སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་བདུན་པ། འཇམ་རྩིའི་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023
ཕྱི་མ་རྒྱུད། >> ལེའུ་བཅུ་བདུན་པ། འཇམ་རྩིའི་སྐོར།



ལེའུ་བཅུ་བདུན་པ། འཇམ་རྩིའི་སྐོར། 

          སྦྱོང་བྱེད་གསུམ་པ་སྣ་སྨན་གྱི་ལེའུ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་ཏེ། སྦྱོང་བྱེད་ཀྱི་ལས་ལྔའི་ནང་ནས་འཇམ་རྩི་འདི་ལ་རུང་བ་དང༌། མི་རུང་བ་དང༌། སྦྱོར་བ་བྱ་བ་དང༌། བཏང་ཐབསདང༌། ཕན་ཡོན་དང༌། ཉེས་དམིགས་ཏེ་དྲུག་ཏུ་ཡོད་དེ།  

          དེ་ཡང་ཡན་ལག་བརྒྱད་པ་ལས། རླུང་ཤས་ཆེ་བའི་ནད་རྣམས་སམ། རླུང་ལ་མས་བཏང་བསྔགས་པ་སྟེ། །དེ་ནི་གསོ་བ་ཐམས་ཅད་ཀྱི། །མཆོག་སྟེ་དེ་ཡང་རྣམ་པ་གསུམ། བཀྲུས་དྲགས་འཇམ་རྩི་མས་བཏང་ངོ༌། །ཞེས་སོགས་རྒྱ་ཆེར་ཕན་ཡོན་དང་བཅས་པ་གསུངས་ཀྱང་རྒྱས་པར་འདོད་ན་དེ་ཉིད་ལས་ཤེས་དགོས་ཤིང༌།  

        འདིར་འཇམ་རྩི་རུང་བ་ནི་རླུང་སྐྲན་དང༌། རླུང་ལ་བསྟེན་པའི་ལྟོ་བ་སྦོས་པ། རྩམ་པ་འཁྲུ་བ། ཁུ་བ་ཟད་པ་དང༌། ཟླ་མཚན་འབྱམས་པ་དང༌། རྒྱུ་ལོང་མཁལ་རྐེད་རྣམས་སུ་གྲང་བ་རྒྱས་པ་དང༌། སྟོབས་ཆུང་བ། སྨད་ཀྱི་སྲིན་སོགས་མདོར་ན་རླུང་གི་ནད་ཀུན་ལ་བཏང་བར་བྱའོ། །

        མི་རུང་བ་ནི་བརྒྱད་པ་ལས། དེ་བཞིན་སྐྱ་རྦབ་མིག་སེར་དང༌། །ཚིལ་ཆེ་ཆམ་བཏབ་ཟས་མ་ཟོས། །བཤང་བ་འཁྲུ་བར་བྱེད་པ་དང༌། །ལྟོ་ལྕི་ལྟོ་ན་བད་ཀན་ཅན། །མཆིལ་མ་མང་དང་ཤིན་ཏུ་སྦོམ། །ལྟོ་ནད་སྲིན་ཡོད་རླུང་འཁྱིམས་དང༌། །དུག་དག་འཐུངས་དང་འབྲུམ་བུས་བཏབ། །རྐང་འབམ་ལྐོག་མའི་ལྦ་བ་ཅན། །ཞེས་དང༌། ཟླ་ཟེར་ལས། འཇམ་རྩི་མི་བྱ་བའི་ཡུལ་ཡང་གང་སྔར་བཀྲུ་སྨན་དྲག་པོ་བྱར་མི་རུང་བར་བཤད་པ་དེ་ཉིད་ཡིན་ནོ་ཞེས་སོགས་གསུངས་པའང་དཔག་དགོས་ཤིང༌། འཇམ་རྩིའི་ལས་མི་རུང་བ་དམུ་ཆུ་འོར་ནད་དང༌། ཡི་ག་འཆུས་པ། དུག་ནད་མཆིན་པའི་ནད་དང་རྒྱུ་ལོང་སོགས་སྣོད་ཀྱི་ཚད་པ་དང༌། ཚིལ་ཆེས་པའམ། ཚོས་དྲགས་པ། མ་ཞུ་མེ་དྲོད་ཉམས་པ། བད་ཀན་རྒྱས་པ་རྣམས་ལ་སྤང་བར་བྱའོ། །སྦྱོར་བ་བརྒྱ་པ་ལས། བ་གཅིན་སྐྱུ་རུ་མཀྵི་ཀ་དྲོད་སྨན། ཀ་རུ་པོ་སོ་དུ་བ་དནྡྲི་དང༌། །རུ་རྟ་རྣམས་བཙོས་རེང་བུ་མཐེ་བོང་འདྲ། །མར་བསྐུས་རྐུབ་བཅུག་དེ་ཡི་ནད་འཕྲོག་བྱེད། །ཅེས་སོགས་དང༌། མཁས་མཆོག་དཔའ་བོས། བ་ལ་སླེ་ཏྲེས་རྭ་སྣ་འབྲས་བུ་གསུམ། །རྩ་བ་ལྔ་པ་རྣམ་གཉིས་སྲང་རེའི་ཚད། །པོ་སོ་ཆ་བརྒྱད་ར་ཤ་སྲང་ལྔ་བཅུ། །ཆུ་ནང་བསྐོལ་ཏེ་བཞི་ཆ་ལུས་གྱུར་པ། །བཙགས་པར་ལ་ལ་ཕུད་དང་པོ་སོ་ཆ། །བིལ་བ་རུ་རྟ་ཤ་ཏ་པུཥྤ་དང༌། །ཤུ་དག་གླ་སྒང་པི་པི་ལིང་རྣམས་ཀྱི། །ལྡེ་གུ་བུ་རམ་སྦྲང་རྩི་མར་དང་ནི། །ཏིལ་མར་རྒྱམ་ཚྭ་དག་དང་ལྡན་གྱུར་པ། །དྲོ་འཇམ་ཆོ་ག་བཞིན་དུ་བཏང་གྱུར་པ། །མས་བཏང་མཆོག་སྟེ་ནད་ཀུན་འཇོམས་བྱེད་ཡིན། །ནད་མེད་ལ་ཕན་ཚེ་རིང་ཉམས་བརྟས་བྱེད། །འཇམ་རྩི་གང་དུ་ལྡེ་གུ་མ་སྨོས་པ། །དེར་ནི་ཀུན་ལ་འདི་ཉིད་གཞུག་པར་བྱ། །

