སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་བཞི་པ། བཤལ་གྱི་སྦྱོར་བ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.09.2011
ཕྱི་མ་རྒྱུད། >> ལེའུ་བཅུ་བཞི་པ། བཤལ་གྱི་སྦྱོར་བ་བཤད་པ།

བཅུ་གཉིས་པ་བཤལ་གྱི་ལས་ལ་གསུམ། ཉོན་ཅིག་པར་གདམས་པ། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། སྦྱོང་བྱེད་ལས་ལྔའི་སྔོན་འགྲོ་སྣུམ་བཅོས་ཀྱི་ལེའུ་གསུངས་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ཞེས་གདམས་སོ། །གཉིས་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ལས་ལྔའི་སོགས་རྐང་པ་གཉིས་ཏེ། སྦྱོང་བྱེད་ལས་ལྔའི་མཆོག་ཏུ་གྱུར་བ་བཤལ་གྱི་ལས་ལ་བརྟག་པ་དང་བཏང་ཐབས། སྐྱོན་ཡོན་ཏན་ཏེ་རྣམ་པ་བཞིས་བསྟན་པའོ། །ཞེས་པའོ། གཉིས་པ་ལ་བཞི་ལས། དང་པོ་ལ་སྤྱིའི་དོན་དང་ཚིག་གི་དོན་གཉིས་ཀྱི་དང་པོ་ནི། ཟླ་ཟེར་ལས། བཀྲུ་སྨན་གྱིས་གསོ་སྐྲན་གཞང་འབྲུམ། །འབྲུམ་བུ་མིག་སེར་གཞོགས་ཕྱེད་ལྕི། །རིམས་རྙིང་དམུ་རྫིང་དབྱིག་དུག་དང༌། །སྐྱུག་དང་མཆེར་ནད་སྐྱ་རྦབ་དང༌། །ལོང་ནད་རབ་རིབ་སྔོན་པོར་གྱུར། །མཆི་འཛག་ཞུ་བའི་གནས་ན་ཟུག །མངལ་དང་ཁུ་བའི་གནས་ཀྱི་ནད། །ཁོང་ནད་གཏོགས་དང་སྲིན་ནད་རྨ། །དྲེག་ཁྲག་ནམ་ཚོང་ཡན་ཆད་ནད། །གཅིན་སྲི་བཤང་བ་འགགས་པ་དང༌། །དམད་བྱ་མཛེ་གཅིན་ནད་ལ་སོགས། །ཞེས་བྱ་བ་ལ་སྐྲན་ལ་སོགས་པ་ནས་རྟུག་པ་འགགས་པའི་བར་གྱི་ནད་རྣམས་དང༌། དེ་བཞིན་དུ་སློན་པར་བྱ་བའི་ནད་ལས་མཛེ་ནད་དང༌། གཅིན་ནད་ནས་རོ་སྟོད་ཀྱི་ནད་ཀྱི་བར་དུ་བཀྲུ་སྨན་གྱིས་གསོ་ཞིང་སྦྱང་བར་བྱ་བ་ཡིན་ཏེ། འདི་དག་ལ་བཀྲུ་སྨན་བྱས་པས་མཆོག་ཏུ་འབྱང་ཞིང་འཇིག་པར་འགྱུར་རོ། །ཁྲུས་མི་བྱ་བ་རིམས་གསར་དང༌། །དྲོད་ཆུང་ཁྲག་མཁྲིས་ཐུར་དུ་འབྱུང༌། །རྨས་དང་གཞང་སྣད་ཚད་གསར་འཁྲུ། །ཁོང་དུ་མཚོན་ལུས་ལྟོ་སྲ་དང༌། །སྣུམ་ཆེས་པ་དང་སྐེམ་ཆེས་པའོ། །ཞེས་བྱ་བ་ལ་རིམས་གསར་པ་ནས་སྐེམ་ཆེས་པའི་བར་ལ་ནི་ཁྲུས་བྱར་མི་རུང་ངོ༌། །ལར་རིམས་གསར་པ་ཡིན་དུ་ཟིན་ཀྱང་ནད་སྨིན་པ་ལ་ཁྲུས་མི་བྱ་སྟེ། དེས་ནད་སླར་བསྐྱེད་པའི་ཕྱིར་རོ། །གཞང་བསྣད་པ་ནི་གཞང་སྒོར་སྲོག་ལ་གནོད་པའི་ནད་བསྐྱེད་པར་འགྱུར་བའི་ཕྱིར་རོ། །ཚད་པར་འཁྲུ་བ་དང་ཁྲག་མཁྲིས་ཐུར་དུ་འབྱུང་བ་གཉིས་ལ། ཁྲུས་བྱས་ན་ཤིན་ཏུ་འཁྲུ་དྲགས་པས་མ་རུང་བར་འགྱུར་རོ། །དྲོད་ཆུང་བ་ལ་སོགས་པ་ནི་སྨན་གྱི་ཤུགས་བཟོད་ཅིང་བསྟེན་མི་ནུས་པ་ཡིན་ནོ། །ཆང་ནད་ཀྱིས་ཉེན་པ་ལ་ཡང་ཁྲུས་མི་བྱ་སྟེ། དེས་རླུང་གིས་སྲོག་ལ་གནོད་པར་བྱེད་པའི་ཕྱིར་ལོང་ཀའི་གནས་སུ་རླུང་བསགས་པས་ཕན་ཚུན་རྒྱུ་བ་ནས་འཕྲལ་དུ་ལྟོ་སྦོས་པ་བསྐྱེད་པར་བྱེད་དོ། །ཁོང་དུ་མཚོན་ལུས་པ་ཡང་དེར་རླུང་བསྟེན་པས་སྲོག་ལ་གནོད་པར་འགྱུར་རོ། །ལྟོ་སྲ་བ་ནི་སྨན་བདོ་བས་ནད་ཕྱིན་པར་མ་ནུས་པ་དང༌། སྙིང་ཁར་གཟེར་བ་དང༌། རྩིབ་ལོགས་སུ་ཟུག་པ་དང༌། སྦོ་བ་དང༌། སློན་པ་དང༌། བརྒྱལ་བ་དང༌། རྨྱ་བ་བསྐྱེད་དེ་སྲོག་མ་རུང་བར་བྱེད་དོ། །སྣུམ་ཆེས་པ་ལ་ཁྲུས་བྱས་ན་ཧ་ཅང་དྲགས་པར་འགྱུར་རོ། །སྐེམ་ཆེས་པ་ནི་འདིས་སྐེམ་ནད་གཅོང་ཆེན་པོ་ལ་བྱ་སྟེ། གཅོང་ཆེན་པོས་ཉེན་པ་ནི་ལུས་ཟུངས་ཟད་པས་དྲི་མའི་སྟོབས་ཀྱིས་གནས་པ་ཡིན་པ་ལས་དེ་ཕྱུང་ན་ལུས་ཀྱང་འཇིག་པར་འགྱུར་རོ། །སྦྲུམ་མ་ལ་སོགས་པ་ཁྲུས་བྱས་ན་ཡང་ཉེས་པ་སྔར་བཤད་པ་ལྟར་འགྱུར་རོ། །ཞེས་གསུངས་པ་འདི་སྐབས་ཀྱི་སློན་པ་ཞེས་པ་བརྡ་སྙིང་སྟེ་སྐྱུགས་པའི་མིང་ཡིན་ནོ་ཞེས་པའོ། །གཉིས་པ་ཚིག་གི་དོན་ལ། མདོར་བསྟན་རྒྱས་བཤད་གཉིས་ཀྱི་དང་པོ་ནི། དང་པོ་སོགས་རྐང་པ་གསུམ་སྟེ། སྦྱོང་བྱེད་ལས་ལྔའི་དང་པོ་བཤལ་ལ་རུང་བ་དང་མི་རུང་བ་རྣམ་པ་གཉིས་སུ་ཡོད་པའི་ཚུལ་བརྟག་པ་ལ་རུང་མི་རུང་ནད་གཞིའི་སྒོ་ནས་བརྟག་པ་དང༌། རན་མི་རན་དུས་ཚོད་ཀྱི་སྒོ་ནས་བརྟག་པ་དང༌། ཟུངས་ཀྱིས་ཐུབ་མི་ཐུབ་ལུས་ཤེད་ཀྱི་སྒོ་ནས་བརྟ་པར་བྱ་བ་དང་རྣམ་པ་གསུམ་དུ་ཡོད་དོ་ཞེས་པའོ།།

        གཉིས་པ་རྒྱས་བཤད་ལ་གསུམ་གྱི་དང་པོ་ནི། རུང་བ་སོགས་ཚིགས་བཅད་གཉིས་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། ནད་གཞིའི་སྒོ་ནས་བཤལ་རུང་བ་རིམས་རྙིང་པ་དང༌། འཁྲུགས་དང༌། ཚ་བ་སྨིན་ཞིང་རྒྱས་པ་དང༌། དུག་བསྡུ་བསད་བྱས་ཟིན་པ་དང༌། སྣོད་དྲུག་གང་རུང་གི་ཚད་པ། མ་ཞུ་བ། སྐྲན་ནད། སྐྱ་རྦབ། དམུ་ཆུ། བད་ཀན་སྨུག་པོ། ཆུ་སེར། མཛེ། དྲེག གྲུམ་བུ། སྲིན་ནད། མིག་རབ་རིབ།  རྨ་རྙིང་པ་སོགས་ཕྱི་ནང་ཕལ་ཆེ་བའི་ནད་རིགས་ལ་བསྔགས་པ་སྟེ། ཁྱད་པར་མཁྲིས་པའི་ནད་ལ་མཆོག་ཏུ་ཕན་པར་བཤད་ལ། མི་རུང་བ་ནི། དགུན་གྱི་དུས་དང༌། ལུས་ཟུངས་ཟད་པ་དང༌། ན་སོ་རྒན་པ་དང༌། གདོན་ཅན་དང༌། སྦྲུམ་མ་དང༌། རླུང་ནད་ཅན་དང༌། མེ་དྲོད་ཉམས་པ་དང༌། གཞང་འབྲུམ་གྱི་ནད་དང༌། ཐུར་སེལ་གྱི་རླུང་ལོག་པ་དང༌། སྐྱུག་ལང་ཅན་དང༌། མདེའུ་སོགས་ཟུག་རྔུ་ཁོང་དུ་ལུས་པ་ལ་བཏང་བར་མི་བྱའོ་ཞེས་པའོ། །གཉིས་པ་དུས་ཚོད་ཀྱི་བརྟག་པ་ལ། རན་དང་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་སྟེ། རན་པ་དང་མི་རན་དུས་ཚོད་ཀྱི་སྒོ་ནས་བརྟག་པ་ནི། གོང་དུ་བཤད་པའི་ནད་དེ་དག་གང་ཡང་སྨིན་པ་དང༌། ཕོ་བར་ལུས་པ་དང༌། འགྲིལ་བ་བཤིག་པ་དང༌། ནད་དེ་སློང་བ་དང༌། རྒྱས་པའི་དུས་སུ་སྦྱང་དགོས་ཀྱི་དེ་ལྟར་མ་ཡིན་པར་སྦྱོངས་སྔས་ན་ནད་མི་འདྲོངས་ལ་དུས་སུ་མ་སྦྱངས་པར་ཕྱིས་ན་ནི་སླར་ནད་དེ་བརྟས་པ་སྟེ་རྒྱས་པར་འགྱུར་བས། དེའི་ཕྱིར་སྦྱང་བའི་དུས་ཚོད་མཚམས་ཚིགས་ཟིན་པར་ཤེས་པ་གཅེས་སོ་ཞེས་པའོ། །གསུམ་པ་ལུས་ཟུངས་ཀྱི་བརྟག་པ་ནི། ཐུབ་དང་སོགས་ཚིགས་བཅད་གཉིས་ཏེ་ཟུངས་ཀྱིས་ཐུབ་པ་དང་མི་ཐུབ་ལུས་ཤེད་ཀྱི་སྒོ་ནས་བརྟག་པ་ནི། ནད་ཡུན་རིང་དུ་བཏབ་པས་ཟུངས་ཟད་པ་དང༌། སྟོབས་མེད་པ། ཁ་ཟས་ཀྱིས་བོར་བ་སྟེ་དང་གར་མི་འགྲོ་བ་དང༌། རྩའི་ཤེད་ཤོར་བ། རྩ་རྒྱུད་སྤུན་པ། སྡོད་རྣམ་པ་གསུམ་གང་ཡང་རུང་བ་ཡོད་ན་སྦྱོངས་མི་ཐུབ་ལ། ཅིའི་ཕྱིར་ཞེ་ན། མི་དེའི་ནད་ལ་སྲོག་གནས་པས་སྦྱོངས་ཞན་ན་ནི་ནད་སློང་ཞིང༌། སླར་ཡང་དང་ག་འགག་ལ། སྦྱང་བ་དྲགས་ན་ནི་ནད་སྲོག་གཉིས་ལྷན་ཅིག་ཏུ་འཇོམས་པར་འགྱུར་བ་དེའི་ཕྱིར་ན་དེ་ལ་ནི་བཀྲུ་སྨན་མི་བཏང་ཞིང༌། གལ་ཏེ་བཏང་ན་དུག་བཏང་བ་དང་མཚུངས་པས་དེ་འདྲ་བ་ལ་ནི་འོག་ནས་བཤད་པའི་འཇམ་རྩི་དང༌། ནི་རུ་ཧ་སྤེལ་ནས་བཏང་བ་བསྔགས་སོ་ཞེས་པའོ། །གཉིས་པ་བཏང་ཐབས་ལ་མདོར་བསྟན་དང་རྒྱས་བཤད་གཉིས། །དང་པོ་ནི་བཏང་ཐབས་སོགས་རྐང་པ་གཅིག་སྟེ། དེ་ལྟར་སྦྱོང་གཏོང་དུ་རུང་བ་ལ་བཏང་བའི་ཐབས་ནི་སྔོན་འགྲོ། །དངོས་གཞི། ཕྱི་རྗེས་དང་རྣམ་པ་གསུམ་དུ་ཡོད་དོ་ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། སྔོན་འགྲོ་བཤད་པ། དངོས་གཞི་བཤད་པ། ཕྱི་རྗེས་བཤད་པའོ། །དང་པོ་ནི། སྔོན་དུ་ཞེས་པ་ནས་རླུང་ཁ་གནོན་ཞེས་པའི་བར་ཚིགས་བཅད་བཞི་དང་རྐང་པ་གསུམ་གྱིས་བསྟན་ཏེ། བཤལ་དེའི་དང་པོ་སྔོན་དུ་འགྲོ་བ་ལ་ཡང་རིང་བ་དང་ཉེ་བའི་སྔོན་དུ་འགྲོ་བ་གཉིས་ལས།

