སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་བཅུ་བཞི་པ། དུས་སུ་སྤྱོད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.09.2023
བཤད་རྒྱུད། >> ལེའུ་བཅུ་བཞི་པ། དུས་སུ་སྤྱོད་པ།



ལེའུ་བཅུ་བཞི་པ། དུས་སུ་སྤྱོད་པ། 

ཉིན་རེ་བཞིན་རྒྱུན་དུ་སྤྱོད་པའི་ལས་བཤད་ཟིན་པའི་རྗེས་ཐོག་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལ་སོགས་པའི་འཁོར་རྣམས་གུས་པས་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ལེགས་པར་བཤད་པར་བྱའོ་ཞེས་གདམས་ནས། བྱ་བ་སྤྱོད་ལམ་གྱི་གནས་ལས་གཉིས་པ་དུས་སུ་སྤྱོད་པའི་སྤྱོད་ལམ་ནི་གང་ཞེ་ན། ཟླ་ཟེར་ལས། དགུན་ཟླ་ར་སོགས་གཉིས་གཉིས་ཏེ། །རིམ་བཞིན་དུས་ནི་དྲུག་ཏུ་བཤད། །ཅེས་པ་ལ་སོགས་པ་ཙམ་ལས་ཧ་ཅང་གསལ་བར་འགྲེལ་པ་གཉིས་ལས་ཀྱང་མི་འབྱུང་བས་འདུལ་མངོན་དང་སྐར་ནག་གི་རྩིས་ལ་སོགས་པ་དང་བསྟུན་དགོས་ཤིང༌། དེ་རྣམས་ལའང་སོ་སོའི་བཞེད་པ་མི་འདྲ་བ་དུ་མ་ཞིག་སྣང་བ་ཀུན་ཀྱང་མཁས་པའི་གསུང་འབའ་ཞིག་ཡིན་པས་གཅིག་ཏུ་དགག་སྒྲུབ་ཀྱི་གནས་སུ་བྱེད་པ་དཀའ་མོད། འོན་ཏུ་ཟིན་ཀྱང་གསོ་བ་རིག་པ་འདི་ནི་ཕྱི་ནང་གི་ཁམས་ཉིད་གཙོ་བོར་བཏོན་པ་ཡིན་པས་འདི་དང་གང་མཐུན་པ་ཁོ་ན་གཙོ་བོར་བཟུང་དགོས་ཤིང་དེ་དག་ཀྱང་ཟླ་བའི་བདག་པོ་དང་ཉི་མ་ལྡོག་དུས་ལ་ལྟོས་པར་གསུངས་པས་ན་ཐོག་མ་ཉིད་དུ་འདི་ཉིད་ངེས་པར་བྱའོ།།

