་བསྔགས་སོ། །

དེ་ལྟར་སྦྱོངས་གཏོང་དུ་རུང་བ་ལ་བཏང་བའི་ཐབས་ནི་སྔོན་འགྲོ་དང༌། དངོས་གཞི་དང་ཕྱི་རྗེས་བཅད་པ་དང་རྣམ་པ་གསུམ་དུ་ཡོད་དོ། །

དེའི་དང་པོ་སྔོན་དུ་འགྲོ་བ་ལ་ཡང་རིང་བ་དང་ཉེ་བའི་སྔོན་དུ་འགྲོ་བ་གཉིས་ལས། རིང་བའི་སྔོན་འགྲོ་ནི་གློ་བུར་གྱི་ནད་མིན་པ་ལ་ཐང་དང་ཕྱེ་མས་བྱེར་བ་རྣམས་བསྡུ་བ་དང༌། འདྲིལ་བ་རྣམས་བཤིག་པ་དང༌། དེ་ཡང༌། རིམས་ཚད་མ་སྨིན་མ་ནུ་བཞི་ཐང་བཏང༌། །མཁྲིས་ཚད་མ་སྨིན་ཏིག་ཏ་གསུམ་ཐང་བཏང༌། ཁྲག་ཚད་མ་སྨིན་འབྲས་བུ་གསུམ་ཐང་བཏང༌། །དུག་བྱེར་ལུག་རུ་སྨུག་པོ་སེ་རྒོད་དང༌། །སྐྱེར་ཤུན་ཕག་ཁྲག་ཆར་ཉུང་ཁཎྜས་སྡུད། །སྨུག་པོ་སྟོད་བྱེར་ཡུངས་སྐྱེར་ལྕུམ་ཐང་སྡུད། །སྨད་བྱེར་ཚ་ལ་ཚོས་གསུམ་ཐང་གིས་སྡུད། །ལུས་ཀུན་བྱེར་ན་ཕག་ཁྲག་མ་ནུ་དང༌། །འུ་སུ་སྟར་བུ་ཀར་སྦྱར་ཕྱེ་མས་སྡུད། །ཆུ་སེར་བྱེར་ན་སེ་སྐྱེར་ཐང་གིས་སྡུད། །མཁྲིས་བྱེར་མ་ཞུ་སྐྱེར་ཤུན་ཐང་གིས་སྡུད། །འདུས་རྟགས་མིག་སྤྲིན་བཞིན་མདོག་དཀར་བ་དང༌། །ཆུ་དམར་ཁམས་ཉོག་དང་ག་འགག་པ་དང༌། །སྐོམ་དད་ཆེ་ལ་ཤེས་པ་འཐིབས་དུས་སྦྱོང༌། །ཞེས་པས་བསྡུ་ཞིང༌། སྐྲན་ནད་སོགས་འདྲིལ་བ་རྣམས། ཁྲག་སྐྲན་གསར་པ་གཏར་གས་ཁྲག་ཚད་བཅག །ཡུན་རིང་ལོན་ནས་ཚ་བསྲེགས་ཟེ་ཚྭ་དང༌། །བྱ་ཐལ་སྟར་བུ་མཛེ་ཚྭ་ཡ་བཀྵ། །དེ་རྣམས་ཕྱེ་མ་རྒྱུན་བསྲིངས་བཤིག་རྗེས་སྦྱངས། །མཁྲིས་སྐྲན་མི་དང་ཕག་བྲུན་རྫ་ནང་དུ། །ནུས་ལྡན་བསྲེགས་ཐལ་སེ་འབྲུ་གསེར་མེ་ཏོག །ཀ་ར་སྦྱར་བའི་ཕྱེ་མས་བཤིག་ལ་སྦྱངས། །ལྷེན་སྐྲན་ཚ་བསྲེགས་ཅོང་ཞི་རྒོད་བཏུལ་དང༌། །རྒྱམ་ཚྭ་བྱ་ཐལ་ཕྱེ་མས་བཤིག་ལ་སྦྱངས། །རྡོ་སྐྲན་ཟེ་ཚྭ་བྱ་ཐལ་ཚ་བསྲེགས་ཀྱིས། །སྲིན་སྐྲན་བྱ་ཐལ་ཚ་བསྲེགས་རྒྱ་ཚྭ་དང༌། །བྱི་ཏང་རྨེ་རུའི་ཕྱེ་མས་བཤིག་ལ་སྦྱངས། །རྩ་སྐྲན་ཤིང་མངར་ལི་དུར་འདམ་བུ་དཀར། །བྱ་ཐལ་རྒྱ་ཚྭའི་ཕྱེ་མས་བཤིག་ལ་སྦྱངས། །ཞེས་པ་ལྟར་བཤིག་ལ། དེ་བཞིན་དུ་རྙིངས་ཚད་སོགས་རྩི་ལྟར་ཞེན་པ་རྣམས་འགོག་པ་དང༌། གབ་ཚད་སོགས་གྲང་བའི་འོག་ཏུ་གབ་པ་རྣམས་སློང་བ་དང༌། ནད་མ་སྨིན་པ་རྣམས་སྨིན་པར་བྱ་བ་ལ་སོགས་གང་ལ་གང་འཚམས་སུ་འདྲིལ་བ་བཤིག་པ་སོགས་སྐྲན་ནད་ཀྱི་ལེའུ་དང་སྒོ་བསྟུན་པས་མཚོན། རིག་མདས་བསྣུན་པ་ལས་ཡི་གེའི་ལས་སུ་ཆེ་བས་ཡས་མས་ཚད་མ་ཡིད་ལ་བརྣག་པར་བྱས་ལ་གཟོད་སྦྱོང་གཏོང་བ་བསྔགས་པ་ཡིན་ལ། ཉེ་བའི་སྔོན་འགྲོ་ནི། གཟའ་སྐར་ཚེས་གྲངས་བཟང་པོ་ལ་བབས་པའི་ཚེ་མཁན་པ་དང་ཆང་ཞིམ་པོའི་སྦང་མ་ཆུ་འཇམ་དྲོས་པའི་ཁུ་བས་ལུས་མགོ་མཇུག་ཀུན་དག་པར་བཀྲུས་རྗེས་ཚ་བ་ལ་མར་གསར་པ་དང༌། གྲང་བ་ལ་འབྲུ་མར་གཉིས་ཚ་གྲང་ནད་དང་སྦྱར་བ་གང་འོས་ཀྱིས་བྱུག་པ་བྱས་ཏེ། ཕོ་ལོང་སོགས་ལྟོ་བ་མ་གཏོགས་པར་བསྐུ་མཉེ་བྱུག་འཕུར་འཐེམས་པར་བྱ་བ་དང༌། དེ་ཡང་རླུང་ཤས་ཆེ་བ་དང༌། ལྟོ་བ་སྲ་བ་ལ་ཁོང་དུ་ཞུན་མར་ལྟོར་བཏང་ཞིང༌། ཨ་རུ་མཆུ་རིང་མུར་དུ་འཇུག་པ་དང༌། འཇམ་རྩི་མས་ནས་བཏང་བས་རླུང་གཞིལ་བ་དང༌། བད་མཁྲིས་བསླང་བའི་ཐབས་བྱ་བ་ཡིན་ལ། མདོར་ན་བཤལ་ལེགས་པར་བྱེད་པ་ལ་མི་མཐུན་ཕྱོགས་དགྲ་ལྟ་བུ་ནི་རླུང་ཡིན་པས་དེ་འདུལ་བའི་ཐབས་བྱེད་པ་གཅེས་ཤིང༌། ཤིན་ཏུ་ཉེ་བའི་སྔོན་འགྲོ་ནི། སྦྱོང་གཏོང་བའི་གོང་ཞག་གཅིག་ནས་གྲོ་དང་སྲན་མ་སྔོ་ངད་དང༌། ཉ་ཕག་གི་ཤ་སོགས་རུལ་པོ་ཆང་སྐྱུར་དང་འོ་མ་ལ་སོགས་དང༌། གཞན་ཡང༌། གྲོ་ཕྱེ་གྲོ་ཐུག་སྣུམ་འཁུར་བད་མཁྲིས་སློང༌། །སྲན་ཕྱེ་སྲན་ཚོད་བད་ཀན་སློང་བར་བྱེད། །དྭ་ཚོད་བད་མཁྲིས་ཁྲག་ནད་ཚ་བ་སློང༌། །རུལ་སུངས་ཆང་རྒན་ཆང་སྐྱུར་བད་སྨུག་སློང༌། །ཉ་ཕག་ཤ་བེམ་བད་མཁྲིས་འཁྲུགས་ཤིང་སློང༌། །འོ་རློན་གྲང་མོས་སྲིན་དང་བད་ཀན་སློང༌། །ཞེས་པ་སོགས་ནས་དཔགས་ལ་ནད་གང་དང་གང་དེ་དང་དེ་ལ་གནོད་པའི་ཟས་ཀྱིས་ནད་སློང་ལ་སྦྱོང་གཏོང་བའི་ནུབ་མོ་ཟྭ་པོའི་ཚོད་མ། ཕྱེ་དང་ཤ་རུས་ཚ་མར་སོགས་ཀྱི་སྡོར་ཐལ་མེད་པ་ཡོག་ཚད་དུ་བཏུང་དགོས་ཏེ། ཅི་ཕྱིར་ན་དེས་ནད་སློང་བ་དང་ལྟོ་བ་སྙི་བ་དང་རླུང་ཁ་གནོན་པར་བྱེད་དོ། །

དངོས་གཞི་དེ་ལ་སྨན་གྱི་སྦྱོར་སྡེ་དང༌། བཏང་བའི་ཚུལ་དང༌། ལྕག་དང༌། འདོན་པའི་ཚད་དང༌། ལོག་གནོན་དེ་རྣམ་པ་ལྔ་ཡིན་ནོ། །

སྦྱོར་སྡེ་ལའང་ནད་ཀུན་ཏུ་རྒྱུག་པའི་སྤྱི་བཤལ་དེད་དཔོན་བཞི་སྦྱོར་དང་བཅུ་སྦྱོར་གཉིས་ལས། དྲག་པོ་བཞི་སྦྱོར་ལ་ཁ་བསྒྱུར་སུམ་ཅུ། འཇམ་པོ་བཅུ་སྦྱོར་ལ་ཁ་བསྒྱུར་སུམ་ཅུ་སྟེ་རེ་གཉིས་དང་གནད་ཀྱི་མན་ངག་བདུན། ཐོར་བུའི་ནད་ཀྱི་སྒོས་བཤལ་བཅུ་གསུམ་སྟེ་བརྒྱད་ཅུ་རྩ་གཉིས་ལ་དྲག་འཇམ་རྣམ་པ་གཉིས་སུ་ཡོད་པ་ལས།

དང་པོ་སྦྱོར་སྡེ་ཀུན་ཏུ་རྒྱུག་པའི་སྤྱི་བཤལ་དེ་ལ་ཡང་གཏོང་བའི་སྔོན་དུ་སྣ་སེལ་བ་དང༌། སྦྱོར་སྡེ་དངོས་གཞིའི་དེད་དཔོན་དང་ཁ་འཛིན་གསུམ་དུ་ངེས་དགོས་ཏེ། སྣ་སེལ་གྱི་སྦྱོར་བ་ནི་ཨ་རུ་མཆུ་རིང༌། ལྕུམ་རྩ་དང༌། ཆུ་མ་རྩི་དང༌། རྒྱམ་ཚྭ། པི་པི་ལིང་རྣམས་ཀྱི་གདུས་ཐང་དྲོ་འཇམ་ནམ་དགུང་དུ་བཏང་བར་བྱས་པས་ལྟོ་བ་སྙི་ན་འཁྲུ་ནུས་ལ། ལྟོ་བ་འབྲིང་ཡིན་ན་རྒྱུ་མ་འཁྲོག་ཅིང༌། ལྟོ་བ་སྲ་བ་ལ་རྟགས་ཅི་ཡང་མེད་པ་གསུམ་འབྱུང་བ་དེ་ལས་ལྟོ་བ་སྲ་སྙི་རིག་པས་དཔགས་པར་བྱས་ཏེ། ལྟོ་བ་སྲ་བ་ལ་དེད་དཔོན་གྱི་ཐུན་ཚད་ཆེར་བསྐྱེད་པ་དང༌། སྙི་བ་ལ་ཆུང་ངུར་གཏོང་བ་ཤེས་པར་བྱ་དགོས། ཅིའི་ཕྱིར་ཞེ་ན། བཏང་ཡུལ་ལྟོ་བ་སྲ་བ་ལ་སྨན་ཐུན་ཆུང་པས་ན་ནད་སློང་ཞིང་སྦྱོང་ཕྱིར་མི་ཐོན་ཏེ་ཉེས་པ་སླར་ཆེ་ལ། ལྟོ་བ་སྙི་བར་སྨན་ཐུན་ཆེ་ན་སྦྱོང་མི་ཆོད་ཅིང་ལུས་ཟུངས་འཇོམས་པར་བྱེད་པས། དེས་ན་ལྟོ་བ་སྲ་སྙི་བརྟག་པའི་ཕྱིར་དུ་སྣ་སེལ་གཏོང་བ་ཤིན་ཏུ་གཅེས་པ་ནི་དེར་མ་ཟད་སྣ་སེལ་དེས་ནི་ལྟོ་བ་སྙི་ན་མི་སྐྱུག་ཅིང་སྦྱོང་རྣོ་ལ་འཇམ་པའི་གྲོགས་སུའང་འགྱུར་བ་ཡིན་ནོ། །

དེད་དཔོན་དྲག་པོའི་སྦྱོར་བ་ལ་ཨ་རུ་མཆུ་རིང་གི་མཆུ་དང༌། དན་རོག་ཕག་གདོང་རབ། རུས་སྦལ་མ་འབྲིང༌། དན་ཁྲ་ཐ་མ་དང༌། ཤྲཱི་ཁཎྜ་སྟེ་སེ་ཞོ་དཀར་པོའི་ཐང་ཆུ། དུར་བྱིད་རབ་དམར་པོ། འབྲིང་སེར་པོ། སྐྱ་གསོབ་ཐ་མ་ཡིན་པར་ངེས་པར་བྱ་ཞིང༌། དེ་བཞི་པོ་འདུལ་ཐབས་ནི། ཨ་རུ་ར་ཐལ་ཚན་གྱི་གསེབ་ཏུ་དར་གཅིག་བཅུག་ལ་གདུལ་བ་དང༌། དནྡ་རོག་པོ་ཀོ་ལྤགས་བཤུ་ཞིང༌། བར་གྱི་ལྕེ་དཀར་ལེབ་དེ་བཏོན་ནས་ཕྱེའི་ནང་དུ་བཅུག་ལ་གདུལ། ཤྲཱི་ཁཎྜ་མར་དཀར་གྱི་ཁུ་བའི་ནང་དུ་བཅུག་ལ་གདུལ། དུར་བྱིད་ནི་ནང་གི་རྐང་དང༌། ཕྱིའི་ཤུན་པ་དུག་ཡིན་པས་དེ་འཕྲལ་ལ་ཡོས་ཚན་མོའི་ནང་དུ་བཅུག་སྟེ་གདུལ་བ་དེ་བཞི་པོ་ཆ་མཉམ་ཞིབ་པར་བཏགས་ཏེ་རིལ་བུར་དྲིལ་བས་སྦྱོང་རྣོ་ལ་དྲག་པོར་འབབ་སྟེ། ནད་སྟོབས་ཆེ་ལ་ལུས་སྟོབས་དང་ལྡན་པའི་ནད་ཀུན་འཁྲུད་ཅིང་འཇོམས་པར་བྱེད་ལ། ཡང་ན་འཇམ་པོའི་སྒོ་ནས་སྦྱོང་བར་བྱེད་ན། དེད་དཔོན་བཅུ་སྦྱོར་ནི། ཐར་ནུ། དུར་བྱིད། ཨ་རུ་ར། ལྕུམ་རྩ། སྔོན་བུ། ཁྲོན་བུ་སྟེ་ཐར་ཆུང་བ། ཤྲཱི་ཁཎྜ། དན་རོག དན་ཁྲ། དོང་ག་རྣམས་བའི་ཆུར་གདུས་ཏེ་སྣ་མ་ཚིག་པའི་ཁཎྜ་དེ་ནི་སྦྱོང་རྣོ་ལ་ལུས་ཟུངས་ལ་མི་གནོད་པར་འཇམ་ཞིང༌། ཡར་མི་སྐྱུག་པ་དང་མི་འགྱིངས་ཤིང་ལྷེན་སྐྲན་སོགས་ཀྱི་ཟུག་དང་རླུང་མི་སྐྱེ་ལ། ནད་སྟོབས་དང་སྦྱར་ནས་སྦྱོང་དྲག་ཞན་ལུས་ཀྱི་བཟོ་དབྱིབས་དང་བསྟུན་ནས་འཁྲུ་བ་ཡིན་ཕྱིར་ཤིན་ཏུ་འཇམ་པས་གོང་གི་མི་རུང་བ་དགུན་དུས་དང༌། སྦྲུམ་མ་ཅན་དང༌། རྒས་པ་དང༌། ཟུངས་ཟད་དང༌། ལམ་ཁའི་མགྲོན་པོ་སོགས་ལ་ཡང་བཏངདུ་བཏུབ་པས་འཇམ་ཞིང་ལེགས་པ་ཡིན་ཞིང༌། འདི་ལ་བཅུ་པའི་ཁཎྜ་ཞེས་སྔོན་གྱི་མཁས་པ་རྣམས་བརྡ་ཆད་ཀྱང་མཛད་འདུག་གོ། གཞན་ཡང་འཇམ་བཤལ་ཏྲི་བྱིད་དམ་དུར་བྱིད་དེའི་རྩ་བ་དཀར་པོ་དེ་བསྔགས་ཏེ། ཟླ་ཟེར་ལས། དེ་ལས་ཏྲི་བྱིད་མཆོག་ཏུ་བཤད། །ཉེས་པ་མེད་ཅིང་བདེ་བར་འཁྲུ། །ཞེས་དང༌། ཡང་དེ་ཉིད་ལས། བརྒྱལ་རྨོངས་བྱེད་ཅིང་ལྐོག་མ་ནི། །རྩུབ་ཅིང་གནོད་པར་བྱེད་པ་དང༌། །རྣོ་ཞིང་མྱུར་དུ་འཁྲུ་བྱེད་པ། །ལྟོ་སྲ་ནད་གཞི་ཤས་ཆེ་དང༌། །སྡུག་བསྔལ་གྱིས་ཉེན་ནད་པ་ལ། །ཤ་མ་དུར་བྱིད་བསྔགས་པ་ཡིན། །ཞེས་བཤད་པ་ལྟར་གྱི་ནད་གཞི་སོགས་ལ་དཔགས་ཏེ་ཤ་མ་ཞེས་དུར་བྱིད་དམར་ནག་ཏུ་འདུག་པ་དེ་དྲག་བཤལ་ལ་བསྔགས་ཤིང༌། འདུལ་ལུགས་སོགས་ཀྱི་ནུས་པ་ནི་རླུང་དང་གྲང་བ་ཤས་ཆེ་བ་ལ་ཆང་དང་འོ་མས་འདུལ་བ་དང༌། ཆུ་སེར་ཤས་ཆེ་བ་ལ་བ་ཆུས་འདུ་ལ། ཁྲག་དང་ཚད་པ་ཤས་ཆེ་བ་ལ་འོམ་བུ་གདུས་པའི་ཁུ་བས་འདུལ་དགོས་པར་ཡང་བཤད་དེ། མེ་ལྕེ་འཁོར་ལོ་ལས། བདུད་རྩི་གངས་ཀྱི་ཁྲོམ་པ་ལ། །འདུལ་ལུགས་རྣམ་པ་གསུམ་བྱས་ཏེ། །གངས་ཁྲོམ་དུལ་མ་མོ་ཆོལ་ཙམ། །དུར་བྱིད་སོར་ཚིགས་ཙམ་གཅིག་ལ། །ཤྲཱི་ཁཎྜ་འཕང་ལོ་ཕྱེད། །སྔོན་བུ་ཆོམས་གཅིག་དན་རོག་བརྒྱད། །གུ་གུལ་དཀར་པོ་ཁྱེམ་བུ་གང༌། །ཨ་རུ་མཆུ་སྙུང་རྡོག་པོ་གཅིག །སྤང་རྩི་ཤོག་ཤིང་ཕོ་ཚོམས་གཅིག། དོང་ག་ཁྲོན་བུ་མཐེབ་ཚིགས་ཙམ། །བུར་དཀར་སྦྱར་བ་ལེགས་པར་བཏགས། །ཆང་གི་འདམ་བཏགས་ཉི་མ་གཅིག། རིལ་བུ་བྲ་བའི་རིལ་མ་ཙམ། །བསེར་མི་འཇུག་པའི་སྣོད་ནང་བླུགས། །ཞེས་དང༌། བྲག་ཞུན་ལྕགས་ཕྱེ་ཨ་རུ་ར། །ནད་གཞི་གང་འོས་ལྕག་དང་སྦྱར། །རབ་ནི་སུམ་ཅུ་འབྲིང་ཉེར་གཅིག །ཐ་མ་བཅུ་གསུམ་ལ་སོགས་པ། མཁས་པས་ཚོད་དང་སྦྱར་ལ་དབྱུང་ཞེས་སོགས་མཚོན་ཙམ་བཀོད་པ་ལྟར་རིག་པས་རྟོགས་པ་དང༌། གཞན་ཡང་ཟླ་ཟེར་ཡན་ལག་བརྒྱད་པ་སོགས་ཀྱི་རྒྱས་བཤད་རྣམས་མ་སྤྲོས་པས་དེ་དག་ཏུ་རྟོག་དཔྱོད་ཀྱང་མཛད་རིགས་ཤིང༌། གོང་གི་གཙོ་བོ་དྲག་འཇམ་ནད་གཞི་ལུས་ཟུངས་སོགས་ལ་དཔགས་ནས་གང་གཏོང་རུང་དེ་ལ་འཁོར་ལྟ་བུའི་ཁ་བསྒྱུར་བ་སུམ་ཅུའི་དང་པོ་ནི་ཙན་དན་དཀར་པོ་དང་ཨ་ག་རུ་ནག་པོ་དང་སྙིང་ཞོ་ཤ་རྣམས་བསྡེབས་པས་སྙིང་གི་ཚ་བ་སྦྱོང་བར་བྱེད་ཅིང༌། ཚ་ལ་དང་ཤིང་མངར་དང་རྒུན་འབྲུམ་ཨ་ཀྲོང་མཆོག་སོགས་བསྡེབས་པས་གློ་བའི་ནད་རིགས་རྣམས་འཁྲུ་བར་བྱེད་པ་ཡིན་ལ། གུར་ཀུམ་དང་བ་ཤ་ཀ་དང་བྲག་ཞུན་བཅས་བསྡེབས་པས་མཆིན་པའི་ཚ་བ་རྣམས་འཁྲུ་བར་བྱེད་པ་ཡིན། ཡ་བཀྵ་ར་དང་ཐལ་ཚ་དང་པི་པི་ལིང་རྣམས་བསྡེབས་པས་མཆེར་པའི་ནད་རྣམས་འཁྲུ་བར་བྱེད་པ་ཡིན་ཅིང༌། ལྕམ་པ་དང་སུག་སྨེལ་དང་དབྱི་མོང་དཀར་པོ་བསྡེབས་པས་མཁལ་མའི་ནད་ཀྱི་རིགས་རྣམས་འཁྲུ་བར་བྱེད་པ་ཡིན། མ་ནུ་པ་ཏྲ་དང་རྒྱམ་ཚྭ་དང་པི་པི་ལིང་དང་གསུམ་པོ་བསྡེབས་པས་ཕོ་བའི་ནད་རྣམས་སྦྱོང་བར་བྱེད་པ་ཡིན། ཏིག་ཏ་བྱུང་ན་རྒྱ་གར། དེ་མིན་གང་རུང་དང༌། གསེར་གྱི་མེ་ཏོག་དང་དུག་མོ་ཉུང་རྣམས་བསྡེབས་པས་མཁྲིས་པ་ལས་གྱུར་པའི་ནད་རྣམས་སྦྱོང་བར་བྱེད། སྙ་ལོ་དང་བཙོད་དང་ཁ་རུ་ཚྭ་རྣམས་བསྡེབས་པས་རྒྱུ་ལོང་སོགས་སྣོད་ནད་རྣམས་སྦྱོང་བར་བྱེད་པ་ཡིན། བྱང་པ་རྩ་སྦྱོང་དུས་བཤད་པ་ལྟར་དང༌། སྡིག་སྲིན་དང་སྤོས་དཀར་རྣམས་བསྡེབས་པས་རྩ་ལ་ཞུགས་པའི་ནད་ཐམས་ཅད་སྦྱོང་བར་བྱེད་པ་ཡིན། དབྱི་མོང་དཀར་པོ་སྲུབ་ཀ་དང་བྱང་པ་དམར་ཁྲ་རྣམས་བསྡེབས་པས་མགོ་སྐྱོན་དང་རྩ་ནད་རྣམས་སྦྱོང་བར་བྱེད་པ་ཡིན། ལི་ག་དུར་དང་དོམ་མཁྲིས་དང་ཉི་དགའ་སྟེ་ལྕམ་པ་བསྡེབས་པས་སྟོད་ཀྱི་རྩ་ནད་ཀྱི་རིགས་ཐམས་ཅད་སྦྱོང་བར་བྱེད་པ་ཡིན། རྒྱ་ཚྭ་དང་སྡིག་སྲིན་དང་སུག་སྨེལ་རྣམས་བསྡེབས་པས་སྨད་ཀྱི་རྩའི་ནད་ཐམས་ཅད་སྦྱོང་བར་བྱེད་པ་ཡིན་ནོ། །སེ་རྒོད་ཀྱི་བར་ཤུན་དང་དབྱི་མོང་དཀར་པོ་སོ་མ་ར་ཛ་རྣམས་བསྡེབས་པས། པགས་པའི་ནད་ཀྱི་རིགས་རྣམས་སྦྱོང་བར་བྱེད་པ་ཡིན། མེ་ཏོག་ལུག་མིག་དང་བིལ་བ་དང༌། ཨ་འབྲས་རྣམས་བསྡེབས་པས་མགོ་བོའི་ནད་ཀྱི་རིགས་རྣམས་སྦྱོང་བར་བྱེད་པ་ཡིན། རྩ་ཨ་བ་དང་ཨ་རུ་ར་དང་ལྕགས་དྲེག་རྣམས་བསྡེབས་པས་མིག་གི་ནད་ཀྱི་རིགས་རྣམས་སྦྱོང་བར་བྱེད་པ་ཡིན། ག་བུར་དང་ཙན་དན་དཀར་དམར་སྐབས་སྦྱར་གི་ཝཾ་རྣམས་བསྡེབས་པས་ཚད་པའི་ནད་ཀྱི་རིགས་རྣམས་སྦྱོང་བར་བྱེད་པ་ཡིན། པི་པི་ལིང་དང་རྒྱམ་ཚྭ་དང་ན་ལེ་ཤམ་སྟེ་ཕོ་བ་རིས་རྣམས་བསྡེབས་པས་གྲང་བར་གྱུར་པའི་ནད་རྣམས་སྦྱོང་བར་བྱེད། ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་བསྡེབས་པས་ཚ་གྲང་འདྲེས་པ་རྣམས་སྦྱོང་བར་བྱེད། སྤོས་དཀར་དང་ཐལ་ཀ་རྡོ་རྗེ་དང་སོ་མ་ར་ཛ་རྣམས་བསྡེབས་པས་ཆུ་སེར་གྱི་ནད་རྣམས་སྦྱོང་བར་བྱེད། ཁྱུང་སྡེར་དཀར་སྨུག་གང་རུང་དང་བེ་སྐྱེས་རེ་རལ་དང་བོང་ང་དཀར་པོ་རྣམས་བསྡེབས་པས་དུག་གི་ནད་ཀྱི་རིགས་རྣམས་སྦྱོང་བར་བྱེད་པ་ཡིན། བསེ་ཡབ་གང་རིགས་དང་འུ་སུ་དང་པུཥྐར་མཱུ་ལ་ཞེས་ཁམ་རུས་རྣམས་བསྡེབས་པས་བད་ཀན་སྨུག་པོའི་ནད་ཀྱི་རིགས་རྣམས་སྦྱོང་བར་བྱེད། དབྱི་མོང་དཀར་པོ་དང་སྲུབ་ཀ་དང་ཤུ་དག་ནག་པོ་བསྡེབས་པས་སྐྲན་གྱི་ནད་ཀྱི་རིགས་རྣམས་སྦྱོང་བར་བྱེད་པ་ཡིན། གླ་གོར་ཞོ་ཤ་དང་སྔོན་བུ་དང་པདྨེ་ཞེས་བྱང་ཁྲ་བསྡེབས་པས་དམུ་ཆུའི་ནད་ཀྱི་རིགས་རྣམས་སྦྱོང་བར་བྱེད་པ་ཡིན། ནིམ་པ་མ་བྱུང་ན་ཉེ་ཤིང་པས་རུང་བ་དང༌། རྒྱ་ཚྭ་དང་ཛཱ་ཏི་ཕ་ལ་སྟེ་བཟང་པོ་བསྡེབས་པས་སྐྱུགས་པའི་ནད་ཀྱི་རིགས་རྣམས་སྦྱོང་བར་བྱེད་པ་ཡིན། ཟར་མ་དང་མ་ནུ་ཤུ་ཟུར་དང་ཟོ་དྲེག་གི་རྩི་བསྡེབས་པས་ཕོ་བ་དང་ལོང་སྦོས་པའི་ནད་ཀྱི་རིགས་རྣམས་སྦྱོང་བར་བྱེད་ལ། ཛཱ་ཏི་དང་པི་པི་ལིང་དང་ན་ལེ་ཤམ་རྣམས་བསྡེབས་པས་གྱེན་ལོག་གི་རླུང་དང་རྒྱུ་ལོང་འཁྲོལ་བ་རྣམས་སྦྱོང༌། བྱི་ཏང་ག་དང་གཡེར་མ་དང་མ་རུ་ཙེ་རྣམས་བསྡེབས་པས་སྲིན་གྱི་ནད་མ་ལུས་པ་སྦྱོང་བར་བྱེད། གུར་ཀུམ་དང༌། དབྱི་མོང་དཀར་པོ་དང༌། སོ་མ་རཱ་ཛ་རྣམས་བསྡེབས་པས་དྲེག་གི་ནད་ཀྱི་རིགས་རྣམས་འཁྲུ་བར་བྱེད་པ་ཡིན། རུ་རྟ་དང་མུ་ཟི་དང་རྒྱ་ཚྭ་བསྡེབས་པས་ཤ་དང་རུས་པ་རྩའི་འབྲས་ཀྱི་ནད་རྣམས་སྦྱོང་བར་བྱེད། ཨ་ཤོ་གནྡྷ་སྟེ་བ་སྤྲུ་བ་དང༌། འོལ་མོ་སེ་དང༌། ཡ་བཀྵ་ར་རྣམས་བསྡེབས་པས་བུ་སྣོད་ཀྱི་ནད་རྣམས་སྦྱོང་བར་བྱེད་དོ། །གནད་ཀྱི་མན་ངག་བདུན་ནི་མི་རུས་བཙའ་མ་དང་ཡ་བཀྵ་ར་རྣམས་བསྡེབས་པས་རྩམ་པ་མི་འཁྲུ་བར་ནད་ཀྱི་རིགས་རྣམས་སྦྱོང་བར་བྱེད་ལ། བ་སྤྲུ་བ་བསྡེབས་པས་བུད་མེད་སྦྲུམ་མའི་བུ་མི་འཆོར་བར་བྱེད། ཆུ་མ་རྩི་དང་བསྡེབས་པས་གྱེན་དུ་སྐྱུག་མི་སྲིད་ཅིང༌། གཉན་ནད་དང་ཆུ་སེར་ལ་ཚ་འདུལ་དང༌། ནད་གཞན་ཕལ་ཆེར་དང་ཁྱད་པར་ནད་རྙིང་པར་གྲང་འདུལ་བྱས་པའི་དངུལ་ཆུ་དང༌། དུང་ཐལ་དང༌། རྒྱ་ཚྭ་སོགས་བསྡེབས་པས་ཡར་མི་སྐྱུག་ཅིང་ཕོ་བར་མི་འགྱིང་བར་མྱུར་དུ་འབིགས་པར་བྱེད། མྱང་རྩི་སྤྲས་དང་བསྡེབས་པས་འབྱམས་པ་སྟེ་འཁྲུ་དྲགས་མི་སྲིད། དྲི་ཆུ་ཆུ་རུག་པ་བསྡེབས་པས་སྐྱ་རྦབ་དམུ་ཆུ་སོགས་ལ་མི་གནོད་ལ། ཉི་དགའི་འབྲས་བུ་དང་བསྡེབས་པས་ཁ་མི་སྐོམ་པར་བྱེད་པ་སོགས་དེ་ལྟར་གྱི་ཁ་བསྒྱུར་བ་སུམ་ཅུ་དང་གནད་ཀྱི་མན་ངག་བདུན་པོ་འདི་དང་ལྡན་པ་སྟེ། གང་ལ་གང་དགོས་སྡེབས་ཤེས་ན་ནད་གང་ཡང་ཡུལ་འབྱིན་པར་ཐེ་ཚོམ་མེད་དོ། །

