སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་བདུན་པ། འཇམ་རྩིའི་སྦྱོར་བ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.09.2011
ཕྱི་མ་རྒྱུད། >> ལེའུ་བཅུ་བདུན་པ། འཇམ་རྩིའི་སྦྱོར་བ་བསྟན་པ།

བཅོ་ལྔ་པ་འཇམ་རྩིའི་སྦྱོར་བ་བསྟན་པ་ལ་གསུམ། ཉོན་ཅིག་པར་གདམས་པ། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། སྦྱོང་བྱེད་གསུམ་པ་སྣ་སྨན་གྱི་ལེའུ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་སོ། གཉིས་པ་གཞུང་གི་དོན་ལ་གཉིས་མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། ལས་ལྔ་སོགས་རྐང་པ་གཉིས་ཏེ། སྦྱོང་བྱེད་ཀྱི་ལས་ལྔའི་ནང་ནས་འཇམ་རྩི་འདི་ལ། རུང་བ། མི་རུང་བ། སྦྱོར་བ། བཏང་ཐབས། ཕན་ཡོན། ཉེས་དམིགས་ཏེ་དྲུག་ཏུ་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་དྲུག་གི་དང་པོ་ལ་ཡང་སྤྱིའི་དོན་དང་ཚིག་གི་དོན་གཉིས་ཀྱི་དང་པོ་ནི། ཡན་ལག་བརྒྱད་པ་ལས། རླུང་ཤས་ཆེ་བའི་ནད་རྣམས་སམ། །རླུང་ལ་མས་བཏང་བསྔགས་པ་སྟེ། །དེ་ནི་གསོ་བ་ཐམས་ཅད་ཀྱི། །མཆོག་སྟེ་དེ་ཡང་རྣམ་པ་གསུམ། །བཀྲུས་དྲག་འཇམ་རྩི་མས་བཏང་ངོ༌། །དེ་ཡིས་གསོ་བྱ་སྐྲན་དང་ནི། །ལྟོ་སྦོས་དྲེག་ནད་ཚད་པ་དང༌། །འཁྲུ་བ་འབའ་ཞིག་གཟེར་ནད་དང༌། །རིམས་རྙིང་བྱིང་དང་ཆམ་པ་དང༌། །ཁུ་བ་རླུང་དང་དྲི་མ་འགགས། །རླིག་རླུགས་རྡེའུ་ནད་ཟླ་མཚན་འཇིག །རླུང་གི་ནད་ནི་མི་བཟད་གསོ། །བཀྲུས་དྲག་མི་བྱ་སྣུམ་དྲགས་དང༌། །གློ་རྡོལ་ཤིན་ཏུ་སྐེམ་པ་དང༌། །བེ་སྣབས་འཁྲུ་དང་རློན་བྲོ་དང༌། །སྦྱང་བྱས་སྣ་སྨན་བཏང་བ་དང༌། །དབུགས་མི་བདེ་ལུད་ཚོམ་གཞང་འབྲུམ། །སྐྱིགས་བུ་ལྟོ་སྦོས་མེ་དྲོད་ཆུང༌། །གཞང་སྐྲངས་ཁ་ཟས་ཟོས་ཟིན་དང༌། །ལྟོ་འགགས་བུ་ག་ཆུ་ཡོད་དང༌། །མཛེ་ཅན་གཅིན་ནད་སྦྲང་མདོག་དང༌། སྦྲུམ་མ་ཟླ་བདུན་ཡན་ཆད་དོ། །བཀྲུས་དྲག་བྱ་ཉིད་འཇམ་རྩི་བྱ། །ཁྱད་པར་དུ་ནི་མེ་དྲོད་ཆེ། །རྩུབ་དང་རླུང་ནད་གཅིག་པུས་ཉེན། །ཞེས་པའོ། །གཉིས་པ་ཚིག་གི་དོན་ནི། །རུང་བ་སོགས་ཚིགས་བཅད་གཅིག་སྟེ་འཇམ་རྩི་རུང་བ་ལ་རླུང་སྐྲན་དང༌། རླུང་ལས་བརྟེན་པའི་ལྟོ་བ་སྦོ་བ། རྩམ་པ་འཁྲུ་བ། ཁུ་བ་ཟད་པ། ཟླ་མཚན་འབྱམས་པ། རྒྱུ་ལོང་མཁལ་སྐེད་ཀྱི་ནད་གྲང་བ་རྒྱས་བ། སྟོབས་ཆུང་བ། སྨད་ཀྱི་སྲིན་གསོ་བ། མདོར་ན་རླུང་གི་ནད་ཀུན་ལ་བཏང་བར་བྱའོ། །གཉིས་པ་ལ་སྤྱི་དོན་ཚིག་དོན་གཉིས་ཀྱི་དང་པོ་ནི། བརྒྱད་པ་ལས། འཇམ་རྩི་མི་བྱའང་དེ་ཉིད་དོ། །དེ་བཞིན་སྐྱ་རྦབ་མིག་སེར་དང༌། །ཚིལ་ཆེ་ཆམ་བཏབ་ཟས་མ་ཟོས། །བཤང་བ་འཁྲུ་བར་བྱེད་པ་དང༌། །ལྟོ་ལྕི་ལྟོ་ན་བད་ཀན་ཅན། །མཆིལ་མ་མང་དང་ཤིན་ཏུ་སྦོམ། །ལྟོ་ནད་སྲིན་ཡོད་རླུང་འཁྱིམས་དང༌། །དུག་དག་འཐུངས་དང་འབྲུམ་བུས་བཏབ། །རྐང་འབམ་ལྐོག་མའི་ལྦ་བ་ཅན། །ཞེས་དང༌། ཟླ་ཟེར་ལས། འཇམ་རྩི་མི་བྱ་བའི་ཡུལ་ཡང་གང་སྔར་བཀྲུ་སྨན་དྲག་པོ་བྱར་མི་རུང་བར་བཤད་པ་དེ་ཉིད་ཡིན་ནོ། །གཞན་ཡང་དེ་བཞིན་དུ་འཇམ་རྩི་བྱར་མི་རུང་བ་ནི་སྐྱ་རྦབ་དང་མིག་སེར་ལ་སོགས་པས་བཏབ་པ་དག་ལའང་བྱར་མི་རུང་ངོ༌། །ཞེས་སོགས་གསུངས་སོ་ཞེས་སོ།།