དེ་ཡང་དགུན་ཟླ་ཧོར་ཟླ་བཅུ་པ་སྨིན་དྲུག་གི་ཟླ་བ་ཉིད་ཡིན་ཏེ། བཅུ་གཅིག་པ་མགོའི་ཟླ་བ་ལ་ཉི་མ་ལྡོག་པའི་ཕྱིར། དེས་ན་སྨིན་དྲུག་དང་མགོའི་ཟླ་བ་གཉིས་དགུན་སྟོད་རྒྱལ་དང་མཆུ་གཉིས་དགུན་སྨད། དབོ་དང་ནག་པ་གཉིས་དཔྱིད་ཀ་ས་ག་དང་སྣྲོན་གཉིས་སོ་ག ཆུ་སྟོད་དང་གྲོ་བཞིན་གཉིས་དབྱར། ཁྲུམས་སྟོད་དང་དབྱུག་པ་གཉིས་སྟོན་ཀ་སྟེ་དུས་དྲུག་གོ །དེ་དག་གི་ལྡང་ཚད་ནི། འཇམ་དཔལ་རྩ་བའི་རྒྱུད་ལས། མིག་གི་འབྱེད་འཛུམ་བཅུ་ལ་ནི། །སྐད་ཅིག་ཙམ་དུ་རབ་ཏུ་བརྟག །སྐད་ཅིག་བཅུ་ཞེས་བཤད་པ་ནི། །ཡུད་ཙམ་དུ་ནི་ཡོངས་སུ་བརྟག །ཡུད་ཙམ་བཞི་ལ་ཐུན་གཅིག་ཅེས། །སྔགས་རིག་པ་ནི་ཡོངས་སུ་བརྟག །ཅེས་དང༌། མཛོད་ལས། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡིས་སྐད་ཅིག་དེ་དག་ཀྱང༌། །དྲུག་ཅུ་ལ་ནི་ཐང་ཅིག་གོ །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུར་འགྱུར། །ཞག་མི་ཐུབ་དང་བཅས་པ་ཡིས། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་དང༌། གསེར་འོད་དམ་པའི་མདོ་སྡེ་ལས་བྱུང་བའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། སེམས་ཀྱི་རྣམ་པར་རྟོག་པ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་མ་ཞེས་བྱ། དེའི་སྐད་ཅིག་མ་གསུམ་ལ་དབུགས་འབྱུང་རྔུབ་ཅེས་བྱ། དབུགས་དྲུག་ལ་ཆུ་སྲང༌། ཆུ་སྲང་དེ་དྲུག་ཅུའམ། དབུགས་སུམ་བརྒྱ་དྲུག་ཅུ་ལ་ནི་ཆུ་ཚོད། དེ་དྲུག་ཅུ་ལ་ནི་ཞག་གཅིག་སྟེ། དབུགས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞག་སུམ་ཅུ་ལ་ནི་ཟླ་བ། ཟླ་བ་བཅུ་གཉིས་ལ་ནི་ལོ་སྟེ། དེ་བརྒྱ་ལ་སྐྱེས་བུའི་ཚེ་ལོ་མཐར་ཕྱིན་པ་ཞེས་བྱའོ། །སྐབས་འདིར་དངོས་བསྟན་ལ་མ་གསུངས་ཀྱང་རྒྱུད་ཆུང་བ་ལས་འབྱུང་བ་ལྟར་ཟླ་བའི་བཤོལ་འདོན་ཚུལ་ནི་རགས་པའི་དབང་དུ་བྱས་ནས། ལོ་གསུམ་དག་ན་བཤོལ་ཟླ་རེ། །གདུག་པ་བཞི་ལ་རང་ལོ་བོར། །གོང་ལ་ལྕམ་བཤོལ་འོག་ཕྲོ་དྲལ། །ཞེས་གསུངས་པས། གདུག་པ་བཞིའི་ལོ་འབྲུག་དང་ལུག་དང་ཁྱི་དང་གླང་རྣམས་སུ་སླེབ་པའི་ཚེ་རང་རང་གི་ཟླ་བ་དེ་ཉིད་བཤོལ་དུ་འདོར་བ་ཚུལ་འདིར་ཡིན་ལ། དེ་ལས་ཅུང་ཟད་ཞིབ་པའི་དབང་དུ་བྱས་ནས། སོ་མ་ར་ཛཱ་ལས། མོ་དྲུག་ཉི་ཤུ་རྩ་དགུ་ལ། །ཕོ་དྲུག་སུམ་ཅུ་དག་ཏུ་འོ། །དེ་ལྟར་བརྩིས་པའི་ལོ་གཅིག་ལ། །ཞག་ནི་ལྔ་ལྔ་བཅུ་ཡིན་ཏེ། །ལོ་ནི་གསུམ་གསུམ་དག་ལ་ཡང༌། །ཟླ་བ་ལྷག་པ་དག་ཡིན་ནོ། །ཞེས་འབྱུང་ལ། ཤིན་ཏུ་ཞིབ་པ་ནི་དཔལ་དུས་ཀྱི་འཁོར་ལོའི་དགོངས་དོན་ཞལ་ལུང་མ་བུར་གསུངས་པའི་དོན་ཤིན་ཏུ་གསལ་བ་བཻ་ཌཱུར་དཀར་པོ་ལ་བཤད་པ་ལྟར་རོ། །དེ་ཡང་བཤོལ་ཞེས་བྱ་བ་ནི་ནང་དུ་ཡེ་ཤེས་ཀྱི་རླུང་གི་རྒྱུ་བ་ཁོ་ན་ལས་འབྱུང་བས། སྐྱེས་པ་དར་མ་ནད་མེད་པའི་དབུགས་ཀྱི་རྒྱུ་བ་སུམ་ཅུ་ཕྱེད་དང་སོ་གསུམ་གྱི་ཆ་གཅིག་ཡེ་ཤེས་ཀྱི་རླུང་ཡིན་ལ། དེ་བསགས་པས་དབུགས་དྲུག་ལ་ཆུ་སྲང༌། དེ་དྲུག་ཅུ་ལ་ཆུ་ཚོད་རེར་བྱས་པའི་ཆུ་ཚོད་དྲུག་ཅུ་རེ་བཞི་དབུགས་བཅུ་གཅིག་དང་བཞི་ཆ་རེ་འབྱུང་ཞིང༌། ཆུ་ཚོད་རེ་བཞི་པ་ལྔ་ལ་འཕོ་ཆེན་གཅིག་སྟེ་དབུགས་དྲུག་དང་བཞི་ཆ་རེ་འབྱུང་ལ། འཕོ་ཆེན་བཅུ་གཅིག་ལ་ཞག་གཅིག་སྟེ་ཞག་རེ་ལ་དབུགས་དྲུག་བརྒྱ་བདུན་ཅུ་རྩ་ལྔ་རེ་ལྷག་པ་རྣམས་བསགས་པས་ལོ་གཅིག་ལ་ཞག་བཅུ་གཅིག་དང་ཆུ་ཚོད་བཅོ་ལྔ་འབྱུང་སྟེ། དེ་ལྟར་བརྩིས་པའི་ལོ་གཉིས་དང་ཟླ་བ་ཕྱེད་དང་དགུན་ཟླ་བཤོལ་རེ་འབྱུང་བར་གསུངས་པ་ལྟར་ཤེས་པར་བྱའོ།།