ཐོར་བུ་ཞེས་ཁ་འཐོར་བའི་ནད་ཀྱི་རང་རང་སྒོས་བཤལ་ཏེ། སྦྱོར་བ་བསྡེབས་སུ་མེད་པར་རང་རང་སོ་སོར་བསྟན་པ་བཅུ་གསུམ་གྱི་དང་པོ་ནི། ཐར་ནུ་དུས་སྟོན་གཞུག་བརྐོས་པ་བ་ཆུར་བཏུལ་བ་དང༌། ཆུ་རྩ་དང་ཁྲོན་བུ་དང་ཧོང་ལེན་དང་གསེར་གྱི་མེ་ཏོག་རྣམས་བསྡེབས་པ་རིལ་བུ་ཤས་ཆེར་དང་ཕྱེ་མ་ཡང་བྱས་པས་འཁྲུགས་རིམས་དང་རྒྱས་པའི་ཚད་པ་རྣམས་སྦྱོང་བར་བྱེད། ཐར་ནུ་དང་ཆུ་རྩ་དང་རེ་ལྕག་པ་བཅས་པའི་རྩ་བ་གསུམ་གྱིས་གག་ལྷོག་དང་རྒྱུ་གཟེར་དང་གཉན་གྱི་གླང་ཐབས་དང་གཟེར་ཐུང་རྣམས་སྦྱོང༌། དུར་བྱིད་རིགས་གང་བྱུང་དང་ཧོང་ལེན་དང་ཚ་ལ་སྟར་བུ་བཅས་པས་བད་ཀན་སྨུག་པོ་ལས་གྱུར་པའི་ཚད་པ་སྦྱོང་བར་བྱེད། ཁྲོན་བུ་དང་ཚ་ལ་པ་ཏོ་ལ་ཏེ་རྒྱ་ཁུར་བཅས་པས་མཁྲིས་ནད་སྦྱོང༌། དུར་བྱིད་དང་སྟར་བུ་དང་དུང་ཐལ་དང་སྦྲུལ་གྱི་ཤརྒྱ་ཚྭ་དང་བུ་རམ་རྣམས་སྦྱར་བའི་རིལ་བུས་ཁྲག་དང་མཁྲིས་པ་མ་ཞུ་བའི་གླང་ཐབས་དང་སྦོས་པ་རྣམས་འཇོམས། ཤྲཱི་ཁཎྜ་དང་ལྕེ་ཚ་སྲུབ་ཀ་དབྱི་མོང་སྟེ་སྔོའི་ཚ་བ་གསུམ། རྒྱ་ཚྭ་རྣམས་བུ་རམ་གྱི་རིལ་བུ་བྱས་པས་སྐྲན་ནད་སྦྱོང༌། དུར་བྱིད་དང་ཐང་མ་སྒྲོན་ཤིང་དང་བཅའ་སྒ་དང་ལྕགས་ཕྱེ་དང་བ་ཆུ་རྣམས་སྦྱར་བས་སྐྱ་རྦབ་ཀྱི་རིགས་སྦྱོང་བར་བྱེད། དནྡ་ཕག་གདོང་དང་རུས་སྦལ་འདྲ་བ་གང་རུང་དང་དུར་བྱིད་དང་ཤྲཱི་ཁཎྜ་དང་ཐར་ནུ་དང་ཁྲོན་བུ་དང་ལྕུམ་རྩ་དང་རེ་ལྕག་པ་དང་དོང་ག་དང་སྔོན་བུ་དང་རྒྱ་ཚྭ་དང་ཆུ་མ་རྩི་དང་ཟངས་མེ་ལ་བསྲེགས་ཏེ་བརྡུངས་པའི་ཤུན་པའམ་དྲེག་པ་དེ་དང་པི་པི་ལིང་དང་བུ་རམ་རྣམས་སྦྱར་བའི་རིལ་བུས་འོར་དང་དམུ་ཆུ་གཉིས་སྦྱོར་བར་བྱེད། ཨ་རུ་ར་དང་སྐྱེར་པའི་བར་ཤུན་སོ་མ་རཱ་ཛ་དང་སྤང་རྒྱན་གང་རུང་འབྲི་རྟ་ས་འཛིན་དང་དོང་ག་ལྕུམ་རྩ་རྣམས་གདུས་ཁུར་དུར་བྱིད་བཏབ་པས་དུག་གི་ནད་སྦྱོང༌། དུར་བྱིད་དང་ཧོང་ལེན་དང་རྒྱ་སྐྱེགས་དང་ཚ་ལ་དང་འགྲོན་ཐལ་དང་གླ་རྩི་རྣམས་ཀྱི་རིལ་བུས་ཤ་དུག་སྦྱོང༌། དུར་བྱིད་དནྡ་ཕག་གདོང་རུས་སྦལ་གང་རུང་དང་མཚལ་དང་པི་པི་ལིང་དང་རྒྱ་ཚྭ་དང་རྒྱམ་ཚྭ་ཨ་རུ་ར་དང་སྒ་སྐྱ་རྣམས་ཀྱིས་བྱང་ཁོག་གི་ནང་དུ་ཁྲག་བབས་པ་སྦྱོང་བར་བྱེད། ལྕུམ་རྩ་དང་ཨ་རུ་མཆུ་སྙུང་གཉིས་ཆ་མཉམ་སྟེ་ཉི་དགའ་དང་ཤིང་མངར་དང་རྒྱམ་ཚྭ་དང་པི་པི་ལིང་རྣམས་བསྐོལ་བའི་ཐང་གིས་མ་ཞུ་གསར་པ་དང་རིམས་ཀྱི་ནད་རྣམས་དང༌། ལྷག་པར་དུ་ཕོ་བ་དང་མཆིན་པའི་ནད་རྣམས་སྦྱོང་བའི་མཆོགཨ་རུ་མཆུ་རིང་གི་མཆུ་དང༌། བ་རུ་ར་དང་སྐྱུ་རུ་ར་དང་ལྕུམ་རྩ་དང་དུར་བྱིད་སྤོས་དཀར་རྣམས་བ་ཆུར་གདུས་པའི་རྒྱུན་སྦྱོངས་གིས་དྲེག་དང་གྲུམ་བུ་ཆུ་སེར་གྱི་རིགས་དང་རྙོགས་ཚད་དང་རྙིངས་ཚད་རྣམས་ལུས་ལ་ཞེན་པ་སྐྱོང་ངོ༌། །

བཏང་ཚུལ་ལ་ཐང་དང་ཕྱེ་མ་དང་རིལ་བུ་དང་སྨན་མར་དང་བཞི་ལས་དེ་ཡང་ན་སོ་རྒས་པ་དང་ཟུངས་ངན་པ་རྣམས་ལ་བསྐོལ་ཐང་ཤིས་ཏེ། གང་ཞེ་ན་དེས་བཏུད་ནས་བཏང་ངམ། བཞག་རན་པ་སོགས་ཀྱི་ཚོད་ཟིན་པར་འགྱུར་བ་ཡིན་ལ། ཟུངས་བཟང་བ་དང་ནད་རྒྱས་པའི་རིགས་ལ་ཕྱེ་མ་དང་རིལ་བུ་གང་རུང་ཤིས་ཤིང༌། དེ་ཡང་སྐྱུག་པ་འཆོར་བ་རྣམས་ལ་རིལ་བུ་བཏང་ན་མཆོག་ཏུ་འགྱུར་ལ། ཤིན་ཏུ་ལྟོ་བ་སྲ་བ་དང་སྐྱུག་པའི་ལང་ཤོར་ཡོད་པ་ལ་སྦྱོངས་སྨན་དེ་ཉིད་སྨན་མར་དུ་སྦྱར་ཏེ། སྦྱོངས་སྨན་ཡིན་པ་གསངས་ལ་ཡང་ཡང་དུ་བཏང་ནས་རྒྱུན་སྦྱོངས་བྱ་ཞིང་སྨན་གྱིས་བྲེད་པ་དང༌། སྨན་ཡི་གར་སྡར་བ་སྟེ་སྨན་མི་འདོད་པར་ཟས་མེད་ན་གཏོང་མི་ཐུབ་པ་ལ་ཟས་ཉུང་ཟད་སྦྱོང་སྨན་དང་བསྡེབས་ནས་བཏང་བ་ཡིན་ལ། དེ་དག་ཐམས་ཅད་གཏོང་དུས་ཐོ་རངས་སྨན་ལ་ཤིས་པ་བརྗོད་པ་ནི། ཚངས་པ་སྐྱེ་རྒུའི་བདག་དང་ཐ་སྐར་བུ། །དྲག་པོ་དབང་པོ་ཉི་ཟླ་ས་མེ་རླུང༌། །དྲང་སྲོང་སྨན་གྱི་ཚོགས་དང་བཅས་པ་དང༌། །འབྱུང་པོའི་ཚོགས་ཀྱིས་ཁྱོད་ནི་སྲུང་བར་ཤོག། ལྷ་རྣམས་ཀྱི་ནི་བདུད་རྩི་ལྟ་བུ་དང༌། ཀླུ་རྣམས་ཀྱི་ནི་གཙུག་གི་ནོར་བུ་དང༌། །དྲང་སྲོང་རྣམས་ཀྱི་བཅུད་ལེན་ལྟ་བུར་ནི། །ཁྱོད་ལ་སྨན་འདི་ཉེ་བར་གནས་གྱུར་ཅིག། ཨོཾ་ན་མོ་བྷ་ག་ཝ་ཏེ་བྷཻ་ཥ་ཛྱེ་གུ་རུ་བཻ་ཌཱུ་རྱ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶམ་བུདྡྷ་ཡ། ཏངྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་རཱ་ཛཱ་ཡ་ས་མུངྒ་ཏེ་སྭཱ་ཧཱ། ཞེས་ཁ་ཤར་དུ་བསྟན་ཏེ་འཐུང་དུ་གཞུག་པ་སྟེ། སྨན་བཏང་བའི་རྗེས་ལ་ཁ་ཆུ་གྲང་གིས་བཤལ། མངར་བ་ཀ་ར་སོགས་ཅུང་ཟད་མུར་བ་དང༌། འགྲུལ་བསྲུང་ཞིང་གཏམ་མི་སྨྲ་བ་དང་འཕྲེད་དུ་མི་ཉལ་བར་ཙོག་པུར་འདུག་སྟེ་འོག་རླུང་མར་གློད་ལ་ནད་གདོན་འཁྲུ་བར་བསམ་མོ། །

ལྕག་ནི་བཤལ་ཐེངས་གཉིས་གསུམ་ཙམ་འཁྲུས་པ་དང༌། དང་ག་མེར་བ་སངས་ནས་ཆུ་བསྐོལ་ཡང་ཡང་དུ་བཏང་བ་ཡིན་ལ། དེ་ལས་སྦྱོང་ལྕག་སྔས་ན་སྐྱུག་པར་བྱེད་ལ། འཕྱིས་ན་ནད་མི་འཁྲུས་པས་འཚམ་ཚིགས་ཟིན་པ་དགོས་ཤིང༌། དེ་ཡང་རླུང་ཤས་ཆེ་ན་རུས་ཁུའི་ལྕག་གིས་བསྐུལ་ཞིང༌། ཟུངས་ཟད་ཀྱི་མི་ལ་བུར་ཁུའི་ལྕག་གིས་འཕུལ། ཚ་བ་སྨིན་པ་དང་རྒྱས་པའི་དུས་སུ་གངས་ཆུའི་ལྕག་དང༌། ཆུ་སེར་དང་ཚད་རྙིང་གི་ནད་ལ་བ་ཆུའི་ལྕག་གཏོང་བ་དང༌། འཁྲུ་བའི་ཤུགས་དལ་ན་ཨ་རུ་མཆུ་སྙུང་གི་ལྕག་རྣམས་སོ་སོའི་དམིགས་བསལ་དང༌། ཐུན་མོང་གི་ལྕག་ཏུ་རྒྱམ་ཚ་བཏབ་པའི་ཆུ་བསྐོལ་ཁོ་ན་ཤིས་ཤིང༌། གཞན་ཡང་ཤེད་ཆུང་ཞིང་ཤེས་པ་ཟི་ཉོག་བྱེད་ལ་སྟོང་སྐྱུགས་མང་ན་ཁ་རླུང་སྐྱེས་པ་ཡིན་པས་སྣུམ་གྱི་བསྐུ་མཉེ་དང༌། མར་བུ་རམ་སོགས་ཀྱི་གསུར་དུད། རུས་ཁུ་བཏུང་བ་སོགས་རླུང་སྣ་མནན་པར་བྱའོ། །སྦྱོངས་འདོན་བའི་ཚད་སོགས་ལ། ཟླ་ཟེར་ལས་ཐུན་མོང་དུ། ཚད་ནི་ཆུང་དང་འབྲིང་དང་ཆེན་པོ་ནི། །བཞི་དང་དྲུག་དང་ཡང་བརྒྱད་སློན་པར་འདོད། །དེ་ཉིད་བཅུ་དང་ཉིས་ལྡབ་སུམ་ལྡབ་འཁྲུ། །བྲེ་གང་དེ་བཞིན་ཉིས་ལྡབ་བཞི་ལྡབ་འགྱུར། །སྐྱུག་སྨན་མཐར་མཁྲིས་བཀྲུ་སྨན་ལས་བྱེད་དང༌། །བད་ཀན་མཐར་འབྱུང་འཁྲུ་བ་མཆོག་ཏུ་བཤད། །ཅེས་ཚད་བུངས་སོགས་རྒྱས་པར་གསུངས་པ་དང༌།

