སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་པ། གཅོང་ཆེན་དམུ་ཆུ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2023
མན་ངག་རྒྱུད། >> ལེའུ་བཅུ་པ། གཅོང་ཆེན་དམུ་ཆུ་བཅོས་པ།




ལེའུ་བཅུ་པ། གཅོང་ཆེན་དམུ་ཆུ་བཅོས་པ། 

ཡང་དེ་མ་ཁད་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །འབོད་ཚིག་གིས་དྲངས་པའི་ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག གཅོང་ཆེན་གྱི་ནད་དམུ་ཆུའི་རྒྱུ་དང་རྐྱེན་དང་དབྱེ་བ་དང༌། དེ་ལ་གྱུར་ཚུལ་དང་གནས་ས་དང་རྟགས་དང་བཅོས་ཐབས་དང་ཕྱིའི་རྗེས་བཅད་པ་དང་སྤྱི་དོན་རྣམ་པ་བརྒྱད་ཀྱིས་བསྟན་ཏེ།

རྒྱུ་ནི་རླུང་དང༌། མཁྲིས་པ་དང་བད་ཀན་དང་ཆུ་སེར་དང་ཁྲག་ལ་སོགས་པ་དེ་ལས་རྐྱེན་ཟས་སོགས་མ་ཞུ་བ་དང༌། བཤལ་གྱི་རྗེས་ཟས་སྤྱོད་ལོག་པ་དང༌། ཚ་བའི་རྗེས་ལ་རྩར་མ་ལྟོས་གཏར་གྱི་རིགས་དང༌། བསིལ་སྦྱོར་ཐལ་བ་དང༌། ངལ་བ་ཐང་ཆད་ཅིང་དུབ་པའི་རྗེས་ལ་ཆུ་མང་དུ་བཏུང་བ་དང་རླན་སྟེང་དུ་ཉལ་བ་ལ་སོགས་ཀྱིས་ཕོ་བའི་མེ་དྲོད་ཉམས་པ་དང༌། སྔོན་གྱི་ལས་དང་ཀླུ་བདུད་སོགས་གདོན་གདུག་ཅན་གྱི་རྐྱེན་དབང་གིས་དམུ་ཆུར་འགྱུར་རོ་ཞེས་པའང་སྤྱིར་ནི་བདེ་སྡུག་ཐམས་ཅད་ལས་ཀྱིས་བསྐྱེད་པ་སྟེ། མདོ་ལས། འཇིག་རྟེན་འདི་དག་ལས་ལས་སྐྱེས། །ལས་ཀྱི་བགོ་སྐལ་ལ་སྤྱོད་པ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར། སྤྱིར་ནད་མཐའ་དག་སྔོན་ལས་ཡིན་ཀྱང་གསོ་བ་རིག་པ་འདིར་ཕྲ་བར་ཕྱེ་བའི་ངེས་པའི་ལས་གཞན་དབང་སྔོན་ལས་ཅན་དང་རྐྱེན་གཙོ་ཆེ་བའི་མ་ངེས་པའི་ལས་ཀྱི་གྲས་སུ་ཡོངས་གྲུབ་ཚེ་དང་ཀུན་བཏགས་གདོན་ལྟར་སྣང་འཕྲལ་སོགས་བཤད་པའི་རྒྱས་པ་ཕྱི་རྒྱུད་དུ་བརྗོད་པ་ལྟར་ཡིན་ལ། སྐབས་འདིའི་སྒེར་རམ་དམིགས་བསལ་གྱི་རྒྱུར་ལས་ཉིད་གསུངས་ཤིང༌། གདོན་ཀྱང་ལས་དང་མཐུན་པའི་ནད་གཏོང་བའི་ནད་བདག་གཅིག་སྟེ། འདུལ་བ་ལུང་གཞིར་འཚོ་བྱེད་གཞོན་ནུས་གསོས་ཀྱིས་སྐྱེད་མོས་ཚལ་རྙིང་པ་ཞིག་ཏུ་དམུ་རྫིང་གིས་ཐེབས་པ་ཞིག་འདུག་པ་དེ་དག་དང་ལྷན་ཅིག་ཏུ་བསྡད་པས་རིང་ཞིག་ན་དམུ་རྫིང་གི་འདྲེ་དེ་དང་སྐྱེད་ཚལ་གྱི་འདྲེ་དེ་གཉིས་ནད་པ་དེ་ངས་ཐོབ་ལ་རྩོད་ནས་དམུ་རྫིང་གི་འདྲེ་དེ་ན་རེ་མི་བས་བླུན་པ་སྐྱེད་ཚལ་འདིར་ར་སྤུའི་དུད་པ་ཞིག་བཏང་ན་ཁྱོད་རྒྱ་