ཚེ་རིང་ཞིང་བདེ་བ་འདོད་པ་རྣམས་ཀྱིས་དུས་སུ་སྤྱོད་པའི་ཐོག་མར་དུས་ཉིད་ཤེས་དགོས་པས། དགུན་སྟོད་དང་དགུན་སྨད་དང་དཔྱིད་དང་སོ་ག་དང་དབྱར་དང་སྟོན་ཏེ་དུས་དྲུག་ཡིན་ལ། དེའང་དགུན་ཟླ་ར་བ་སྨིན་དྲུག་གི་ཟླ་བ་ནས་འགོ་བཟུང་སྟེ། སོགས་པའི་སྒྲས་དགུན་ཟླ་ཐ་ཆུང་ལ་སོགས་པ་གཉིས་གཉིས་ཀྱི་དུས་རེ་རེ་སྟེ་རིམ་པ་བཞིན་སྦྱར་བར་བྱའོ། །དེ་འདྲའི་ལོ་དེ་ཡང་ལིངས་པོ་གཅིག་ཏུ་འགྲུབ་པ་མ་ཡིན་པར་ཆ་ཤས་ཤིན་ཏུ་ཕྲ་བ་རྣམས་བསགས་པ་ལས་བྱུང་སྟེ། དེ་ཡང་གསོ་དཔྱད་རང་ལུགས་ལ། དུས་ཀྱི་ཐུང་མཐའ་སེམས་ཀྱི་རྣམ་པར་རྟོག་པ་སྐད་ཅིག་མ་གཅིག་ཡིན་ལ། དེ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་མ་ཞེས་བྱ་བ་ལ་སོགས་པའི་སྒྲས་དེའི་སྐད་ཅིག་མ་དྲུག་ཅུ་ལ་ཐང་གཅིག །དེ་སུམ་ཅུ་ལ་ཡུད་ཙམ། དེ་སུམ་ཅུ་ལ་ཉིན་ཞག་གཅིག དེ་སུམ་ཅུ་ལ་ཟླ་བ། ཟླ་བ་གཉིས་ལ་དུས་དང༌། དུས་དྲུག་ལ་ལོ་རུ་འགྱུར་བ་ཡིན་ཏེ། དེ་ལྟ་བས་ན་ཉི་མ་དེ་ཡང་ལོ་སྔོན་མའི་དབྱར་དགུན་གང་ལྡོག་གི་ཚེས་གྲངས་ཀྱི་སྟེང་ཞག་བརྒྱད་དང་གསུམ་བསྲེས་བཅུ་གཅིག་རེ་བསྣན་འཁོར་ལོར་བསྒྲིལ་བའི་ཚེས་གྲངས་སུ་ལྡོག་ཅིང༌། དེ་ཡང་དབྱར་དགུན་གཉིས་ཀའི་དབུས་སུ་སྟེ་དབྱར་འབྲིང་དང་དགུན་འབྲིང་གི་སྟོད་སྨད་གང་ཡང་རུང་བ་ལ་ལྡོག་པ་ཡིན་ལ། ཉི་མ་ལྡོག་ནས་དུས་གསུམ་ནི་ཟླ་བ་དྲུག་གི་བར་ལྷོའི་མཐར་ཐུག་པ་དང་བྱང་གི་མཐར་ཐུག་ཏུ་འགྲོ་ཞེས་བྱ་སྟེ། ནམ་དང་ཉི་མ་ཡང་ཟླ་བ་དྲུག་གི་ཕྱེད་དེ་ཟླ་བ་གསུམ་ན་མཉམ་པར་འགྱུར་བ་ཡིན་ལ་སྟོན་དཔྱིད་ཉིན་མཚན་མཉམ་པ་ནས་ཞག་བརྒྱད་དང་བཅུ་ན་ཞེས་བཅོ་བརྒྱད་ན་འབྲུག་གི་སྒྲ་སྒྲོག་པ་དང་ཆད་པར་འགྱུར་བ་ཡིན་ནོ།།

ཉི་ལྡོག་དང་འབྲུག་སྐད་ཀྱི་སྐབས་འདིར་རྗེ་ཟུར་མཁར་བ་ཡང་འཁྲུལ་བའི་དགུན་ཟླ་ར་བ་ནས་བགྲངས་པའི་བརྒྱད་པ་ལྔ་པ་དང་གསུམ་པ་བཅུ་གཉིས་པར་ཉི་མ་ལྡོག་ཅེས་དང༌། དཔྱིད་མཉམ་ནས་ཞག་བརྒྱད་ན་འབྲུག་སྒྲ་སྒྲོག སྟོན་མཉམ་ནས་བཅུ་ན་ཆད་ཅེས་པ་གཙུག་ལག་དང་ཕྱོགས་ཙམ་ཡང་མི་མཐུན་པས་དོར་བར་རིགས་སོ། །དེ་ཡང་དུས་འཁོར་ནང་དོན་རང་འགྲེལ་ལས་ཉི་མ་ཀརྐ་ཊའི་ཁྱིམ་དུ་སྐྱེས་པས་ལྷོར་བགྲོད་པའི་ཟླ་བ་དྲུག་ལ་ཉི་མ་འབྲིང་དང༌། ཟླ་བ་ནི་སྟོབས་དང་ལྡན་པར་འཕེལ་བར་བཤད་ལ། ཆུ་སྲིན་ལ་སོགས་པ་ཉི་མ་བྱང་དུ་བགྲོད་པའི་ཟླ་བ་དྲུག་ལ་ཟླ་བའི་ནུས་པ་འབྲི་བ་དང་ཉི་མའི་ནུས་པ་འཕེལ་བའོ་ཞེས་གསུངས་ཤིང༌། ཇི་ལྟར་ཕྱི་རོལ་ཇི་བཞིན་ནང༌། །ཞེས་བྱ་བ་ལ་སོགས་པའི་དོན་གྱིས་ན་འཆད་འགྱུར་གྱི་དོན་དགུན་ཉི་ལོག་ནས་མི་རྣམས་ཀྱི་མཐུ་སྟོབས་འཕྲོག་ཅིང༌། དབྱར་ཉི་ལོག་ནས་སླར་སྟོབས་བསྐྱེད་པ་སོགས་ཕྱི་ནང་གཅིག་ཏུ་འཆར་ཞིང༌། དེ་ཡང་རོ་རྐྱང་གི་རླུང་གི་བྱེད་པ་ལས་ཕྱི་རོལ་དུ་དེ་ལྟར་སྣང་བ་ཡིན་ནོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་རགས་པ་ཕལ་ཆེར་སའི་ཡོན་ཏན་ཤས་ཆེ་བར་རང་བཞིན་གྱིས་གྲུབ་པའི་ཕྱིར་འབྱུང་བ་གཞན་རྣམས་ཀྱི་ཕན་གནོད་སྣ་ཚོགས་སུ་བྱེད་པ་ཡིན་ལ་རྒྱས་པ་ནི་ཟླ་ཟེར་ལས་བཤད་པ་ལྟར་རོ།།

བཤད་མ་ཐག་པའི་དུས་དྲུག་པོ་དེ་ལ་དགུན་ཉི་ལོག་མ་ཐག་པའི་དགུན་ཟླ་ཐ་ཆུང་ལ་སོགས་པ་དབྱར་ཉི་ལོག་པ་ལ་ཐུག་གི་བར་ཉི་མ་བྱང་བགྲོད་དུ་འགྲོ་བའི་དུས་ཀྱི་ཟླ་བ་དྲུག་གི་ཚེ་རོ་མ་ནས་རྒྱུ་བ་ཉི་མའི་ཁམས་སྟོབས་དང་ལྡན་པའི་དབང་གིས་ཕྱི་རོལ་དུའང་ཤིན་ཏུ་རྣོ་ཚ་རྩུབ་པའི་ངོ་བོར་གྱུར་པའི་རླུང་དང་ཉི་མ་དག་གི་ནུས་སྟོབས་ཀྱིས་ཟླ་བ་སའི་རང་བཞིན་ཅན་གྱི་ཡོན་ཏན་བསིལ་ཞིང་སྣུམ་པ་རྣམས་ཟད་པར་བྱེད་དོ། །དེའི་ཕྱིར་དུས་འདིར་ནི་ཚ་བསྐ་ཁ་བ་སྟེ་ཡོན་ཏན་དམན་པའི་རོ་སྟོབས་ཆེ་བའི་དབང་གིས་ཀྱང་མི་ལ་སོགས་པའི་འགྲོ་བ་རྣམས་ཀྱི་ནི་མཐུ་སྟོབས་ཉིན་རེ་བཞིན་དུ་འཕྲོག་ཅིང་ཉམས་པར་བྱེད་དོ། །དེའང་རིམ་པ་བཞིན་དུ་དགུན་སྨད་ནི་ཚ་བའི་རོ་སྟོབས་ཆེ་ཞིང༌། དཔྱིད་ཀ་ནི་བསྐ་བ་དང༌། སོ་ག་ནི་ཁ་བའི་རོ་སྟོབས་སུ་ཆེ་བ་ཡིན་ཏེ། དགུན་སྨད་ཆུ་རླུང་དང༌། དཔྱིད་ཀ་ས་རླུང་དང༌། སོ་ག་མེ་རླུང་ཤས་ཆེ་བ་ཡིན་པའི་ཕྱིར། དེས་ན་མིའི་མཐུ་སྟོབས་ཀྱང་དུས་འདི་སྐབས་ལ་ལྟོས་པའི་དགུན་སྨད་ཆེ་ཞིང༌། དེ་བས་ལྷག་པར་དུ་དཔྱིད་ཀ་ཆུང་ལ། སོ་ག་ནི་འབྲིང་དུ་ངེས་ཏེ། རོ་དེ་གསུམ་གྱི་ཡོན་ཏན་གྱི་དབང་གིས་ཡིན་ནོ།།