        རིང་བའི་སྔོན་འགྲོ་ནི། གློ་བུར་མ་ཡིན་པའི་ནད་པ་ལ་ཐང་དང་ཕྱེ་མས་བད་སྨུག་སོགས་བྱེད་པ་རྣམས། རིམས་ཚད་མ་སྨིན་མ་ནུ་བཞི་ཐང་བཏང༌། །མཁྲིས་ཚད་མ་སྨིན་ཏིག་ཏ་གསུམ་ཐང་བཏང༌། ཁྲག་ཚད་མ་སྨིན་འབྲས་བུ་གསུམ་ཐང་བཏང༌། །དུག་བྱེར་ལུག་རུ་སེར་པོ་སེ་རྒོད་དང༌། །སྐྱེར་ཤུན་ཕག་ཁྲག་ཆར་ཉུང་ཁནྜས་སྡུད། །སྨུག་པོ་སྟོད་བྱེར་ཡུངས་སྐྱེར་ལྕུམ་ཐང་སྡུད། །སྨད་བྱེར་ཚ་ལ་ཚོས་གསུམ་ཐང་གིས་སྡུད། །ལུས་ཀུན་བྱེར་ན་ཕག་ཁྲག་མ་ནུ་དང༌། །འུ་སུ་སྟར་བུ་ཀར་སྦྱར་ཕྱེ་མས་སྡུད། །ཆུ་སེར་བྱེར་ན་སེ་སྐྱེར་ཐང་གིས་སྡུད། །མཁྲིས་བྱེར་མ་ཞུ་སྐྱེར་ཤུན་ཐང་གིས་སྡུད། །འདུས་རྟགས་མིག་སྤྲིན་བཞིན་མདོག་དཀར་བ་དང༌། །ཆུ་དམར་ཁམས་ཉོག་དང་ག་འགགས་པ་དང༌། །སྐོམ་དད་ཆེ་ལ་ཤེས་པ་འཐིབས་དུས་སྦྱང༌། །ཞེས་པས་བསྡུ་ཞིང༌། སྐྲན་ནད་སོགས་འདྲིལ་བ་རྣམས། ཁྲག་སྐྲན་གསར་པ་གཏར་གས་ཁྲག་ཚད་བཅག །ཡུན་རིང་ལོན་ནས་ཚྭ་བསྲེག་ཟེ་ཚྭ་དང༌། །བྱ་ཐལ་ལྟ་བུ་མཛེ་ཚྭ་ཡ་བཀྵ། །དེ་རྣམས་ཕྱེ་མ་རྒྱུན་བསྲིངས་བཤིག་རྗེས་བཏང༌། །མཁྲིས་སྐྲན་མི་དང་ཕག་བྲུན་རྫ་ནང་དུ། །ནུས་ལྡན་བསྲེགས་ཐལ་སེ་འབྲུ་གསེར་མེ་ཏོག །ཀ་ར་སྦྱར་བའི་ཕྱེ་མས་བཤིག་ལ་བཏང༌། །ལྷེན་སྐྲན་ཚ་སྲེགས་རྒོད་བཏུལ་རྒྱམ་ཚྭ་དང༌། །བྱ་ཐལ་ཕྱེ་མས་བཤིག་ལ་བཏང་བར་བྱ། རྡོ་སྐྲན་ཟེ་ཚྭ་བྱ་ཐལ་ཚྭ་བསྲེགས་ཀྱིས། །སྲིན་སྐྲན་བྱ་ཐལ་ཚྭ་བསྲེགས་རྒྱ་ཚྭ་དང༌། བྱི་ཏང་མ་རུའི་ཕྱེ་མས་བཤིག་ལ་བཏང༌། །རྩ་སྐྲན་ཤིང་མངར་ལི་དུར་འདམ་བུ་ཀར། །བྱ་ཐལ་རྒྱ་ཚྭའི་ཕྱེ་མས་བཤིག་ལ་བཏང༌། །ཞེས་པ་ལྟར་བཤིག་པ། རྙིང་ཚད་སོགས་རྩི་ལྟར་ཞེན་པ་རྣམས་འགོགས་པ། གབ་ཚད་སོགས་གྲང་བའི་འོག་ཏུ་གབ་པ་རྣམས་སློང་བ་དང༌། ནད་མ་སྨིན་པ་རྣམས་སྨིན་པར་བྱས་ལ་གཟོད་སྦྱོངས་གཏོང་བ་བསྔགས་པ་ཡིན་ལ། ཉེ་བའི་སྔོན་འགྲོ་ནི། གཟའ་སྐར་ཚེས་གྲངས་བཟང་པོ་ལ་བབས་པའི་ཚེ། མཁན་པ་དང་ཆང་ཞིམ། སྦང་མ་ཆུ་འཇམ་བསྲོས་པའི་ཁུ་བས་ལུས་མགོ་མཇུག་ཀུན་དག་པར་བཀྲུས་རྗེས་ཚ་བ་ལ་མར་གསར་པ་དང༌། གྲང་བ་ལ་འབྲུ་མར་ཏེ་ཚ་གྲང་ནད་དང་སྦྱར་བ་གང་འོས་ཀྱི་བྱུག་པ་བྱས་ཏེ། ལྟོ་བ་མ་གཏོགས་པར་བསྐུ་མཉེ་བྱུག་ཕུར་འཐེམས་པར་བྱས་ལ། དེ་ཡང་རླུང་ཤས་ཆེ་བ་དང༌། ལྟོ་བ་སྲ་བ་ལ་ཁོང་དུ་ཞུན་མར་ལྟོར་བཏང་ཞིང༌། ཨ་རུ་མཆུ་རིང་མུར་དུ་འཇུག་པ། འཇམ་རྩི་མས་ནས་བཏང་བས་རླུང་གཞིལ་བ་དང༌། བད་མཁྲིས་བསླང་བའི་ཐབས་བྱ་བ་ཡིན་ལ། མདོར་ན་བཤལ་ལེགས་པར་བྱེད་པ་ལ་མི་མཐུན་ཕྱོགས་དགྲ་ལྟ་བུ་ནི་རླུང་ཡིན་པས་དེ་འདུལ་བའི་ཐབས་བྱེད་པ་གཅེས་ཤིང༌། ཤིན་ཏུ་ཉེ་བའི་སྔོན་འགྲོ་ནི། སྦྱོངས་གཏོང་བའི་གོང་ཞག་གཅིག་ནས་གྲོ་དང་སྲན་མ་སྔོ་ངད། ཉ་ཕག་གི་ཤ་སོགས་རུལ་པོ་དང་ཆང་སྐྱུར་འོ་མ་ལ་སོགས་ཏེ། གྲོ་ཕྱེ་གྲོ་ཐུག་སྣུམ་ཁུར་བད་མཁྲིས་སློང༌། །སྲན་ཕྱེ་སྲན་ཚོད་བད་ཀན་སློང་བར་བྱེད། །དྭ་ཚོད་བད་མཁྲིས་ཁྲག་ནད་ཚ་བ་སློང༌། །རུལ་སུངས་ཆང་རྒན་ཆང་སྐྱུར་བད་སྨུག་སློང༌། །ཉ་ཕག་ཤ་བེམ་བད་མཁྲིས་འཁྲུགས་ཤིང་སློང༌། །འོ་རློན་གྲང་མོས་སྲིན་དང་བད་ཀན་སློང༌། །ཞེས་པའི་ནད་དེ་ལ་གང་གནོད་ཀྱི་ཟས་ཀྱིས་ནད་སློང་ལ་སྦྱོངས་གཏོང་བའི་ནུམ་མོ་ཟྭ་ཚོད། ཕྱེ་དང༌། ཤ་རུས། ཚྭ་མར་སོགས་ཀྱི་སྔོར་ཐལ་མེད་པ་ཡོག་ཚད་དུ་བཏུང་ཞིང༌། དེས་ནད་སློང་བ་ལྟོ་བ་སྙི་བ་རླུང་ཁ་གནོན་པར་བྱེད་དོ། །གཉིས་པ་དངོས་གཞི་ལ་མདོར་བསྟན་དང་རྒྱས་བཤད་གཉིས་ཀྱི་དང་པོ་ནི། དངོས་གཞི་སོགས་རྐང་པ་གཉིས་ཏེ། སྦྱོངས་ཀྱི་དངོས་གཞི་དེ་ལ་ཡང་སྨན་གྱི་སྦྱོར་སྡེ་བཏང་བའི་ཚུལ་དང༌། ལྕག་དང༌། འདོན་པའི་ཚད་དང༌། ལོག་གནོན་ཏེ་རྣམ་པ་ལྔ་ཡིན་ནོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ། སྦྱོར་སྡེ། བཏང་ཚུལ། ལྕག འདོན་ཚད། ལོག་གནོན་ནོ། །དང་པོ་ལ་གཉིས་ཀྱི་སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི།

        ཟླ་ཟེར་ལས། རོ་སྟོད་ཀྱི་སྦྱང་བ་བཤད་པའི་རྗེས་ལ་རོ་སྨད་ཀྱིས་སྦྱང་བ་བསྟན་པར་བྱ་བའི་ཕྱིར་ལེའུ་འདི་བརྩམས་པ་ཡིན་ལ། དེ་ལས་ཀྱང་དུར་བྱིད་ནི་བཀྲུ་སྨན་ཀྱི་གཙོ་བོ་ཡིན་པས་དང་པོར་བཤད་པ་ཡིན་ཏེ། དེའི་ཕྱིར་སྨྲས་པ་ནི། དུར་བྱིད་བསྐ་ཞིང་མངར་ལ་རྩུབ། །ཞུ་རྗེས་ཚ་བར་གྱུར་པ་ཡིན། །བད་ཀན་མཁྲིས་པ་ཞི་བྱེད་དེ། །རྩུབ་པས་རླུང་ནི་འཁྲུག་པར་བྱེད། །ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། དུར་བྱིད་ནི་ཤ་མ་དང༌། ཏྲི་བྱི་ཏ་དང༌། མ་ག་ཏི་ག་ཞེས་བྱ་བ་ལ་སོགས་པའི་མིང་གི་རྣམ་གྲངས་ཀྱིས་བཤད་པ་ཡིན་ནོ། །དེ་ནི་རོ་ནི་བསྐ་བ་དང་མངར་བ་ཡིན་ལ། རང་བཞིན་ནི་རྩུབ་པའི་ཡོན་ཏན་དང་ལྡན་པ་ཡིན་ལ། ཞུ་བར་གྱུར་པ་ནི་ཞུ་རྗེས་ཀྱི་རོ་ཙ་བ་ཡིན་ནོ། །དེ་བཞིན་དུ་བསྐུ་བ་ལ་སོགས་པའི་རྒྱུས་བད་ཀན་དང་མཁྲིས་པ་ནི་ཞི་ཞིང་སེལ་བར་བྱེད་པ་ཡིན་ལ་རྩུབ་པའི་རྒྱུས་རླུང་ནི་འཁྲུགས་ཤིང་ལྡང་བར་བྱེད་པ་ཡིན་ནོ། །དེ་འདིར་སྨན་གྱི་སྦྱོར་བ་ཡིས། །རླུང་དང་བད་ཀན་མཁྲིས་པ་སེལ། །ཆོ་གའི་ཁྱད་པར་ལ་བརྟེན་ནས། །ནད་ཀུན་འཇོམས་པར་བྱེད་པ་ཡིན། །ཞེས་བྱ་བ་ལ་ཡང་དུར་བྱིད་དེ་ནི་རླུང་དང་མཁྲིས་པ་དང་བད་ཀན་སེལ་བར་བྱེད་པའི་སྨན་གྱི་སྦྱོར་བ་དང་བསྲེས་ཤིང་ཆོ་གའི་ལས་ཀྱི་རིམ་པ་ལ་བརྟེན་ཞིང་གནས་ནས། ནད་ཐམས་ཅད་ཀྱང་སེལ་ཞིང་འཇོམས་པར་བྱེད་པ་ཡིན་ནོ། །དུར་བྱིད་རྣམ་པ་གཉིས་སུ་བཤད། །དེ་རྩ་དམར་ནག་དཀར་བ་ཡི། །རྣམ་པ་གཉིས་སུ་བཤད་པ་ཡིན། །ཞེས་བྱ་བ་ལ་དུར་བྱིད་དེའི་རྩ་བ་རྣམ་པ་གཉིས་སུ་བཤད་དེ། ཤ་མ་ཞེས་བྱ་བ་རྩ་བ་དམར་ནག་ཏུ་འདུག་པ་ནི་གཅིག་ཡིན་ལ། ཏྲི་བྱིད་ཅེས་བྱ་བ་རྩ་བ་དཀར་པོ་ཡོད་པ་ནི་གཉིས་པ་ཡིན་ནོ། །དེ་ལས་ཏྲི་བྱིད་མཆོག་ཏུ་བཤད། །ཉེས་པ་མེད་ཅིང་བདེ་བར་འཁྲུ། །ཞེས་བྱ་བ་ལ་རྩ་བ་རྣམ་པ་གཉིས་སུ་ཡོད་པ་དེའི་ནང་ནས། ཏྲི་བྱིད་ཅེས་བྱ་བ་དུར་བྱིད་དཀར་པོ་ནི་ཤིན་ཏུ་མཆོག་ཡིན་པར་བཤད་དེ། ཅིའི་ཕྱིར་ཞེ་ན། ཉེས་པའི་སྐྱོན་མེད་པར་ནད་སེལ་ཞིང་བདེ་བླག་ཏུ་འཁྲུ་བར་བྱེད་པས་མཆོག་ཡིན་ལ། དེ་ནི་བྱིས་པ་དང་རྒན་པོ་དང་མི་སྐྱིད་ཅིང་བདེ་བར་གནས་པ་དག་དང༌། ལྟོ་སྙི་བའི་ནད་པའི་བཀྲུ་སྨན་ལ་མཆོག་ཏུ་བསྔགས་པ་ཡིན་ནོ། །བརྒྱལ་རྨོངས་བྱེད་ཅིང་ལྐོག་མ་ནི། །རྩུབ་ཅིང་གནོད་པར་བྱེད་པ་དང༌། །རྣོ་ཞིང་མྱུར་དུ་འཁྲུ་བྱེད་པ། །ལྟོ་སྲ་ནད་གཞི་ཤས་ཆེ་དང༌། །སྡུག་བསྔལ་གྱིས་ཉེན་ནད་པ་ལ། །ཤ་མ་དུར་བྱིད་བསྔགས་པ་ཡིན། །ཞེས་བྱ་བ་ལ་དུར་བྱིད་དམར་ནག་ཏུ་འདུག་པ་ཤ་མ་ཞེས་བྱའི་སྒྲས་བཤད་པ། དེ་ནི་ཤིན་ཏུ་རྣོ་ཞིང་མྱུར་དུ་འཁྲུ་བ་བྱེད་པ་ཡིན་པས། བརྒྱལ་བ་དང་སེམས་རྨོངས་པར་བྱེད་པ་དང༌། ལྐོག་མ་ཤས་ཆེར་རྩུབ་ཅིང་འདར་བ་སྙམ་སེམས་ལ། ཉམས་ཤིང་གནོད་པར་བྱེད་པ་ཡིན་ནོ། །དེ་བས་ན་རྩ་བ་དམར་ནག་ཏུ་འདུག་པའི་དུར་བྱིད་དེ་ནི་ནད་པ་ལྟོ་སྲ་བ་དང༌། ནད་གཞི་སོགས་པའི་ཤས་ཆེ་བ་དང༌། ནད་ཀྱི་སྡུག་བསྔལ་གྱིས་ལུས་ཉེན་ཅིང་གཟིར་བ་དག་ལ་དེ་བསྔགས་ཤིང་ནད་ཀྱི་གཏིང་འབྱིན་པ་ཡིན་ནོ། །དེ་ནི་ཟས་སུ་ཟུག་ཅིང་འཇམ། །ཐད་ཀར་འཕྲོས་པ་མ་ཡིན་པ། །བཏུས་པ་སྙིང་པོ་བོར་ནས་ནི། །ཤུན་པ་སྐམས་ཏེ་སྦ་བར་བྱ། །ཞེས་བྱ་བ་ལ་རྩ་བ་དེ་གཉིས་ཀྱང་ཟབས་སུ་ཟུག་ཅིང་སའི་གཏིང་རིང་པོར་ནུབ་པར་གྱུར་པ་དང་འཇམ་ཞིང་མཉེན་པ་དང༌། རྩ་བ་ཡན་མན་དུ་མ་འཕྲོས་པར་ཐུར་དུ་ཟུག་པ་བཏུས་ཤིང་བཏོན་ལ། ནང་གི་སྙིང་པོ་ཤིང་བུ་ལྟར་སྲ་བ་དེ་བོར་ནས་ཤུན་པ་ལེགས་པར་བསྐམས་ཏེ། སྣོད་བཟང་པོའི་ནང་དུ་སྦ་བར་བྱའོ། །ཞེས་དང༌།