མཚོའི་མཐར་འབྲོས་དགོས་པ་ལ་དེ་ཙམ་མི་ཤེས་པ་ཟེར་རོ། །སྐྱེད་ཚལ་གྱི་འདྲེ་དེ་ན་རེ། མི་བས་བླུན་པ་ཁྱོད་ལ་དར་བ་རད་པ་ཞིག་ལ་ལ་ཕུག་གི་ས་བོན་བཏབ་ནས་བཏང་ན་ཁྱོད་ཀྱི་ལུས་ཚལ་པར་སོང་ནས་དོན་འགྲོ་དགོས་པ་ལ་དེ་ཡང་མི་ཤེས་པ་ཟེར་བ་འཚོ་བྱེད་བི་ཤ་ཙིའི་སྐད་ལ་མཁས་པ་དེས་ཐོས་ནས་ཐབས་གཉིས་ཀ་བྱས་པས་སྐྱེད་མོས་ཚལ་དུ་འདྲེ་མེད་ཅིང་དམུ་རྫིང་བརྡོལ་ནས་ནད་ལས་གྲོལ་བར་བཤད་པ་བཞིན་ཡོད་པར་ངེས་དགོས་སོ།།

དབྱེ་བ་ལ་ནད་དང་གདོན་དང་དུག་ལས་གྱུར་པ་གསུམ་ལས་ནད་ཆུ་ལ་ཡང་ཕྱི་ལ་བྱེར་བ། ནང་དུ་ཟགས་པ། དྲི་ཆུ་འཁྱིམས་པའི་ཆུ། རྒྱུ་མ་ཕྱིར་བརྡོལ་བ་དང་བཞི་ཡོད་དེ། ཕྱིར་བྱེར་བའི་བྱེར་ཆུ་ལ་ཁྲག་བྱེར་དང་མཁྲིས་བྱེར་དང་ཆུ་བྱེར་གསུམ་ནང་དུ་ཟགས་པའི་ཟགས་ཆུ་ལ་དོན་ཟགས་པ་དང་སྐྲན་ཟགས་པ་དང་གསུམ་ལས། དོན་ཟགས་དེ་ལའང་ཕྱེ་ན་མཆིན་པ་དང་མཆེར་པ་གློ་བ་ཟགས་པ་དང་གསུམ། སྣོད་ཟགས་པ་ལ་ཕོ་བ་དང་ལོང་གར་ཟགས་པ་གཉིས། སྐྲན་ཟགས་པ་ལ་ཁྲག་སྐྲན་དང་རྩ་སྐྲན་དང་ཆུ་སྐྲན་ཟགས་པ་གསུམ་བཅས། དབྱེ་བ་དམུ་ཆུ་ལ་རིགས་དེ་ཡང་འཁྱིམས་ཆུ་སོགས་གོང་དུ་ས་བཅད་གསུམ་པར་བསྟན་པ་འདིར་སྔོན་དུ་བསྟན་ནས་ཆུ་རིགས་བཅོ་ལྔ་སོ་སོར་འདྲེན་ན། རྩ་ཁ་ལོག་པའི་འཁྱིམས་ཆུ་གཅིག ཁྲག་བྱེར་དང་མཁྲིས་བྱེར་ཆུ་བྱེར་ཏེ་བྱེར་ཆུ་གསུམ། ཕོ་བར་ཟགས་པ་དང༌། ལོང་དུ་ཟགས་པ་དང༌། མཆིན་པར་ཟགས་པ་དང༌། མཆེར་པར་ཟགས་པ་དང༌། གློ་བར་ཟགས་པ་དང༌། རྩ་སྐྲན་ཟགས་པ་དང༌། ཁྲག་སྐྲན་ཟགས་པ། ཆུ་སྐྲན་ཟགས་པ་སྟེ་ཟགས་ཆུ་བརྒྱད། རྒྱུ་མའི་བརྡོལ་ཆུ་གཅིག་སྟེ་དྲིལ་བས་ཆུ་ནད་བཅུ་གསུམ་གྱི་སྟེང་གློ་བུར་གདོན་ལས་གྱུར་པའི་གཅིག དུག་ལས་གྱུར་པའི་ཆུ་གཅིག་སྟེ་ཡོངས་སུ་དྲིལ་བས་ཆུའི་རིགས་བཅོ་ལྔར་འགྱུར་བ་ཡིན་ནོ།།

གྱུར་པའི་ཚུལ་དེ་ལ་མ་ཞུ་བས་ཕོ་བའི་བད་ཀན་འཕེལ་བ་དེ་ཡིས་དྲི་ཆུ་དང་ཐུར་སེལ་གྱི་རྒྱུ་ལམ་བཀག་སྟེ་རླུང་དེ་ལོག་ནས་དྲི་ཆུ་དྭངས་མའི་རྒྱུ་ལམ་ལ་ཤོར། པགས་པའི་འོག་སྣོད་ཀྱི་ཕྱི་རོལ་ཐམས་ཅད་ཆུས་ཁེངས་པ་དེ་ནི་རྩ་ཁ་ལོག་པ་སྟེ་དྲི་ཆུ་འཁྱིམས་པའི་ཆུ་ཡིན་ལ། བྱེར་ཆུ་ནི་དྭངས་མ་མ་ཞུ་བར་མཆིན་པའི་ལམ་བརྒྱུད་དེ་ཟུངས་སུ་མ་སོང་བར་ངན་ཁྲག་དང་ཆུ་སེར་རྒྱས་པ་ཤ་ལྤགས་དང་རྩ་མིག་ཏུ་བྱེར་བ་ཁྲག་བྱེར་ཡིན། མཆིན་པ་རྒྱས་པའི་ངན་ཁྲག་དེ་མཁྲིས་པར་ཟགས་པས