བཤད་མ་ཐག་པ་དེ་ལས་ལྡོག་སྟེ་དབྱར་ཉི་ལོག་པ་ནས་བཟུང་སྟེ་ཆར་འབབ་དུས་ཡིན་ཅིང༌། ཉི་མ་ལྷོ་ཕྱོགས་སུ་འགྲོ་བའི་ཟླ་བ་དྲུག་གི་ཚེ་སླར་ཡང་མི་རྣམས་ཀྱི་མཐུ་སྟོབས་ཉིན་རེ་བཞིན་བསྐྱེད་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། དེའི་ཚེ་རྐྱང་མ་ནས་རྒྱུ་བ་ཟླ་བའི་ཁམས་འཕེལ་བའི་དབང་གིས་ཕྱི་རོལ་དུའང་སའི་ཡོན་ཏན་བསིལ་བ་ཟླ་བའི་སྟོབས་དང་ལྡན་པས་རྣོ་ཚ་རྩུབ་པའི་ངོ་བོར་གྱུར་པའི་ཉི་མའི་སྟོབས་འབྲི་བར་འགྱུར་ལ། དུས་དེར་ཆར་བབས་པའི་ཆུ་རླུང་གི་ནུས་པས་ས་སྟེང་གི་ཚ་བ་ཐམས་ཅད་ཉེ་བར་ཞི་ནས་སྐྱུར་བ་དང་ལན་ཚྭ་བ་དང་མངར་བ་སྟེ་མཆོག་གི་རོ་གསུམ་གྱི་སྟོབས་ཆེ་བར་གྱུར་ཏེ། ཁམས་སྐྱེད་པར་བྱེད་པའི་ཕྱིར་རོ། །དེའང་རིམ་པ་བཞིན་དུ་དབྱར་གྱི་ཚེ་མེ་ས་དང༌། སྟོན་གྱི་ཚེ་ཆུ་མེ་དང༌། དགུན་སྟོད་ཀྱི་ཚེ་ས་ཆུའི་ཁམས་ཤས་ཆེ་བའི་དབང་གིས་ཡིན་ལ། དེའི་ཕྱིར་མི་རྣམས་ཀྱི་སྟོབས་ཀྱང་དུས་འདི་གསུམ་ལ་བལྟོས་པའི་དགུན་སྟོད་ལྷག་པར་དུ་ཆེ་ཞིང་སྟོན་འབྲིང་ལ། དབྱར་ཅུང་ཟད་ཆུང་བ་ཡིན་ནོ། །དེ་ལྟར་བཤད་པ་རྣམས་ཀྱིས་ཁམས་ཀྱི་རྒྱུ་བ་ལ་སོགས་པ་རྣམས་ཞིབ་ཏུ་ཕྱི་མ་རྒྱུད་དང་མཐུན་པས་དེར་བཤད་པར་བྱའོ།།

བཤད་མ་ཐག་པ་དེ་རྣམས་མདོར་བསྡུ་ན་མི་རྣམས་ཀྱི་སྟོབས་ནི་དགུན་སྟོད་དང་དགུན་སྨད་ཀྱི་ཚེ་ཆེ་ཞིང་སོས་ཀ་དང་དབྱར་གྱི་དུས་ཆུང་ལ། སྟོན་དཔྱིད་ཀྱི་དུས་འབྲིང་དུ་ཤེས་པར་བྱའོ། །དེ་ལྟར་ཉི་མ་ལྷོ་བྱང་དུ་བགྲོད་པའི་དུས་རྣམ་པ་གཉིས་ཀྱི་རྣམ་པར་གཞག་པ་བསྟན་ཟིན་ནས།

ད་ནི་དུས་སུ་སྤྱོད་པའི་བསླབ་བྱ་དངོས་བསྟན་པར་བྱའོ། །དགུན་ལ་སོགས་པ་རྣམས་ཀྱི་རང་བཞིན་གྱི་འགྱུར་བ་བསྟན་ཟིན་ནས། ད་ནི་ནམ་ཟླ་དུས་དྲུག་ཏུ་སོ་སོར་སྤྱད་པར་བྱ་བའི་སྤྱོད་ལམ་དངོས་བཤད་པ་ནི། ལུས་ཀྱི་སྟོབས་འཕེལ་བའི་མཐར་ཐུག་པ་དགུན་སྟོད་ཀྱི་དུས་རང་བཞིན་གྱི་གྲང་བ་ཡིན་པས་བ་སྤུའི་སྒོ་རྣམས་བཀག་སྟེ་ནང་དུ་མེའི་སྟོབས་དང་ལྡན་ཞིང༌། ལྟག་པར་དུ་མེ་དང་མཉམ་པའི་རླུང་གིས་ཆེས་ཆེར་སྦར་བ་དེའི་ནུས་པས་ཁ་ཟས་ཉུང་བར་གྱུར་པ་ན་ཁྲག་ལ་སོགས་པའི་ལུས་ཟུངས་རྣམས་སྐེམ་ཞིང་འབྲི་བར་བྱེད་པར་འགྱུར་བ་དེའི་ཕྱིར་མངར་སྐྱུར་ལན་ཚྭ་སྟེ་དང་པོའི་རོ་གསུམ་ཤས་ཆེར་གྱུར་པའི་ཁ་ཟས་འགྲངས་པ་བསྟེན་པར་བྱའོ། །གཞན་ཡང་དུས་དེའི་ཚེ་ཉིན་མོ་ལས་མཚན་མོ་ཤིན་ཏུ་རིང་བས་ན་ཐོ་རངས་ཀྱི་དུས་སུ་བཀྲེས་པར་གྱུར་ཏེ། བཀྲེས་པ་དེ་ཡིས་ནི་མེ་དྲོད་ཀྱི་ཤུགས་བསྟེན་མི་ནུས་པར་ལུས་ཟུངས་རྣམས་ལྷག་པར་འབྲི་བར་འགྱུར་བའི་ཕྱིར་ཏིལ་ལ་སོགས་པ་འབྲུའི་མར་གྱིས་ལུས་ལ་བྱུགས་ཤིང་མཉེ་བ་དང་དྲིལ་ཕྱི་བ་བྱས་ལ། ཤ་བཟང་པོ་བཙོས་པའི་ཁུ་བ་ལ་སོགས་པ་སྣུམ་པའི་ཁ་ཟས་གཙོ་ཆེར་ཟ་ཞིང༌། བུ་རམ་དང་ཆང་དང་འོ་མ་ལ་སོགས་པ་བསྟེན་པ་དང༌། བེའུ་ཕྲུག་དང་པགས་པ་དང་སྣལ་གོས་གསར་པ་སོགས་དྲོ་ཞིང་ཡང་བའི་གོས་དང༌། ལྷམ་ནི་རྟག་པར་ཉིད་དུ་བགོ་བ་དང༌། དྲོ་བའི་དུགས་དང་མེ་ཉེའི་འོད་ལ་འདུག་སྟེ། ཧ་ཅང་ཐལ་བ་མ་ཡིན་པ་རན་པར་བསྲོ་བ་དང༌། ས་ལ་ཟབས་སུ་བརྐོས་པའི་ཁང་པ་ཉིས་རིམ་སོལ་བའི་འདབ་མས་བསྲོས་པའི་ནང་དུ་བསྡད་པར་བྱའོ། །དགུན་སྨད་ཀྱི་དུས་ཟླ་བ་གཉིས་ན་དགུན་སྟོད་ལས་ཀྱང་ལྷག་པར་དུ་གྲང་བ་ཡིན་པས་ན་སྐབས་དེར་ཡང་བཤད་མ་ཐག་པའི་སྤྱོད་ལམ་འདི་ཉིད་ཁོ་ན་ཡོངས་སུ་སྤྱད་པར་བསྔགས་ཤིང་བསྟན་པ་ཡིན་ཏེ། དེ་ཉིད་ཀྱིས་ཆོག་པར་གྲུབ་བོ།།