          ཞེས་སོགས་སྦྱོར་སྡེ་དང་བཅས་རྒྱས་པར་གསུངས་པ་ལྟར། རླུང་ནད་ལ་མི་འདའ་བའི་འཇམ་རྩིའི་སྦྱོར་བ་ལ། སླེ་འཇམ་དང༌། བཀྲུ་འཇམ་དང༌། བཀྲུ་མ་སླེན་དང་གསུམ་ཡོད་པ་ལས། དེ་ཡང་རླུང་རྐྱང་པ་སླེ་འཇམ་དང༌། རླུང་དང་མཁྲིས་པར་ལྡན་པ་ལ་བཀྲུ་འཇམ་དང༌། རླུང་དང་བད་ཀན་ལྡན་པ་ལ་ཀྲུ་མ་སླེན་སྦྱར་བ་སོགས་རྩ་བའི་སྦྱོར་བ་གསུམ་དང་ཁ་བསྒྱུར་བཅས་པ་དགུའི་དང་པོ་སླེ་འཇམ་རླུང་རྐྱང་པ་ལ་བསྔགས་པའི་སྦྱོར་བ་ནི། ལུག་ཤའི་ཚོ་ཁུ་དང་འབྲིའི་འོ་མ་མར་ཞུན་བཅས་ལ། རུ་རྟ། དེ་བ་དཱ་རུ་སྟེ་གཙང་འགྲམ་གྱི་ཤུག་པ། པི་པི་ལིང༌། རྒྱམ་ཚྭ། ཨ་རུ་ར་རྣམས་ཀྱི་ཕྱེ་མ་སྦྱར་བ་ནི་སླེ་འཇམ་ཡིན་ལ། གཉིས་པ་རླུང་མཁྲིས་ལྡན་པར་བསྔགས་པའི་སྦྱོར་བ་ནི་ཆུར་གནས་ཀྱི་སེམས་ཅན་ཉ་སྦལ་ལྕོང་སོགས་ཀྱི་ཤ་ཁུ་དང༌། བའི་འོ་མ་དང་མར་ཞུ་བཅས་ལ་གོང་གི་སྨན་དེ་རྣམས་ཀྱི་སྟེང་དུ་དུར་བྱིད་བསྣན་ཏེ་སྦྱར་བ་བཀྲུ་འཇམ་ཡིན་ཞིང༌། གསུམ་པ་བད་རླུང་ལྡན་པར་བསྔགས་པའི་སྦྱོར་བ་ནི་ཆུ་མེད་པས་སྐམ་ས་ན་གནས་པའི་སྲོག་ཆགས་རྣམས་ཀྱི་ཤ་ཁུ་དང༌། རའི་འོ་མ་དང་མར་བཞུ་བ་བཅས་ལ་གོང་གི་བཀྲུ་འཇམ་གྱི་སྨན་དེ་རྣམས་ཀྱི་སྟེང་དུ་པོ་སོ་ཆ་བསྣན་ཏེ་སྦྱར་བ་བཀྲུ་མ་སླེན་ཡིན་ལ། བཤད་མ་ཐག་པ་དེ་རྣམས་ཀྱི་རྟ་མར་ལ་སྦྱར་བ་རབ་དང༌། ཤ་ཁུ་འབྲིང་ཡིན་ལ། འོ་མ་ཐ་མ་ཡིན་པས་དེས་ན་ཤ་གྲོགས་འོ་མ་དང་འོ་གྲོགས་མར་ཉིད་དུ་གཅེས་པར་བཤད་པ་ན། མང་ཉུང་རིམ་པས་ཐ་མ་ཉུང་བར་བྱས་ལ་ཁ་འཛིན་ནམ་ཁ་བསྒྱུར་བ་ནི། རླུང་རྐྱང་པ་ལ་ཤིང་ཀུན་དང་ཁ་རུ་ཚྭ། རླུང་དང་བད་ཀན་ལྡན་པ་ལ་བཅའ་སྒ་དང་པི་པི་ལིང༌། རླུང་དང་མཁྲིས་པར་ལྡན་པ་ལ་སླེ་ཏྲེས་དང་ཀྱི་ལྕེ་དཀར་པོ། སྐྲན་ནད་ལ་རྒྱ་ཚྭ། སྲིན་ནད་ལ་བྱི་ཏང་གཕོ་ལོང་སྦོས་པ་ལ་རུ་རྟ་རྣམས་བསྡེབ་པར་བྱའོ། །