འདིར་འདོན་ཚད་དང་གྲངས་དང་བུངས་དང་ཁ་དོག་གསུམ་དུ་བརྟག་པ་ལས། གྲངས་ཚད་ནི་རབ་འཁྲུ་ཐེངས་སུམ་ཅུ། འབྲིང་ཉི་ཤུ། ཐ་མ་བཅུ། བུངས་ཚད་ཀྱང་རབ་བྲེ་གསུམ། འབྲིང་བྲེ་དོ། ཐ་མ་བྲེ་གང་ཡིན་ལ། ཁ་དོག་རབ་ཆུ་འདྲ་བར་སྔོ་ལ་སླ་བ་དང༌། འབྲིང་བད་ཀན་ཅན། ཐ་མ་མཁྲིས་པ་ཡོད་པ་གསུམ་ནི་སྦྱོངས་རབ་འབྲིང་ཐ་མ་གསུམ་གྱི་ཚད་ཡིན་པས་དེ་དག་རྣམས་ནད་ཀྱི་སྟོབས་དང་ལུས་ཤེད་ཆེ་ཆུང་སོགས་ཀྱི་རྗེས་སུ་དཔག་པར་བྱ་ལ། ཤེད་ཆེ་ཞིང་ནད་མ་ཟད་ན་ལྕག་གིས་ཡང་ཡང་བསྐུལ་བ་དང༌། ནད་མ་དག་ཀྱང་ལུས་ཟུངས་ཟད་ན་ལྕག་འཕྲོ་བཅད་པ་སོགས་རིག་པས་བརྟག་པ་གལ་ཆེ་ཞིང༌། ནད་དག་ནས་ཆུར་འཁྲུ་ན་ལུས་ཟུངས་བཟང་ངན་ཇི་ལྟར་འདུག་ཀྱང་ངེས་པར་བཅད་པར་བྱའོ། །ཡན་ལག་བརྒྱད་པ་ལས། བཀྲུ་སྨན་མ་ཞུ་བད་ཀན་དང༌། །ལྡན་པའང་ཤིན་ཏུ་རྣོ་ཆེས་པ། །དྲོ་བའམ་ལན་ཚྭ་ཤས་ཆེས་པ། །ཡི་གར་མི་འོང་མངས་པ་ཡིས། །གྱེན་དུ་བརྒལ་བར་གྱུར་པ་དག། སྔར་བཤད་ཉེས་པ་དེ་ལ་ནི། །གྲུབ་པའི་སྦྱོར་བ་དེ་བཞིན་བྱ། །དེ་ཡང་སྣོད་དུ་མ་ཆགས་ན། །གསུམ་པ་དེ་ལ་བླུད་མི་བྱ། །གཞན་དུ་གོམས་པའམ་ཞིམ་པ་ཡི། །སྨན་ནི་གནོད་པ་མེད་པ་བཏང༌། །སྣུམ་འཆོས་དུགས་ནི་མ་བྱས་ལ། །སྨན་ནི་རྙིང་ཞིང་རྩུབ་པ་ཡིས། །ནད་སློངས་འབྱིན་པར་མ་ནུས་པས། །མགོ་འཁོར་སྐྲན་དང་སྐྱིགས་བུ་དང༌། །མུན་པ་མཐོང་དང་སྐོམ་དད་ཆེ། །བྱིང་སྙིང་ན་ཞིང་ལུས་གཡའ་དང༌། །བརླ་ན་ཁ་དོག་མི་སྡུག་པའི། །ནད་ནི་སྐྱེད་པར་བྱེད་པ་ཡིན། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར།

