སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་བདུན་པ། སྟོངས་ཚད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.08.2011
མན་ངག་རྒྱུད། >> ལེའུ་བཅུ་བདུན་པ། སྟོངས་ཚད་བཅོས་པ།

ལེའུ་བཅུ་བདུན་པ་སྟོངས་ཚད་བཅོས་པ་ལ་གསུམ། ཞུས་ཤིང་མདོར་བསྟན་མཚམས་སྦྱོར། དེ་ལན་གཞུང་དོན། ལེའུའི་མཚན་ནོ། །དང་པོ་ཞུས་ཤིང་མདོར་བསྟན་མཚམས་སྦྱོར་བཤད་པ་ནི། དེ་ནས་ཞེས་རྐང་པ་དྲུག་གིས་བསྟན་ཏེ། ཚ་བ་སྟོངས་པའི་རྒྱུ། རྐྱེན། ངོ་བོ། མིང༌། དབྱེ་བ། རྟགས། བཅོས་ཐབས་སོ། །གཉིས་པ་དེ་ལན་གཞུང་དོན་བཤད་པ་ལའང་རྒྱུ་རྐྱེན་སོགས་བདུན་ལས། དང་པོ་རྒྱུ་བཤད་པ་ནི། སྟོངས་པའི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྐྱེན་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྐྱེད་བྱེད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྟོངས་ཚད་ལ་སྐྱེད་པར་བྱེད་པའི་རྐྱེན་གྱིས་བསྐྱེད་པ་རང་བཞིན་གྱིས་སྟོངས་པ། རྐྱེན་གྱིས་སྟོངས་པ། གནས་ཀྱིས་སྟོངས་པའོ། །གཉིས་པ་རྒྱས་བཤད་ལའང་རང་བཞིན་རྐྱེན་གནས་གསུམ་ལས། དང་པོ་རང་བཞིན་གྱིས་སྟོངས་པ་བཤད་པ་ནི། རང་བཞིན་ཞེས་རྐང་པ་བཞིས་བསྟན་ཏེ། རླུང་རིམས་དང་སྟོངས་འཁྲུགས་གཉིས་རླུང་ཤས་ཅན་ལ་རླུང་རྐྱེན་འདོམ་པ་ལ་རིམས་འཁྲུགས་གང་རིགས་འབྱུང་བས། དང་པོ་ནས་རླུང་འབུད་ཅན་ཏེ་ཚ་བ་རླུང་ཞོན་ཞེས་ཀྱང་བྱའོ། །གཉིས་པ་རྐྱེན་སྟོངས་ནི། རྐྱེན་གྱིས་ཞེས་རྐང་པ་བཞིས་བསྟན་ནོ། གསུམ་པ་གནས་སྟོངས་ནི། གནས་ཀྱིས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ངོ་བོ་བཤད་པ་ནི། རྐྱེན་དེས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་མིང་བཤད་པ་ནི། རླུང་ཉིད་ཅེས་རྐང་པ་ལྔས་བསྟན་ནོ། །སྤྱིར་དང་པོ་ཡོད་པ་ཕྱིས་མེད་པ་ལ་སྟོངས་པ་ཞེས་བྱ་སྟེ། མི་མེད་པ་ལ་གྲོང་སྟོངས་ཞེས་པ་ལྟར་ཡིན་ལ། འདིར་ཚ་བ་བྲི་ཞིང་ཉམས་ཀྱང་རླུང་གིས་སྤར་བ་ལ། ངོ་བོའི་ཆ་ནས་སྟོངས་པ་དང་རྟགས་ཀྱི་ཆ་ནས་ཚ་བར་སྟོན་པས་སྟོངས་པའི་ཚ་བ་ཞེས་བྱར་བརྗོད་དོ། །ལྔ་པ་དབྱེ་བ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྟོངས་ཚད་ནད་ཀྱི་དབྱེ་བ་ལ་སྤྱི་དང་བྱེ་བྲག་གོ །གཉིས་པ་རྒྱས་བཤད་ལའང་སྤྱི་བྱེ་བྲག་གཉིས་ལས། དང་པོ་སྤྱི་དབྱེ་ནི། སྤྱི་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཚ་བ་སྟོངས་པ་དང༌། རྩ་སྟོངས་དང༌། རླུང་སྟོངས་ཏེ་རྣམ་པ་གསུམ་མོ། །གཉིས་པ་བྱེ་བྲག་གི་དབྱེ་བ་བཤད་པ་ནི། བྱེ་བྲག་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། བྱེ་བྲག་གི་དབྱེ་བ་རིམས་སྟོངས་དང་ཁྲག་སྟོངས་དང་མཁྲིས་སྟོངས་དང༌། བད་ཀན་གྱིས་སྟོངས་པ་དང༌། ཆུ་སེར་དང༌། གློ་སྙིང་གི་སྟོངས་པ་དང་དྲུག་སྟེ་དགུའོ། །དྲུག་པ་རྟགས་བཤད་པ་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་སྤྱི་ལའང་གསུམ། ཚ་བ་སྟོངས་པ། རྩ་སྟོངས་པ། རླུང་སྟོངས་པའི་རྟགས་བཤད་པའོ། །དང་པོ་ཚ་བ་སྟོངས་པ་བཤད་པ་ལ་གསུམ། རྒྱུ་མཚན། དངོས་རྟགས། གོམས་པས་ཐེ་ཚོམ་བསལ་བའོ།།

        དང་པོ་རྒྱུ་མཚན་བཤད་པ་ནི། དེ་རྟགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་དངོས་རྟགས་ནི། ཆུ་མདོག་ཅེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། ཅོ་འཁྲུལ་ཞེས་པ་གཏམ་ཚིག་ཕལ་ཆེར་དྲན་པས་ཟིན་པ་འགའ་ཙམ་འཁྲུལ་གཏམ་འབྱུང་བའི་མིང་ངོ༌། །གསུམ་པ་ཐེ་ཚོམ་བསལ་བ་ནི། འདི་ནི་ཞེས་རྐང་པ་དྲུག་གིས་བསྟན་ཏེ། རྟགས་ལ་ཐེ་ཚོམ་བྱུང་ན། ཕྱེ་མ་རུས་རྙིང་སོགས་ཀྱི་གསུར་གྱི་དུད་པ་བཏང༌། མཐིལ་བཞིར་སྣུམ་བྱུགས་སྲེ་ལོང་སོགས་རུས་ཐང་གིས་ཉམས་སད་པས་ལྕེ་རློན་པ་སོགས་བྱུང་ན་སོམ་ཉི་མི་བྱ་བར་ཚད་སྟོངས་སུ་ཐག་གཅོད་དོ། །གཉིས་པ་རྩ་སྟོངས་བཤད་པ་ནི། སྲོག་རྩ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། སོ་འཆའ་བ་ནི་སོ་ཀྲིག་ཀྲིག་ཟེར་ཞིང་ལྡད་པ་ལྟར་བྱེད་དོ། །གསུམ་པ་རླུང་སྟོངས་བཤད་པ་ནི། ཚད་གཞུག་ཅེས་རྐང་པ་བདུན་གྱིས་བསྟན་ནོ། །གཉིས་པ་བྱེ་བྲག་གི་རྟགས་བཤད་པ་ནི། བྱེ་བྲག་ཅེས་རྐང་པ་དགུས་བསྟན་ཏེ། རིམས་སྟོངས་ཀྱི་རྐང་ལག་རུ་ཤིང་ན་བ་ནི་རྐང་ལག་གི་རུས་པ་ཐམས་ཅད་དང་ཁྱད་པར་རྐང་ནའོ། །ཁ་སླེ་བ་ནི་ཁ་ཡོ་བའམ་འཕྱངས་པའོ། །གདོང་དབང་སྐྱ་བ་ནི་གདོང་བྱིན་སྐྱ་སེང་བའོ། །བདུན་པ་བཅོས་བཤད་པ་ལ་གཉིས། མདོར་རྒྱས་སོ། དང་པོ་ནི། སྟོངས་ཚད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱི་བཅོས་དང་བྱེ་བྲག་གི་བཅོས་སོ། །གཉིས་པ་རྒྱས་བཤད་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་སྤྱི་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྤྱི་ལ་ཞེས་རྐང་པ་གཅིག་གིས་བསྟན་པའི་བཅོས་ལ་བཅོས་པའི་ཚུལ་དང་གཉེན་པོ་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་བཅོས་ཚུལ་དང་གཉེན་པོ་གཉིས་ལས། དང་པོ་བཅོས་ཚུལ་ལའང་མདོར་རྒྱས་སོ། །དང་པོ་ནི། བཅོས་པའི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་གསུམ། ཚ་སྟོངས་རྩ་སྟོངས་རླུང་སྟོངས་ཀྱི་བཅོས་ཚུལ་ལོ། །དང་པོ་ཚ་སྟོངས་ཀྱི་བཅོས་ཚུལ་ནི། ཚ་སྟོངས་ཞེས་རྐང་པ་གཅིག་གིས་བསྟན་པའི་ཚད་གཉའ་ཆག་ནས་རླུང་གིས་འབུད་པའི་ཚ་བ་སྟོངས་པ་ལ། ཁ་དྲག་པོ་དཔུང་པའི་ཤེད་ཅན་གཉིས་འདོམ་ན། ཉེ་རིང་མེད་པར་གཉིས་ཀ་གནོན་པའམ། གཉའ་བའམ། གཉའ་བོའི་ཚུལ་དུ་བཅོས་ཏེ། རླུང་དང་ཚད་པ་གཉིས་ཀ་ཞི་བར་བྱའོ། །ཕྱག་དྲེག་མའི་མཆན་བུར་ཚ་བཅོས་ལ་རླུང་གི་གཉེན་པོ་དཔུང་ཡར་བའོ། །ཞེས་གསུངས་འདུག

        གཉིས་པ་རྩ་སྟོངས་ཀྱི་བཅོས་ཚུལ་ནི། རྩ་སྟོངས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྲོག་རྩར་བབས་པའི་རྩ་སྟོངས་པ་ལ། དགྲ་འོང་བའི་སྲང་ལམ་མམ་འཕྲང་ཁ་སོ་པས་བཅད་པའི་ཚུལ་དུ་བཅོས་ཏེ་རླུང་གི་འབྲོས་ལམ་མེ་བཙས་བཀག་པའོ། །གསུམ་པ་རླུང་སྟོངས་ཀྱི་བཅོས་ཚུལ་ནི། རླུང་སྟོངས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཚད་གཞུག་རླུང་དུ་ལོག་པའི་རླུང་སྟོངས་ལ་སྨྱོན་པ་རང་མལ་དུ་གཞུག་པའམ་འཛུད་པའི་ཚུལ་དུ་བཅོས་ཏེ་རླུང་གཞིལ་བར་བྱེད་པའོ། །གཉིས་པ་གཉེན་པོའི་སྒོ་ནས་བཅོས་པ་ལ་གཉིས། གཉེན་པོ་ཀུན་ལ་རྒྱུག་ཚུལ་དང༌། སོ་སོའི་བཅོས་ཐབས་སོ། །དང་པོ་གཉེན་པོ་ཀུན་ལ་རྒྱུག་ཚུལ་བཤད་པ་ནི། གཉེན་པོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་སྨན་དང་དཔྱད་དང་ཟས་དང་སྤྱོད་ལམ་དང་རྣམ་པ་བཞི་པོ་འདི་ཀུན་ལ་རྒྱུག་གོ །གཉིས་པ་སོ་སོའི་བཅོས་ཐབས་ལ་གསུམ། ཚ་སྟོངས། རྩ་སྟོངས། རླུང་སྟོངས་དང་གསུམ་མོ། །དང་པོ་ཚ་སྟོངས་ཀྱི་བཅོས་ཐབས་ལ་གཉིས། བཅོས་དང་ལོག་གནོན་ནོ། །དང་པོ་བཅོས་ལའང་སྨན་དཔྱད་ཟས་སྤྱོད་བཞི་ལས། དང་པོ་སྨན་ནི། ཚ་བ་ཞེས་རྐང་པ་བཅུ་གསུམ་གྱིས་བསྟན་ཏེ། བིག་པན་ནི་སྒོག་སྐྱའི་ཐལ་བའོ། །གཉིས་པ་དཔྱད་ནི། དཔྱད་དུ་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་ཟས་ནི། ཁ་ཟས་ཞེས་རྐང་པ་ལྔས་བསྟན་ཏེ། ལུག་ཤའི་ཉེའུ་ནི། ལུག་ཤ་གྲི་ཐག་བྱས་ལ་མར་གསར་དུ་བརྔོས་པའོ། །མཆན་ལ་ལར་སྦང་གླུམ་ཟེར་བའང་འདུག་གོ །བཞི་པ་སྤྱོད་ལམ་ནི། སྤྱོད་ལམ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ལོག་གནོན་ནི། བཅོས་དཀའ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་རྩ་སྟོངས་ཀྱི་བཅོས་ནི། རྩ་སྟོངས་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། མཐེབ་སྙིང་བསྲོ་བ་ནི། མཐེབ་བོའི་དབུས་ནེའུ་ལེའོ། །གསུམ་པ་རླུང་སྟོངས་བཅོས་པ་ནི། རླུང་སྟོངས་ཞེས་རྐང་པ་དགུས་བསྟན་ཏེ། འདོན་སྦྱོར་ནི་རླུང་གསོ་བར་དཀར་འདོན་དམར་འདོན་སྐྱུར་འདོན་སྒོག་འདོན་དང་བཞི་བཤད་པ་ལྟར་རོ། །ཞེས་བླ་རྟ་བཞེད་ཅིང༌། ཕྱག་དྲེག་མར་མར་གཙག་བཅད་ལ་ཕྱེ་བཏབ་ཤ་ཁུ་དང་འོ་མ་ལ་བཙོས་སྒོག་སྐྱ་རྒྱམ་ཚྭ་བཏབ་ལ་བཏང་བས་ཕན་པ་བུ་རམ་སྒ་བཏབ་ལ་བཙོ་ཞེས་དང༌། ཟུར་མཁར་བའི་རྒྱུད་སྒམ་ནང་མར། མར་གཙག་བཅད་ལ་ཕྱེ་གདབ་ཤ་ཁུ་དང་འོ་མ་ཆང་བཅོས་ལ་སྒ་རྒྱམ་ཚྭ་བཏབ་པ་བཏང་ཡང་ན་ཆང་དང་བུ་རམ་ལ་སྒ་བཏབ་པ་ལ་བཙོས་པ་བཏང་ངོ༌། །ཕ་གུ་ནི་ས་བཟང་པོ་སོ་བཏང་ནས་ཁང་རྡོ་བཟོས་པའོ། གཉིས་པ་བྱེ་བྲག་གི་བཅོས་ནི། བྱེ་བྲག་ཅེས་རྐང་པ་བཅུ་དྲུག་དང་འབྲུ་གསུམ་གྱིས་བསྟན་ཏེ། ཁྲག་སྟོངས་ཀྱི་འཇམ་ཐང་ནི། ཏིག་ཏ་ཧོང་ལེན་སྐྱུ་རུ་ར་བ་ཤ་ཀ་མཛོ་མོ་ཤིང་རྣམས་ཀྱི་ཐང་བཏང་ངོ༌། མཁྲིས་སྟོངས་ཀྱི་འཇམ་ཐང་ནི། ཏིག་ཏ་ཁྱི་ལྕེ་བོང་དཀར་གསེར་མེ་དུག་ཉུང་ག་དུར་བ་ལེ་ཀ་ཨ་རུ་ར་རྣམས་ཀྱི་ཐང་ངོ༌། །འདི་དྲུག་ལ་སྤང་བྱ་དང་བླང་བྱ་གཉིས་གཉིས་བཤད་ཀྱང་གོ་སླ། སྤྱི་བཅོས་གསུམ་གང་རིགས་ལ་བྱེ་བྲག་བཅོས་དྲུག་པོ་གང་བབས་མདེ་ཁ་བསྒྱུར་བའི་མདེ་ཁར་གདགས་སོ། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ནས་བཅུ་བདུན་བར་གྱིས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 29.08.2011 ཉིན། 10:50 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།