        བཏང་བའི་ཐབས་ལ། དཔའ་བོས། དེ་གཉིས་སྦུ་གུ་གསེར་སོགས་དང༌། །ཤིང་རུས་འོད་མ་ལས་བྱས་པ། །བ་ལང་མཇུག་འདྲ་བུག་རྡོལ་མེད། །འཇམ་ཞིང་དྲང་ལ་ཁ་ཟླུམ་པ། །ལོ་གཅིག་མ་ལོན་ལ་སོར་ལྔ། །ལོ་ཚད་ལོ་བདུན་པ་བར་གྱི། །ཚད་ནི་སོར་དྲུག་ཡིན་པར་བཤད། །ལོ་བདུན་པ་ཡི་བདུན་ཉིད་དེ། །བཅུ་གཉིས་པ་ལ་སོར་བརྒྱད་བྱ། །བཅུ་དྲུག་ཡན་ཆད་སོར་དགུ་སྟེ། །ཉི་ཤུ་ཕན་ཆད་སོར་བཅུ་གཉིས། ལོ་གཞན་དག་ལ་ན་ཚོད་དང༌། །སྟོབས་དང་ལུས་ཚད་བརྟགས་ནས་ནི། །ཚད་ནི་མངོན་པར་བསྐྱེད་པར་བྱ། །རྩ་བ་རང་གི་མཐེ་བོང་མཉམ། །རྩེ་མོ་མཐེའུ་ཆུང་ཚད་དུ་བྱ། །ལོ་གཅིག་ལོན་སོར་ནས་བཟུང་སྟེ། །དེ་ཡི་ཕྱེད་ཕྱེད་ཀྱིས་བསྐྱེད་བྱ། །གང་ཞིག་རྩ་བའི་བུ་གའི་ཚད། །སོར་མོ་གསུམ་རྩེ་ཤོང་བ་མཆོག། མུངྒ་མ་ཤ་སྲན་མ་བཙོས། །རྒྱ་ཤུག་འབྲས་ཤོང་རིམ་བཞིན་བྱ། །རྩ་བའི་བུ་ག་ཚད་ཀྱིས་ནི། །མཐར་ནི་བགག་པ་གདགས་པར་བྱ། །རྩེ་མོའི་ཁ་བཀག་གཅེ་འུ་ཡིས། །རྩ་བ་རང་གི་སོར་གཉིས་ཀྱི། །ཚོད་སར་བགག་པ་གཉིས་པ་བྱ། །དེར་ནི་རྐྱལ་བུ་གདགས་བྱ་བ། །ར་ལུག་མ་ཧེ་ལ་སོགས་པའི། །ལྒང་པ་ལེགས་མཉེས་སྲ་བ་དང༌། །དམར་བཙོས་བུ་ག་ཐག་ཐུག་མེད། །དྲི་ང་རྩ་རས་མེད་སྲབ་པར། །སྨན་ནི་ལེགས་པར་བླུགས་བྱས་ལ། །སྲད་བུས་དམ་པོར་བཅིང་བར་བྱ། །ཞེས་སོགས་ཤིན་ཏུ་རྒྱས་པ་ལྟར་ཁུ་བ་ཁྱོར་གང་དང་ཕུལ་གང་དང་ཕུལ་ཕྱེདབཞོས་ཐོག་གི་འོ་མའི་དྲོད་ཙམ་དུ་བསྲོས་ལ་གྲོད་པར་བླུགས་ཏེ་སྦུབས་ཐུར་གཅེའུས་རྩ་བའི་འཁོར་ལོ་དེ་ཉིད་གྲོད་པའི་ནང་དུ་འོང་བ་བྱས་ནས་ཁ་བསྡམས་པ་དེ་དགོང་དུས་ནས་བཏང་ཡུལ་དེའི་བཤང་བ་ནན་གྱིས་བཙིར་ཏེ་བསལ་ལ་ཁ་བུབ་ཏུ་སྟོད་དམའ་ཞིང་སྨད་མཐོ་བར་ལུས་ཀྱི་བཅས་བྱས་ནས་འཕོང་ལ་འཇུག་དགོས་ཏེ། ཡན་ལག་བརྒྱད་པ་ལས། མཐོ་དམན་མེད་པར་མགོ་སྨད་དེ། །གློ་གཡོན་གྱིས་ནི་ཕབ་ནས་སུ། །རྐང་པ་གཡས་པ་བཀུག་ནས་ནི། །རྐང་པ་གཡོན་པ་བརྐྱང་བར་བྱ། །དེ་ནས་དེ་ལ་གཅེའུ་ཁ་དང༌། །གཞང་སྒོ་སྣུམ་གྱིས་བསྐུས་ནས་ནི། །གཅེའུ་ལྒང་པའི་དབུགས་བཏོན་ལ། །ཞེས་བྱུང་བ་ལྟར་གྲོད་པ་དེའི་ནང་གི་དབུགས་ཕྱིར་བཏོན་ནས་འཕོངས་ཀྱི་ནང་མ་བསྣད་པར་གཅེའུ་བཅུག་ལ་གྲོད་པ་བཙིར་ཞིང་བཏང༌། དེ་འཕྲལ་ལུས་གན་རྐྱལ་དུ་ཉལ་ལ་སྟོད་དམའ་ཞིང་སྨད་མཐོ་བ་རྐུབ་བཅོས་ལ། རྐང་མཐིལ་ཤིང་བུ་སོགས་ཀྱིས་བརྡུང༌། གལ་ཏེ་སྨན་འཕོངས་ནས་འཛག་ན་རྐང་པའི་མཐེབ་མོ་གཉིས་ནས་བཟུང་གནམ་དུ་བཏེག་ལ་གསིག་གསིག་བྱ། སྔས་སྨད་དང་འཕོངས་སྟོད་ཅེས་མཐོ་བ་བྱས་ལ་གན་རྐྱལ་དུ་མ་གྲང་པར་གོས་དྲོ་བར་བསྐོན་ལ་བསྙལ། ཡང་སླེ་འཇམ་དབྱུང་བའི་དུས་ཉི་ནུབ་ལ་བཏང་བས་སྲོད་དུས་འབྱུང་བ་ཡིན་ལ། དེ་ལ་མ་བྱུང་ན་ནི་རུ་ཧས་བསུ་ཞིང༌། རླུང་ཤས་དང་མེ་དྲོད་ཆེ་བ་ལ་སྨན་བཏུད་ལ་བཏང༌། དེ་མ་ཡིན་ན་ལྕག་ལན་འགའ་བཏང་བར་བྱའོ། །