        ཡན་ལག་བརྒྱད་པ་ལས། དེ་ནས་དེ་འོག་དེའི་ཕྱེ་མ། །རྒྱམ་ཚྭ་དོང་གྲ་ཅུང་ཟད་བཏབ། །རླུང་ནད་ལས་ནི་སྐྱར་ལ་བླུད། །མཁྲིས་པ་སྦྲང་རྩི་ཁ་ར་མར། །འོ་མ་རྒུན་འབྲུམ་བུ་རམ་ཤིང༌། །ཁུ་བ་བཏང་ལ་མངར་བ་ཡི། །སྨན་ཏེ་འབྲས་བུ་གསུམ་གྱི་ནི། །ཁུ་བ་བཅས་པ་བླུད་པར་བྱ། །བད་ཀན་ནད་ལ་པི་པི་ལིང༌། །ཁུ་བ་བ་གཅིན་ཆང་སྐྱུར་རྩངས། །ཚ་བ་ལྔ་སོགས་ཕྱེ་མ་ནི། །བད་ཀན་འཇོམས་དང་རྩི་རིགས་སྦྱར། །དུར་བྱིད་ལྡེ་གུ་ཁུ་བ་དང༌། །བསྐོལ་བའི་ཁུ་བ་སྦྲང་ཁ་ར། །སྦྲང་རྩི་དྲི་བཟང་གསུམ་དང་ཅེས། །ལྡེ་གུ་ཡིད་འོང་བཀྲུ་སྨན་ཡིན། །ཨ་ཛ་གནྡ་སྨྱིག་རྐང་དང༌། །ཁ་ར་དུར་བྱིད་བྱི་ད་རི། །ཕྱེ་བཏགས་སྦྲང་རྩི་མར་དང་ནི། །ལྡེ་གུར་བྱིན་ན་འདུས་པ་དང༌། །རིམས་དང་ལུས་རེངས་ཚ་བ་དང༌། །སྐོམ་དད་ཀྱིས་གཟེར་ལེགས་པར་འཁྲུ། །བུ་རམ་ཤིང་ནི་ཚལ་བར་བཀས། །ནང་ངོས་དུར་བྱིད་ལྡེ་གུས་བསྐུས། །གཅིག་ཏུ་སྦྱར་ཏེ་ཕུར་བ་ཡི། །གཙོ་བོའི་ཚུལ་བྱས་དེ་བཟའ་བྱ། །ཤིང་རྩ་སུག་སྨེལ་མཉམ་ནི་ལི། །དེ་མཉམ་དུར་བྱིད་ཤ་ཁ་ར། །ཕྱེ་མ་རྒུན་ཆུ་སྦྲང་རྩི་དང༌། །ཕྱེ་དང་སྐྱོ་མར་སྦྱར་ཏེ་བླུད། །རླུང་མཁྲིས་བད་ཀན་ལས་གྱུར་དང༌། །མེ་དྲོད་ཆུང་བའི་ནད་ལ་ནི། །སྐྱིད་དེ་བ་ཡི་མི་རྣམས་ལ། །གནོད་པ་མེད་པའི་བཀྲུ་སྨན་ཡིན། །བྱི་ཏང་ཀ་ཡི་སྙིང་པོ་དང༌། །འབྲས་བུ་གསུམ་ཞེས་བྱ་བ་དང༌། །ཡ་བཀྵར་པི་པི་ལིང༌། །དུར་བྱིད་ཀུན་གྱི་ཆ་ཕྱེད་བྱས། །སྦྲང་རྩི་མར་དང་བུ་རམ་གྱིས། །ལྡེ་གུར་བྱས་པ་བྱིན་ན་ནི། །སྐྲན་དང་མཆེར་པ་དམུ་རྫིང་དང༌། །གཟུགས་འཁུམས་ལུད་པ་ཡི་ག་འཆུས། །རླུང་དང་བད་ཀན་ལས་གྱུར་ནད། །མང་པོ་གཞན་དག་སྦྱོང་པའི་བྱེད། །པི་པི་ལིང་དང་དུག་མོ་ཉུང༌། །ཟི་ར་ཧསྟི་པི་པི་ལིང༌། །ཏི་མུ་པ་དང་ལན་ཚྭ་ལྔ། །ཞོ་ནི་གཉིས་གཉིས་ཕྱེ་མར་བྱས། །དུར་བྱིད་དང་ནི་ཏིལ་མར་གཉིས། །སྲང་ནི་བརྒྱད་བརྒྱད་ཆར་བསྲེས་དང༌། །སྐྱུ་རུ་ར་ཁུ་བྲེ་གསུམ་དང༌། །བུ་རམ་སྲང་ནི་ལྔ་བཅུ་མེ། །ཆུ་བསྐོལ་དེ་ལས་རན་ཙམ་ནི། །ཟོས་ན་མཛེ་དང་གཞང་འབྲུམ་དང༌། །མིག་སེར་ཟ་ཁུ་སྐྲན་དང་ནི། །དམུ་རྫིང་མཚན་བར་རྡོལ་བ་དང༌། །ཕོ་བའི་ནད་དང་སྐྱ་རྦབ་རྣམས། །འཇོམས་ཤིང་ཆོ་ག་བསྲུང་མི་དགོས། །བུ་བསྐྱེད་པ་ཡང་དེ་ཡིས་བྱེད། །བུ་རམ་དགེ་བ་ཅན་ཞེས་བྱ། །དུས་ཀུན་དུ་ནི་འཕྲོད་པ་ཡིན། །ཚ་བ་གསུམ་དང་དྲི་སྣ་གསུམ། །གླ་སྒང་དང་ནི་བྱི་ཏང་ཀ། །སྐྱུ་རུ་ར་སྟེ་ཐམས་ཅད་ནི། །མཉམ་པའི་དུར་བྱིད་ཁ་ར་དང༌། །སྦྲང་རྩི་རིལ་བུར་བྱས་ཟོས་ན། །གཅིན་སྲི་རིམས་དང་སློན་བྲོ་དང༌། །ལུད་པ་ཤ་སྐེམ་མགོ་འཁོར་དང༌། །ཟད་བྱེད་ལུས་ཚ་སྐྱ་རྦབ་དང༌། །མེ་དྲོད་ཆུང་དང་དུག་ནད་སྦྱོང༌། དུར་བྱིད་དུག་མོ་ཉུང་ས་བོན། །པི་པི་ལིང་དང་བཅའ་སྒ་རྣམས། །སྦྲང་རྩི་རྒུན་འབྲུམ་ཆུར་སྦྱར་བ། །དབྱར་གྱི་དུས་ཀྱི་བཀྲུ་སྨན་ཡིན། །དུར་བྱིད་གླ་སྒང་བྱི་ཚེར་དང༌། །ཁ་ར་ཙན་དན་བ་ཤ་ཀ། །ཤིང་མངར་པ་ཏོ་ལ་ཕྱེ་མ། །རྒུན་ཆུ་དང་སྦྱར་སྟོན་གྱི་ཡིན། །དུར་བྱིད་པ་ཏོ་ཀྲུ་དྲུག་ཏྲེས། །ཟི་ར་ཤུ་དག་པ་ར་ལ། །ཁྲོན་བུ་ཕྱེ་མ་ཆུ་དྲོན་སྦྱར། །དགུན་གྱི་དུས་སུ་བླུད་པར་བྱ། །དུར་བྱིད་ཁ་ར་ཆ་མཉམས་པ། །སོས་ཀའི་དུས་ཀྱི་བཀྲུ་སྨན་ཡིན། །དུར་བྱིད་སྦ་འབྲས་ཀྱི་ལྕེ་བ། །པ་ཏོ་ལ་དང་པུ་ཙེ་ཤེལ། །ཁྲོན་བུ་ལེགས་པར་བཏགས་ན་ནི། །བ་གཅིན་ནང་དུ་ཞག་གསུམ་སྦངས། །འདི་ནི་དུས་ཀུན་སྦྱོར་བ་སྟེ། །སྣུམ་ཞེན་དྲི་མ་ནད་རྣམས་སེལ། །ཤ་མ་དུར་བྱིད་བྱི་ཚེར་བ། །གླ་སྒང་ཧསྟི་པི་པི་ལིང༌། །དུག་མོ་ཉུང་དང་ནི་ལི་ནི། །འབྲས་བུ་གསུམ་དང་པུ་ཙེ་ཤེལ། །ཕྱེ་མ་ཤ་ཁུ་འམ་མངར་རམ་ནི། །ཆུ་དྲོན་དང་སྦྱར་ཐམས་ཅད་དུ། །ཁོང་རྩབ་ལ་ཡང་བཏང་བར་བྱ། །རིམས་དང་སྙིང་ནད་དྲེག་ནད་དང༌། །རྟུག་སྐམ་ལ་སོགས་ནད་རྣམས་ལ། །དོང་གའི་བཀྲུ་སྨན་ལྷག་པར་ནི། །འཇམ་དངར་བསིལ་ལ་ཕན་པ་ཡིན། །བྱིས་པ་རྒན་པོ་གློ་རྡོལ་དང༌། །སྐྱིད་དེ་བ་ཡི་མི་རྣམས་ལ། །འཇམ་ཞིང་སྐྱོན་ནི་མེད་པའི་ཕྱིར། །མཆོག་ཏུ་དོང་གའི་བཀྲུ་སྨན་གཏང༌། །འབྲས་བུའི་དུས་སུ་ལེགས་སྨིན་པའི། །དེ་ཡི་འབྲས་བུ་བཏུས་ནས་ནི། །དེ་ནི་ཡོན་ཏན་ལྡན་གྱུར་པ། །ཁུར་གཅིག་བྱེ་མའི་ནང་དུ་གཞུག །ཞག་བདུན་ལོན་ནས་ཕྱུང་ནས་ནི། །ཉི་མ་ལ་ནི་བསྐམ་པར་བྱ། །དེ་ནས་རྐང་ནི་ཕྱུང་ནས་སུ། །སྣོད་ནི་གཙང་མར་གཞག་པར་བྱ། །བྱིས་པ་ལོ་བཞི་ལོན་པ་ནས། །ལོ་ནི་བཅུ་གཉིས་ལོན་གྱི་བར། །ལུས་ཚ་རྟུག་འགགས་ཀྱིས་གཟིར་ལ། །རྒུན་ཆུར་སྦྱར་ཏེ་བླུད་པར་བྱ། །དོང་གའི་རྐང་ནི་མཉེད་པ་དང༌། །བསྐོལ་བའི་ཆུ་ནི་གྲང་མོ་བླུད། །ཡང་ན་ཆང་དང་ཞོ་ཁ་ཆུ། །སྐྱུ་རུ་ར་ཡི་ཁུ་བའམ། །རང་སྐྱུར་དག་དང་བཅས་པའམ། །དུར་བྱིད་ལྡེ་གུར་སྦྱར་བ་བྱིན། དནྡའི་ཁུ་བ་དེ་ཡི་རྐང༌། །བུ་རམ་རྙིང་པ་བཅུག་ནས་ནི། །ཟླ་བ་གཅིག་གམ་ཟླ་ཕྱེད་བར། །མནན་པའི་ཆང་ནི་བླུད་པར་བྱ། །སེང་ཕྲོམ་རྩ་བའི་ཤུན་པ་ནི། །ནང་གི་ཤུན་པགས་བོར་ནས་སུ། །བསྐམས་ཏེ་ཕྱེ་མར་བྱས་ནས་ནི། །དེ་ལས་ཆ་གཉིས་བསྐོལ་ཏེ་བཟའ།། །སེང་ཕྲོམ་ཆ་ནི་གསུམ་པ་སྦང༌། །རྩ་བ་བཅུ་པའི་ཁུ་བ་དང༌། །ཆ་དེ་སླར་ཡང་སྦང་བར་བྱ། །སླར་ཡང་བསྐམས་ཏེ་ཕྱེ་མར་བྱས། །དེ་ལས་ཞོ་གཉིས་བ་གཅིན་ནམ། །ཆང་གི་དངྭས་མའམ་ཞོ་ཁ་ཆུ། །རྒྱ་ཤུག་སྐྱུ་རུ་ར་ཁུ་བ། །གང་ཡང་རུང་དང་སྦྱར་ཏེ་བླུད། །སེང་ཕྲོམ་བསྐོལ་བའི་ཁུ་བ་དང༌། །ལྡེ་གུར་བྱས་དང་ཁ་ར་དང༌། །མར་དང་བསྐོལ་བའི་ལྡེ་གུ་དེ། །བསྐྲུ་སྨན་གྱི་ནི་དམ་པ་ཡིན། །ཤྲིའ་ཁནྜས་ནད་ཀྱི་ཚོགས། །ཤས་ཆེར་གསོག་པའང་འཇིག་བྱེད་དེ། །མྱུར་དུ་འཁྲུ་ཞིང་དྲགས་པས་ན། །ལྟོ་སྙི་ཉམ་ཆུང་བྱིས་པ་དང༌། །རྒན་པོ་ནད་པ་ཡུན་རིང་ལ། །དེ་ནི་བཏང་བར་མི་བྱའོ། །སྐྲན་དང་དམུ་རྫིང་སྦྱར་བའི་དུག །པགས་ནད་གཅིན་ནད་སྦྲང་རྩི་འདྲ། །སྐྱ་རྦབ་སྐྲན་དང་དུག་གིས་ཕོག །ནད་ཀྱིས་སེམས་དཀྲུགས་གྱུར་ལ་བཏང༌། །དེ་ནི་ཚེར་མ་རྣོན་པོ་ནི། །མང་པོས་ཁྱབ་པར་གྱུར་པ་མཆོག །ལོ་གཉིས་པ་འམ་ལོ་གསུམ་པ། །ཁྱད་པར་དུ་ནི་དགུན་གྱི་མཐར། །དེ་ནི་མཚོན་གྱིས་རྣམ་བཅད་ལ། །དེ་ལས་འོ་མ་བླང་བར་བྱ། བིལྦ་སོགས་རྩ་བ་ལྔ། །བྲི་ཧ་ཏི་ནི་རྣམ་གཉིས་དག །བསྐོལ་བའི་ཁུ་བ་དང་མཉམ་པའི། །སུ་ཏའི་འོ་མ་དང་བསྲེས་ལ། །དེ་འོག་མེ་ཡི་འདག་མར་སྐམ། །རིལ་བུར་བྱས་པ་ཞོ་ཁ་ཆུ། །ཆང་དམ་བ་གཅིན་སོགས་སྦྱར་བླུད། །དུར་བྱིད་སོགས་དགུ་འབྲས་བུ་གསུམ། །ཁྲོན་བུ་པ་ཏོ་ལ་དང་བཅས། །སུ་དའི་འོ་མ་ཞག་བདུན་སྦངས། ཤ་ཁུའམ་མར་དང་སྦྱར་ཏེ་བླུད། །ཚ་བ་གསུམ་དང་འབྲས་བུ་གསུམ། །དུར་བྱིད་དན་ད་ཙི་ཏྲ་ཀ། །དེ་བཞིན་བས་ཏ་ལ་རྩ་བ། །དེ་དག་རྣོན་པོར་འཇུ་བྱེད་ཡིན། །བད་ཀན་དམུ་རྫིང་སྦྱར་བའི་དུག །སྐྲངས་སོགས་ནད་ལ་གཏང་བར་བྱ། །དེ་གཉིས་རིལ་བུ་ཞོ་གཉིས་ཙམ། །ཆང་དང་རྒྱམ་ཚྭ་སྦྱར་བ་ནི། །བད་རླུང་ལས་གྱུར་སྙིང་ནད་དང༌། །དེ་བཞིན་སྐྲན་གྱི་ནད་ལ་བཏང༌། །དན་ད་ཏྲ་བ་ཏྲི་ཐ་བ། །གླང་པོའི་སོ་ལྟར་བརྟན་ཞིང་སྦོམ། །དམར་ཞིང་གནག་ལ་རྣོ་ཞིང་དྲོ། །མྱུར་དུ་འཁྲུ་བར་བྱེད་པ་ཡིན། །ལྕི་ཞིང་རླུང་ནི་འཁྲུ་བྱེད་ཅིང༌། །མཁྲིས་པ་བད་ཀན་འཇུ་བར་བྱེད། །དེ་ནི་སྦྲང་རྩི་པི་པི་ལིང༌། །ལྡེ་གུས་བསྐུས་ལ་འཇག་མ་དང༌། །འཇིམ་པས་བསྐུས་ཏེ་མེས་བསྲེག་ཅིང༌། །ཉི་མ་ཅུང་ཟད་དྲོར་སྐམས་པས། །འདི་ཡི་རྣོ་བ་བསལ་བར་བྱ། །དེ་ཡི་ཆང་དངྭས་ཞོ་ཁ་ཆུ། །དར་བ་སྨན་ཆང་པི་ལིང་གི། །ཁུ་བ་གང་ཡང་རུང་བྱར་བླུད། །ཉམ་ཆུང་སྐྲན་དང་གཅིན་སྙི་དང༌། །དམུ་རྫིང་སྦྱར་བའི་དུག་རྣམས་སེལ། །བ་ལང་རི་དྭགས་ར་ཤ་ཡི། །ཁུ་བ་སྦྱར་བས་སྐྱ་རྦབ་དང༌། །ལྟོ་སྲིན་མཚན་བར་རྡོལ་ནད་སེལ། །དེ་བསྐོལ་ཁུ་བ་ལྡེ་གུ་དག །རྩ་བ་བཅུ་ཡི་ཁུ་བར་བསྐོལ། །མར་གྱི་མེ་དབལ་ཁོང་འབྲས་དང༌། །འབྲུམ་ཕྲན་མཚན་ཁུང་ཚ་བ་སེལ། །ཏིལ་མར་བཅས་པས་སྐྲན་ཟ་ཁུ། །གཞང་འབྲུམ་རྟུག་འགགས་བད་རླུང་སེལ། །སྣུམ་ཆེན་སྦྱར་བའི་ཁུ་ཆུ་བཤང༌། །འཕྱེན་འགགས་རླུང་གི་ནད་རྣམས་སྦྱོང༌། །དུར་བྱིད་ལ་སོགས་དགུ་པོ་འདི། །བཀྲུ་སྨན་གྱི་ནི་རབ་མཆོག་ཡིན། །ཨ་རུ་ར་དང་དུར་བྱིད་ཀྱི། །ཆོ་ག་བཞིན་དུ་སྦྱར་བར་བྱ། །དེ་ལས་དུས་སུ་དེ་ཕྱེ་མ། །རྒྱམ་ཚྭ་དོད་གྲ་ཅུང་ཟད་གདག །རླུང་ནད་ལ་ནི་སྐྱུར་བས་བླུད། །ཤ་མ་དུར་བྱིད་ཀྱི་ཚེར་མ། །གླ་སྒང་ཧསྟི་པི་པི་ལིང༌། །བུ་རམ་སྲང་བརྒྱད་ཨ་རུ་ར། །ཉི་ཤུ་ཙན་དན་ཙི་ཏྲ་ཀ། །སྲང་རེ་པི་པི་ལིང་དུར་བྱིད། །ཞོ་ནི་གཉིས་གཉིས་ལྷན་ཅིག་སྦྱར། །རིལ་བུ་བཅུ་བྱས་ཞག་བཅུ་བར། །རིལ་བུ་རེ་རེ་ཟོས་རྗེས་ལ། །ཆུ་དྲོན་བླུད་ཅིང་ཆོ་ག་འདིར། །དེ་དག་ཐམས་ཅད་ཟོས་གྱུར་ན། །ཀུན་ཟོས་བསྲུང་བ་མི་དགོས་པར། །འདི་ནི་ཐམས་ཅད་སེལ་བར་བྱེད། །མཆོག་ཏུ་སྐྱ་རྦབ་ཕོ་བའི་ནད། །པགས་ནད་ཟླུམ་པོ་གཞང་འབྲུམ་དང༌། །གཡན་པའི་ནད་རྣམས་སེལ་བ་ཡིན། །ཆུང་ངའམ་དོན་ནི་ཆེན་པོ་དང༌། །ཆེན་པོའང་ལས་ནི་ཉུང་ཟད་དག །འདྲེ་དང་དབྱེ་བ་བྱས་པ་དང༌། །དུས་དང་སྦྱོར་བར་ལྡན་པར་བྱེད། །དེ་ཡང་དྲང་སྲོང་ཙ་ར་ཀས། །སྨན་ནི་འགྲོ་བས་ཆུང་ངུ་ཡང༌། །ལས་ནི་མང་པོ་བྱེད་པར་འགྱུར། །དེ་བས་སྨན་ནི་ནུས་པ་དག །མཚུངས་པས་ཉེ་བར་སྦྱར་བར་བྱ། །ཆུ་མེད་སྲིན་བུས་གནོད་མ་བྱས། །ཡུལ་དང་དུས་ཀྱི་ཡོན་ཏན་ལྡན། །ཚད་ནི་ཆུང་དང་ལྷག་པར་ལྡན། །ནུས་པ་མཚུངས་ཤིང་ལེགས་སྦྱར་ལ། །སྣུམ་དང་དུགས་ཀྱི་ཆོ་ག་བྱས། །སྨན་ནི་རྣོ་བ་ཉིད་དུ་འགྱུར། །ཡོན་ཏན་འདི་དག་ཅུང་ཟད་དམན། །སྔར་བཤད་ཚད་ཀྱིས་མཉམ་འགྱུར་ལ། །སྣུམ་དུགས་ལེགས་པར་མ་བྱས་ལ། །སྨན་གྱི་ནུས་པ་འབྲིང་པོར་འགྱུར། །སྨན་མཐུ་ཆུང་ཞིང་རྩུབ་པ་དང༌། །ཚད་ནི་ཆུང་བར་གྱུར་བ་དང༌། །མཐུ་ནི་མི་མཚུངས་སྦྱར་གྱུར་པས། །ཤུགས་དལ་ལྟ་བུར་ནུས་ཞན་འགྱུར། །ཤིང་ཚ་ནཱ་ག་གེ་སར་དང༌། །ཨ་མ་ཏ་ཀ་སེ་འབྲུ་དང༌། །སུག་སྨེལ་ཁ་ར་སྦྲང་རྩི་དང༌། །ཁ་ལུད་ཆང་སོགས་དེ་དང་དེ། །ཡིད་དང་རྗེས་སུ་མཐུན་པ་ཡིས། །རིགས་པས་བཀྲུ་སྨན་གཏང་བར་བྱ། །ཞེས་སོགས་སྦྱོར་བ་མང་བར་གསུངས་པ་དང༌། །མེ་ལྕེ་འཁོར་ལོ་ལས། བདུད་རྩི་གངས་ཀྱི་ཁྲོམ་པ་ལ། །འདུལ་ལུགས་རྣམ་པ་གསུམ་བྱས་ཏེ། །གངས་ཁྲོམ་འདུལ་བ་མོ་ཆོལ་ཙམ། །དུར་བྱིད་སོར་ཚིགས་ཙམ་གཅིག་ལ། །ཤྲིའ་ཁནྜ་འཕང་ལོ་ཕྱེད། །སྔོན་བུ་ཚོམ་གཅིག་དན་མ་རླུང་དང་གྲངས་ཤས་ཆེ་བ་ལ་ཆང་དང་འོ་མས་འདུལ། །ཆུ་སེར་ཤས་ཆེ་བ་ལ་བའི་འོ་མས་འདུལ། །ཁྲག་དང་ཚད་པ་ཤས་ཆེ་བ་ལ་འོམ་བུ་བསྡུས་པའི་ཁུ་བས་འདུལ་ རོག་བརྒྱད། །གུ་གུལ་དཀར་པོ་ཁྱེམ་བུ་གང༌། །ཨ་རུ་མཆུ་སྙུང་རྡོག་པོ་གཅིག །སྤང་རྩི་ཤོག་ཤིང་ཕོ་ཚོམ་གཅིག །དོང་ག་ཁྲོན་བུ་མཐེབ་ཚིགས་ཙམ། །བུར་དཀར་སྦྱར་ལ་ལེགས་པར་བཏགས། །ཆང་གི་འདམ་བཏགས་ཉི་མ་གཅིག །རིལ་བུ་བྲ་བའི་རིལ་མ་ཙམ། །བསིལ་མི་འཇུག་པའི་སྣོད་ནང་བླུག །ཅེས་དང༌།

        བྲག་ཞུན་ལྕགས་ཕྱེ་ཨ་རུ་ར། །ནད་གཞི་གང་འོས་ལྕག་དང་སྦྱར། །རབ་ནི་སུམ་ཅུ་འབྲིང་ཉེར་གཅིག །ཐ་མ་བཅུ་གསུམ་ལ་སོགས་པ། །མཁས་པས་ཚོད་དང་སྦྱར་ལ་དབྱུང༌། །ཞེས་པའང་ཤིན་ཏུ་ཟབ་པར་ངེས་སོ། །གཉིས་པ་ཚིག་གི་དོན་ལ། མདོར་བསྟན་དང་རྒྱས་བཤད་གཉིས་ཀྱི་དང་པོ་ནི། སྦྱོར་སྡེ་སོགས་རྐང་པ་གཉིས་ཏེ། དང་པོ་བཤད་གྱི་སྦྱོར་སྡེ་ལ། ཀུན་ཏུ་རྒྱུག་པའི་སྤྱི་བཤལ་དང༌། ཐོར་བུ་བ་ནད་ཀྱི་སྒོས་བཤལ་རྣམ་པ་གཉིས་སུ་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། ཀུན་རྒྱུག་གི་སྤྱི་བཤལ་སུམ་ཅུ་བཤད་པ་དང་ཐོར་བུའི་སྒོས་བཤལ་བཅུ་གསུམ་བཤད་པ་གཉིས། དང་པོ་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ནི། དང་པོ་སོགས་རྐང་པ་གཅིག་སྟེ། དང་པོ་སྦྱོར་སྡེ་ཀུན་ཏུ་རྒྱུག་པའི་སྤྱི་བཤལ་དེ་ལ་ཡང་སྣ་སེལ་དང༌། དེད་དཔོན་དང༌། ཁ་འཛིན་གསུམ་དུ་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་གྱི་དང་པོ་ནི། སྣ་སེལ་སོགས་ཚིགས་བཅད་གཉིས་དང་རྐང་པ་གསུམ་གྱིས་བསྟན་ཏེ། དང་པོར་སྣ་སེལ་གྱི་སྦྱོར་བ། ཨ་རུ་མཆུ་རིང༌། ལྕུམ་རྩ། ཆུ་མ་རྩི། རྒྱམ་ཚྭ། པི་པི་ལིང་རྣམས་ཀྱི་བསྡུས་ཐང་དྲོ་འཇམ་ནམ་གུང་དུ་བཏང་བར་བྱས་པས་ལྟོ་བ་སྙི་ན་འཁྲུ་ནུས་ལ། ལྟོ་བ་འབྲིང་ན་རྒྱུ་མ་འཁྲོག་ཅིང༌། ལྟོ་བ་སྲ་བ་ལ་རྟགས་ཅི་ཡང་མེད་པ་གསུམ་འབྱུང་བ་དེ་ལས་ལྟོ་བ་སྲ་སྙི་དཔགས་ཏེ། དེད་དཔོན་ཐུན་ཚད་ཆེ་ཆུང་ཤེས་པར་བྱ་དགོས་སོ། །ཅིའི་ཕྱིར་ཞེ་ན། བཏང་ཡུལ་ལྟོ་བ་སྲ་བ་ལ། སྨན་ཐུན་ཆུང་ན་ནད་སློང་ཞིང་སྦྱོངས་ཕྱིར་མི་ཐོན་ཏེ་ཉེས་པ་སླར་ཆེ་ལ། ཡུལ་ལྟོ་བ་སྙི་བར་སྨན་ཐུན་ཆེས་ན་སྦྱོངས་མི་ཆོད་ཅིང་ལུས་ཟུངས་འཇོམས་པར་བྱེད་པ་དེས་ན་ལྟོ་བ་སྲ་སྙི་བརྟག་པའི་ཕྱིར་དུ་སྣ་སེལ་གཏོང་བ་གཅེས་པ་ཡིན་ཅིང༌། སྣ་སེལ་དེས་ནི་ལྟོ་བ་སྙི་ན་མི་སྐྱུག་ཅིང་སྦྱོངས་རྣོ་ལ་འཇམ་པའི་གྲོགས་སུ་འགྱུར་བ་ཡིན་ནོ་ཞེས་པའོ། །གཉིས་པ་དེད་དཔོན་བཤད་པ་ལ། དྲག་སྦྱོར་དང་འཇམ་སྦྱོར་གཉིས་ཀྱི་དང་པོ་ནི། དེད་དཔོན་སོགས་ཚིགས་བཅད་གཉིས་ཏེ། བཤལ་གྱི་དེད་དཔོན་དྲག་པོའི་སྦྱོར་བ་ལ་ཨ་རུ་མཆུ་རིང་གི་མཆུ་དང༌། དན་རོག་ཕག་གདོང་རབ། རུས་སྦལ་མ་འབྲིང༌། དན་ཁྲ་ཐ་མ་དང༌། ཤྲིའ་ཁནྜ། དུར་བྱིད་རབ་དམར་པོ། འབྲིང་སེར་པོ། སྐྱ་གསོབ་ཐ་མ་ཡིན་ལ། དེ་བཞི་པོ་འདུལ་ཐབས་ནི་ཨ་རུ་ར་ཐལ་ཚན་གྱི་གསེབ་ཏུ་དར་ཅིག་བཅུག་ལ་འདུལ་བ་དང༌། དན་ད་རོག་པོ་ཀོ་པགས་བཤུ་ཞིང༌། བར་གྱི་ལྕེ་དཀར་ལེབ་ཏེ་བཏོན་ལ། ཕྱེའི་ནང་དུ་བཅུག་པ། ཤྲིའ་ཁནྜ་མར་དཀར་གྱི་ཁུ་བའི་ནང་དུ་བཅུག་པ། དུར་བྱིད་ནི་ནང་གི་རྐང་དང༌། ཕྱིའི་ཤུན་པ་དུག་ཡིན་པས་དེ་ཕྲལ་ཏེ་ཡོས་ཚན་མོའི་ནང་དུ་བཅུག་སྟེ་བཏུལ་བ་དེ་བཞི་པོ་ཆ་མཉམ་ཞིབ་པར་བཏགས་ཏེ་རིལ་བུར་དྲིལ་བ་ཡིས་སྦྱོངས་རྣོ་ལ་དྲག་པོར་འབབ་སྟེ། སྟོབས་དང་ལྡན་པས་ནད་ཀུན་འཁྲུད་ཅིང་འཇོམས་པར་བྱེད་དོ་ཞེས་པའོ། །གཉིས་པ་ཞི་སྦྱོང་ནི། ཡང་ན་སོགས་ཚིགས་བཅད་གཉིས་ཏེ། ཡང་ན་འཇམ་པོའི་སྒོ་ནས་སྦྱོང་བར་བྱེད་ན། ཐར་ནུ། དུར་བྱིད། ཨ་རུ་ར། ལྕུམ་རྩ། སྔོན་བུ། ཁྲོན་བུ། ཤྲིའ་ཁནྜ། དན་རོག །དན་ཁྲ། དོང་ག་རྣམས་བའི་ཆུར་བསྡུས་པའི་ཁུ་བ་སྣ་མ་ཚིག་པའི་ཁནྜ་དེ་ནི་སྦྱོང་བ་རྣོ་ལ་ལུས་ཟུངས་ལ་མི་གནོད་པར་འཇམ་ཞིང༌། ཡར་མི་སྐྱུག་པ་དང༌། མི་འབྱམས་བ་སྟེ་ཧ་ཅང་ཁྲུས་དྲགས་པའི་སྐྱོན་མི་འབྱུང༌། ལྷེན་དང་རླུང་མི་སྐྱེ་ལ་ནད་སྟོབས་དང་སྦྱར་ནས་སྦྱོང་དྲག་ཞན་ལུས་ཀྱི་བཟོ་དབྱིབས་དང་བསྟུན་ནས་འཁྲུ་བ་ཡིན་ཕྱིར་ཤིན་ཏུ་འཇམ་པས་གོང་གི་མི་རུང་བ་དགུན་དུས་དང༌། སྦྲུམ་མ། རྒས་པ། ཟུངས་ཟད། ལམ་ཁའི་མགྲོན་པོ་སོགས་ལ་ཡང་བཏང་དུ་བཏུབ་པ་ཡིན་ན་རུང་བ་རྣམས་ལ་ཆེས་ཆེར་འཇམ་ཞིང་ལེགས་པ་ཡིན་ནོ་ཞེས་པའོ།།

        གཉིས་པ་ཁ་འཛིན་གྱི་ཁ་བསྒྱུར་སུམ་ཅུ་བཤད་པ་ལ་སྦྱོར་བ་སུམ་ཅུ་དང༌། གནད་ཀྱི་མན་ངག་བདུན་བཤད་པ་གཉིས། །དང་པོ་ནི། གཙོ་བོ་དེ་ལ་ཞེས་པ་ནས་སྦྱོང་བར་བྱེད་ཅེས་པའི་བར་ཚིགས་བཅད་ཉི་ཤུ་རྩ་ལྔས་བསྟན་ཏེ། གཙོ་བོ་དེ་ལ་ཁ་བསྒྱུར་གྱི་སྨན་གསུམ་བསྡེབས་པའི་སྦྱོངས་ཀྱི་རིམ་པ་སྙིང་བཤལ། གློ་བཤལ། མཆིན་བཤལ། མཁལ་བཤལ། ཕོ་ནད་སྦྱོང་བཤལ། མཁྲིས་བཤལ། རྒྱུ་ལོང་གི་སྦྱོངས། རྩ་ནད་སྦྱོང་བྱེད། མགོ་སྐྱོན་སྦྱོང་བྱེད། སྟོད་བཤལ། སྨད་བཤལ། པགས་བཤལ། མགོ་བཤལ། མིག་བཤལ། ཚད་བཤལ། གྲང་བཤལ། ཚ་གྲང་འདྲེས་པའི་སྦྱོངས། ཆུ་སེར་སྦྱོང་བྱེད། དུག་སྦྱོངས། སྨུག་པོའི་སྦྱོངས། སྐྲན་སྦྱོངས། དམུ་ཆུའི་སྦྱོངས། སྐྱུགས་ནད་ཀྱི་སྦྱོངས། ཕོ་ལོང་སྦོས་ནད་ཀྱི་སྦྱོངས། གྱེན་ལོག་རླུང་བཤལ། སྲིན་བཤལ། དྲེག་བཤལ། འབྲས་བཤལ། བུ་སྣོད་ཀྱི་བཤལ་ཏེ་སྦྱོར་བ་སུམ་ཅུ། གོང་གི་དེད་དཔོན་དྲག་པོ་བཞི་ལ་སྦྱར་བའི་རྩུབ་བཤལ་སུམ་ཅུ་དང༌། འཇམ་པོ་ཐར་ནུ་བཅུ་པའི་ཁནྜ་ལ་སྦྱར་བའི་འཇམ་བཤལ་སུམ་ཅུ་ཡིན་ལ། ཚིག་དོན་གཞན་ནི་རྟོགས་པར་སླ་ཞིང༌། བྱང་པ་ནི་འོག་ཏུ་རྩ་སྦྱོངས་ཀྱི་སྐབས་སུ་འཆད་ལ། གླ་གོར་ཞོ་ཤ་ཞེས་པ་ཤ་ལུ་ཀ་ཟེར་བ་ལང་གི་མིག་འབྲས་ལྟ་བུ་ལྷོ་མོན་ནས་འབྱུང་བ་དེ། ཤུ་ཟུར། ཟུར་པ། རྒ་རྒོད་གསུམ་དོན་གཅིག་སྟེ་སྒ་འོལ་འདྲ་བ་ལ་རོ་མི་ཚ་བ་ཞིག་གོ །ཟོམ་རྩི་ནི། ཟོ་ཤ་སྟེ། ཟོ་མར་རམ། ཟོང་བྲེལ་ཞེས་ཀྱང་བྱ། འོལ་མོ་སེ་ནི། ཤོལ་པ། འོ་མ་སེ་ཞེས་གྲགས་པ། དར་ཤིང་གི་མིང་ཡིན་ལ། འོལ་མ་སེའུ་འམ། དམར་རུ་མགོ་ནག་ཅེས་པ་དེ་མིན། ཤངས་པ་དང་ལྷུན་སྡིངས་པ་ཟོམ་རྩི་ཤ་ཕོ་རུ་རྟ་ལ་བཞེད་ཅིང༌། ཤུ་ཟུར་མ་ནུ་ཤུ་ཟུར་ཡིན་གསུངས། གཉིས་པ་གནད་ཀྱི་མན་ངག་བདུན་བཤད་པ་ལ། མི་རུས་སོགས་ཚིགས་བཅད་གཉིས་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལྟར་བཤལ་གང་ལའང་གནད་ཀྱི་མན་ངག་བདུན་པོ་གལ་ཆེ་བར་བསྟན་པ་ཡིན་ཏེ། མི་རུས་བཙའ་མ་ཞེས་པ་མི་རུས་རྙིང་པ་བཙས་ཁྱེར་སྣུམ་ཚི་ཟད་པ་དེ་དང༌། ཡ་བཀྵར་བསྡེབས་པས་རྩམ་པ་སྟེ་ལྟོ་ན་ཡོད་པའི་ཟས་མི་འཁྲུ་བར་ཟུངས་སུ་འགྲོ་ཞིང་དངྭས་སྙིགས་འབྱེད་ལ་ནད་རྣམས་སྦྱོང་བར་བྱེད་པ་དང༌། དེ་བཞིན་དུ་བ་སྤྲུས་སྦྲུམ་མའི་བུ་མི་འཆོར་བ། ཆུ་མ་རྩིས་མི་སྐྱུག་པ། དངུལ་ཆུ་ནི་གཉན་རྒོད་ཆུ་སེར་སོགས་ལ་ཚ་འདུལ་དང་གཞན་གྲང་འདུལ་བྱས་པ། དུད་ཐལ་རྒྱ་ཚྭ་རྣམས་ཀྱིས་མི་སྐྱུག མི་འགྱིང༌། མྱུར་དུ་འབིགས་པ། མྱང་རྩི་སྤྲས་ཀྱིས་ནད་ཐོག་ཏུ་མི་འབབ་པར་ཧ་ཅང་ཐལ་བའི་འབྱམས་མི་སྲིད་པ། དྲི་ཆུ་དང་ཆུ་རུག་པས་ཆུ་མི་གནོད་པ། ཉི་དགའི་འབྲས་བུས་ཁ་མི་སྐོམ་པ་རྣམས་ཀྱི་གནད་དུ་འགྱུར་བས་ན་གོང་གི་ཁ་བསྒྱུར་སུམ་ཅུ་པོ་དེ་གནད་ཀྱི་མན་ངག་བདུན་པོ་འདི་དང་ལྡན་ན་ནད་ཀྱི་གཡུལ་གང་ཡང་འབྱིན་པ་ལ་ཐེ་ཚོམ་མེད་དོ་ཞེས་པའོ། །ལྷུན་སྡིངས་པ་ཆུ་རུག་ནི་དུས་བཞི་འཆི་མེད་ཀྱི་སྔོ་ཡིན་ལ། ཆུ་རུག་སྦལ་པའི་ལག་པ་འདྲ་ཟེར་བ་ཡང་རུང་ཞིང༌། དྲི་ཆུ་ཆུ་རུག་གཉིས་ཀའི་ཚབ་ཏུ་ཆུའི་དཀྱིལ་གྱི་རྡོ་ལ་དྲེག་པ་ཆགས་པ་དེ་གཏོང་ཟེར། གཉིས་པ་ཁ་འཐོར་བསྒོས་བཤལ་བཅུ་གསུམ་བསྟན་པ་ལ། ཐོར་བུའི་ཞེས་པ་ནས་ཞེན་པ་སྦྱོང་ཞེས་པའི་བར་ཚིགས་བཅད་དགུ་དང་རྐང་པ་གཅིག་གིས་བསྟན་ཏེ། འཁྲུགས་རིམས་རྒྱས་ཚད། གག་ལྷོག །རྒྱུ་གཟེར། བད་སྨུག ཁྲག་མཁྲིས། གླང་ཐབས། སྐྱ་རྦབ། འོར་ནད། དམུ་ཆུ། དུག་ནད། ཤ་དུག བྱང་ཁོག་ཁྲག་བབས། མ་ཞུ་རིམས་གསར་ཆུ་སེར་རྙིང་ཚད་རྣམས་སྦྱོང་བའི་སྦྱོར་སྡེ་གཞན་དང་སྡེབ་མི་དགོས་པར་སོ་སོར་རང་སྐྱ་ཐུབ་པའི་དགོས་བཤལ་དྲག་པོ་བཅུ་གསུམ་ཡིན་ལ། རེ་ལྕག་པ་ལ། དཀར་ནག་གཉིས་ཏེ། མིང་ནི་ཤོག་ཤིང་བ། དར་ཤོད་ཅན། རྒྱལ་པོའི་ལ་ཐོད། བདུད་རྩི་བལ་ཅན་ཞེས་སོ། །དེ་ལྟར་སྦྱོངས་ཀྱི་སྦྱོར་བ་ལྔ་བཅུ་ཡིན་ནོ།།