དཔྱིད་སྤྱོད་ནི་བཤད་མ་ཐག་པའི་དགུན་སྟོད་དང༌། དགུན་སྨད་ཀྱི་དུས་དེར་ཤིན་ཏུ་གྲང་བའི་དབང་གིས་བད་ཀན་ཁོག་ཏུ་གསོག་པ་ཡིན་ཏེ། དེ་ནི་དཔྱིད་དུས་ཀྱི་ཉི་འོད་ཚ་མོས་དྲོས་ཤིང་ཞིགས་པས་མེ་དྲོད་ཉམས་པ་ལས་བད་ཀན་གྱི་ནད་ཀྱང་ལྡང་ཞིང་འཇུ་མི་ནུས་པར་འགྱུར་བ་དེའི་ཕྱིར། ཐ་མའི་རོ་ཁ་ཚ་བསྐ་བ་གསུམ་ཤས་ཆེར་བསྟེན་ཞིང་ནས་རྙིང་གི་ཟན་དང་སྐམ་ས་ལ་གནས་པའི་སྲོག་ཆགས་ཀྱི་ཤ་མེ་ལ་བསྲེགས་པ་དང༌། སྦྲང་རྩི་དང་ཆུ་བསྐོལ་ཚ་མོ་དང༌། བཅའ་སྒ་བསྡུས་པའི་ཐང་ལ་སོགས་པ་བཏང་ཞིང་མདོར་ན་ཡང་ལ་རྩུབ་པའི་བཟའ་བཏུང་གཙོ་བོར་བསྟེན་པར་བྱ་ཞིང༌། ལུས་ཀྱི་རྩོལ་བས་བཅག་པ་དང་སྲན་ཕྱེ་ལ་སོགས་པའི་སྐམ་པའི་རྫས་ཀྱིས་དྲིལ་ཕྱིས་ལ་སོགས་ཏེ་བད་ཀན་བསལ་བའི་ཆོ་ག་ལ་འབད་པ་དང༌། དྲི་ཞིམ་པོ་ལྡང་ཞིང་ལྗོན་ཤིང་སྣ་ཚོགས་པས་གང་བའི་སྐྱེད་མོས་ཚལ་གྱི་ཉི་གྲིབ་ལ་ཉི་མ་ཕྱེད་ཀྱི་དུས་འདུག་པར་བྱའོ།།

སོ་གའི་སྤྱོད་པ་ནི་གོང་དུ་བཤད་པ་ལྟར་སོ་གའི་དུས་སུ་ཉི་མའི་འོད་ཟེར་རབ་ཏུ་ཚ་བས་ལུས་ཀྱི་སྟོབས་འཕྲོག་པའི་ཕྱིར་ན་མངར་བའི་རོ་ཤས་ཆེར་ཡང་ནས་ཡང་དུ་བཟའ་ཞིང༌། དེ་བཞིན་དུ་རང་བཞིན་གྱི་ནུས་པ་ཡང་བ་དང༌། སྣུམ་པ་དང༌། བསིལ་བ་ཉིད་གཙོ་བོར་ཟ་བར་བྱ་བ་ཡིན་གྱིས་ལན་ཚྭ་ཚ་སྐྱུར་དང་ལྡན་པའི་ཁ་ཟས་དང༌། རྩོལ་བས་བཅག་པ་དང༌། ཉི་འོད་ལ་གནས་པ་སོགས་མ་ཡིན་ཏེ་ཡོངས་སུ་སྤང་བར་བྱས་ལ། རབ་ཏུ་བསིལ་བའི་ཆུས་ལུས་བཀྲུ་ཞིང་ཆང་དང་ཆུ་བསྲེས་པ་དག་ཉུང་ཟད་རེ་བཏུང་བར་བྱ་ཡི། ཆང་འབའ་ཞིག་ནི་སྤང་བ་དང༌། དར་རམ་རས་དང་ཐེར་མ་ལ་སོགས་པ་རབ་ཏུ་ཕྲ་ཞིང་སྲབ་པའི་གོས་ལུས་ལ་བགོས་ཏེ་ཤིན་ཏུ་བསིལ་བའི་ཁང་པ་དྲི་བཟང་པོས་ཆག་ཆག་བཏབ་པའི་ནང་ཡིད་དུ་འོང་བ་བསྟེན་པ་དང༌། གཞན་ཡང་ལོ་མ་ཤིན་ཏུ་སྣུམ་པའི་ཤིང་གྲིབ་དང་རྫི་ཆར་ཏེ་ལྷོ་ཕྱོགས་ཀྱི་རླུང་དྲི་ཞིམ་པོས་ལྡང་ཞིང་བསེར་བུའི་ངད་དང་ལྡན་པ་རྣམས་སུ་གནས་པར་བྱའོ།།