        དེ་ལྟར་འཇམ་རྩི་བཏང་བའི་ཕན་ཡོན་ནི་རླུང་གནོན་ཞིང༌། བད་མཁྲིས་ཀྱི་ནད་ཞེན་པ་སློང་བར་བྱེད་པ་ཡིན་ཀྱང༌། འཇམ་རྩི་བཏང་དྲགས་ན་ཡི་ག་འགག་ཅིང་མེ་དྲོད་འཆི་བར་བྱེད་ལ། འོན་ཀྱང་ལོག་གནོན་ལ་ནི་རུ་ཧ་དང་སྤེལ་ན་གནོད་པ་མེད་ཅིང་ནད་ཀུན་འདྲེན་པས་དེའི་ཕྱིར་ཟུངས་ངན་དང་ནད་རྙིང་པ་གསོ་བར་དཀའ་བ་རྣམས་ལ་འཇམ་རྩི་གཅིག་དང་ནི་རུ་ཧ་གཉིས་སྤེལ་གྱིན་ལན་མང་པོ་བཏང་བས་ཆོག་པ་ཡིན་ཞེས་གསུངས་སོ། །

          བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་སྦྱོང་བྱེད་ལས་ལྔའི་ནང་ཚན་བཞི་པ་འཇམ་རྩིའི་ལེའུ་སྟེ་བཅུ་བདུན་པའོ།། །།


མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 3:26 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།