        གཉིས་པ་བཏང་ཐབས་ལ་གཉིས། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། ཡན་ལག་བརྒྱད་པ་ལས། དེ་ནས་ཐུན་མོང་དུས་སུ་ནི། །ཆོ་ག་བཞིན་དུ་སྣུམ་གྱིས་ཞེན། །ཉ་དང་མ་ཤ་ཏིལ་སོགས་ཀྱིས། །ནད་པར་སློན་བྱའི་བད་ཀན་བསྐྱེད། །མཚན་མོ་གཉིད་ལོག་ཟས་ལེགས་ཞུ། །སྔ་དྲོའི་དང་པོར་བཀྲ་ཤིས་བྱས། །ཟས་མ་ཟོས་པའམ་ཅུང་ཟད་སྣུམ། །ཐུག་པ་ཞུན་མར་ལྡན་པ་བཏུད། །བྱིས་པ་རྒན་པོ་ཉམ་སྟོབས་ཆུང༌། །སྨན་སྟོབས་ཆུང་བ་ནད་དབང་ལས། །ཆང་འོ་བུ་རམ་ཤིང་ཤ་ཁུ། །ནད་དམིགས་ཇི་སྐད་བཤད་པ་བཞིན། །སྦྲང་རྩི་རྒྱམ་ཚྭ་དང་ལྡན་པ། །སྨན་ཚད་ལྟོ་བ་ལས་དཔགས་ཏེ། །སྨན་ལ་སྔགས་ནི་མངོན་བཟླས་པ། །ལྐོག་མར་ཕྱིན་པའི་བར་དུ་བླུད། །ཚངས་པ་སྐྱེ་རྒུའི་བདག་དང་ཐ་སྐར་བུ། །དྲག་པོ་དབང་པོ་ཉི་ཟླ་ས་མེ་རླུང༌། །དྲང་སྲོང་སྨན་གྱི་ཚོགས་དང་བཅས་པ་དང༌། །འབྱུང་པོའི་ཚོགས་ཀྱིས་ཁྱོད་ནི་བསྲུང་བར་ཤོག །དྲང་སྲོང་རྣམས་ཀྱི་བཅུད་ཀྱིས་ལེན་པ་དང༌། །ལྷ་རྣམས་ཀྱི་ནི་བདུད་རྩི་ལྟ་བུ་དང༌། །ཀླུ་མཆོག་རྣམས་ཀྱི་བདུད་རྩི་ལྟ་བུ་ནི། །ཁྱེད་ལ་སྨན་འདི་ཉེ་བར་གནས་གྱུར་ཅིག །ཨོཾ་ན་མོ་བྷ་ག་ཝ་ཏེ་བྷཻ་ཥ་ཛྱེ་གུ་རུ། བཻཌཱུརྱ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶམྦུདྷཱ་ཡ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་རཱ་ཛཱ་ཡས་མུངྒ་ཏེ་སྭཱཧཱ། །ཤར་དུ་ཁ་བསྟན་འཐུང་དུ་གཞུག །ཅེས་གསུངས། གཉིས་པ་ཚིག་གི་དོན་ལ། བཏང་ཚུལ་ཞེས་པ་ནས་འཁྲུ་བར་བསམས་ཞེས་པའི་བར་ཚིགས་བཅད་གསུམ་སྟེ། དེ་ལྟར་བཤལ་གྱི་རིམ་པ་དེ་དག་བཏང་བའི་ཚུལ་ལ་ཐང་ཕྱེ་མ་རིལ་བུ་སྨན་མར་བཞིའི་སྒོ་ནས་གཏོང་བ་ཡིན་པས། དེ་ཡང་ན་སོ་རྒས་པ་དང༌། ཟུངས་ངན་པ་རྣམས་ལ་སྐོལ་ཐང་ཤིས་ཏེ། དེས་བཏུང་ནས་བཏང་ངམ། བཞག་རན་པ་སོགས་ཀྱི་ཚོད་བྲིན་པར་འགྱུར་བ་དང༌། ཟུངས་བཟང་ནད་རྒྱས་ཀྱི་རིགས་ལ་ཕྱེ་མ་དང་རིལ་བུ་གང་རུང་ཤིས་ཤིང༌། དེ་ཡང་སྐྱུག་པ་རྣམས་ལ་རིལ་བུ་བཏང་ན་མཆོག་ཏུ་འགྱུར་ལ། ཤིན་ཏུ་ལྟོ་བ་སྲ་བ་དང་སྐྱུག་པའི་ལང་ཡོད་པ་ལ་སྦྱོངས་སྨན་དེ་ཉིད་སྨན་མར་དུ་སྦྱར་ཏེ་སྦྱོངས་སྨན་ཡིན་པ་གསང་ལ་ཡང་ཡང་དུ་བཏང་ནས་རྒྱུན་སྦྱོངས་བྱ་ཞིང༌། སྨན་གྱིས་དྲེད་པ་དང༌། སྨན་ཡི་གར་བདར་བ་སྟེ་སྨན་མི་འདོད་པར་ཟས་མེད་ན་བསྲན་མི་ཐུབ་པ་ལ་ཟས་ཉུང་ཟད་སྦྱོང་སྨན་དང་བསྡེབས་ནས་བཏང་བ་ཡིན་ལ། དེ་དག་ཐམས་ཅད་གཏོང་དུས་ཐོ་རངས་གོང་དུ་དྲངས་པ་བཞིན་སྨན་ལ་ཤིས་པ་བརྗོད། སྨན་བཏང་བའི་རྗེས་ལ་ཁ་ཆུ་གྲང་གིས་བཤལ། མངར་བའི་ཀ་ར་སོགས་ཅུང་ཟད་མུར། འགྲུལ་བསྲུང༌། གཏམ་མི་སྨྲ། ཕྲེས་སུ་མི་ཉལ་བར་ཙོག་པུར་འདུག འོག་རླུང་མར་གློད་ལ་ནད་གདོན་འཁྲུ་བར་བསམ་མོ་ཞེས་སོ།།

        གསུམ་པ་ལྕག་བཤད་པ་ནི། ལྕག་ནི་སོགས་ཚིགས་བཅད་གཉིས་དང་རྐང་པ་གསུམ་སྟེ། དེ་དག་སྦྱོང་བའི་ལྕག་ནི། བཤལ་ཐེབས་གཉིས་གསུམ་ཙམ་འཁྲུས་པ་དང༌། དང་ག་མེར་བ་སངས་ནས་ཆུ་སྐོལ་ཡང་ཡང་དུ་བཏང་བ་ཡིན་ལ། དེ་ལས་སྦྱོང་ལྕག་སྔས་ན་སྐྱུག་ཅིང་འཕྱིས་ན་ནད་མི་འཁྲུས། དེ་ཡང་རླུང་ཤས་ཆེ་ན་རུས་ཁུའི་ལྕག་གིས་བསྐུལ་ཞིང༌། ཟུངས་ཟད་ཀྱི་མི་ལ་བུར་ཁུའི་ལྕག །ཚ་བ་སྨིན་རྒྱས་ཀྱི་དུས་སུ་གངས་ཆུའི་ལྕག །ཆུ་སེར་ཚད་རྙིང་གི་ནད་ལ་བ་ཆུའི་ལྕག །འཁྲུ་བའི་ཤུགས་དལ་ན་ཨ་རུ་མཆུ་སྙུང་གི་ལྕག་རྣམས་སོ་སོའི་དམིགས་བསལ་དང༌། ཐུན་མོང་གི་ལྕག་ཏུ་རྒྱམ་ཚྭ་བཏབ་པའི་ཆུ་སྐོལ་ཁོ་ན་ཤིས་པ་ཡིན་ནོ། །གཞན་ཡང་ཤེད་ཆུང་ཞིང་ཤེས་པ་ཟི་ཉོག་བྱེད་ལ་སྟོང་སྐྱུགས་མང་ན་ཁ་རླུང་སྐྱེས་པ་ཡིན་པས། སྣུམ་གྱི་བསྐུ་མཉེ་དང༌། མར་བུ་རམ་སོགས་ཀྱི་གསུར་དུད། རུས་ཁུ་བཏུང་བ་སོགས་རླུང་སྣ་མནན་པར་བྱའོ། །བཞི་པ་འདོན་ཚད་ལ་གཉིས། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། བརྒྱད་པར་བཤལ་སྐྱུགས་གཉིས་ཐུན་མོང་དུ་བཤད་པ་ལྟར་ཟླ་ཟེར་ལས། ཚད་ནི་ཆུང་དང་འབྲིང་དང་ཆེན་པོ་ནི། །བཞི་དང་དྲུག་དང་ཡང་བརྒྱད་སློན་པར་འདོད། །དེ་ཉིད་བཅུ་དང་ཉིས་ལྡབ་སུམ་ལྡབ་འཁྲུ། །བྲེ་གང་དེ་བཞིན་ཉིས་ལྡབ་བཞི་ལྡབ་འགྱུར། །སྐྱུག་སྨན་མཐར་མཁྲིས་བཀྲུ་སྨན་ལས་བྱེད་དང༌། །བད་ཀན་མཐར་འབྱུང་འཁྲུ་བ་མཆོག་ཏུ་བཤད། །ཅེས་བྱ་བ་ལ་སློན་པའི་ཚད་ཆུང་ངུ་དང༌། འབྲིང་དང་ཆེན་པོ་གོ་རིམ་ཇི་ལྟ་བ་བཞིན་དུ་སློན་ཤུགས་བཞི་དང༌། དྲུག་དང་བརྒྱད་སློན་པ་དག་ཡིན་པར་ཚེའི་རིག་བྱེད་དྲན་པར་བྱེད་པ་དག་མངོན་པར་འདོད་ཅིང་སྟོན་པ་ཡིན་ནོ། །དེ་ལ་སློན་པ་ཅུང་ཟད་ནི་ལན་བཞི་སློན་པ་ཡིན་པར་འདོད་དོ། །སློན་ཚད་འབྲིང་ནི་ལན་དྲུག་སློན་པའོ། །སློན་པའི་ཆེ་ཚད་ནི་ལན་བརྒྱད་སློན་པའོ། །འབྱུང་བའི་ཤུགས་དེ་ཉིད་བཅུ་དང་ཉིས་ལྡབ་དང་གསུམ་ལྡབ་ནི་འཁྲུ་བའི་ཚད་ཆུང་ངུ་དང༌། འབྲིང་དང་ཆེན་པོ་ཡིན་པར་དང་སྲོང་དེ་དག་ཉིད་འདོད་དོ། །དེ་ལ་འཁྲུ་བ་ཆུང་ཚད་ནི་ལན་བཅུ་འཁྲུ་བའོ། །འཁྲུ་བ་འབྲིང་ཚད་ནི་བཅུ་གཉིས་ལྡབ་སྟེ། ལན་ཉི་ཤུ་འཁྲུ་བར་འདོད་དོ། །འཁྲུ་བ་ཆེ་ཚད་ནི་བཅུའི་སུམ་ལྔ་སུམ་ཅུ་ཡིན་པར་འདོད་དེ། དེ་ལྟར་ན་སྐྱུག་སྨན་དང་འཁྲུ་སྨན་གཉིས་ཀྱི་འབྱུང་བའི་གྲངས་ཀྱིས་ཚད་ཆུང་ངུ་དང༌། འབྲིང་དང་ཆེན་པོ་བཤད་པ་ཡིན་ནོ། །བྲེ་ལ་སོགས་པའི་ཚད་ཀྱིས་གཞལ་བའི་ཚད་ཆུང་ངུ་དང་འབྲིང་དང་ཆེན་པོ་སྨྲས་པ་ནི་བྲེ་གང་ལ་སོགས་པ་ཡིན་ཏེ།      འཁྲུ་བའི་ཚད་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་ནི་རིམ་བཞིན་དུ་བྲེ་གང་དང་དེ་ཉིད་ཀྱི་ཉིས་ལྡབ་དང༌། དེ་ཉིད་ཀྱི་བཞི་ལྡབ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེས་ན་འཁྲུ་བ་ཆུང་ཚད་ནི་བྲེ་གང་ངོ༌། །འབྲིང་ནི་བྲེ་དོའོ། །ཆེན་པོ་ནི་བྲེ་བཞི་ཡིན་ནོ། །སློབ་དཔོན་གཞན་དག་ནི་སྐྱུགས་སྨན་གྱི་མཆོག་ནི་མཁྲིས་པ་བྱུང་བའི་མཐར་ཐུག་པ་ཡིན་པར་འདོད་དེ། སྐྱུགས་སྨན་གང་གི་མཐར་མཁྲིས་པ་འབྱུང་བ་དེ་ནི་སྐྱུགས་སྨན་མཐར་ནི་མཁྲིས་པའོ་ཞེས་བྱའོ། །བཀྲུ་སྨན་གྱི་ཚད་བྲེ་གང་དུ་ཡོངས་སུ་ཚད་པ་ལས་ཕྱེད་དེ་བྲེ་ཕྱེད་དོ། །དེས་ན་སློན་པའི་ཆུང་ཚད་ནི་བྲེ་ཕྱེད་དོ། །འབྲིང་ནི་བྲེ་གང་ངོ༌། །ཆེ་ཚད་ནི་བྲེ་དོའོ། །དེ་བཞིན་དུ་བད་ཀན་ཐ་མར་བྱུང་བའི་འཁྲུ་བའི་ཚད་ནི་མཆོག་ཡིན་ནོ་ཞེས་སྲོག་བསྲུང་བའི་སློབ་དཔོན་དག་གིས་བཤད་དོ། །འཁྲུ་བ་གཉིས་གསུམ་བཤང་དང་བཅས་མི་གཏོགས། །འཁྲུ་བ་གཞལ་ཏེ་སློན་ལ་འཐུངས་མ་གཏོགས། །ཞེས་བྱ་བ་ལ་འཁྲུ་བའི་ཤུགས་གཉིས་སམ་གསུམ་ལ་ནི་འཁྲུ་བ་གཉིས་གསུམ་ཞེས་བྱ་བལ། དེ་བཤད་པ་དང་བཅས་པར་འབྱུང་བས་ན་བཤད་བཅས་ཏེ་འཁྲུ་བ་དེ་མ་གཏོགས་ཤིང༌། ཚད་དུ་བགྲང་བར་མི་བརྩི་ཞིང་དོར་ལ། འཁྲུ་བའི་ཡུལ་ལ་གཞལ་ཅིང་བརྩིས་ལ། འཁྲུ་པའི་གྲངས་སུ་བསྟན་པ་གང་ཡིན་པ་ལས་དེ་མི་བརྩི་སྟེ། དེའི་འོག་ཏུ་དངོས་པོའི་རིགས་གཞན་དེ་མེད་པ་འཁྲུ་བའི་ཤུགས་ཀྱིས་དབང་གིས་བཤང་བའི་སྒོ་ནས་འབྱུང་བ་དེ་ཉིད་དེའི་འོག་ཏུ་བྲེ་ལ་སོགས་པའི་ཚད་ཀྱིས་བཅལ་བར་བྱའོ། །དེ་བཞིན་དུ་སློན་ཞིང་སྐྱུག་པའི་ཡུལ་ལ་སློན་པའི་ཕྱིར་སྐྱུག་སྨན་ཆུ་ལ་སོགས་པ་རྫས་གཤེར་བ་དང༌། བསྲེས་ཏེ་འཐུངས་པ་གང་ཡིན་པ་ལ་སར་སྐྱོན་ཏེ་འབྱུང་བ་དེ་ཇི་སྐད་དུ་བཤད་པའི་སློན་པའི་གྲངས་སུ་མི་བརྩི། དེའི་འོག་ཏུ་དངོས་པོ་གཞན་དག་སློན་པའི་ཤུགས་ཀྱིས་ཁའི་སྒོ་ནས་བྱུང་བ་དེ་ཉིད་དེ་ཕན་ཆད་གཞལ་ཞིང་བརྩི་བར་བྱའོ། །དེ་ནས་སློན་པ་དེ་ལ་ནི། །སླར་ཡང་སྣུམ་དང་དུགས་བྱས་ཏེ། །བད་ཀན་དུས་འདས་ལྟོ་ཤེས་ནས། །ལེགས་པར་བཀྲུ་སྨན་བཏང་བར་བྱ། །ཞེས་བྱ་བ་ལ་དེ་ནས་ཞེས་བྱ་བ་ནི་བཀྲ་ཤིས་པའི་དོན་ནམ་དེ་མ་ཐག་པའི་དོན་ཏེ། དེ་ནས་དེའི་ཐོག་ཏུ་སློན་པའི་སྐྱེས་བུ་དེ་སླར་ཡང་ཞེས་བྱ་བ་ཕྱིས་སྣུམ་དང་དུགས་བྱས་ཤིང་བདེ་བར་གནས་པར་སྔར་བཤད་པའི་ཆོ་ག་བྱས་ལ། བད་ཀན་གྱི་དུས་འདས་པ་དང་ལྟོ་ན་ཁ་ཟས་མེད་པར་ཤེས་ཤིང་རྟོགས་ནས། སྨན་གྱི་ཚད་ཇི་ལྟར་འོས་པ་ལས་ལེགས་པར་བཀྲུ་སྨན་བཏང་ཞིང་འཐུང་དུ་བཅུག་ལ་བཀྲུ་བར་བྱའོ། །མཁྲིས་པ་མང་ཞིང་ལྟོ་སྙི་ལ། །འོ་མས་ཀྱང་ནི་འཁྲུ་བར་བྱེད། །རླུང་ཤས་ཆེ་ཞིང་ལྟོ་སྲ་ན། །དུར་བྱིད་སོགས་ཀྱིས་ཀྱང་འཁྲུ་དཀའ། །ཞེས་བྱ་བ་ལ་དེ་ལ་མཁྲིས་པ་མང་ཞིང་ལྟོ་སྙི་བ་གང་ཡིན་པ་དེ་ནི་འོ་མས་ཀྱང་འཁྲུ་བར་བྱེད་དོ། །འདིར་འོ་མ་སྨོས་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དོ། །དེས་ན་བུ་རམ་ཤིང་གི་ཁུ་བ་དང་དར་བ་སྐྱུར་པོ་དང༌། ཞོ་ཁ་ཆུ་དང་བུ་རམ་དང༌། ཀྲི་ས་ར་དང་ཞུན་མར་དང༌། ཆང་དང་ཆུ་ཚན་དང༌། པི་ལུ་དང་རྒུན་འབྲུམ་དང༌། གླ་གོར་ཞོ་ཤ་ལ་སོགས་པས་ཀྱང་འཁྲུ་བར་བྱེད་དོ།།

        དེ་ལ་རླུང་ཤས་ཆེ་ཞིང་ལྟོ་སྲ་ལ་འཁྲུ་བར་དཀའ་བ་ནི་དུར་བྱིད་དང༌། འབྲས་བུ་གསུམ་དང༌། བིམ་པ་དང༌། ན་ལི་ནི་དང༌། དན་ཏིའི་འབྲས་བུ་ལ་སོགས་པས་ཀྱང་འཁྲུ་བར་དཀའ་ཞིང་རྩོལ་བ་ཆེན་པོས་གདོང་འཁྲུ་བ་ཡིན་ནོ། །བཀྲུ་སྨན་མཁྲིས་ལ་མངར་དང་བསྐ། །བད་ཀན་ལ་ནི་ཁ་བས་བྱ། །རླུང་ལ་སྣུམ་དྲོ་ལན་ཚྭ་ཅན། །ཞེས་བྱ་བ་དེ་ལ་མཁྲིས་པའི་ནད་ཀྱི་ཡུལ་ལ་ནི། བཀྲུ་སྨན་མངར་བ་བསྐ་བ་བཏང་ན་འཁྲུ་བ་ལ་བསྔགས་སོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་བཞིན་དུ་བད་ཀན་ཞེས་བྱ་བ་མཁྲིས་པ་རྒྱས་པ་དང་འདྲེས་པའི་བད་ཀན་ལ་ནི་སྨན་ཁ་བས་བཀྲུས་པ་བསྔགས་པ་ཡིན་ནོ། །རླུང་དང་མཁྲིས་པ་འདྲེས་པ་ལ་ནི་སྨན་སྣུམ་པ་དང༌། དྲོ་བ་དང་ལན་ཚྭ་ཅན་གྱི་ཁྲུས་སྨན་གྱིས་བཀྲུ་བ་བསྔགས་པ་ཡིན་ནོ། །མི་འཁྲུ་ན་ནི་ཆུ་ཚན་བླུད། །ལག་པ་བསྲོས་པས་དེ་ཡི་ནི། །ལྟོ་བ་ལེགས་པར་དུགས་བྱའོ། །ཞེས་བྱ་བ་ལ་སྦྱང་བའི་སྨན་གྱིས་འཁྲུ་བར་མ་གྱུར་ན། སྨན་གྱི་ནུས་པ་བསྐྱེད་པར་བྱ་བའི་ཕྱིར་ཆུ་ཚན་བླུད་པ་དང༌། དེ་བཞིན་དུ་སྐྱེས་བུ་དེ་ལག་པ་བསྲོས་པས། དེས་ལྟོ་བ་ལེགས་པར་དུགས་བྱ་ཞིང་བསྲོ་བར་བྱའོ། །མ་འཁྲུས་དེ་ཞག་ལྡང་ཟས་ཟོས། །ཉི་མ་གཉིས་པར་སླར་ཡང་བཏུང༌། །ཞེས་བྱ་བ་ལ་སྨན་དེས་ཅུང་ཞིག་འཁྲུ་ཞིང་ནད་བདེ་མོར་མ་ཕྱིན་ན། མལ་ནས་ལངས་ནས་ཕྱི་རོལ་གྱི་སར་དྲི་མ་གདོན་པར་བྱ་བའི་ཕྱིར་འགྲོ་བར་བྱ་ལ། དེ་ནས་དེ་ཞག་ཟན་ཟོས་ལ་ཉི་མ་གཉིས་པ་ཞེས་བྱ་བའི་ཕྱིར་དེ་ཉིན་ཡང་འཁྲུ་བར་བྱ་བའི་ཕྱིར་སྨན་བཏུང་བར་བྱའོ། །ལྟོ་བ་རབ་བསྲོས་སྣུམ་དག་ནི། །ཞག་བཅུའི་བར་དུ་ཡང་བཏུང་བས། སླར་ཡང་སྣུམ་དང་དུགས་ཀྱིས་ནི། །ལུས་སྦྱངས་ནས་ནི་བཀྲུ་སྨན་གྱི། །སྦྱོར་བ་ལེགས་པར་བརྟག་པ་དང༌། །སྔར་གྱི་ཉེས་པ་དྲན་པར་བྱ། །ཞེས་བྱ་བ་ལ་གང་གི་ལྟོ་བ་སྣུམ་གྱིས་ཞེན་པར་མ་གྱུར་ཅིང་མ་བརླན་པས་རབ་ཏུ་སྲ་བ་ཞིག་ན་ཞག་བཅུའི་བར་དུ་སླར་ཡང་སྣུམ་གྱི་ཆོ་ག་བྱས་ལ་ལུས་ཉེ་བར་སྦྱངས་ཤིང་སྣུམ་དང་དུགས་ཀྱིས་ལུས་བཙོས་ནས་བཀྲུ་སྨན་གྱི་སྦྱོར་བ་ནད་ལ་སོགས་པའི་ཚུལ་ལས་ལེགས་པར་བརྟགས་ཏེ་བྱ་བ་དང༌། དེ་བཞིན་དུ་སྔར་གྱི་ཉེས་པ་ཅི་ཡིན་པ་ཡང་དྲན་ཞིང་ངོས་ཟིན་པར་བྱས་ལ། མ་ཡེངས་པར་བཀྲུ་སྨན་བཏུང་བར་བྱའོ། །ཞེས་གསུངས། །གཉིས་པ་ཚིག་གི་དོན་ནི། འདོན་ཚད་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། སྦྱོངས་འདོན་པའི་ཚད་ལ། གྲངས་དང་བུངས་དང༌། ཁ་དོག་གསུམ་དུ་བརྟག་པ་ལས། གྲངས་ཚད་ནི་རབ་འཁྲུ་ཐེངས་སུམ་ཅུ། འབྲིང་ཉི་ཤུ། ཐ་མ་བཅུ། བུངས་ཚད་ཀྱང་རབ་བྲེ་གསུམ། འབྲིང་བྲེ་དོ། ཐ་མ་བྲེ་གང༌། ཁ་དོག་རབ་ཆུ་འདྲ་བར་སྔོ་ལ་སླ་བ། འབྲིང་བད་ཀན་ཅན། ཐ་མ་མཁྲིས་པ་གསུམ་ཡོད་པ་ནི་སྦྱོངས་རབ་འབྲིང་ཐ་མ་གསུམ་གྱི་ཚད་ཡིན་པས་ནད་ཀྱི་སྟོབས་དང་ལུས་ཤེད་སོགས་ལ་རྗེས་སུ་དཔགས་ཏེ་ཤེད་ཆེ་ལ་ནད་མ་ཟད་ན་ལྕག་གིས་ཡང་ཡང་བསྐུལ་བ་དང༌། ནད་མ་དག་ཀྱང་ལུས་ཟུངས་ཟད་ན་ལྕག་འཕྲོ་བཅད་པ་སོགས་རིག་པས་བརྟག་པ་གལ་ཆེ་ཞིང༌། ནད་དག་ནས་ཆུར་འཁྲུ་ན་ལུས་ཟུངས་སོགས་ཇི་ལྟར་འདུག་ཀྱང་ངེས་པར་བཅད་པར་བྱའོ་ཞེས་པའི་དོན་ཏོ།།

        ལྔ་པ་ལོག་གནོན་བཤད་པ་གཉིས།  སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། ཡན་ལག་བརྒྱད་པ་ལས། བཀྲུ་སྨན་མ་ཞུ་བད་ཀན་དང༌། །ལྡན་པའམ་ཤིན་ཏུ་རྣོ་ཆེས་པ། །དྲོ་བའམ་ལན་ཚྭ་ཤས་ཆེས་པ། །ཡི་གར་མི་འོངས་མང་བ་ཡིས། །གྱེན་དུ་རྒལ་བར་གྱུར་བ་དག །སྔར་བཤད་ཉེས་པ་དེ་ལ་ནི། །གྲུབ་པའི་སྦྱོར་བ་དེ་བཞིན་བྱ། །དེ་ཡང་སྣོད་དུ་མ་ཆགས་ན། །གསུམ་པ་དེ་ལ་གླུད་མི་བྱ། །གཞན་དུ་གོམས་པའམ་ཞིམ་པ་ཡི། །སྨན་ནི་གནོད་པ་མེད་པ་བཏང༌། །སྣུམ་འཆོས་དུགས་ནི་མ་བྱས་ལ། །སྨན་ནི་རྙིང་ཞིང་རྩུབ་པ་ཡིས། །ནད་སློང་འབྱིན་པར་མ་ནུས་པས། །མགོ་འཁོར་སྐྲན་དང་སྐྱིགས་བུ་དང༌། །མུན་པ་མཐོང་དང་སྐོམ་དད་ཆེ། །བྱིན་སྙིང་ན་ཞིང་ལུས་གཡའ་དང༌། །བརླ་ན་ཁ་དོག་མི་སྡུག་པའི། །ནད་ནི་སྐྱེད་པར་བྱེད་པ་ཡིན། །སྣུམ་བཅོས་དུགས་བྱས་སྨན་ཉུང་ཞིང༌། །མེ་དྲོད་ཆེ་བས་ཞུ་གྱུར་པའམ། །གྲང་བས་རེངས་སམ་མ་ཞུ་བས། །ནད་སློང་ནས་ནི་མ་ཕྱིན་པས། །ནད་ནི་དེ་དག་ཉིད་བསྐྱེད་ཅིང༌། །དེ་ཉིད་སྦྱོར་ཉེས་ཐམས་ཅད་ཡིན། །དེ་ལ་ཏིལ་མར་རྒྱམ་ཚྭས་བསྐུ། །ཤག་མ་རྔོ་ཡིས་དུགས་བྱ་ཞིང༌། །མས་གཏང་དྲག་བྱས་སྐམ་པའི་ཤ། །ཁ་ཟས་བྱིན་ལ་འཇམ་རྩི་ནི། །པོ་སོན་ཆ་དང་པི་པི་ལིང༌། །ཐང་ཤིང་ཏིལ་མར་སྐོལ་བ་བཏང༌། །རླུང་འཇོམས་སྣུམ་གྱིས་སྣུམ་བཅོས་བྱ། །སླར་ཡང་བཀྲུ་སྨན་རྣོན་པོས་སྦྱངས། །ནད་གཞི་ཆེ་ཤིང་ཁོང་རྩུབ་ལ། །མེ་དྲོད་ཆུང་དང་སྨན་ཆུང་བས། །རྟུག་སྐམ་བཅས་པས་སློང་བ་དང༌། །ནད་ཀྱིས་ལམ་ནི་འགགས་པར་གྱུར། །མི་བཟད་ལྦ་བ་ལྟེ་བ་དང༌། །རྒྱབ་དང་རྩིབ་ལོགས་མགོ་བོ་ན། །ཕྱི་ས་གཅིན་འགགས་དབུགས་མི་བདེ། །མི་ཟད་པར་ནི་བསྐྱེད་པར་བྱེད། །བསྐུ་དང་དུགས་དང་རེངས་བུ་སོགས། །མས་བཏང་དྲག་པོ་འཇམ་རྩི་བྱ། །རྟུག་སྐམ་སེལ་བའི་གསོ་དཔྱད་ལས། །ཐམས་ཅད་སྦོ་བ་དག་ལ་ཕན། །རྩ་བ་ལྔ་པ་ནས་ཚིག་ཁུས། །ཤུ་དག་བུ་རི་ཀ་རཉྫ། །རྒྱམ་ཚྭ་ནས་ཐུག་ལེགས་སྦྱར་བས། །གཟེར་ནད་རྟུག་སྐམས་ལྟོ་སྦོས་འཇོམས། །ཐལ་སྨན་སེ་འབྲུ་པི་པི་ལིང༌། །ཤིང་ཀུན་བཅའ་སྒ་སྟར་བུ་དང༌། །རྒྱམ་ཚྭ་བཅས་པའི་ཆང་ངམ་ནི། །མར་རམ་ཆུ་དྲོན་སྦྱར་བ་བླུད། །འཁྲེག་ཅིང་ཡོངས་སུ་འཛག་པ་དང༌། །ན་ཞིང་བཅད་སྙམ་སེམས་པ་སེལ། །སྨན་འཐུངས་གྱུར་པའི་ཤུགས་བཀག་ན། །རླུང་ལ་སོགས་པའི་ནད་རྣམས་ནི། །འཁྲུགས་ཏེ་སྙིང་གི་ཕྱོགས་སོང་ནས། །སྙིང་ནད་མི་བཟད་བསྐྱེད་པར་བྱེད། །སྐྱིགས་བུ་ལུད་དབུགས་རྩིབ་ལོགས་ན། །རྨྱ་ཞིང་མི་འགུལ་ཁ་ཆུ་འཛག །དྲན་པ་ཉམས་ཤིང་ལྕེ་འཆའ་ལ། །སོ་ནི་ཀྲིག་ཀྲིག་འཆའ་བར་བྱེད། །དེ་ལ་སྨན་པས་མ་རྨོངས་པས། །མཁྲིས་པས་ཉེན་ལ་མངར་བ་དང༌། །བད་ཀན་གྱིས་ཉེན་ཁ་བ་ཡི། །སྐྱུག་སྨན་དག་ནི་མྱུར་དུ་བཏང༌། །དེ་ནས་དེ་ལ་སྨིན་བྱེད་པའི། །ནད་ཀྱིས་ལྷག་མ་སྨིན་པར་བྱ། །དེ་ཡིས་མེ་དྲོད་ལུས་ཀྱི་སྟོབས། །རིམ་གྱིས་མངོན་པར་འཕེལ་བར་བྱེད། །ཤས་ཆེར་རློན་གྱུར་རླུང་གིས་ནི། །གང་གི་སྙིང་ནི་གཟིར་གྱུར་པ། །དེ་ལ་སྣུམ་གྱུར་ལན་ཚྭ་སྦྱིན། །མཁྲིས་པ་བད་ཀན་དེ་ལས་གཞན། །སྨན་ནི་འཐུངས་པར་གྱུར་ནས་ཤུགས། །བཀག་གྱུར་པའམ་བད་ཀན་གྱིས། །འགགས་པའམ་ཤན་ཏུ་སྦྱངས་གྱུར་པའི། །ལུས་ལ་རླུང་ནི་འཇུག་གྱུར་ནས། །རེངས་དང་འདར་དང་ཟུག་པ་དང༌། །ལུས་སྙོམས་དཀྲིས་སྙམ་སེམས་ཤིང་ཟུག །དེ་ལ་རླུང་ནི་འཇོམས་པ་ཡི། །སྣུམ་འཆོས་དུགས་སོགས་ཐམས་ཅད་བསྔགས། །སྨན་ཐུན་ཆེ་ལ་རྣོ་བ་ནི། །བཀྲེས་ཉེན་ལྟོ་སྙི་ལ་བླུད་ན། །བད་ཀན་མཁྲིས་པ་བཤང་བ་ནི། །བསལ་ནས་ལུས་ཟུངས་འཛག་པར་བྱེད། །དེ་ལ་སྦྱོར་དྲགས་དངར་བ་ཡི། །སྨན་གྱི་ལྷག་མ་རློན་དུ་གཞུག །སྐྱུགས་སྨན་དྲགས་ལ་བཀྲུ་སྨན་བཏང༌། །འཁྲུས་དྲགས་སྐྱུག་སྨན་འཇམ་པོ་བཏང༌། །དེ་ལ་ཆུ་གྲང་བླུག་པ་དང༌། །རོ་སྨད་བཅིངས་པས་བཅད་པར་བྱ། །སྟང་ཟིལ་ཙནྡ་བུ་ཤེལ་རྩེ། །ར་ཁྲག་ཁ་རའི་ཆུ་དང་ནི། །འབྲས་ཡོས་ཕྱེ་མའི་སྐྱོ་མ་ནི། །སྦྱོང་དྲགས་སེལ་བའི་གདམས་པ་ཡིན། །རློན་སྨན་སྦྱོང་བ་དྲགས་པ་ལ། །ཆུ་གྲང་དག་ནི་བླུག་པར་བྱ། །རྒུན་འབྲུམ་ལ་སོགས་ཁུ་བ་མར། །སྦྲང་རྩི་ཁ་རའི་སྐྱོ་མ་བླུད། །སྒྲེགས་སར་བཅས་པར་ཤིན་ཏུ་སྐྱུག །མུར་བ་འུ་སུ་གླ་སྒང་དང༌། །སྟང་ཟིལ་མ་དུ་ཀ་ཕྱེ་མ། །སྦྲང་རྩི་བཅས་པའི་ལྡེ་གུ་བྱིན། །རློན་མཐར་ལྕེ་ནི་འཁུམས་པ་ལ། །སྣུམ་དང་སྐྱུར་དང་ལན་ཚྭ་དང༌། །ལྡན་པའི་མཁུར་བ་བཀང་བ་དང༌། །ཡིད་འོང་ཡུ་ཤ་ཤ་ཁུ་ཕན། །དེ་ཡི་མདུན་དུ་མི་གཞན་ནི། །འབྲས་བུ་སྐྱུར་བ་བཟའ་རུ་གཞུག །ལྕེ་ཕྱིར་ཕྱུང་ལ་ཏིལ་དང་ནི། །རྒུན་འབྲུའི་ལྡེ་གུ་བསྐུས་ནས་གཞུག །ཚིགས་སྒུར་རླུང་གི་ནད་ལ་ནི། །མར་དང་ཤ་དང་གཡོས་པ་ཡི། །ནས་ཐུག་སླ་བ་བྱིན་བྱ་ཞིང༌། །སྣུམ་དང་དུགས་ཀྱི་སྦྱོར་བ་བྱ། །སྨན་གྱི་སྦྱོར་བ་དྲགས་པ་ཡིས། །སྲོག་ཅེས་བྱ་བའི་ཁྲག་ཕྱུང་ནས། །གང་ཕྱིར་དེ་ནི་སྲོག་འཕྲོག་པས། །སྲོག་ལེན་པ་ནི་ཡིན་པར་བཤད། །ཁྲག་དེ་དང་ནི་ཟས་བཅས་པ། །ཁྱིའམ་བྱ་རོག་ལ་བྱིན་ལ། །ཟོས་ནི་སྲོག་རྗེས་བརྗོད་པར་བྱ། །མ་ཟོས་མཁྲིས་པ་ཡིན་ཞེས་བཤད། །ཡང་ན་རས་དཀར་ལ་བསྐུས་ཏེ། །བསྐམས་ལ་ཆུ་དྲོན་གྱིས་བསྐུས་ལ། །བཀྲུས་ཀྱང་དག་པར་མ་གྱུར་ན། །མཁྲིས་པའི་དག་ན་ཁྲག་ཡིན་ནོ། །སྐོམ་དང་བརྒྱལ་དང་མྱོས་པས་ཉེན། །དེ་ལ་སྲོག་ནི་མྱུར་སྲུང་ཕྱིར། །ཁྲག་དང་མཁྲིས་པ་སེལ་བ་ཡི། །གསོ་བ་འཆི་བའི་བར་དུ་བྱ། །རི་དྭགས་བ་ལང་མ་ཧེ་ར། །གསོན་པོའི་ཁྲག་ནི་ཕྱུང་མ་ཐག །སྲོག་ནི་འབྱོར་བར་བྱེད་པ་བླུད། །དེ་ནི་མྱུར་དུ་སྲོག་ཏུ་འགྱུར། །དེ་ཉིད་འཇག་མ་དང་མཉེས་པའི། །ཁྲག་གི་འཇམ་རྩིར་བཏང་བར་བྱ། །དུར་བྱིད་སྟང་བལ་ཤིང་མངར་དང༌། །དཱུརྦ་བུ་ཤེལ་ཙེ་འོ་མ། །བསྐོལ་བ་མར་གྱི་སྙིང་པོ་དང༌། །སྟང་ཟིལ་དང་ནི་བཅས་པ་ཡི། །འཇམ་རྩི་གྲང་མོ་བཏང་བར་བྱ། །སྤྱི་བག་འཇམ་རྩི་རབ་གྲང་བའམ། །མར་གྱི་སྙིང་པོའམ་འཇམ་རྩི་བཏང༌། །གཞང་ཕྱིར་བྱུང་ལ་ཁུ་བ་ཡིས། །འཁྲུ་བ་བཅད་ལ་གཞུག་པར་བྱ། །དྲན་པ་སྟོར་ལ་རིག་བྱེད་ཚིག །གླིང་བུ་གླུ་སྙན་ཉན་དུ་གཞུག །ཅེས་བཤལ་དང་སྐྱུགས་གཉིས་ཀ་ཐུན་མོང་དུ་རྒྱ་ཆེར་བཤད་པར་མཛད་དོ།།