དེ་ལྟར་བཤལ་གྱི་སྐབས་སུ་གཅེས་པའི་ལོག་གནོན་ནི་བརྒལ་བ་མནན་པ་དང༌། སྟོར་བ་བཙལ་བ་དང༌། འགྱིངས་པ་དྲང་བ་དང༌། འབྱམས་པ་བཅད་པ་དང༌། སྲོག་གི་བྱ་ར་བཞག་པ་དང་རྣམ་པ་ལྔར་ཡོད་པ་ལས། བཤལ་དེ་ཡང་བརྒལ་བ་མནན་པ་སྟེ་སྐྱུག་ན་རྡོ་གྲང་སྐེར་བདུག་པ་དང༌། དྲི་ཞིམ་པའི་རིགས་སྣར་མནམ་ཞིང་སྤྱི་བོའི་སྐྲ་འཐེན་པ་དང༌། གདོང་དུ་ཁ་ཕྲུ་གདབ་པ་སྟེ་ཆུ་གཏོར་ལ་ཕྲག་པ་གཉིས་ནས་མནན་ཞིང་སྒུལ་བསྐྱོད་མི་བྱ་བར་གཟབ་དགོས་ཀྱང་སྨན་རྩུབ་པ། ཐུན་ཆེས་པ། རླུང་མ་ནོན་པ། ནད་ལས་བྱུང་བ་དང༌། སྨན་གྱིས་སུན་པ། སྨན་ཡི་གར་སྡར་བ་སྟེ་སྡུག་སུན་ཁྱེར་ནས་སྨན་ལ་མཛངས་པ། སྨྲ་བ་མངས་པ། འགུལ་བསྐྱོད་བྱས་པ། གདོན་གྱིས་གནོད་པ་བྱུང་བ་དགུ་པོ་དེ་ནི་སྐྱུག་པ་བསྐྱེད་པའི་རྒྱུ་ཡིན་པས་དེ་དག་རྣམས་ནི་མི་འབྱུང་ཕྱིར། སྨན་རྩུབ་དགོས་པ་ལ་དུས་སྟོན་གཞུག་བརྐོས་ཤིང༌། ཨ་རུ་ར་ཐལ་ཚན་གསེབ་ཏུ་གདུལ་བ་སོགས་ལེགས་པ་གཅེས་ལ། དེ་བཞིན་དུ་ཐུན་ཆེས་སྐྱོན་མི་འོང་ཕྱིར་ཐུབས་སུ་བཅད་པ་སྟེ། སྨན་ཐུན་ཆུང་ངུ་གྲངས་མང་པོ་གཅིག་རྗེས་གཅིག་ནོན་དུ་དུམ་བུར་བྱས་ཏེ་གཅིག་ཞུ་བའི་རྗེས་གཅིག་གིས་བསྣན་ཏེ་བཏང་བ་དང༌། རླུང་མནོན་པའི་གཉེན་པོར་གོང་དུ་བཤད་པའི་སྔོན་འགྲོ་རྣམས་འཐེམས་པ་གཅེས་ལ། ནད་གཞི་ལས་བྱུང་བའི་སྐྱུག་པའི་གཉེན་པོར་ཆུ་མ་རྩི་གཏང་བ་མཆོག་ཡིན་ཞིང༌། སྨན་གྱིས་སུན་པ་དང་ཡི་ག་སྡར་བ་གཉིས་ལ་སྦྱོང་ཡིན་པ་གསངས་ཏེ་བཏང་བ་དང༌། གཏམ་མི་སྨྲ་ཞིང་མི་འགུལ་བར་ཙོག་བུར་འདུག་པ་དང༌། གདོན་ལས་བྱུང་བ་ལ་འགྲུལ་བསྲུང་ཞིང་རྫས་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་གྱི་སྒོ་ནས་བསྐྲད་པའི་ལས་བྱ་བ་ཡིན་ནོ། །བཤལ་དེ་ཉིད་སྟོར་བ་ལ་སྨན་སྟོར་བ་དང་ནད་སྟོར་བ་གཉིས་ལས་སྨན་སྟོར་བ་ནི་ཟུག་མེད་ཅིང་འཁྲུ་སྐྱུགས་གང་ཡང་མི་བྱེད་པ་ན་སྨན་ཉུང་བའམ་འཇམ་པའི་སྐྱོན་ཡིན་པས་སླར་བསྐྱར་ལ་གཏང་བར་བྱ་ཞིང༌། ནད་སྟོར་བ་ནི་ན་ཟུག་སྐྱུང་སྐྱུང་དུ་འཇུ་བར་བྱེད་ན་ཆང་སྐྱུར་བསྲོས་པ་བག་ཙམ་རེ་བཏང་བ་གཅེས་སོ། །བཤལ་དེ་ཉིད་འགྱིངས་པས་འབབ་མི་ཐུབ་པར་ཕོ་བར་རྫིངས་ལ་ཧྲེམ་ཧྲེམ་བྱེད་པ་འབྱུང་སྟེ། དེ་ལྟར་བྱུང་ན་ཕོ་བར་དྲོད་ཀྱིས་དུགས་བྱ་ཞིང༌། ལངས་ནས་གོམ་པ་འགའ་བཅག་ཅིང༌། དེས་ཀྱང་མི་འབབ་ན་རྣོ་འཇམ་བར་གསུམ་གང་རུང་གི་ནི་རུ་ཧས་བསུ་ཞིང་གཡའ་ཀྱི་མ་དང༌། སྔོན་བུ་ཆ་མཉམ་སྟེ་ཞིབ་པར་བཏགས་ལ་བསྐོལ་བའི་ཁུ་བ་ཕུལ་གང་ཁོང་དུ་བཏང་བ་དེས་ནི་བཤལ་སྐྱུགས་གཉིས་ཀ་འབྱུང་སྟེ་ཕོ་བར་ནད་མི་ལུས་སོ། །བཤལ་དེ་ལྟར་འབྱམས་པ་སྟེ་ཧ་ཅང་འཁྲུས་དྲགས་པ་ལ་ཚ་འབྱམས་དང་གྲང་འབྱམས་རྣམ་པ་གཉིས་དང་སྨན་གྱི་རོ་ལུས་ནས་འབྱམས་པ་དང༌། ནད་ཁ་བྱེ་བས་འབྱམས་པ་དང་བཞིར་ཡོད་པའི་ཚ་འབྱམས་ནི་དྲི་མ་དམར་སེར་དྲི་དུགས་ཆེ་ཞིང་རྩ་ཆུ་ཚ་བ་འབྱུང་བས། དེ་ལས་བྱིན་པ་དང་རྐང་ལག་གི་ཉྭ་རྣམས་ལ་ཆུ་གྲང་མོས་བསྒྲངས་པ་སྟེ་ཆུ་ལྕག་བརྡེག་པ་དང༌། རེ་སྐོན་སྐར་མ་ཚོགས་ཙམ་ལ་ཆུ་བླངས་པ་དེ་སྣོད་ནང་དུ་བླུགས་ལ། ཞག་རེ་སྐར་མར་བཏང་པའི་ཆུ་ལ་བཏབ་པ་བཏང་བས་བཅད་ཅིང༌། གྲང་འབྱམས་ནི་དྲི་མ་མེད་ཅིང་ཆུ་འདྲ་བ་འཁྲུ་བས་དེ་ལ་ཤ་ཚོན་པོའི་ཁུ་བའམ། ཡང་ན་ཞུན་མར་ལ་ད་ཏྲིག་དང་ཤིང་ཚ་བཏབ་པས་གཅོད་ཅིང༌། སྨན་རོ་ལུས་ནས་འབྱམས་པ་ལ་རྒྱམ་ཚྭའི་ཆུ་བསྐོལ་བཏང་བས་བཅད་པ་དང༌། ནད་ཁ་ཕྱེ་བ་ན་སྤྱིར་མི་བཅད་པར་ལུས་ཟུངས་གསོ་ཞིང་འབབ་ཏུ་འཇུག་ལ། འོན་ཀྱང་མཁྲིས་པའི་རྩ་ཁ་བྱེ་བའི་རྟགས་འདུག་ན་མྱུར་དུ་བཅད་དགོས་ཏེ། ཐང་སྨན་གྱི་སྐབས་སུ་བཤད་པའི་ཨིནྡྲ་བཞི་ཐང་ལ་དོམ་མཁྲིས་བཏབ་པས་གཅོད་པ་དང༌། འབྱམས་པ་བཞི་ཀ་ཐུན་མོང་ངམ་སྤྱི་རུ་འབྲས་ཀྱི་ཐུག་པའམ་ཡང་ན་ནས་ཀྱི་ཐུག་པའམ་ཤ་གསར་གྱི་ཚོ་ཁུ་གང་རུང་ལ། སྤྱིན་ནི་རྭ་དང་ཀོ་བ་སོགས་གང་རུང་ལ་བཟོས་པ་ཡོངས་གྲགས་དང༌། ད་ཏྲིག་ཀ་པེད་མོན་ཆ་ར་སྨག་དང་ཐ་རམས་རྣམས་བཏབ་ལ་ཙེ་གུར་ཞེས་ཉུང་ཉུང་ཡང་ཡང་བཏང་བ་དང༌། ཁ་སྐོམ་གྱི་རིགས་ཇ་ཆང་སོགས་མི་བཏང་སྟེ་དེས་ཚོད་པར་ངེས་སོ། །སྲོག་གི་བྱ་ར་བཞག་པ་ལ་གནད་རྣམ་པ་ལྔར་ཡོད་དེ། ཐོར་བུའི་རླུང་སྐྱེས་པས་སྣ་མ་ནོན་པ་དང༌། སྨན་དང་ནད་དུ་མ་འཕྲོད་པས་གཟེར་ཟུག་བྱུང་བ་དང༌། སྐྱུག་པ་མནན་དྲགས་པས་གློ་རྩར་ཤོར་བ་དང༌། སྲིན་ཁྲོས་པས་ཕོ་ལོག་གླང་ཐབས་ཀྱི་ནད་དུ་སོང་བ་དང༌། ཟུངས་ཟད་ནད་ལ་སྲོག་གནས་པ་སྦྱོངས་ཀྱིས་བཏོན་ན་ནད་ཟུངས་ལྷན་ཅིག་ཏུ་འཇོམས་ཏེ་འཆི་བ་དང་ལྔར་ཡོད་པའོ། །དེ་ཡང་བཤལ་བཏང་ནས་ཇི་ཙམ་འཁྲུས་བཞིན་དུ་མི་བདེ་བར་སླར་སྟོང་སྐྱུགས་བྱེད་པ་དང༌། ཤེད་ཆུང་དུ་འགྲོ་ཞིང༌། ཤེས་པ་ཟ་ཟི་ལ་ཉོག་ཉོག་བྱེད་ན་འཐོར་བུའི་རླུང་ཡིན་པས་གསུར་བདུག་བཏང་ཞིང་སྣུམ་གྱི་བསྐུ་མཉེ་བྱ་བ་དང་རུས་ཐང་གཏོང༌། དེས་ཀྱང་མ་ཕན་ན་རླུང་གསང་རྣམས་སུ་མེ་བཙས་སྣ་གླན་ཞིང་སྦྱོང་གི་འཕྲོ་བཅད་པར་བྱའོ། །སྦྱོང་རུང་བ་དང་མི་རུང་བ་དང༌། འདེད་པ་ལ་སོགས་པའི་དུས་ཚོད་མ་ཟིན་ན་ནད་དང་དཔྱད་ཐ་དད་དུ་ཕྱོགས་འཛོལ་བས་གཟེར་ཟུག་འབྱུང་བ་དེ་ལ་ཚ་གྲང་བརྟགས་ལ། གཉེན་པོ་བསིལ་དྲོད་གང་འོས་བསྟེན་དགོས་པས། ཚད་གཟེར་ལ་མ་ནུ་དང་རུ་རྟའི་གྲང་ཐང་བཏང་ཞིང༌། རྡོ་གྲང་སོགས་བསིལ་གྱི་དུགས་དང་གཟེར་འཇོམས་ཀྱི་སྨན་ཕྱེ་མ་གང་ཤིས་རིག་པས་དཔྱད་པར་བྱ། གྲང་གཟེར་ལ་ཨ་རུ་རྒྱམ་ཚྭ་སྒ་པི་ལིང་བཅས་ཆ་མཉམ་བཞི་པའི་ཐང་བཏང་ཞིང༌། འབའ་ཆ་སོགས་ཀྱི་དྲོད་དུགས་བྱ་བ་ཡིན་ནོ། །སྦྱོངས་ཀྱི་སྐབས་སྐྱུགས་པ་མནན་དྲགས་པས་བཤལ་སྨན་རྣམས་གློ་བའི་རྩར་ཤོར་ན་གློ་བརྒྱལ་མང་ཞིང་རོ་སྟོད་གཟེར་བ་འབྱུང་བས་དེ་ལ་གློ་བའི་སྐྱུགས་འདྲེན་དང༌། གློ་རྩ་ལ་གཏར་ག་གདབ་ཅིང༌། ཕྱེ་མ་དང་གློ་རྣག་གི་སྐེམ་སྨན་སོགས་སྦྱར་བར་བྱའོ། །བཤལ་དེས་ལུས་སྟོད་སྨད་ཀྱི་སྲིན་ཁྲོས་ཏེ། ཕོ་ལོག་གླང་ཐབས་བྱུང་ན་གཉེན་པོ་སྲིན་སྨན་གང་འོས་སྦྱར་བའམ། ཡང་ན་གོ་བྱེ་རྡོག་པོ་གཅིག་ཆོམ་པ་བརྡུང་པ་མར་དཀར་གྱིས་དྲིལ་ཏེ་ཁྱུར་མེད་བྱེད་པའམ། ན་གི་ཞིབ་མོར་བྱས་པ་མར་གསར་ལ་སྦྱར་བའི་རིལ་བུ་ཆུ་བསྐོལ་གྱིས་ཕུལ་ཏེ་བཏང་བས་བསད་པ་སོགས་བྱའོ། །ལུས་ཟུངས་ཤིན་ཏུ་ངན་ན་ནི་ནད་མ་ཐོན་ཀྱང་སྦྱོང་འཕྲོ་གཅོད་པར་བྱ་བ་གཅེས་ཏེ། ཅིའི་ཕྱིར་ཞེ་ན་ནད་ཐོན་པ་དང་ཟུངས་ཟད་དེ་སྲོག་འཕྲོག་པ་དུས་གཅིག་ཏུ་བྱེད་པའི་ཕྱིར་རོ། །