་མཁྲིས་པ་འཕེལ་ཏེ་ཁ་ལུད་པས་ཤ་དང་པགས་པར་ཆུ་སེར་དུ་རྒྱས་པ་དེ་ཉིད་ལ་དྭངས་མ་མཁྲིས་པར་བྱེར་བའི་ཆུ་ཞེས་བྱའོ། །རླན་དང་གྲང་པ་སྦྱོང་དང་རྩ་གང་ལ་ཡང་གཏར་ག་དང་བསིལ་སྦྱོར་ཐལ་བས་ཕོ་བའི་མེ་དྲོད་ཤི་བ་དང༌། ཆུ་གྲང་དང་སིངས་པོ་སྟེ་ཆང་གི་ཐ་མ་གླེག་ཅེས་ཡལ་ནས་ནལ་པོར་གྱུར་པ་དེ་དང༌། ཞོ་དང་དར་བ་ཇ་ལ་སོགས་འཐུངས་པ་མ་ཞུ་བར་དྭངས་མའི་ལམ་ནས་ཤོར་བའི་ཟུངས་སུ་འགྲོ་མ་འདོད་པར་རྩ་ལ་བྱེར་བས་ཆུ་སེར་དང་གྲང་བ་བསྐྱེད་པ་དེ་དྭངས་མ་ཆུ་བྱེར་ཞེས་བྱ་གྲང་ཆུར་འགྱུར་རོ། །གོང་ལྟར་གྱི་ཕོ་བའི་མེ་དྲོད་རིམ་པར་ཤོར་བས་མ་ཞུ་བའི་བད་ཀན་གྱིས་དྭངས་མའི་རྩ་མིག་བཀག་པས་དྭངས་མ་དེ་མ་ཞུ་བར་ཕོ་བར་ཡུན་རིང་དུ་གནས་པས་ཕོ་བའི་དྲོད་ཤོར་བ་རྫ་གསར་པ་ཆུས་བཀང་བ་འདྲ། ཟིལ་པ་ཆགས་པའི་ཐིགས་པ་ལྟར་རྔུལ་ཞིང་ཟགས་པ་དེ་ཕོ་བའི་ཟགས་ཆུ་ཡིན། གོང་གི་དྭངས་མ་དེ་མ་ཞུ་བར་ལོང་དུ་ལྷུངས་ཏེ་ལོང་ཁེངས་ནས་ཟགས་པ་དེ་ནི་ལོང་གི་ཟགས་ཆུ་ཡིན། དྭངས་མ་དེ་མ་ཞུ་བར་འགྲམས་ཁྲག་མཆིན་པའི་ཐོག་ཏུ་ལྷུངས་པ་སྟེ་མཆིན་པ་དེ་ཁྲག་གིས་ཁེངས་ཤིང་ཆེར་རྒྱས་པས་མཆིན་པའི་དྲོད་ཤོར་ཞིང་རུལ་པ་དེ་ནི་མཆིན་པའི་ཟགས་ཆུ་ཡིན། དེ་འདྲ་བ་བཞིན་མཆེར་པ་ལས་བྱུང་བ་དེ་ནི་མཆེར་པའི་ཟགས་ཆུ་ཡིན། དྭངས་མ་མ་ཞུ་བར་ངན་ཁྲག་གློ་བའི་སྦུབས་སུ་འགྲིམས་གློ་སྦུབས་ཆུ་སེར་གྱིས་ཁེངས་ནས་འདུས་པ་ཞེས་དལ་བུས་བཟོས་ནས་ཤུགས་ཀྱིས་འཛག་སྟེ་འཛིམ་ཆུ་འམ་འཛག་ཆུ་དང་དོན་མཐུན་དེ་མཆིན་དྲིའི་སྟེང་དུ་ལྷུངས་ནས་སྣོད་ཀྱི་སྟེང་དུ་ཟགས་པ་དེ་ཉིད་ནི་གློ་བ་ཟགས་པའི་ཆུ་རུ་བཤད་པའོ། དྭངས་མ་མ་ཞུ་བར་ངན་ཁྲག་ཏུ་རྒྱས་པ་དེ་མཆིན་པ་དང་མཆེར་པ་དང་མཆིན་དྲི་དང་རྒྱུ་མ་ལ་སོགས་པའི་རྩར་ཞུགས་ནས་རྩ་མིག་གི་ཁྲག་རླངས་རྩ་སྐྲན་དུ་འདྲིལ་བ་རྙིངས་ནས་ཁྲག་དེ་ཞུ་བ་དེ་ནས་བརྡོལ་དེ་རྩ་ཁ་བྱེ་བ་དེ་ཉིད་ལ་རྩ་སྐྲན་ཟགས་པའི་ཆུ་ཞེས་བྱ་ལ། དྭངས་མ་མ་ཞུ་བའི་འགྲམས་ཁྲག་གམ་མཚོན་ཁྲག་གིས་མཆིན་པ་དང་མཆེར་པ་རྒྱས་ཏེ་ཁྲག་གི་ཟིལ་པ་སྐྲན་དུ་ཆགས་པ་དེ་རྙིངས་པའི་དུས་ནས་སྐྲན་དེ་ཞུ་བ་ནི་ཁྲག་སྐྲན་གྱི་ཟགས་ཆུ་ཡིན། དྭངས་མ་མ་ཞུ་བའི་ངན་ཁྲག་དེ་ཆུ་སེར་དུ་རྒྱས་པ་རྩར་འགྲིམས་ནས་རྩ་མིག་ཏུ་ཆུ་སེར་གྱི་སྐྱ་རྦབ་བྱེད། དེ་ཉིད་བརྡོལ་བ་ནི་ཆུ་སྐྲན་གྱི་ཟགས་པའི་ཆུ་ཡིན། རྒྱུ་མ་འགྲམས་སམ་རྒྱུ་གཟེར་འབྱུང་ངམ་རུས་པ་ཟུག་རྒྱུ་མའི་རྩི་ཉམས་ཏེ་རྙིངས་ནས་རྒྱུ་མ་རུལ་ཞིང་བརྡོལ་བས་དྲི་ཆུ་ཕྱིར་འཛག་པ་རྒྱུ་མ་བརྡོལ་པའི་ཆུ་ཞེས་བྱ། གཞན་ཡང་སྤྱོད་ལམ་ལོག་པའི་གདོན་ཅན་གྱིས་ནོར་ཁྱེར་བས་གཉན་བརྐོས་པ་སོགས་ཀྱི་སྐྱོན་གྱིས་གདོན་དང་འགྲས་པ་དང༌། སྦྱར་དུག་བྱུང་བའི་རྐྱེན་གྱིས་དམུ་ཆུ་རུ་འགྱུར་བ་ཡང་ཡོད་དོ། །འོན་ཀྱང་དེར་མ་ཟད་པའི་ནད་ཀུན་ཀྱང་བཅོས་ཉེས་པས་མེ་དྲོད་ཉམས་པའི་མ་ཞུ་བ་དེ་ལས་སྐྱ་རྦབ་དང་འོར་དུ་རིམ་པར་འགྱུར་ལ་འོར་དེ་རྙིངས་ནས་དམུ་ཆུར་འགྱུར། གོང་དུ་བཤད་པ་དེ་རྣམས་མདོར་བསྡུས་ན་རླུང་དང་མཁྲིས་པ་དང་བད་ཀན་གྱི་ཆུ་གསུམ་དུ་འདུ། དེ་ཡང་ཚ་ཆུ་དང་གྲང་ཆུ་གཉིས་སུ་འདུས་སོ།།

ཆུ་དེའི་གནས་པའི་ས་ནི་ཕྱི་ཆུ་དང་ནང་ཆུ་བར་ཆུ་དང་གསུམ་ལས། ཕྱི་ཆུ་ནི་ཤ་མདོག་ཅེས་སམ་མདངས་ཞེས་པགས་ཏེ་སྐྱི་ཆུང་གི་འོག་གི་བར་ན་གནས་པ་སྟེ། ནང་ཆུ་ནི་རྒྱུ་མ་དང་ལོང་སྣོད་ཀྱི་སྟེང་ན་འཕྱོ་བར་གནས། བར་ཆུ་ནི་པགས་པའི་འོག་ཤ་སྟེང་ལ་ཁྱབ་པར་གནས་སོ།།

དེ་རྟགས་ལ་སྤྱི་དང་བྱེ་བྲག་རྣམ་པ་གཉིས་སུ་ཡོད་པ་ལས། སྤྱི་རྟགས་ལ་དང་པོ་འཇུག་པ་དང་བར་དུ་སྨིན་པ་ཐ་མ་རྒྱས་པའི་དུས་ན་འཚོ་བ་དང་འཆི་བའི་བརྟག་པའོ། །དེའི་དང་པོ་འཇུག་པའི་དུས་སུ་ཤེད་ཆུང་ལ་ཕོ་བ་ལྟེམ་པ་སྟེ་ཅུང་ཟད་གང་ཉམས་ལ་དབུགས་རྒོད་པ་སྟེ་ཐུང་བ་དང་སྙིང་འདེགས་པ་སྟེ་འཕར་ལ་ཟས་གང་གིའང་འཇུ་སྟོབས་ཆུང༌། ལྕེ་དང་མཆུ་རྙིལ་སོགས་དཀར་ལ་འགྲོ་འདུག་བྱས་ཚེ་གསུས་པ་ལྡིག་པ་སྟེ་ཕོ་བ་ལྕི་བ་དང༌། རྐང་ལག་གི་བོལ་གོང་དང་ངར་གདོང་གི་ནང་ལྡེབས། ཆུ་སོ་སྟེ་མཚན་དབྲག ཚིགས་པ་བཅུ་དྲུག་ཐད་ཀྱི་མདོ། ཕོ་བའི་སྟེང༌། བྲང་ཞོལ་ཏེ་བྲང་སྨད། ཁ་དང་གདོང༌། མིག་གི་ལྕིབས་དང་བརྒྱད་ལ་ཆུའི་མཁར་བརྒྱད་ཅེས་པ་དེ་གཡོ་བ་ཞེས་འཕེལ་ཞིང་སྐྲངས་པ་ཡིན་ནོ། །བར་དུ་དེ་དག་ཆུ་རུ་སྨིན་ནས་གསུས་པ་སྟེ་ཕོ་བ་ཐམས་ཅད་ཁེངས། བེམ་ཏོལ་ཏེ་སོར་ཀག་མཁལ་ཁུང་ལ་རྒྱབ་ན་ཐོལ་ཐོལ་ལ་ཕྲིག་ཕྲིག་པ་འོང༌། ཐ་མ་རྒྱས་པའི་དུས་ལ་ཚ་ཆུ་དང་གྲང་ཆུ་གཉིས་སུ་དབྱེ་ལ། ཚ་ཆུ་ནི་རྩ་གྲིམས་ལ་ཆུ་མདོག་དམར་པོའམ་ཡང་སེར་པོ་འབྱུང་བ་དང༌། ལུད་པ་དམར་ལ་གློ་སོར་བ་ནི་གློ་ཡུ་ནས་སོར་སོར་ཟེར་བ་དང་མིག་སེར་ལ་ལྷེན་སྣ་སློག་པ་སྟེ་གྱོང་ཞིང་ཁོག་པའི་དྲེག་པ་ཆགས་པ་དང༌། གསུས་པ་སྟེ་ཕོ་བ་ཆེ་ལ་རྩའི་དྲ་བ་ལྟ་བུས་ཁྱབ་ཅིང་ཡན་ལག་རྣམས་ཕྲ་ལ་ཤ་སྐམས་པས་ཡི་དྭགས་ཀྱི་ལུས་འདྲའོ། །གྲང་བའི་ཆུ་ནི་རྩ་དལ་ཞིང་ཆུ་སྔོ་ལ་ཁ་སྐོམ་དད་ཆུང་བ་དང༌། ཕོ་བ་སྦོ་ཞིང་འཁྲོག་པར་བྱེད་ཅིང་སྐབས་སྐབས་སུ་འཁྲུ་བ་དང༌། མགོ་དང་ལུས་དང་ཡན་ལག་རྣམས་སྐྲངས་ཆེ་ལ་མནན་པའི་ཚེ་རྗེས་འོང་བ་དང༌། ལུས་སྦོམ་ལ་ཡན་ལག་རགས་པས་མགོན་པོའི་སྐུ་ལྟ་བུར་བཤད་དོ། གྲང་ཆུ་དེ་ཡང་མ་བཅོས་པར་ཡུན་ལོན་ནས་ཆུ་རྒྱས་ཏེ་རིམ་གྱིས་གློ་སྙིང་དང་མཆིན་པ་སོགས། ཆུས་ནུབ་ནས་ཚོས་ཏེ་མྱུར་དུ་འཆི་བར་བྱེད་དོ། །ཚ་ཆུ་རྒྱས་ཐེབས་པ་ནི་ཡུན་ལོན་ནས་ཟུངས་ཁྲག་དང་འདྲེས་ནས་ཆུ་དེས་ལུས་ཟུངས་བྱས་པ་ཡིན་ལ། ཆུ་དེ་ཡང་གསར་དུ་མི་སྐྱེ་ཞིང་ཚེ་ཡང་རིང་སྟེ་ནད་ཆུ་ཡང་ལོགས་སུ་མི་གསོག་པས་རྒྱས་ཐེབས་ནས་བཤལ་གྱིས་མི་འདྲོངས། གལ་ཏེ་དེ་ཕུག་པ་སྟེ་བཙགས་ན་སྲོག་གནས་པ་ཡིན་པས་མྱུར་དུ་འཆི་བར་འགྱུར་རོ་དེ་ཡང་ཛི་ན་མི་ཏྲའི་གཞུང་ལས། དམུ་ཆུ་རྒྱ་ཡིས་ཐེབས་པ་ནི། །བཤལ་གྱིས་མི་འདྲོངས་ཆུ་རྒྱས་ཐེབས། །གཙག་ཏུ་མི་བཏུབ་ལུས་ཟུངས་ཡིན། །ཆུ་རྒྱས་ཐེབས་པས་སྐྱེ་ཐག་ཆོད། །ཡུན་རིང་གསོ་དཀའ་དེ་ཡིན་ནོ། །ཞེས་སོ། །འཆི་བའི་རྟགས་ནི་དང་ག་མི་བདེ་ཞིང་ཟས་སྐྱུགས་པ་དང་གློ་མང་ལ་མིག་སེར་ཞིང་དབུགས་ཐུང་ལ་ཁ་སྐོམ་དད་ཆེ། དྲི་ཆུ་མདོག་དམར་སེར་བསྐ་བ་ལ་ཉུང་བ་དང་ཟུངས་ཟད་ཅིང་ལུས་སྟོབས་ཤོར་ན་གསོ་རུང་མིན་པས་ཐབས་ཀྱི་སྒོ་ནས་གྲགས་པ་དང་ཁ་དམར་གདགས་པའི་ཕྱིར་སྤང་བར་བྱ་ཞེས་སོ། །དབུགས་དལ་ཞིང་དང་ག་བདེ་ལ་སྐོམ་དད་ཆུང་བ་དང་ནད་ལ་ཟུག་མེད་ཅིང་ལུས་ཡང་ལ་མིག་དཀར་བ་དང་དྲི་ཆུ་མདོག་སྔོ་ཞིང་རྩ་རྒྱུད་སྙོམས་ལ་ཤེད་ཆེ་ན་འཚོ་བར་འགྱུར་རོ།།

བྱེ་བྲག་གི་བརྟག་པ་ལ་དྭངས་མ་ཁྲག་བྱེར་གྱི་ཆུ་ནི་རྩ་གྲིམས་ཤིང་ཆུ་མདོག་དམར་ལ་ལུས་ལྕི་བ་དང་དང་ག་འགགས་ཤིང་རོ་སྟོད་དང་རྩིབ་ལོགས་རྣམས་སུ་གཟེར་ཕྲན་བུ་ལྡང་བ་དང་རྩ་གང་རུང་གཏར་ན་ཁྲག་ངན་ཞིང་སླ་ལ་ཆུ་ལྟ་བུར་མདོག་སེར་རོ། །དྭངས་མ་མཁྲིས་བྱེར་ནི་རྔམ་པ་ཞེས་ལྟེ་བའི་རྩ་འདབ་ལས་གྱེན་དུ་ཁ་སྣར་རྒྱུ་ཞིང་འབྱིན་འཇུག་རྔུབ་གསུམ་སོགས་བྱ་ལས་བྱེད་པའི་དབུགས་དེ་ནད་ཀྱིས་བཏབ་དུས་མལ་དུ་མི་གནས་པར་ཐུང་བར་གྱུར་པ་དང༌། འདེགས་པ་ནི་གྱེན་དུ་འདེགས་པ་ལྟར་འཕར་ཉམས་བྱེད་ཅིང་གློ་བ་དང་སྙིང་སྤྲུག་པ་དང་