        གཉིས་པ་ཚིག་གི་དོན་ལ་མདོར་བསྟན་པ་དང་རྒྱས་བཤད་གཉིས། དང་པོ་ནི། ལོག་གནོན་སོགས་རྐང་པ་གསུམ་སྟེ། དེ་ལྟར་བཤལ་གྱི་སྐབས་སུ་གཅེས་པའི་ལོག་གནོན་ནི་བརྒལ་བ་མནན་པ། སྟོར་བ་བཙལ་བ། འགྱིངས་པ་དྲང་བ། འབྱམས་པ་བཅད་པ། སྲོག་གི་བྱ་ར་བཞག་པ་དང་རྣམ་པ་ལྔར་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་རྣམ་པ་ལྔ་ལས། དང་པོ་ནི། སྐྱུག་ན་ཞེས་པ་ནས་བསྐྲད་ལས་བྱ་ཞེས་པའི་བར་ཚིགས་བཅད་གསུམ་དང་རྐང་པ་གཅིག་གིས་བསྟན་ཏེ། བཤལ་དེ་ཡང་སྐྱུག་ན་རྡོ་གྲང་སྐེར་བདུག་པ་དང༌། དྲི་ཞིམ་པའི་རིགས་སྣར་མནམ་ཞིང༌། སྤྱི་བོའི་སྐྲ་འཐེན་པ་དང༌། གདོང་ལ་ཆུའི་ཁ་ཕྲུ་གདབ་པ། ཕྲག་པ་གཉིས་ནས་མནན་ཞིང་སྒུལ་བསྐྱོད་མི་བྱ་བར་བཟབ་པ་དང༌། སྨན་རྩུབ་པ། ཐུན་ཆེས་པ། རླུང་མ་ནོན་པ། ནད་ལས་བྱུང་བ། སྨན་གྱིས་སུན་པ། སྨན་ཡི་གར་བདར་བ་སྟེ་སྡུག་སུན་ཁྱེར་ནས་སྨན་ལ་མཛངས་པ། སྨྲ་བ་མངས་པ། འགུལ་བསྐྱོད་བྱས་པ། གདོན་གྱིས་གནོད་པ་བྱུང་བ། དགུ་པོ་དེ་ནི་སྐྱུག་པ་བསྐྱེད་པའི་རྒྱུ་ཡིན་པས་དེ་དག་གི་གཉེན་པོ་སྨན་རྩུབ་དོགས་པས་དུས་སུ་བརྐོས་ཤིང་གདུལ་ལེགས་པ་གཅེས་ལ། དེ་བཞིན་དུ་ཐུན་ཆེས་པའི་གཉེན་པོར་ཐུབས་སུ་བཅད་པ་སྟེ་སྨན་ཐུན་ཆུང་ངུ་གྲངས་མང་པོ་གཅིག་རྗེས་གཅིག་གཞུག་ཏུ་དུམ་བུར་བྱས་ཏེ་གཅིག་ཞུ་བའི་རྗེས་གཅིག་གིས་བསྣན་ཏེ་བཏང་བ་དང༌། རླུང་མནོན་པའི་གཉེན་པོར་གོང་དུ་བཤད་པའི་སྔོན་འགྲོ་རྣམས་འཐེམས་པ་གཅེས་ལ། ནད་གཞི་ལས་བྱུང་བའི་སྐྱུག་པའི་གཉེན་པོར་ཆུ་མ་རྩི་བཏང་བ་མཆོག་ཡིན་ཞིང༌། སྨན་གྱིས་སུན་པ་དང་ཡི་ག་བདར་བ་གཉིས་ལ་སྦྱོངས་ཡིན་པ་གསངས་ཏེ་བཏང་བ་དང༌། སྨྲ་མང་དང༌། འགུལ་སྐྱོད་ཀྱི་སྐྱོན་ལ་གཏམ་མི་སྨྲ་ཞིང་མི་འགུལ་བར་ཙོག་པུར་འདུག་པ་དང༌། གདོན་ལས་བྱུང་བ་ལ་འགྲུལ་བསྲུང་ཞིང་རྫས་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་གྱི་སྒོ་ནས་བསྐྲད་པའི་ལས་བྱ་བ་ཡིན་ནོ་ཞེས་པའོ། །གཉིས་པ་སྟོར་བ་བཙལ་བ་ནི། བཤལ་སྟོར་སོགས་རྐང་པ་གསུམ་སྟེ། བཤལ་དེ་ཉིད་སྟོར་བ་ལ་སྨན་སྟོར་བ་དང་ནད་སྟོར་བ་གཉིས་ལས་སྨན་སྟོར་བ་ནི་ཟུག་མེད་ཅིང་འཁྲུ་སྐྱུགས་གང་ཡང་མི་བྱེད་པ་ན་སྨན་ཉུང་བ་འམ་འབྱམས་པའི་སྐྱོན་ཡིན་པས་སླར་བསྐྱར་ལ་བཏང་བར་བྱ་ཞིང༌། ནད་སྟོར་བ་ནི་ན་ཟུག་སྐྱུང་སྐྱུང་དུ་འགྱུ་བར་བྱེད་ན་སྐྱུག་བག་བཏང་བ་གཅེས་སོ་ཞེས་པའོ། །གསུམ་པ་འགྱིངས་པ་དྲང་བ་ནི་འགྱིངས་པ་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་གིས་བསྟན་ཏེ། བཤལ་དེ་ཉིད་འགྱིངས་པས་འབབ་མི་ཐུབ་པར་ཕོ་བར་རྫིངས་ལ་ཧྲེམ་ཧྲེམ་བྱེད་པ་སྟེ། དེ་ལྟར་ན་ཕོ་བར་དྲོད་ཀྱི་དུགས་བྱ་ཞིང༌། ལངས་ནས་གོམ་པ་འགའ་བཅག་པ་དང༌། དེས་ཀྱང་མི་འབབ་ན་ནི་རུ་ཧས་བསུ་ཞིང་གཡའ་ཀྱི་མ་དང༌། སྔོན་བུ་ཆ་མཉམ་སྟེ་ཞིབ་པར་བཏགས་ལ་བསྐོལ་བའི་ཁུ་བ་ཕུལ་གང་ཁོང་དུ་བཏང་བ་དེས་ནི་བཤལ་སྐྱུགས་གཉིས་ཀ་འབྱུང་སྟེ་ཕོ་བར་ནད་མི་ལུས་སོ།།

        བཞི་པ་འབྱམས་པ་བཅད་པ་ནི་འབྱམས་ལ་སོགས་ཚིགས་བཅད་གསུམ་དང་རྐང་པ་གསུམ་གྱིས་བསྟན་ཏེ། བཤལ་དེ་ལྟར་འབྱམས་པ་སྟེ་ཧ་ཅང་འཁྲུས་དྲགས་པ་ལ་ཚ་འབྱམས་དང༌། གྲང་འབྱམས་དང༌། སྨན་རོ་ལུས་ནས་འབྱམས་པ། ནད་ཁ་བྱེ་བས་འབྱམས་པ་དང་བཞིར་ཡོད་པའི་ཚ་འབྱམས་ནི་དྲི་མ་དམར་སེར་དྲི་དུགས་ཆེ་ཞིང་རྩ་ཆུ་ཚ་བ་འབྱུང་བས་བྱིན་པ་དང་རྐང་ལག་གི་ཉྭ་རྣམས་ལ་ཆུ་གྲང་མོས་བསྒྲངས་པ་སྟེ་ཆུ་བཅག་བརྡེག་པ་དང༌། རེ་སྐོན་བཏབ་པའི་སྐར་ཆུ་ཞེས་པ་སྐར་མ་མ་ཚོགས་པ་ནས་ཆུ་སྣོད་ནང་དུ་བླུག་པ་སྐར་མ་མཐའ་དག་ཚོགས་ནས་བླངས་པ་དེར་བཏབ་པས་བཅད་ཅིང༌། གྲང་འབྱམས་ནི་དྲི་མ་མེད་ཅིང་ཆུ་འདྲ་བ་འཁྲུ་བས་དེ་ལ་ཚོ་ཁུ་ཞེས་པ་ཚིལ་དང་རུས་པ་སྦངས་པའི་ཤ་ཚོད་ཞིབ་མོ་མེ་དང་མ་འཕྲད་པར་རྡོ་ཁོག་མེར་བསྲེགས་ལ་ཚིག་ནས་མེ་མེད་པའི་སར་ཕོག་པའི་ནང་དུ་བླུག་ཅིང་བཙོས་པ། ཡང་ན་ཞུན་མར་ལ་ད་ཏྲིག་དང་ཤིང་ཚ་བཏབ་པས་གཅོད་ཅིང༌། སྨན་རོ་ལུས་པ་ལ་རྒྱམ་ཚྭའི་ཆུ་བསྐོལ་བཏང་བས་བཅད་པ་དང༌། ནད་ཁ་བྱེ་བ་ན་སྤྱིར་མི་བཅད་པར་ལུས་ཟུངས་གསོ་ཞིང་འབབ་ཏུ་འཇུག་ལ། འོན་ཀྱང་མཁྲིས་པའི་རྩ་ཁ་བྱེ་བའི་རྟགས་འདུག་ན་མྱུར་དུ་བཅད་དགོས་ཤིང༌། དེ་ཡང་ཐང་སྨན་གྱི་སྐབས་སུ་བཤད་པའི་ཨིནྡྲ་བཞི་ཐང་ལ་དོམ་མཁྲིས་བཏབ་པས་གཅོད་པ་དང༌། འབྱམས་པ་བཞི་ཀ་ཐམས་ཅད་ཐུན་མོང་དུ་འབྲས་ཀྱི་ཐུག་པའམ་ནས་ཐུག་གམ་ཤ་གསར་གྱི་ཚོ་ཁུ་གང་རུང་ལ། སྤྱིན་ནི་རྭ་དང་ཀོ་བ་སོགས་གང་རུང་ལ་བཟོས་པ་ཡོངས་གྲགས་དང༌། ད་ཏྲིག་ཀ་པེད་མོན་ཆ་ར་སྨག་ཐ་རམས་རྣམས་བཏབ་ལ་ཙེ་གུར་བཏང་བ་དང༌། ཁ་སྐོམ་གྱི་རིགས་ཇ་ཆང་སོགས་མི་བཏང་བ་དེས་ཆོད་པར་ངེས་སོ་ཞེས་པའོ། །ལྔ་པ་སྲོག་གི་བྱ་ར་བཞག་པ་ལ། མདོར་བསྟན་རྒྱས་བཤད་གཉིས་ཀྱི་དང་པོ་ནི། སྲོག་གི་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཏེ། སྲོག་གི་བྱ་ར་བཞག་པ་ལ་གནད་རྣམ་པ་ལྔར་ཡོད་དེ། ཐོར་བུའི་རླུང་སྐྱེས་པས་སྣ་མ་ནོན་པ་དང༌། སྨན་དང་ནད་དུ་མ་འཕྲོད་པས་གཟེར་ཟུག་འབྱུང་བ་དང༌། སྐྱུག་པ་མནན་དྲགས་པས་གློ་རྩར་ཤོར་བ་དང༌། གཞང་སྲིན་སོགས་ཁྲོས་པས་ཕོ་ལོག་གླང་ཐབས་ཀྱི་ནད་དུ་སོང་བ་དང༌། ཟུངས་ཟད་ནད་ལ་སྲོག་གནས་པ་སྦྱོངས་ཀྱིས་བཏོན་ན་ནད་ཟུངས་ལྷན་ཅིག་ཏུ་འཇོམས་ཏེ་འཆི་བ་དང་ལྔར་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔའི་དང་པོ་ནི། ཐོར་བུའི་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་བཤལ་བཏང་ནས་ཇི་ཙམ་འཁྲུས་བཞིན་དུ་མི་བདེ་བར་སླར་སྟོང་སྐྱུགས་བྱེད་པ་དང༌། ཤེད་ཆུང་དུ་འགྲོ་ཞིང༌ཤེས་པ་ཟ་ཟི་ལ་ཉོག་ཉོག་བྱེད་ན་ཐོར་བུའི་རླུང་ཡིན་པས་གསུར་བདུག་བཏང་ཞིང་སྣུམ་གྱི་བསྐུ་མཉེ་བྱ་ལ་རུས་ཐང་གཏོང༌། དེས་ཀྱང་མ་ཕན་ན་རླུང་གསང་རྣམས་སུ་མེ་བཙས་སྣ་གླན་ཞིང་སྦྱོང་འཕྲོ་བཅད་པར་བྱའོ་ཞེས་པའི་དོན་ཏོ། །གཉིས་པ་སྨན་དང་ནད་མ་འཕྲོད་པ་ནི། རུང་དང་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཏེ། སྦྱོང་རུང་བ་དང་མི་རུང་བ་དང༌། འདེད་པ་ལ་སོགས་པའི་དུས་ཚོད་མ་ཟིན་ན་ནད་དང་དཔྱད་ཐ་དད་དུ་ཕྱོགས་མཛོལ་བས་གཟེར་ཟུག་འབྱུང་ཞིང་དེ་ལ་ཚ་གྲང་བརྟགས་ལ། གཉེན་པོ་བསིལ་དྲོད་གང་འོས་བསྟེན་དགོས་པས། ཚད་གཟེར་ལ་མ་ནུ་དང༌། རུ་རྟའི་གྲང་ཐང་བཏང་ཞིང༌། རྡོ་གྲང་སོགས་བསིལ་གྱི་དུགས་དང༌། གཟེར་འཇོམས་ཀྱི་སྨན་ཕྱེ་མ་གང་ཤིས་རིག་པས་དཔྱད་ལ་བྱ། གྲང་གཟེར་ལ་ཆ་མཉམ་སྦྱོར་བའི་ཐང་བཏང་ཞིང༌། འབའ་ཆ་སོགས་ཀྱི་དྲོད་དུགས་བྱ་བ་ཡིན་ནོ་ཞེས་པའི་དོན་ནོ། །གསུམ་པ་གློ་རྩར་ཤོར་བ་ནི། བཤལ་སྨན་སོགས་རྐང་པ་གཉིས་ཏེ། སྦྱོངས་ཀྱི་སྐབས་སྐྱུགས་པ་མནན་དྲགས་པས་བཤལ་སྨན་རྣམས་གློ་བའི་རྩར་ཤོར་ན་གློ་བརྒྱལ་མང་ཞིང་རོ་སྟོད་གཟེར་པས། གློ་བའི་སྐྱུགས་འདྲེན་དང༌། གློ་རྩ་ལ་གཏར་ཁ་གདབ་ཅིང༌། ཕྱེ་མ་དང་གློ་རྣག་གི་སྐེམས་སྨན་སོགས་སྦྱར་བར་བྱའོ་ཞེས་པའི་དོན་ཏོ། །བཞི་པ་སྲིན་ཁྲོས་ནི་སྲིན་ཁྲོས་སོགས་རྐང་པ་གཅིག་སྟེ། བཤལ་དེས་ལུས་སྟོད་སྨད་ཀྱི་སྲིན་ཁྲོས་ཏེ། ཕོ་ལོག་གླང་ཐབས་བྱུང་ན་གཉེན་པོ་སྲིན་སྨན་གང་འོས་སྦྱར་བའམ། ཡང་ན་གོ་བྱི་རྡོག་པོ་གཅིག་ཆོམ་པ་བརྡུངས་པ་མར་དཀར་གྱིས་དྲིལ་ཏེ་ཁྱུར་མིད་བྱེད་པའམ། ན་གི་ཞིབ་མོར་བྱས་པ་མར་གསར་ལ་སྦྱར་བའི་རིལ་བུ་ཆུ་སྐོལ་གྱིས་འཕུལ་ཏེ་བཏང་བས་བསད་པ་སོགས་བྱའོ་ཞེས་སོ།།

        ལྔ་པ་ནད་ལ་སྲོག་གནས་པ་ནི། ལུས་ཟུངས་ཤིན་ཏུ་ངན་ན་ནི་ནད་མ་ཐོན་ཀྱང་སྦྱོང་འཕྲོ་གཅོད་པར་གཅེས་ཏེ། ཅིའི་ཕྱིར་ཞེ་ན། ནད་ཐོན་པ་དང༌། ཟུངས་ཟད་དེ། སྲོག་འཕྲོག་པ་དུས་གཅིག་ཏུ་བྱེད་པའི་ཕྱིར་རོ། །གསུམ་པ་ཕྱི་རྗེས་བཅད་པ་ནི། ཕྱི་རྗེས་ཞེས་པ་ནས་དམུ་སྐྲན་བསྐྱེད་ཅེས་པའི་བར་ཚིགས་བཅད་བཞི་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལྟར་བཤལ་གྱི་ཕྱི་རྗེས་བཅད་པ་ལ་སྦྱོར་བ་ཚར་ཞིང་འཕྲོ་ཆོད་ནས་འབྲས་སམ་ཕྱེ་ཐུག་ལ། ཤ་ལ་སོགས་པའི་གཡོས་སུ་མ་བྱས་པའི་ཚ་སྔོར་བག་གམ་ཤས་ཙམ་ཡོད་པ་རྐྱང་རྐྱང་པོ་སླ་སེང་ངེ་བ། ཕུག་རོན་གྱི་སྒྲོའི་ཁ་དོག་ལྟ་བུ་དེས་ཁམས་གསོ་བ་དང༌། སྨན་རོ་འདོན་ཞིང་ནད་ལྷག་ཡོད་ན་ཡར་འདེད་པར་བྱེད་དོ། །དེའི་རྗེས་སུ་སྔ་མ་ལས་གར་ཙམ་གྱི་ཐུག་པ་སླ་བ། བར་མ། བསྐ་བ་སྟེ་གར་བ། ཚོ་ཁུ། ཟན་དྲོན་རྣམས་རིམ་པས་ཆ་ཡིས་བསྐྱེད་ལ་བཏང་བར་བྱ་བ་ནི་སྤྱིར་བཏང་དང༌། དམིགས་བསལ་གྱི་ཁྱད་པར་ནད་ཚ་བའི་རྗེས་དང་གྲང་བའི་རྗེས་རྣམ་པ་གཉིས་དང༌། ཚ་བའི་རྗེས་ལ་ཡང་ཚ་བ་གསར་པ་དང་རྙིང་པ་གཉིས་ལས་རིམས་དང་འཁྲུགས་སོགས་ཚ་བ་གསར་པའི་བཤལ་རྗེས་རྣམས་ལ་ནི། ཆུ་གྲོག་ཅེས་པ་ཆུ་ལ་རྩམ་པ་བཏབ་པའི་གྲང་མོ་དང༌། ནས་སྦམ་བཙོས་པའི་ཐུག་པ། ཞོ་དང་ཆུ་བསྲེས་པའི་ཞོ་ཕྲུལ་སོགས་བསིལ་གྱིས་བཅད་པ་དང༌། ཚ་བ་རྙིང་པ་རྣམས་ལ་ནི་བ་ལང་སོགས་བསིལ་བའི་ཤ་གསར། ཚིལ་མེད་པའི་ཚོ་ཁུ་དང༌། ཇ་དང་སྐོལ་གྲང་བྱས་བའི་ཆུ། ཞོ་ཕྲུལ་དང་ཞོ་རོ་ལ་སོགས་བསིལ་ཞིང་བཅུད་ཆེ་བའི་ཟས་ཀྱིས་བཅད་པ་དང༌། གྲང་བའི་རྗེས་ནི། ལུག་ཤ་གསར་རྙིང་གི་ཚོ་ཁུ་དང༌། ཆང་འཇམ་ཞེས་པ་གསར་པ་རང་མིན་པ་དང༌། ཞུན་མར་དང༌། ཟན་དྲོན་སོགས་དྲོད་ཀྱིས་བཅད་ལ། དེ་དག་གང་ལའང་ཆ་དང་བགས་ཀྱིས་རིམ་པས་བསྐྱེད་ལ་བཏང་ཞིང༌། དེ་ལྟར་མ་བྱས་ན་ཚ་བའི་རྗེས་དྲོད་ཀྱིས་མ་བཅད་ན་མེ་རོ་འཕེལ་བར་འགྱུར་ལ། གྲང་བའི་རྗེས་བསིལ་གྱིས་བཅད་དམ་བཟའ་བ་ཐལ་དྲགས་ན་ཕོ་བའི་མེ་འཆི་ལ་མ་ཞུ་བ་དང༌། དམུ་སྐྲན་སོགས་བསྐྱེད་པར་བྱེད་དོ་ཞེས་པའོ། །གསུམ་པ་སྦྱོངས་ཉེས་པའི་སྐྱོན་ལ་སྤྱིའི་དོན་དང་ཚིག་གི་དོན་གཉིས་ཀྱི་དང་པོ་ནི། ཟླ་ཟེར་ལས། བཀྲུ་སྨན་གྱི་སྦྱོང་བ་ཉེས་པའི་མཚན་ཉིད་ནི། སྙིང་དང་ལྟོ་ན་ཡི་ག་འཆུས། །བད་ཀན་མཁྲིས་པ་སློང་བ་དང༌། །གཡན་པ་ལུས་ཚ་འཐོར་བུ་དང༌། །ཆམ་པས་འདེབས་ཤིང་བཤང་རླུང་འགག །སྦྱོང་བ་ཉེས་པའི་མཚན་ཉིད་ཡིན། །ཞེས་བྱ་བ་ཡིན་ཏེ། བཀྲུ་སྨན་བཏང་བ་མ་ལེགས་ན། །སྙིང་དང་ལྟོ་བ་ན་ཞིང་མ་དག་པར་འགྱུར་བ་དང༌། ཡི་ག་འཆུས་པ་སྟེ། ཟས་ལ་འདོད་པ་མེད་པ་དང༌། དེ་བཞིན་དུ་བད་ཀན་དང་མཁྲིས་པ་སློང་ཞིང་བསྐྱེད་པར་འགྱུར་བ་དང༌། ལུས་གཡའ་ཞིང་ལུས་ཚ་བ་སྣ་ཚོགས་ཀྱིས་འདེབས་པ་དང༌། ཡན་ལག་དང་ཉིང་ལག་ཏུ་འཐུར་བུ་འབྱུང་བ་དང༌། ཆམ་པས་འདེབས་པ་དང༌། དེ་བཞིན་དུ་བཤང་བ་དང༌། ཐུར་དུ་བྱུང་བའི་རླུང་འགགས་པར་འགྱུར་བ་ནི་སྦྱོང་བ་ཉེས་པའི་མཚན་ཉིད་ཡིན་པར་བཤད་དོ་ཞེས་སོ།།

        གཉིས་པ་ཚིག་དོན་ནི། སྦྱོངས་ཉེས་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ལྟར་སྦྱོངས་ཉེས་པའི་སྐྱོན་ལ་ནི་ཧ་ཅང་ཐལ་དྲགས་པ་ཞན་པ་རྣམ་པ་གཉིས་སུ་ཡོད་ལ་སྦྱོངས་ཐལ་དྲགས་ན་ཟུངས་ཟད་ཅིང་རླུང་སྐྱེ། མེ་དྲོད་འཆི་བས་དེ་ལ་ཟས་སྨན་གཉིས་ཀ་དྲོད་བཅུད་དང༌། མེ་བཙས་གསོ་ཞིང༌། སྦྱོངས་ཞན་ན་ནི་ནད་དེ་སློང་བ་ཙམ་བྱས་ནས་མ་དག་པ་ཡིན་པས་དང་ག་འགག་ལ་ཟས་སྐོམ་འཇུར་མི་འདོད་ཅིང༌། ནད་ཀྱི་སྟོབས་བསྐྱེད་དེ་བད་མཁྲིས་འཕེལ་བར་འགྱུར་རོ། །དེ་ལ་བཀྲེས་ཤིང་སྐོམ་ན། རྒྱམ་ཚྭ་དང་སེ་འབྲུས་ཕོ་བའི་མེ་དྲོད་གསོས་ལ་ཟུངས་བཟང་ན་ནི་སླར་ཡང་སྔོན་འགྲོ་བྱས་ལ་སྦྱང་བ་སྐྱར་ཞིང༌། ཟུངས་ངན་པ་ནི་ནི་རུ་ཧ་དང་འཇམ་རྩི་གཉིས་སྤེལ་ལ་བཏང་བར་བྱའོ། །ཞེས་པའོ། །བཞི་པ་སྦྱོངས་ལེགས་པའི་ཡོན་ཏན་ལ་སྤྱིའི་དོན་དང་ཚིག་གི་དོན་གཉིས། དང་པོ་ནི། སྦྱོང་ལེགས་ཇི་སྐད་བཤད་གོ་ལྡོག་ཅེས་བྱ་བ་ལ་འཁྲུ་སྨན་གྱི་སྦྱོར་བ་ལེགས་ན་ཇི་སྐད་བཤད་པའི་མཚན་ཉིད་སྙིང་དང་ལྟོ་ན་བ་ལ་སོགས་པ་ལས་གོ་ལྡོག་པ་སྟེ། སྙིང་དང་ལྟོ་བ་དག་ཅིང་སང་བག་ཏུ་གྱུར་པ་དང༌། ཟས་ཡི་གར་འོང་བ་ལ་སོགས་པར་འགྱུར་རོ། །ཞེས་དང༌། སྦྱོང་བ་ལེགས་པར་ཉེ་བར་བསྟེན་པས་ནི། །བློ་གྲོས་གསལ་ཞིང་དབང་པོ་སྟོབས་དང་ལྡན། །ལུས་ཟུངས་བརྟན་ཞིང་ཁོང་བའི་མེ་དྲོད་འབར། །ན་ཚོད་དག་ཀྱང་རིང་དུ་འཇོག་པར་བྱེད། །ཅེས་བྱ་བ་ལ་སྦྱོང་བ་ཞེས་པ་སྐྱུག་སྨན་ལ་སོགས་པ་ནས་སྣ་སྨན་ལ་སོགས་པ་མགོ་བོ་སྦྱོང་བའི་བར་ལེགས་པར་ཆོ་ག་ཇི་ལྟ་བ་བཞིན་དུ་ཡང་དག་པར་བྱས་པས་ཉེ་བར་བསྟེན་ཞིང་ཀུན་ཏུ་སྤྱད་པས་བློ་གྲོས་ཏེ་ཤེས་རབ་གསལ་ཞིང་རྣོ་བར་འགྱུར་བ་དང༌། དེ་བཞིན་དུ་མིག་ལ་སོགས་པ་དབང་པོ་རྣམས་ཀྱི་སྟོབས་རང་རང་གི་ཡུལ་ལ་ལེགས་པར་འཇུག་ནུས་པ་དང༌། དེ་བཞིན་དུ་ལུས་ཟུངས་ཏེ་དངྭས་མ་ལ་སོགས་པ་བརྟན་ཞིང་སྲ་བ་དང༌། དེ་བཞིན་དུ་ཁོང་པའི་མེའི་དྲོད་འབར་བའི་ཤིང་ཉིད་དུ་བྱེད་པ་དང༌། དེ་བཞིན་དུ་ན་ཚོད་དེ་ལུས་ཀྱི་ན་ཚོད་གཞོན་པ་དག་ཏུའང་ཡུན་རིང་དུ་འཇོག་པར་བྱེད་ཅིང་གནས་པར་བྱེད་དེ། བྱེད་ཅེས་བྱ་བ་ཐམས་ཅད་དང་སྦྱར་བར་བྱའོ་ཞེས་གསུངས་སོ། གཉིས་པ་ཚིག་གི་དོན་ནི། སྦྱོང་ལེགས་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་རྐང་པ་གསུམ་གྱིས་བསྟེན་ཏེ། དེ་ལྟར་སྦྱོངས་ལེགས་ན་ནི་ནད་ཀྱི་རྩ་བ་རྩད་ནས་ཆོད་ཅིང་བད་ཀན་དང་མཁྲིས་པ་དག་པ་དང༌། ལུས་ཡང་ལ་ཁོང་པའི་དྲོད་འབར་བས་ཡི་ག་འབྱེད་ཅིང་བཀྲེས་སྐོམ་དུས་སུ་འབྱུང་བ་དང༌། བཤང་བ་དང་གཅི་བ་བདེ་བར་འབྱིན་པ་སོགས་འབྱུང་ངོ་ཞེས་གསུངས་སོ་ཞེས་པའོ།། 

        གསུམ་པ་ལེའུའི་མཚན་བསྟན་པ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་སྦྱོངས་བྱེད་ལས་ལྔའི་དང་པོ་བཤལ་གྱི་སྦྱོར་བ་སྟེ་ལེའུ་བཅུ་བཞི་པའོ་ཞེས་བྱ་བའི་དོན་ཏོ།།

 

 

མཐའ་མའི་འདོན་ཐེངས་།: 05.09.2011 ཉིན། 10:17 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།