        གཉིས་པ་ཚིག་གི་དོན་ནི། མི་རུང་སོགས་རྐང་པ་གསུམ་སྟེ། འཇམ་རྩིའི་ལས་མི་རུང་བ་དམུ་ཆུ། འོར་ནད། ཡི་ག་འཆུས་པ། དུག་ནད། མཆིན་པ་དང༌། རྒྱུ་ལོང་གི་ནད། སྣོད་ཚད། ཚིལ་ཆེས་པའམ། ཚོ་དྲགས་པ། མ་ཞུ་མེ་དྲོད་ཉམས་པ། བད་ཀན་རྒྱས་པར་རྣམས་ལ་སྤང་བར་བྱའོ་ཞེས་པའོ། །གསུམ་པ་སྤྱིའི་དོན་དང་ཚིག་གི་དོན་གཉིས་ཀྱི་དང་པོ་ནི། སྦྱོར་བ་བརྒྱ་པ་ལས། བ་གཅིན་སྐྱུ་རུ་མཀྵིཀ་དྲོད་སྨན། །ཀ་རུ་པོ་སོན་དུ་བ་དནྡྲི་དང༌། །རུ་རྟ་རྣམས་བཙོས་རེང་བུ་མཐེ་བོང་འདྲ། །མར་བསྐུས་རྐུབ་བཅུག་དེ་ཡི་ནད་འཕྲོག་བྱེད། །ཅེས་སོགས་དང༌། ཡན་ལག་བརྒྱད་པ་ལས། བ་ལ་སླེ་ཏྲེས་རྭ་སྣ་འབྲས་བུ་གསུམ། །རྩ་བ་ལྔ་པ་རྣམ་གཉིས་སྲང་རེའི་ཚད། །པོ་སོན་ཆ་བརྒྱད་ར་ཤ་སྲང་ལྔ་བཅུ། །ཆུ་ནང་བསྐོལ་ཏེ་བཞི་ཆ་ལུས་གྱུར་པ། །བཙགས་པར་ལ་ལ་ཕུད་དང་པོ་སོན་ཆ། །བིལ་བ་རུ་རྟ་ཤ་ཏ་པུཥྤ་དང༌། །ཤུ་དག་གླ་སྒང་པི་པི་ལིང་རྣམས་ཀྱི། །ལྡེ་གུ་བུ་རམ་སྦྲང་རྩི་མར་དང་ནི། །ཏིལ་མར་རྒྱམ་ཚྭ་དག་དང་ལྡན་གྱུར་བ། །དྲོ་འཇམ་ཆོ་ག་བཞིན་དུ་བཏང་གྱུར་པ། །མས་བཏང་མཆོག་སྟེ་ནད་ཀུན་འཇོམས་བྱེད་ཡིན། །ནད་མེད་ལ་ཕན་ཚེ་རིང་ཉམས་བརྟས་བྱེད། །འཇམ་རྩི་གང་དུ་ལྡེ་གུ་མ་སྨོས་པ། །དེར་ནི་ཀུན་ལ་འདི་ཉིད་གཞུག་པར་བྱ། །རྩ་བ་བཅུ་པའི་ཁུ་བ་སྐྱུར་དང་ནི། །ར་ཤ་བཅས་པར་སྔ་མ་བཏགས་པ་དང༌། །སྣུམ་ཆེན་གསུམ་ལྡན་མས་བཏང་མཆོག་ཡིན་ཏེ། །རླུང་གི་ནད་ཀུན་འཇོམས་པ་རབ་ཏུ་བཤད། །བ་ལ་པ་ཏོལ་རྩ་བ་ཆུང་ངུ་ལྔ། །ཀྱི་ལྕེ་བ་དང་ཨེ་རནྜ་དང་ནས། །བསྐོལ་བའི་ཁུ་བ་བྲེ་གང་ར་ཤའི་ཁུ། །དེའི་ཕྱེད་བཅུག་ལ་བསྐོལ་ཏེ་བྲེ་གང་ལུས། །པྲི་ཡང་ཀུ་དང་གླ་སྒང་པི་པི་ལིང༌། །ལྡེ་གུར་བྱས་ཤིང་ཏིལ་མར་ཞུན་མར་དང༌། །སྦྲང་རྩི་རྒྱམ་ཚྭ་དང་ནི་ལྡན་གྱུར་པའི། །འཇམ་རྩི་བཏང་ན་མེ་དྲོད་འཕེལ་བ་དང༌། །ཉམས་སྟོབས་བསྐྱེད་ཅིང་ཤ་ནི་རྒྱས་པ་དང༌། །མིག་གི་གསལ་སྟོབས་འཕྲལ་དུ་སྐྱེད་པར་བྱེད། །ཨེ་རན་ད་ཡི་རྩ་གསུམ་བ་ལ་ཤ། །སྲང་གསུམ་རྩ་བ་ལྔ་པ་ཆུང་ངུ་དང༌། །ར་སྣ་བ་ལ་སླེ་ཏྲེས་བ་སྤྲུ་བ། །ཨ་ཤོ་གན་དང་དོང་ག་ཐང་ཤིང་རྣམས། །པོ་སོན་ཆ་བརྒྱད་ཆུ་བྲེ་བརྒྱད་དུ་བསྐོལ། །བརྒྱད་ཆ་ལུས་པར་གྱུར་པ་དེ་ཡི་ནང༌། །ཤུ་དག་ཤུ་ཏི་སྤ་མའི་འབྲས་བུ་དང༌། །པྲི་ཡང་ཀུ་དང་ཤིང་མངར་པི་པི་ལིང༌། །དུག་མོ་ཉུང་གི་ས་བོན་གླ་སྒང་དང༌། །སྐྱེར་པའི་ཁནྜ་ར་བཅས་པ་ཞིབ་བཏགས་པ། །ཞོ་གཉིས་ཚད་ཀྱིས་རྒྱམ་ཚྭར་བཅས་པ་དང༌། །སྦྲང་རྩི་ཏིལ་མར་གཅིན་དང་སྦྱར་བ་ཡི། །མས་བཏང་སྐྱུག་བྱེད་མེ་དྲོད་བསྐྱེད་པ་དང༌། །རྐང་པ་བྱིན་པ་བརླ་དང་མཇུག་ཏོ་དང༌། །ལྟོ་བ་སྲ་སྙི་ཕོ་མཚན་ན་བ་དང༌། །ལུས་ལྕི་རླུང་དང་བཤང་གཅི་འགགས་དང་སྐྲན། །རྡེའུ་ཆགས་རྒྱུ་རླུང་གཞང་འབྲུམ་ཕོ་བའི་ནད། །བད་ཀན་རླུང་ནད་དེ་དང་དེ་དག་འཇོམས། །ཤིང་མངར་སེང་ཕྲོམ་ཙན་དན་ཨ་རུ་ར། །ཙན་དན་ཨུཏྤལ་བ་ཡི་འོ་མར་བསྐོལ། །འཚོ་བྱེད་ཁ་ར་མར་དང་བཅས་པ་ཡི། །འཇམ་རྩི་མཁྲིས་པའི་ནད་རྣམས་སེལ་བར་བྱེད། །ཅེས་སོགས་སོ། །གཉིས་པ་ཚིག་གི་དོན་ནི། སྦྱོར་བ་སོགས་ཚིགས་བཅད་བཞི་སྟེ། རླུང་ནད་ལ་མི་འདའ་བའི་འཇམ་རྩིའི་སྦྱོར་བ་ལ། གཙོ་བོ་གསུམ་དང༌། ཁ་སྒྱུར་དྲུག་སྟེ་དགུ་ཡོད་པ་ལས། དང་པོ་ལ། སླེ་འཇམ། བཀྲུ་འཇམ། བཀྲུ་མ་སླེན་དང་གསུམ་ཡོད་པ་ལས་དེ་ཡང་རླུང་རྐྱང་པར་སླེ་འཇམ་དང༌། རླུང་དང་མཁྲིས་པར་ལྡན་པ་ལ་བཀྲུ་འཇམ་དང༌། རླུང་དང་བད་ཀན་ལྡན་པ་ལ་བཀྲུ་མ་སླེན་སྦྱར་ཞིང༌། དང་པོ་སླེ་འཇམ་དེ་ནི། ལུག་ཤ་དངའབྲིའི་འོ་མ། མར། རུ་རྟ། དེ་བ་ད་རུ་སྟེ་སྒྲོན་ཤིང༌། པི་པི་ལིང༌། རྒྱམ་ཚྭ། ཨ་རུ་ར་སྦྱར་བ་ནི་སླེ་འཇམ་ཡིན་ལ། གཉིས་པ་ནི་ཆུར་གནས་ཀྱི་སེམས་ཅན་ཉ། སྦལ་ལྕོང་སོགས་ཀྱི་ཤ་ཁུ། བའི་འོ་མ་དང༌། མར། གོང་གི་སྨན་དེ་རྣམས་ཀྱི་སྟེང་དུ་དུར་བྱིད་སྦྱར་བ་བཀྲུ་འཇམ་ཡིན་ཞིང༌། གསུམ་པ་ཆུ་མེད་པའི་སྐམས་ན་གནས་པའི་སྲོག་ཆགས་རྣམས་ཀྱི་ཤ་ཁུ་དང༌། རའི་འོ་མ་དང་མར། གོང་གི་སྨན་དེ་རྣམས་ཀྱི་སྟེང་དུ་པོ་སོན་ཆ་སྦྱར་བ་བཀྲུ་མ་སླེན་ཡིན་ལ། བཤད་མ་ཐག་པ་དེ་རྣམསཀྱིས་མར་ལ་སྦྱར་བ་རབ་དང༌། ཤ་ཁུ་འབྲིང༌། འོ་མ་ཐ་མ་ཡིན་པ་དེས་ན་ཤ་གྲོགས་འོ་མ་དང༌། འོ་གྲོགས་མར་ཉིད་དུ་གཅེས་པར་བཤད་པ་ཡིན་ལ། ཁ་འཛིན་གྱི་སྒོ་ནས་ཁ་བསྒྱུར་བའི་སྦྱོར་བ་དྲུག་ནི། རླུང་རྐྱང་པ་ལ་ཤིང་ཀུན་དང༌། ཁ་རུ་ཚྭ། རླུང་དང་བད་ཀན་ལྡན་པ་ལ་སྒ་དང་པི་པི་ལིང༌། རླུང་དང་མཁྲིས་པར་ལྡན་པ་ལ་སླེ་ཏྲེས་དང་ཀྱི་ལྕེ། སྐྲན་ནད་ལ་རྒྱ་ཚྭ། སྲིན་ནད་ལ་བྱི་ཏང་ཀ།  ཕོ་ལོང་སྦོས་པ་ལ་རུ་རྟ་རྣམས་སྡེབས་པར་བྱའོ་ཞེས་པ་སྟེ་འཇམ་རྩིའི་སྦྱོར་བ་དགུའོ།།

བཞི་པ་བཏང་ཐབས་ལ། སྤྱིའི་དོན་དང་ཚིག་གི་དོན་གཉིས། དང་པོ་ནི།

        ཡན་ལག་བརྒྱད་པ་ལས། དེ་གཉིས་སྦུ་གུ་གསེར་སོགས་དང༌། །ཤིང་རུས་འོད་མ་ལས་བྱས་པ། །བ་ལང་མཇུག་འདྲ་བུག་རྡོལ་མེད། །འཇམ་ཞིང་དྲང་ལ་ཁ་ཟླུམ་པ། །ལོ་གཅིག་མ་ལོན་ལ་སོར་ལྔ། །ལོ་ཚད་ལོ་བདུན་པ་བར་གྱི། །ཚད་ནི་སོར་དྲུག་ཡིན་པར་བཤད། །ལོ་བདུན་པ་ཡི་བདུན་ཉིད་དེ། །བཅུ་གཉིས་པ་ལ་སོར་བརྒྱད་བྱ། །བཅུ་དྲུག་ཡན་ཆད་སོར་དགུ་སྟེ། །ཉི་ཤུ་ཕན་ཆད་སོར་བཅུ་གཉིས། །ལོ་གཞན་དག་ལ་ན་ཚོད་དང༌། །སྟོབས་དང་ལུས་ཚད་བརྟགས་ནས་ནི། །ཚད་ནི་མངོན་པར་བསྐྱེད་པར་བྱ། །རྩ་བ་རང་གི་མཐེ་བོང་མཉམ། །རྩེ་མོ་མཐེའུ་ཆུང་ཚད་དུ་བྱ། །ལོ་གཅིག་ལོན་སོར་ནས་བཟུང་སྟེ། །དེ་ཡི་ཕྱེད་ཕྱེད་ཀྱིས་བསྐྱེད་བྱ། །གང་ཞིག་རྩ་བའི་བུ་གའི་ཚད། །སོར་མོ་གསུམ་རྩ་ཤོང་བ་མཆོག །མུད་ག་མ་ཤ་སྲན་མ་བཙོས། །རྒྱ་ཤུག་འབྲས་ཤོང་རིམ་བཞིན་བྱ། །རྩ་བའི་བུ་ག་ཚད་ཀྱིས་ནི། །མཐར་ནི་དགག་པ་གདགས་པར་བྱ། །རྩེ་མོའི་ཁ་བཀག་གཅེའུ་ཡིས། །རྩ་བ་རང་གི་སོར་གཉིས་ཀྱིས། །ཚོད་པར་དགག་པ་གཉིས་པ་བྱ། །དེར་ནི་རྐྱལ་བུ་གདགས་བྱ་བ། །ར་ལུག་མ་ཧེ་ལ་སོགས་པའི། །ལྒང་པ་ལེགས་མཉེས་སྲ་བ་དང༌། །དམར་བཙོས་བུ་ག་ཐག་ཐུག་མེད། །དྲི་ང་རྩ་རིས་མེད་སྲབ་པར། །སྨན་ནི་ལེགས་པར་བླུགས་བྱས་ལ། །སྲད་བུས་དམ་པར་བཅིང་བར་བྱ། །ལྒང་མེད་རྐྱལ་པའི་དཔུང་པའམ། །བྱིན་པའི་པགས་པའམ་རས་ཐུག་བཟང༌། །ནི་རུ་ཧ་ཚད་དང་པོ་ནི། །ལོ་གཅིག་པ་ལ་སྲང་གཅིག་མཆོག །ཇི་སྲིད་སྲང་ནི་བཅུ་གཉིས་པར། །ལོ་རེ་སྲང་རེ་བསྐྱེད་པར་བྱ། །བཅུ་གཉིས་པ་ནས་བཅོ་བརྒྱད་བར། །དེ་ཡང་བདུན་ཅུའི་བར་ཚད་འདི། །དེ་ཕན་ཚད་སྲང་ཉི་ཤུ་ཉིད། །བཀྲུ་སྨན་དྲག་ཚད་ཇི་ལྟ་བ། །དེ་ཡི་བཞི་ཆ་འཇམ་རྩི་ཚད། །བཀྲུ་སྨན་དྲག་བྱ་སྣུམ་དུགས་བྱ། །འཇམ་བྱས་ནས་ཀྱང་སྟོབས་ཐོབ་པ། །འཇམ་རྩ་བཏང་འོས་པར་ཤེས་ནས། །ཐོག་མ་ཉིད་དུ་འཇམ་རྩི་བཏང༌། །དགུན་དཔྱིད་ཉིན་པར་བཏང་དེ་ལས། །གཞན་དུ་མཚན་བཏང་ལ་ལ་འདོད། །བསྐུ་བྱུག་ཁྲུས་བྱས་སྔོན་ཐང་ལས། །བཞི་གསུམ་ཕན་ཞིང་ཡང་བ་དང༌། །སྣུམ་དང་རྩུབ་ཅེས་མ་ཡིན་བཟའ། །ཁུ་བ་ལ་སོགས་ཟོས་རྗེས་བཏུང༌། །བཅགས་ལ་བཤང་གཅི་བསལ་ནས་ནི། །ལམ་དུ་བདེ་བར་གནས་བྱས་ལ། །མཐོ་དམན་མེད་པར་མགོ་སྨད་དེ། །གློ་གཡོན་གྱིས་ནི་ཕབ་ནས་སུ། །རྐང་པ་གཡས་པ་བཀུག་ནས་ནི། །གཅེའུ་ལྒང་པའི་དབུགས་བཏོན་ལ། །ཁ་བཅིང་ལག་པ་མི་འདར་བར། །རྒྱབ་ཀྱི་ཕྱོགས་སུ་འདུག་ནས་ནི། །ཤིན་ཏུ་མྱུར་དང་དུལ་མིན་དང༌། །ཧ་ཅང་ཤུགས་དྲག་དལ་མིན་པར། །རན་པར་ལན་གཅིག་ཁོ་ན་བཙིར། །རླུང་ནི་ལྷག་མར་གནས་པས་ན། །ལྷག་མ་ཅུང་ཟད་ལུས་པར་བྱ། །བཏང་ནས་ལུས་ནི་གང་རྐྱལ་བཞག །རྐུབ་ཚོས་ལག་པས་གདབ་པར་བྱ། །རྟིང་པས་མཇུག་བཙོས་བརྡུང་བྱ་ཞིང༌། །རྟིང་པ་བཏེག་ལ་ལན་གསུམ་བསིག །དེ་ནས་ལུས་ནི་བརྐྱང་ནས་སུ། །སྔས་དང་བཅས་པའི་རྟིང་པར་ནི། །ཁུ་ཚུར་གྱིས་བརྡུང་ལུས་ཀྱང་ནི། །སྣུམ་གྱིས་བསྐུས་ལ་མཉེ་བར་བྱ། །ཚོར་བས་ཉེན་པས་སྣུམ་དག་ནི། །མྱུར་དུ་ཕྱིར་དབྱུང་མི་བྱེད་དོ། །གལ་ཏེ་མྱུར་དུ་ཕྱིར་བྱུང་ན། །ཕན་མི་བྱེད་པས་གཞན་དག་བཏང༌། །མེ་དྲོད་ཆེ་ཞིང་སྣུམ་བྱུང་ན། །དགོང་ཁ་ཁ་ཟས་ཡང་བ་སྦྱིན། །འབྱུང་བའི་དུས་ཀྱི་དམ་པ་ནི། །ཐུན་གསུམ་ཡིན་ཏེ་དེ་ཕན་ཆད། །ཉིན་མཚན་གཅིག་ནི་བསྡད་ནས་སུ། །དེ་ཡི་འོག་ཏུ་རེང་བུ་ཡིས། །སྣུམ་དབྱུང་ཕྱིར་ནི་འབད་བྱའམ། །མས་བཏང་བ་ནི་རྣོན་པོ་བྱ། །ཤིན་ཏུ་རྩུབ་པས་མ་བྱུང་ཞིང༌། །སྙོམ་བག་ལ་སོགས་ནད་མེད་ན། །བཏང་སྙོམས་སུ་ནི་བཞག་པར་བྱ། །དེ་ནས་མཚན་འདས་ནང་པར་ནི། །བཅའ་སྒ་འུ་སུ་བསྐོལ་ཆུའམ། །ཡང་ན་ཆུ་ཚན་འབའ་ཞིག་བཏུང༌། །འཇམ་རྩི་བཏང་ནས་ཉིན་གསུམ་མམ། །ཉིན་ལྔ་ལོན་ནས་སླར་བཏང་བའམ། །ཇི་སྲིད་སྣུམ་ནི་འཇུ་གྱུར་པའམ། །ཡང་ན་རླུང་ནི་ཤས་ཆེ་དང༌། །རྟག་ཏུ་རྩོལ་བྱེད་མེ་དྲོད་ཆེ། །ཁོང་རྩུབ་པ་ལ་ཉིན་རེ་བཏང༌། །དེ་ལྟར་སྣུམ་ནི་གསུམ་མམ་བཞིས། །སྣུམ་འགྱུར་རྩ་སྒོ་སྦྱང་བའི་ཕྱིར། །མས་བཏང་ཁྲུས་ཀྱིས་སྦྱང་བ་དང༌། །སྣུམ་མེད་ལུས་ནི་སྣུམ་འགྱུར་བཏང༌། །ཉི་མ་གསུམ་མམ་ཉིན་ལྔ་ན། །ཚེས་གྲངས་བཟང་ཞིང་དགེ་བ་ལ། །ཉི་ཕྱེད་ཅུང་ཟད་ཡོལ་བའི་ཚེ། །གཏོར་མ་བཀྲ་ཤིས་ཆོ་ག་བྱས། །སྣུམ་བསྡུས་དུགས་བྱས་བཤང་གཅི་ནི། །བསལ་ཞིང་ཤིན་ཏུ་བཀྲེས་མིན་ལ། །སྐྱེས་བུའི་ནད་དམིགས་སྨན་ལ་སོགས། །འབད་དེ་ཤེས་པར་བྱས་ནས་ནི། །སྨན་པས་དེ་ལ་མཁས་པ་ནི། །མར་དང་ལྷན་ཅིག་མས་བཏང་སྦྱར། །སྨན་གྱི་སྲང་ནི་ཉི་ཤུ་དང༌། །པོ་སོན་ཆ་བརྒྱད་ལྷན་ཅིག་བསྐོལ། །བསྐོལ་བ་དེ་ཡི་བཞི་ཆ་མེད། །སྨན་མར་རླུང་ལ་རྗེས་སུ་སྦྱར། །མཁྲིས་པ་བདེ་བར་གནས་དྲུག་ཆ། །བད་ཀན་ཤས་ཆེ་བརྒྱད་ཆ་གཅིག །ཡང་ན་ཀུན་ལ་སྨན་གྱི་ནི། །བརྒྱད་ཆ་གཅིག་གམ་ཅི་ནས་ཀྱང༌། །མས་བཏང་བསྐ་སླར་མི་འགྱུར་བྱ། །བུ་རམ་དག་ནི་སྲང་གཅིག་ཙམ། །རིགས་པས་སྦྲང་རྩི་རྒྱམ་ཚྭ་སོགས། །ལྷག་མ་དེ་ཀུན་སྣོད་ཅིག་བླུག །བུམ་པར་ཆུ་སྐོལ་རླངས་པ་ཡིས། །བསྲོ་ཞིང་གཟེར་དུས་བཀྲུས་ནས་ནི། །རྐྱལ་བུའི་ནང་བླུག་མཇུག་མར་ནི། །གཏོང་ཚེ་ཤིན་ཏུ་ཚ་གྲང་མིན། །ཤིན་ཏུ་སྣུམ་མིན་རྩུབ་པ་མིན། །ཤིན་ཏུ་བསྐ་མིན་སླ་བ་མིན། །ཤིན་ཏུ་མང་ཉུང་ཚད་མེད་པའམ། །ཚ་ཆེ་སྐྱུར་བའང་དེ་དང་འདྲ། །དེ་ལ་མཁས་པ་གཞན་སྨྲ་བ། །སྣུམ་དང་སྦྲང་རྩི་གཉིས་སོ་སོར། །སྲང་ནི་གསུམ་གསུམ་བྱས་ནས་སུ། །རྒྱམ་ཚྭ་དག་ནི་ཞོ་གཉིས་དང༌། །ནད་མེད་ལ་བཏང་སྨན་སྲང་གཉིས། །ཁུ་བའི་སྨན་ནི་ལྷག་མ་ཀུན། །སྲང་བཅུ་ཡོངས་སུ་སྦྱར་བར་བྱ། །སྦྲང་རྩི་རྒྱམ་ཚྭ་སྣུམ་རྣམས་དང༌། །སྨན་བྱེའི་ཁུ་བའི་རིམ་པ་ནི། །མས་བཏང་རྐྱལ་པར་བཅུག་བྱ་སྟེ། །འདི་ནི་སྦྱོར་བའི་ཆོ་ག་བཤད། །གན་རྐྱལ་བཞག་ལ་བཏང་མ་ཐག །སྔས་ཀྱི་བསྟེན་ཏེ་མས་བཏང་ལ། །ཡིད་ནི་གཞན་དུ་མ་ཡེངས་པས། །འཁྲུ་བ་ཙོག་བུས་བཏང་བར་བྱ། །འོང་དུས་དམ་པ་ཡུད་ཙམ་སྟེ། །དེ་ལས་གཞན་དུ་འཆི་བྱེད་ཡིན། །དེ་ལ་བཅོས་པའི་ཐབས་གྱུར་སྣུམ། །ཐལ་སྨན་བ་གཅིན་ཁུ་སྐྱུར་སྦྱར། །མྱུར་བས་སྣུམ་ལ་རྣོ་དྲོ་བའི། །མས་བཏང་གཞན་དག་བཏང་བར་བྱ། །ཡང་ན་སྨན་གྱི་རེངས་བུ་དང༌། །སྔངས་ཤིང་དུགས་ལ་སོགས་པ་བྱ། །རང་ཉིད་འོང་བར་གྱུར་ན་ནི། །མས་བཏང་གཉིས་པ་བཏང་བའམ། །ལན་གསུམ་ལན་བཞིའི་བར་དུ་སྟེ། །ཇི་སྲིད་ལེགས་པར་གྱུར་བ་བཏང༌། །དེ་ཡི་སྦྱོར་སོགས་བཀྲུ་སྨན་དང༌། །འདྲ་བར་ཤེས་བྱ་སྦྱོར་ལེགས་ན། །ཆུ་དྲོན་འཇམ་པོས་བཀྲུས་ནས་ནི། །ཤ་ཁུ་འབྲས་ཆན་ཅུང་ཟད་སྦྱིན། །མས་བཏང་དག་པོའི་ནད་རྣམས་ཀྱི། །དྲི་མ་བསྐྱོད་པས་བྱུང་གྱུར་བ། །དེ་ནི་ཆུ་དྲོད་གྱིས་བཀྲུ་དང༌། །ཁ་ཟས་ཚུལ་བཞིན་ཟོས་པས་འབྱུང༌། །གལ་ཏེ་རླུང་གིས་ཉམ་ཐག་ན། །སླར་ཡང་འཕྲལ་དུ་འཇམ་ཆུ་བཏང༌། །དེ་ཡི་ལེགས་དང་མ་ལེགས་དང༌། །དྲགས་པ་སྣུམ་འཐུངས་འགྲེས་ཤེས་བྱ། །རླུང་ནི་བདེར་རྒྱུ་མེ་དྲོད་འབར། །བཤང་བ་སྣུམ་ཞིང་མི་སྲི་ལ། །སྣུམ་མི་འདོད་ཅིང་སྙོམས་གྱུར་པ། །སྣུམ་ལེགས་ཡིན་ཏེ་རྩུབ་གོ་བཟློག །སྣུམ་དྲགས་པ་ཡིས་སྐྱ་བ་དང༌། །སྣ་དང་ཁ་རྐུབ་ལས་འཛག་འགྱུར། །གང་ཞིག་དུས་ནི་ཅུང་ཟད་གནས། །བཤང་དང་བཅས་པར་འབྱུང་འགྱུར་ཞིང༌། །ཐུར་དུ་སྣམ་དང་དབུགས་ལྷན་ཅིག །འབྱུང་འགྱུར་འཇམ་རྩི་ལེགས་པ་ཡིན། །བད་ཀན་ལ་ནི་མས་བཏང་བའི། །འཇམ་རྩི་གཅིག་གམ་གསུམ་བཏང་བྱ། །མཁྲིས་པ་ལ་ནི་ལྔའམ་བདུན། །རླུང་ལ་དགུའམ་བཅུ་གཅིག་བཏང༌། །སླར་ཡང་དེ་ལས་ཟུང་མིན་པ། །མས་བཏང་རྗེས་ལ་བྱ་བ་ཡིན། །བད་མཁྲིས་རླུང་ལ་རིམ་བཞིན་ཟས། །ཡུ་ཤ་འོ་མ་ཤ་ཁུ་བཏང༌། །རླུང་འཇོམས་སྨན་ནི་ལེགས་བསྐོལ་བ། །དུར་བྱིད་རྒྱམ་ཚྭར་བཅས་པ་བྱ། །སྣུམ་དང་སྐྱུར་ཤ་ཁུ་དྲོ་སྦྱར། །མས་བཏང་གཅིག་ནི་རླུང་ལ་ཕན། །ནྱ་གྲོ་དྷ་སོགས་སྡེ་ཚན་བསྐོལ། །ཤུགས་སོགས་ཁ་ར་དཀར་དང་བཅས། །མངར་བསིལ་བུ་རམ་ཤིང་ཁུ་མར། །འོ་མ་སྦྲང་རྩིར་བཅས་མཁྲིས་སེལ། །དོང་ག་ལ་སོགས་སྐོལ་བ་དང༌། །དུག་མོ་ཉུང་སོགས་བཅས་པ་གསུམ། །རྩུབ་དང་སྦྲང་རྩི་བ་གཅིན་བཅས། །རྣོ་ཞིང་དྲོ་བ་བད་ཀན་སེལ། །གསུམ་པོ་འདུས་པའི་ནད་ལ་ཡང༌། །གང་ཕྱིར་རིམ་བཞིན་སེལ་བ་ཡིན། །གསུམ་པོ་དེ་ལས་གཞན་པ་ཡི། །མས་བཏང་གསོ་ཞེས་གཞན་མི་འདོད། །གང་ཕྱིར་སླར་ཡང་སྦྱིན་བྱ་བའི། །ཉེས་པ་བཞི་པོ་ཡོད་མ་ཡིན། །ནད་བསྐྱོད་དག་པར་བྱེད་པ་དང༌། །ཞི་བར་བྱ་བའི་རིམ་པ་ཡིས། །མས་བཏང་གསུམ་པོ་ཉིད་བརྟག་ཅེས། །དེ་སྐད་གཞན་དག་སྨྲ་བ་ཡིན། །ནད་དང་སྨན་སོགས་སྟོབས་ལས་ནི། །འདི་དག་ཐམས་ཅད་ཚད་མས་གཞལ། །བཀྲུ་སྨན་དྲག་བཏང་ལེགས་མཚན་མ། །མ་མཐོང་བར་དུ་འཕྲོ་མི་བཅད། །དང་པོར་སྣུམ་གཅིག་ཐ་མར་ལྔ༌། །བཀྲུ་སྨན་དྲག་པོ་བཅུ་གཉིས་ཏེ། །འཇམ་རྩིར་བཅས་པ་མས་བཏང་བའི། །ལས་ནི་སུམ་ཅུར་བཤད་པ་ཡིན། །དུས་ནི་བཅོ་ལྔ་འདི་གཅིག་ནི། །ཐོག་མར་སྣུམ་སྟེ་ཐ་མར་གསུམ། །དྲུག་དང་མས་བཏང་ལྔས་བར་བཅད། །མས་བཏང་སྦྱོང་འདིར་བརྒྱད་ཡིན་ཏེ། །ནི་རུ་ཧ་དང་སྣུམ་གསུམ་དང༌། །ཐོག་མ་ཐ་མ་གཉིས་ཀའོ། །འཇམ་ར་རྩིའམ་བཀྲུ་སྨན་མས་བཏང་དྲག །གཅིག་པུ་ལྷག་པར་བསྟེན་མི་བྱ། །འཇམ་རྩིས་ནད་སློང་མེ་དྲོད་འཇོམས། །ནི་རུ་ཧས་རླུང་བསྐྱེད་འཇིགས་ཡོད། །དེ་བས་སྣུམ་རྗེས་བཀྲུ་དྲག་བཏང༌། །ཁྲུས་དྲག་བཏང་ནས་འཇམ་རྩི་བྱ། །དེ་ལྟར་རིགས་པས་སྣུམ་སྦྱང་བྱ། །མས་བཏང་ལས་ནི་ནེས་གསུམ་སེལ། །སྣུམ་གྱི་ཚད་ནི་ཆུང་ངུ་ཡི། །ཚད་དང་དེ་ནི་མཉམ་བྱས་པའི། །སྣུམ་ཆང་འཇམ་རྩིའི་ཚད་དུ་བཤད། །དེ་ནི་བྱིས་རྒན་ལམ་དང་ཁུར། །བུད་མེད་རྩོལ་གཞོན་པས་དུབ་དང༌། །རླུང་ནད་ཀྱིས་ཞུམ་མེ་དྲོད་ཆུང༌། །རྒྱལ་པོ་ཕྱུག་པོ་ལ་བདེ་བ། །ཡིན་པས་རྟག་ཏུ་བསྟེན་པར་བྱ། །ནད་འཇོམས་སྤང་བ་མེད་པ་དང༌། །སྟོབས་བསྐྱེད་བཤང་བ་བདེ་བར་འབྱུང༌། །མས་བཏང་བུད་མེད་རོ་སྨད་ཀྱི། །མངལ་དང་མོ་མཚན་ནད་རྣམས་ལ། །བཀྲུས་དྲག་གཉིས་གསུམ་གྱིས་དག་པར། །མས་བཏང་གོང་མས་བཏང་བར་བྱ། །དེ་ཡི་གཅེ་འུ་ནད་པ་ཡི། །སོར་ཚད་བཅུ་གཉིས་ཚད་དུ་བྱ། །ཟླུམ་ཞིང་བ་ལང་མཇུག་མ་འདྲ། །རྩ་བ་དབུས་སུ་གག་པ་གདགས། །རྩེ་མོ་ཡུངས་ཀར་ཤོང་བའམ། །འཇམ་པ་གསེར་ལ་སོགས་ལས་བྱ། །ཀུན་ད་སྲི་ཤིང་སོ་མ་ན། །མེ་ཏོག་རྩེ་མོ་ལྟར་ཟླུམ་སྲ། །དེ་ཡི་རྐྱལ་བུ་འཇམ་ཞིང་སྦང༌། །ཚད་སྲང་ཕྱེད་དམ་གང་རིགས་བྱ། །དེ་ནས་ཁྲུས་བྱས་ཟན་ཟོས་ལ། །འཇམ་རྩི་བཏང་བའི་ཆོ་ག་བྱ། །ཁྲི་སྟེགས་པུས་མཉམ་འཇམ་པ་ལ། །དྲང་ཞིང་བདེ་བར་འདུག་ནས་ནི། །ཕོ་མཚན་བཏེག་ཅིང་དྲང་བར་བྱ། །སྦུབས་སྦྱངས་ཕྱིར་ནི་ཐུར་མ་ནི། །འཇམ་པ་རིམ་གྱིས་གཞུག་པར་བྱ། །དེ་དག་ཕོ་མཚན་དང་འཚམ་པ། །འབྲས་བུའི་མཐར་ཐུག་བར་བཏང་བ། །མི་འདར་འཇམ་རྩི་གཏོང་ལྟར་བྱ། །བཙིར་ཏེ་བཏང་ལ་སྣུམ་རྗེས་བྱ། །འཇམ་རྩིའི་རིམ་པ་ཇི་བཞིན་དུ། །མས་བཏང་ཆོ་ག་འདི་ཡིས་ནི། །གསུམ་མམ་བཞི་ཡི་བར་དུ་བཏང༌། །ལྷག་མ་འཇམ་རྩི་ཇི་ལྟ་བར། །འདི་ལ་ཐམས་ཅད་སྦྱར་བར་བྱ། །བུད་མེད་ཟླ་མཚན་དུས་སུ་ནི། །མངལ་ཕྱེ་བས་ནི་ཆགས་པར་འགྱུར། །དེ་ཕྱིར་དེ་ཚེ་བཏང་བར་བྱ། །རབ་ནི་དུས་མིན་པར་ཡང་བཏང༌། །མོ་མཚན་ཉམས་དང་གཟེར་བ་དང༌། །མངལ་ཁྲག་རྟག་ཏུ་འབྱུང་བཏང་བ། །གཅེའུ་སོར་བཅུ་རྩེ་མོ་ཡི། །བུ་ག་མུད་ག་ཤོང་སོར་བཞི། །མངལ་གྱི་གནས་སུ་བཏང་བར་བྱ། །སོར་གཉིས་གཅིན་འབབ་ལམ་དུ་བཏང༌། །གཅིན་འགགས་པ་ཡི་ནད་རྣམས་ལ། །བུ་མོ་རྣམས་ལ་སོར་གཅིག་བཏང༌། །འབྲིང་ཚད་སྲང་ནི་གཅིག་པ་སྟེ། །བུ་མོ་རྣམས་ལ་སྲང་གྱེད་ཉིད། །མལ་དུ་གན་རྐྱལ་འདུག་ནས་ནི། །བརླ་ནི་ལེགས་པར་བསྐུམ་ནས་སུ། །པུས་མོ་སྟོད་དེ་ཉིན་ཞག་ནི། །གཅིག་ལ་ལན་གསུམ་ལན་བཞི་བཏང༌། །དེ་ལྟར་མས་བཏང་ཞག་གསུམ་པ། །སྣུམ་གྱི་ཚད་ནི་བསྐྱེད་པར་བྱ། །དེ་ནས་ཞག་གསུམ་ངལ་གསོས་ནས། །སླར་ཡང་ཞག་གསུམ་བཏང་བར་བྱ། །སྐྱུག་སྨན་བྱས་ཟླ་ཕྱེད་བཀྲུ་སྨན། །དེ་ནས་ཟླ་ཕྱེད་ནས་བཀྲུས་དྲག །བཀྲུས་དྲག་འཕྲལ་ལ་འཇམ་རྩི་བཏང༌། །ཁྲུས་བཏང་ཞག་བདུན་ནས་འཇམ་རྩི། །དཔེར་ན་ལེ་བརྒན་སོགས་བཙོས་པའི། །གོས་ནི་ཆུ་ལས་ཚོན་ལེན་ལྟར། །དེ་བཞིན་བངས་བར་བྱས་ལུས་ལས། །མས་བཏང་བས་ནི་ནད་རྣམས་འབྱིན༌། །ཡན་ལག་ནང་ཁྲོལ་དག་ཏུ་སོང་ནད་དང༌། །གནད་དང་ལུས་སྟོད་ཡན་ལག་ཀུན་ཁྱབ་ནས། །གང་ཞིག་ཡོད་པ་དེ་ལ་སྐྱེ་བའི་རྒྱུ། །རླུང་མ་གཏོགས་པ་གཞན་དག་ཡོད་མ་ཡིན། །བཤང་དང་བད་ཀན་མཁྲིས་སོགས་ནད་གསོགས་པ། །གང་ཕྱིར་འཐོར་ཞིང་སྡུད་པར་བྱེད་པ་ཡིན། །དེ་ནི་རབ་འཕེལ་འགྱུར་ལ་ཞི་བྱའི་ཕྱིར། །འཇམ་རྩི་མ་གཏོགས་སྨན་གཞན་གང་ཡང་མེད། །དེ་བས་གསོ་བ་མ་ལུས་ལས་མས་བཏང༌། །གསོ་བའི་ཕྱེད་ཡིན་ཞེས་ནི་ལ་ལ་འདོད། །དེ་བཞིན་ནད་རྙིང་གློ་བུར་སྐྱེད་བྱེད་ལ། །གཏར་ཁས་ཁྲག་དབྱུང་སྨན་ཉིད་འགྱུར་བ་ཡིན། །

        ཞེས་འཇམ་རྩི་དང་ནི་རུ་ཧ་གཉིས་མས་ནས་བཏང་བའི་ཆོ་གའི་བསྡེབས་སུ་ལྷན་ཅིག་ཏུ་གསུངས་པ་དང༌། ཆོ་ག་གྲུབ་པའི་གནས་ཀྱི་སྐབས་སུ་ཡང་མས་བཏང་བའི་གནས་གཉིས་ཤིན་ཏུ་རྒྱས་པར་གསུངས་སོ། །གཉིས་པ་ཚིག་གི་དོན་ནོ། །བཏང་ཐབས་སོགས་ཚིགས་བཅད་གཉིས་དང་རྐང་པ་གསུམ་གྱིས་བསྟན་ཏེ། བཏང་བའི་ཐབས་ཁུ་བ་ཁྱོར་གང་དང༌། ཕུལ་གང་དང༌། ཕུལ་ཕྱེད་འོ་དྲོད་ཙམ་དུ་བསྲོས་ལ་གྲོད་པར་བླུགས་ལ་སྦུབས་ཐུར་གཅེའུ་ཡིས། དགོང་དུས་བཤང་བ་བསལ་ལ། སྟོད་དམའ་ཞིང་སྨད་མཐོ་བའི་ལུས་ཀྱིས་བཅས་བྱས་ལ། གྲོད་པའི་ནང་གི་དབུགས་ཕྱིར་བཏོན་ནས་འཕོངས་ཀྱི་ནང་མ་བསྣད་པར་གཅེའུ་བཅུག་ལ་གྲོད་པ་བཙིར་ཞིང་བཏང༌། དེ་ཕྲལ་ལུས་གན་རྐྱལ་དུ་ཉལ་ལ་སྟོད་དམའ་ཞིང་སྨད་མཐོ་བར་རྐུབ་ཚོས་རྐང་མཐིལ་གྱིས་བརྡུང༌། གལ་ཏེ་སྨན་འཕོངས་ནས་འཛག་ན་རྐང་མཐེབ་ནས་བཟུང་གནམ་དུ་བཏེག་ལ་བསིག སྔས་སྨད་དང་འཕོངས་སྟོད་གན་རྐྱལ་དུ་མ་གྲང་བར་གོས་དྲོ་བར་བསྐོན་ལ་བསྙལ། དེ་ནས་སླེ་འཇམ་དབྱུང་བའི་དུས་ཉི་ནུབ་ལ་བཏང་བས་སྲོད་དུས་འབྱུང་བ་ཡིན་ལ། དེ་ལ་མ་བྱུང་ན་ནི་རུ་ཧ་ཡིས་བསུ་ཞིང༌། རླུང་ཤས་མེ་དྲོད་ཆེ་བ་ལ་སྨན་བསྟུད་ལ་བཏང༌། དེ་ལྟར་མ་ཡིན་ན་ལྕག་ལན་འགའ་བཏང་བར་བྱའོ། །ལྔ་པ་ཕན་ཡོན་ནི་ཕན་ཡོན་སོགས་རྐང་པ་གཅིག་སྟེ། དེ་ལྟར་འཇམ་རྩི་བཏང་བའི་ཕན་ཡོན་ནི། རླུང་གནོན་ཞིང༌། བད་མཁྲིས་ཀྱི་ནད་ཞེན་པ་སློང་བར་བྱེད་པ་ཡིན་ནོ་ཞེས་པའོ། །དྲུག་པ་ཉེས་དམིགས་ནི། བཏང་དྲགས་སོགས་ཚིགས་བཅད་གཅིག་སྟེ། འཇམ་རྩི་བཏང་དྲགས་ན་ཡི་ག་འགག་ཅིང་མེ་དྲོད་འཆི་བ་དང༌། འོན་ཀྱང་ལོག་གནོན་ལ་ནི་རུ་ཧ་དང་སྤེལ་ན་གནོད་པ་མེད་ཅིང༌། ནད་ཀུན་འདྲེན་པས་དེའི་ཕྱིར་ཟུངས་ངན་ནད་རྙིང་པ་གསོ་བར་དཀའ་བ་རྣམས་ལ་འཇམ་རྩི་གཅིག་དང༌། ནི་རུ་ཧ་གཉིས་སྤེལ་ཀྱིན་ལན་མང་པོ་བཏང་བས་ཆོག་པ་ཡིན་ནོ་ཞེས་གསུངས་སོ་ཞེས་པའི་དོན་ནོ།།

        གསུམ་པ་ལེའུའི་མཚན་བསྟན་པ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་སྦྱོང་བྱེད་ལས་ལྔའི་བཞི་པ་འཇམ་རྩིའི་ལེའུ་སྟེ་བཅུ་བདུན་པའོ་ཞེས་བྱ་བའི་དོན་ཏོ།།

 

 

མཐའ་མའི་འདོན་ཐེངས་།: 05.09.2011 ཉིན། 10:08 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།