དང་ག་མི་བདེ་ཞིང་ལྟོ་བ་འགྲངས་ན་ཕོ་བ་རྫིང་ཞིང་མིག་དང་ཆུ་སེར་ལ་འཁྲུས་པའི་ཚེ་ན་མཁྲིས་པ་འབྱུང༌། དྭངས་མ་ཆུ་བྱེར་ནི་ལྡེར་ཚོ་ལྟ་བུར་སྐྲངས་པ་དང་རྩ་བྱིང་ལ་ཆུ་སྔོ་ཞིང་སྙིང་སྤྲུག་པ་དང་ཕོ་བ་རྫིང་ངོ༌། །དེ་གསུམ་ནི་དང་པོ་ཕྱི་ནང་གཉིས་ཀྱི་ཕྱིའི་ཆུ་དེ་འོར་ཡིན་ཏེ་དེ་རྙིངས་པར་གྱུར་པའི་ཚེ་ན་ནང་དུ་ཆུ་རུ་སྨིན་པ་ཡིན་ནོ། །མཆིན་པ་དང་པོ་ཟགས་པའི་ཆུ་ནི་གཞོགས་གཡས་ན་འཕེལ་བ་དང༌། རྩ་གྲིམས་ལ་ཆུ་དམར་ཞིང་ཆུ་དེ་ཕུག་ན་རྒྱ་བཤལ་ལྟ་བུ་འབྱུང་བ་དང༌། གསུས་པ་སྟེ་ཕོ་བ་ཆེ་ལ་རྩ་བཀྲ་བ་སྟེ་གསལ་ཞིང་ཡན་ལག་རྣམས་སྐམས། མཆེར་པ་ཟགས་པའི་ཆུ་གཞོགས་གཡོན་ནས་འཕེལ་བ་ལ་ཆུའི་ནང་ན་མཆེར་པ་ནི་རྡོ་ལྟར་སྲ་ལ་ཕོ་བ་སྦོ་འཕྲོག་བྱེད་ཅིང་ཟས་འཇུ་བའི་སྟོབས་ཆུང་བ་ཡིན། གློ་བ་ཟགས་པའི་ཆུ་ནི་གློ་མང་དུ་འབྱུང་བ་དང་གློ་བ་དང་སྙིང་སྤྲུག་ཅིང་ཟས་ཟོས་པའི་རྗེས་ལ་ཕོ་བ་མི་བདེ་ཞིང་གདོང་པའི་བཀྲག་དང་མདངས་འཆོར་རོ། །ཕོ་ལོང་དུ་ཟགས་པ་ནི་སྦོ་འཁྲོག་བྱེད་ཅིང་ཕོ་བ་རྫིང་བ་དང་དང་ག་མི་བདེ་ཞིང་ཤིན་ཏུ་འཇུ་བའི་སྟོབས་ཆུང་ལ་འགྲངས་པ་དང་གྲངས་པའི་རྗེས་ལ་གླང་ཐབས་ལྟ་བུར་ན་བ་དང་ཁྱད་པར་དུ་ཕོ་བ་དང་ལོང་གི་ཡུལ་གང་དུ་བབས་པའི་ས་དེ་ཆེ་བ་ཡིན་ནོ། །སྐྲན་ཟགས་ནི་གསོག་པ་བུལ་ཞིང་ཡོད་པའི་ངོས་ལ་མང་བ་དང༌། སྐྲན་བརྡོལ་དེ་རྩ་ཁ་བྱེ་ནས་ཆུ་གསོག་པ་སྐྱེན་ཞིང་ཟུག་གཟེར་ཆེ་བ་འོང༌། འཁྱིམས་ཆུ་ནི་འོག་རླུང་གྱེན་དུ་ལྡོག་པ་ལ་དྲི་ཆུ་འཚག་ཆེར་མི་དགོས་ཤིང་བཙགས་དུས་བབས་ཆུང་བ་དང་ཕོ་བ་སྦོ་འཁྲོག་བྱེད་ལ་མྱུར་དུ་ཆུ་སྐྱེ་བ་ཡིན། རྒྱུ་རྡོལ་ནི་རྒྱུ་སྨད་མི་བདེ་ཞིང་ཆུ་སྨད་ནས་སྐྱེའོ། །འདྲེ་གདོན་གནོད་པའི་ཆུ་ནི་ཉྭ་གཞི་སོགས་ཤ་སྣ་འགུལ་ཞིང་སྙིང་ལ་མི་དགའ་བ་དང་གདོང་པ་ལ་ཆུ་བུར་འོང་ཞིང་སྣ་ནས་ཁྲག་འཛག་ཅིང་འཕར་རྩ་དྭངས་ཤིང་མི་གྲུང་བ་སྟེ་གསལ་པོར་མི་འཕར་ལ་ནད་རེས་ལྡང་རེས་དུབ་རེས་བྱེད་ཅིང་འདྲེ་ཁ་རྒོད་པ་སྟེ་གནོད་པ་ལྡང་ཡང་ན་ཤེས་པ་འམ་རིག་པ་བྱིང་ལ་ཚིག་པ་ཟ་བ་དང་མེ་ལོང་དྭངས་པའི་སྟེང་དུ་བྱིང་བྱིང་ཐུ་ལུའམ། ཤོ་མོ་རྫབ་ལོག་དེ་བཞག་ན་འོད་ལ་ཞེད་ནས་སྡོད་མི་ཚུགས་ཤིང་འཇམ་ཞིང་མཁྲེགས་པ་ལ་འདྲེད་ནས་འགྲོའང་མ་ཐུབ་པ་ལྟར་ནད་པ་དེ་ཡང་གདོན་གྱིས་བསྐྱོད་པའི་སེམས་ཚབ་ཚུབ་ཅི་བྱར་གྱུར་པ་དེ་དང་འདྲ་བ་ཡིན་ལ་གོང་སྨན་པ་དང་ཟུར་མཁར་བའི་མཆན་བུ་རྣམས་སུ་གསུས་པ་བྱིང་བྱིང་ཐུ་ལུ་འདྲ་ཞེས་སྣང་བ་ནི་མེ་ལོང་གི་དཔེ་དོན་དགོས་པ་མེད་པས་ཅུང་ཟད་འཁྲུལ་བར་སེམས་ཤིང་རྒྱུད་འགའ་ཞིག་ལ་ནང་དུ་ཟེར་བར་བསྙད་པའི་ནད་པའི་མཐོང་སྣང་དུ་མེ་ལོང་ལ་བལྟས་ཚེ་རང་ལུས་བྱིང་བྱིང་ཐུ་ལུ་འདྲ་ཞེས་པའམ་མཆིས་རུང་གོང་མ་འཐད་པར་སེམས་སོ། །དུག་ལས་གྱུར་བ་ནི་དུག་གི་ནད་རྟགས་ཇི་བཞིན་དུ་འབྱུང་ངོ༌།།

མདོར་བསྡུས་ན་རླུང་དང་མཁྲིས་པ་དང་བད་ཀན་གསུམ་དུ་འདུས་པས་བསྒྱུར་ཏེ། རླུང་གྱུར་ནི་འཁྲོག་ཅིང་འུར་བ་ཟུག་ཆེ་ལ་འཕེལ་འབྲི་བྱེད་པ་དང་ཆུ་སྔོ་ཞིང་དྲི་མ་སྲི་ལ་དབུགས་ངན་ཀྱང་སྡོམ། མཁྲིས་པ་ལས་གྱུར་ན་མིག་སེར་ལ་ཤ་མདོག་སྔོ་ཞིང་ཆུ་བབས་ཆུང་བ་དང་རྩ་གྲིམས་ལ་ཆུ་མདོག་མར་ཁུ་དང་འདྲ་འམ་ཡང་ན་བཙོད་ཁུ་འདྲ་བར་དམར་རོ། །བད་ཀན་ལས་གྱུར་ན་དབུགས་འདེབས་ལ་སྐྲངས་པོ་ཆེ་ཞིང་འཇུ་སྟོབས་ཆུང་བ་དང་ལུས་བྱིང་ལྕི་ལ་གཉིད་ཆེ་ཞིང་རྩ་བྱིང་བ་དང་ཆུ་མདོག་སྔོའོ།།གོང་དུ་ཆུ་རིགས་བཅོ་ལྔ་མདོར་བསྡུས་དང་བཅས་པ་དེ་ལ་འདྲེ་ཆུ་དང་འཁྱིམས་ཆུ་དང་ཟགས་ཆུའི་ནང་ནས་ཕོ་ལོང་ཟགས་ཆུ་དང་བྱེར་ཆུ་གསུམ་སྟེ་བདུན། དེའི་དང་པོ་ལན་ཅིག་གསོ་བར་ནུས་པས་གསོར་རུང་ཞིང་སླར་ལོག་ཉེན་ཡོད་པས་གཟབ་པར་བྱ། ཕྱི་མ་དོན་ཟགས་གསུམ་སྐྲན་ཟགས་གསུམ་རྒྱུ་བརྡོལ་དུག་གྱུར་ཏེ་བརྒྱད་པོ་སོས་པར་ཁས་མི་བླང་ངོ༌། །མདོར་ན་མཁྲིས་པ་ལས་གྱུར་པའི་ཚ་ཆུའི་རིགས་མི་འཚོ་ལ་གསོ་བར་མི་ནུས་པས་དཀའ་སླའི་སྒོ་ནས་སྤང་ཞིང༌། བད་རླུང་ལས་གྱུར་པའི་གྲང་ཆུ་གསོ་བར་ནུས་པས་ཁས་བླང་ངོ༌།།

གསོ་ཐབས་ལ་ཡང་དང་པོ་མངོན་ཚུལ་དུ་ཞུགས་པའི་དུས་སུ་ཕྱི་རྒྱུད་ལྟར་གྱི་སེ་འབྲུ་བཞི་པའི་སྟེང་བཅའ་སྒ་བྱི་ཏང་ག་ཙི་ཏྲ་ཀ་འཇམ་འབྲས་བསྣན་པའི་བརྒྱད་པ་དང་རྒོད་མ་ཁའི་ཕྱེ་མ་གཉིས་བསྟེན་པ་དང༌། ལུག་ཤ་གསར་འཇམ་དང་ཞུན་མར་སོགས་ཀྱིས་དྲོད་བསྐྱེད་ལ། འཇམ་བཤལ་ཆུ་མ་རྩི་དང་ཨ་རུ་ར། །ཞེས་པ་ནས། སྦུར་མགྱོགས་འུ་སུ་བྱང་པ་ཆང་གིས་ཕུལ། །ཞེས་འོག་ཏུ་ཆུ་བཤལ་རིགས་གཅིག་ཏུ་བཤད་པ་དེ་འདིར་དྲངས་པ་ཡིན་པས་དེས་ཆུ་སེར་སྦྱངས་པས་ཞི་བར་ནུས།