དབྱར་གྱི་དུས་སུ་ནི་རང་བཞིན་གྱི་ནམ་མཁའ་ལ་སྤྲིན་འདུས་ཤིང་ཆར་བབ་པའི་ཆུ་ཡིས་ས་གཞི་ཐམས་ཅད་རླན་དང་ལྡན་ལ། རླུང་དང་གྲང་བའི་རེག་བྱ་ལྷག་པར་རྒྱས་ཤིང་ས་རླངས་དང་ཆུ་རྙོག་མ་ཅན་ལ་སོགས་པ་རྣམས་ཀྱིས་ལུས་ཀྱི་མེ་དྲོད་ལ་གནོད་པར་གྱུར་པས་ན། དུས་དེར་མེ་དྲོད་སྐྱེད་པའི་ཁ་ཟས་ཤས་ཆེར་བསྟེན་ཞིང༌། ཁྱད་པར་དུ་དང་པོའི་རོ་མངར་སྐྱུར་ལན་ཚྭ་གསུམ་དང༌། ནུས་པ་ཡང་དྲོ་སྣུམ་པ་དང་བཅས་པ་གཙོ་བོར་ཟ་ལ། སྐམ་སའི་འབྲུ་ལས་བྱུང་བའི་ཆང་བཏུང་བ་དང་ཁང་པའི་སྟེང་དུ་བསིལ་བའི་རེག་བྱ་སྤངས་ཏེ་དྲོ་བར་གནས་པར་བྱའོ།།

སྟོན་སྤྱོད་ནི་དབྱར་དུས་ཆར་རླུང་གི་ནུས་པ་བསིལ་ཞིང༌། འཕྲལ་དུ་ལུས་ལ་ཉི་ཟེར་གྱིས་གདུངས་པས་མཁྲིས་པ་གསོག་པ་དེས་ན་ཆར་དུས་སུ་བསགས་པའི་མཁྲིས་པ་དེ་ནི་སྟོན་ཀའི་དུས་ན་ལྡང་བས་དེ་བསལ་བར་བྱ་བའི་ཕྱིར་ན་མངར་ཁ་བསྐ་བའི་རོ་དང་ལྡན་པའི་ཁ་ཟས་ཤས་ཆེར་བསྟེན་པར་བྱ་ཞིང༌། ག་བུར་དང་ཙནྡན་དཀར་པོ་དང་ཨུ་ཤི་ར་སྟེ་པུ་ཤེལ་ཙེའི་དྲི་དང་ལྡན་པའི་གོས་བགོ་བ་དང༌། ཁང་པ་ཆུང་ངུ་དང༌། སྐྱེད་མོས་ཚལ་ལ་སོགས་པར་ཤིན་ཏུ་བསིལ་བའི་སྤོས་ཀྱིས་ཆག་ཆག་བཏབ་སྟེ་གནས་ཤིང་བག་དང་ལྡན་པར་འདུག་ཅིག་ཅེས་བྱ་བའི་དོན་ཏོ།།

དུས་དྲུག་པོའི་སྤྱོད་པ་ཐམས་ཅད་ཀྱང་མདོར་ཧྲིལ་གྱིས་བསྡུ་ན། ཟས་སྐོམ་དང་སྤྱོད་ལམ་ཀུན་ཀྱང་དབྱར་དགུན་གྱི་དུས་རྣམས་སུ་དྲོ་བ་ཤས་ཆེར་བསྟེན་ཞིང༌། དཔྱིད་ཀ་ནི་རྩུབ་པ་དང་སོས་ཀ་དང་སྟོན་ཀ་ནི་བསིལ་བར་བྱ་ལ། ཁྱད་པར་དུ་དབྱར་དང་དགུན་ནི་དང་པོའི་རོ་མངར་སྐྱུར་ལན་ཚྭ་གསུམ་གཙོ་བོར་བསྟན་པ་དང༌། དཔྱིད་ཀ་ནི་ཐ་མའི་རོ་ཁ་ཚ་བསྐ་བ་གསུམ་དང༌། སོ་ག་མངར་བ་དང༌། སྟོན་ཀ་མངར་ཁ་བསྐ་བ་དག་བསྟེན་པར་བྱའོ། །དེ་བཞིན་དུ་སྟོན་དང་དཔྱིད་ཀྱི་དུས་སུ་རིམ་པ་བཞིན་མཁྲིས་པ་དང་བད་ཀན་སེལ་བའི་སླད་དུ་བཤལ་དང་སྐྱུག་བཏང་ཞིང༌། དབྱར་གའི་དུས་སུ་ནི་རླུང་བསལ་བའི་འཇམ་རྩི་ཉིད་བསྔགས་པ་ཡིན། དེ་ལ་སོགས་པའི་ཞི་སྦྱངས་ཀྱི་སྨན་དཔྱད་བྱས་པས་གལ་ཏེ་དམན་ལྷག་ལོག་ནས་ནད་གསར་དུ་སྐྱེས་པ་དེའི་ཚེ་ནའང་དེ་ཉིད་དང་འཚམ་པར་སྨན་དཔྱད་ཟས་དང་སྤྱོད་པ་རིག་པས་དཔྱད་པར་བྱའོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་དུས་སུ་སྤྱོད་པའི་ལེའུ་སྟེ་བཅུ་བཞི་པའོ།། །།



མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 10:12 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།