དེ་ལྟར་བཤལ་གྱི་ཕྱི་རྗེས་བཅད་པ་ལ་སྦྱོང་བ་ཚར་ཞིང་འཕྲོ་ཆོད་ནས། འབྲས་སམ་ཕྱེ་ཐུག་ལ་ཤ་སོགས་གཡོས་སུ་མ་བྱས་པའི་ཚའི་སྡོར་བག་ཤས་ཞེས་ཉུང་ཟད་ཙམ་ཡོད་པ་རྐྱང་རྐྱང་པོ་སླ་སིང་ངེ་བ། ཕུག་རོན་གྱི་སྒྲོའི་ཁ་དོག་ལྟ་བུ་དེས་ཁམས་གསོ་བ་དང༌། སྨན་རོ་འདོན་ཞིང་ནད་ལྷག་ཡོད་ན་མར་འདེད་པར་བྱེད་དོ། །དེའི་རྗེས་སུ་སྔ་མ་ལས་གར་ཙམ་གྱི་ཐུག་པ་སླ་བ་དང༌། བར་མ་བསྐ་བ་སྟེ་གར་བ། ཤ་གསར་ཚོ་ཁུ། ཟན་དྲོན་རྣམས་རིམ་པས་ཆའི་བསྐྱེད་ལ་བཏང་བར་བྱ་བ་ནི་སྤྱིར་བཏང་དང༌། དམིགས་བསལ་ལམ་ཁྱད་པར་ཅན་དུ་ནི་ནད་ཚ་བའི་རྗེས་དངགྲང་བའི་རྗེས་རྣམ་པ་གཉིས་ཡོད་དེ། ཚ་བའི་རྗེས་དེ་ལ་ཡང་གསར་པ་དང་རྙིང་པ་གཉིས་ལས་རིམས་དང་འཁྲུགས་སོགས་ཚ་བ་གསར་པའི་བཤལ་རྗེས་རྣམས་ལ་ནི། ཆུ་གྲོག་ཅེས་པ་ཆུ་ལ་རྩམ་པ་བཏབ་པའི་གྲང་མོ་དང༌། ནས་སྦམ་བཙོས་ཀྱི་ཐུག་པ། ཞོ་དང་ཆུ་བསྲེས་པའི་ཞོ་ཕྲུལ་སོགས་བསིལ་གྱིས་བཅད་པ་དང༌། ཚ་བ་རྙིང་པ་རྣམས་ལ་ནི་བ་ལང་སོགས་བསིལ་བའི་ཤ་གསར་ཚིལ་མེད་པའི་ཚོ་ཁུ་དང༌། ཇ་དང་བསྐོལ་གྲང་བྱས་པའི་ཆུ། ཞོ་ཕྲུལ་ཞེས་འདི་སྐབས་ཞོ་རོ་ལ་སོགས་བསིལ་ཞིང་བཅུད་ཆེ་བའི་ཟས་ཀྱིས་བཅད་པར་བྱའོ། །གྲང་བའི་རྗེས་ནི་ལུག་ཤ་གསར་རྙིང་གི་ཚོ་ཁུ་དང༌། ཆང་འཇམ་ཞེས་པ་གསར་པ་རང་མིན་པ་དང༌། ཞུན་མར་དང་ཟན་དྲོན་སོགས་དྲོད་ཀྱིས་བཅད་ཅིང༌། དེ་དག་གང་ལའང་ཆ་དང་བགས་ཀྱིས་ཞེས་ཆ་ཆུང་ནས་རིམ་པས་བསྐྱེད་ལ་བཏང་ཞིང༌། དེ་ལྟར་མ་བྱས་ན་ཚ་བའི་རྗེས་དྲོད་ཀྱིས་བཅད་ན་མེ་ལྟ་བུའི་ཚད་རོ་འཕེལ་བར་འགྱུར་ལ། གྲང་བའི་རྗེས་བསིལ་གྱིས་བཅད་དམ་བཟའ་བ་ཐལ་དྲགས་ན་ཕོ་བའི་མེ་འཆི་ལ་མ་ཞུ་བ་དང༌། དམུ་སྐྲན་སོགས་སྐྱེད་པར་བྱེད་དོ། །

སྦྱོང་ཉེས་པའི་སྐྱོན་ལ། ཟླ་ཟེར་ལས། བཀྲུ་སྨན་ཉེས་པའི་མཚན་ཉིད་ནི། །སྙིང་དང་ལྟོ་ན་ཡི་ག་འཆུས། །བད་ཀན་མཁྲིས་པ་སློང་བ་དང༌། །གཡན་པ་ལུས་ཚ་འཐོར་བུ་དང༌། །ཆམ་པས་འདེབས་ཤིང་བཤང་རླུང་འགག། སྦྱོར་བ་ཉེས་པའི་མཚན་ཉིད་ཡིན། །ཞེས་གསུངས་པ་ནི་རྟོགས་སླ་བ་དང༌། འདི་ཉིད་དུ་ཉེས་སྐྱོན་ཏེ་ཧ་ཅང་སྦྱོང་བ་ཐལ་དྲགས་པ་དང་ཞན་པ་རྣམ་པ་གཉིས་ལས་སྦྱོང་ཐལ་དྲགས་ན་ཟུངས་ཟད་ཅིང་རླུང་སྐྱེ་བ་དང༌། མེ་དྲོད་འཆི་བས་དེ་ལ་ཟས་སྨན་གཉིས་ཀ་དྲོད་བཅུད་དང་མེ་བཙས་གསོ་ཞིང༌། སྦྱོང་ཞན་ན་ནི་ནད་དེ་སློང་བ་ཙམ་བྱས་ནས་མ་དག་པ་ཡིན་པས་དང་ག་འགགས་ལ་ཟས་སྐོམ་འཇུར་མི་འདོད་ཅིང༌། ནད་ཀྱི་སྟོབས་སྐྱེད་དེ་བད་མཁྲིས་འཕེལ་བར་འགྱུར་བས་དེ་ལ་བཀྲེས་ཤིང་སྐོམ་པར་བྱས་ནས་རྒྱམ་ཚྭ་དང་སེ་འབྲུས་ཕོ་བའི་མེ་དྲོད་གསོས་ལ། ཟུངས་བཟང་ན་ནི་སླར་ཡང་སྔོན་འགྲོ་བྱས་ལ་སྦྱང་བ་བསྐྱར་ཞིང༌། ཟུངས་ངན་པ་ན་འོག་ནས་འབྱུང་བའི་ནི་རུ་ཧ་དང་འཇམ་རྩི་གཉིས་སྦྲེལ་ལ་བཏང་བར་བྱའོ། །

དེ་ལྟར་སྦྱོང་ལེགས་ན་སྦྱོང་ལེགས་ཇི་སྐད་བཤད་གོ་ལྡོག་ཅེས་གོང་དུ་ལུང་འདྲེན་བྱས་པ་ལས་གོ་ལྡོག་ཏུ་འབྱུང་བ་དང༌། སྦྱོང་བ་ཐུན་མོང་དུ། སྦྱང་བ་ལེགས་པ་ཉེ་བར་བསྟན་པ་ནི། །བློ་གྲོས་གསལ་ཞིང་དབང་པོ་སྟོབས་དང་ལྡན། །ལུས་ཟུངས་བརྟན་ཞིང་ཁོང་པའི་མེ་དྲོད་འབར། །ན་ཚོད་དག་ཅིང་རིང་དུ་འཇོག་པར་བྱེད། །ཅེས་པ་ལྟར་ནད་ཀྱི་རྩ་བ་རྩད་ནས་ཆོད་ཅིང་བད་ཀན་དང་མཁྲིས་པ་དག་པ་དང༌། ལུས་ཡང་ལ་ཁོང་པའི་དྲོད་འབར་བས་ཡི་ག་འབྱེད་ཅིང་བཀྲེས་སྐོམ་དུས་སུ་འབྱུང་བ་དང༌། བཤང་བ་དང་གཅི་བ་བདེ་བར་འབྱིན་པ་སོགས་འབྱུང་ངོ་ཞེས་གསུངས་སོ། །

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་སྦྱོང་བྱེད་ལས་ལྔའི་དང་པོ་བཤལ་གྱི་སྦྱོར་བ་སྟེ་ལེའུ་བཅུ་བཞི་པའོ།། །།



མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 3:20 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།