བར་དུ་ཆུ་རུ་རྒྱས་ཏེ་ནད་སྨིན་པའི་དུས་སུ་དེ་ལ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས་ལས་སྤྱི་རུ་བཅོས་པ་དེ་ལ་ཡང་དམུ་ཆུ་ལ་བཅོས་པའི་ཐབས་རྣམ་པ་ལྔར་བཤད་པ་དེ་དང་པོ་ཚ་ཆུ་གྲང་ཆུར་བསྒྱུར་བ་དང་གང་འདོད་དུ་བསྒྱུར་པ་ཆུ་བོ་འོལ་ཁ་བསྒྱུར་བ་ལྟ་བུ་དང༌། གཉིས་པ་ཆུའི་རྒྱ་མཚོ་རང་གནས་སུ་སྐེམ་པ་ལྟ་བུ་དང༌། གསུམ་པ་ཐུར་དུ་སྦྱོང་བ་རྫིང་གི་འོར་ཁུང་ངམ་ཆུ་བུག་བརྟོལ་བ་ལྟ་བུ་དང༌། བཞི་པ་གང་དགོས་སུ་བཙགས་པ་མཚོ་མོ་ཡུར་དུ་དྲངས་པ་ལྟ་བུ་དང༌། ལྔ་པ་ཕྱིས་མི་ལོག་པ་རྩ་ལ་འགག་མིག་གཞུག་པ་ཆུ་སྒོ་བགགས་པ་ལྟ་བུའོ།།

དེ་ཡང་དང་པོ་ཆུ་བོའི་འོལ་ཁ་མ་བསྒྱུར་ན། སྐེམས་པས་མི་སྐེམས་དྲངས་པས་མི་འཛད་པས་དཔེར་ན་རྫིང་གི་སྐྱེ་ཆུ་སྟེ་རྒྱབ་ནས་ཚུར་འབབ་པའི་ཆུ་གསོག་པ་དང་འདྲ་སྟེ་སྐེམས་མི་བཏུབ་བོ། །རྒྱ་མཚོ་ལྟ་བུ་དེ་རང་གི་གནས་སུ་མ་སྐམས་ན་ཆུ་མིག་གཏིང་སྐྱེ་བཞིན་པ་ལུ་མ་ཅན་གྱི་ཆུ་མིག་འདྲ་སྟེ་མི་སྐེམས་སོ། །རྫིང་གི་ཆུ་བུག་གི་འོར་ཁུང་མ་བརྟོལ་ན་ཆུའི་སྣོད་མདོང་མོ་འགེངས་པ་དང་འདྲ་བར་འཛག་མི་འདོད། མཚོ་མོ་ལྟ་བུ་དེ་ཡུར་དུ་མ་དྲངས་ན་རྫིང་གི་འོལ་ཁ་སྟེ་བསྒྱུར་གཞི་ཡུར་བ་མེད་པ་དང་འདྲ་སྟེ་ཆུ་འགྲོ་མ་ཐུབ། ཆུ་ཟད་ནས་རྩ་ལ་འགག་མིག་མ་བཅུག་ན་ཞིང་པས་ཡུར་བ་ཐན་གར་ཞེས་ཁ་མ་བཅད་པར་བཞག་པ་འདྲ་སྟེ་སླར་འཇུག་པར་འགྱུར་ལ། རྒྱུ་མཚན་དེའི་ཕྱིར་ན་བཅོས་པའི་ཚུལ་ལྔ་དང་ལྡན་པ་གཅེས་སོ། །དེའི་དང་པོ་ཆུ་བོའི་འོལ་ཁ་བསྒྱུར་བ་ནི་རྒྱུ་མ་ཞུ་བས་མེ་དྲོད་ཉམས་པ་ལས་འབྱུང་བའི་ཕྱིར་གྲང་བའི་ཆུ་ལ་ཕྱི་མ་རྒྱུད་ཀྱི་སེ་འབྲུ་བཞི་པ་གཏོང་བ་དང༌། ཚ་བའི་ཆུ་ལ་དེའི་སྟེང་དུ་གུར་ཀུམ་ནི་མཆིན་ཚད་ཆེ་ན་ཁ་ཆེ་གུར་ཀུམ་དང་གཞན་རྣམས་བལ་གུར་བསྣན་ལ་བུར་དཀར་དང་སྦྱར་བ་ཆུ་བསྐོལ་གྱིས་ཕུལ་ལ་བཏང་བས་དེས་ཕོ་བའི་མེ་དྲོད་སྐྱེད་ཅིང་ཁ་ཟས་སོགས་མ་ཞུ་བ་རྣམས་འཇུ་བ་དང་བད་ཀན་བེ་སྣབས་ཀྱིས་རྩ་སྦུབས་འགགས་པ་རྣམས་སེལ་ཞིང་དྭངས་མ་མ་ཞུ་བའི་ལུས་ཟུངས་རང་སར་འཇུག དེ་རྗེས་ལ་སྒྲོ་ཐལ་ལྔ་པ་ནི་ཤིང་མངར་འུ་སུ་ལྕམ་པ་དང་སྲུབ་ཀའི་འབྲས་བུ་དང་འུག་པའི་སྒྲོ་ནུས་ལྡན་དུ་བསྲེགས་པའི་ཐལ་བ་རྣམས་ཞུན་མར་དང་སྦྱར་བ་བཏང་ལ་སྐོམ་ལ་ཤིན་ཏུ་འཛེམས་པས་དྭངས་མ་དྲི་ཆུ་རང་ལམ་དུ་འཇུག་པར་བྱེད་ཅིང་དེས་ཆུའི་འོལ་ཁ་འགྱུར་རྟགས་སུ་དང་ག་བདེ་ལ་ཁ་སྐོམ་དད་ཆུང་བ་དང༌། དྲི་ཆུའི་བུངས་ཆེ་ཞིང་ཕོ་བ་བདེ་བར་འགྱུར་རོ།།

དེ་ནས་རྒྱ་མཚོ་ལྟ་བུ་རང་གནས་སུ་སྐེམ་པ་ལ་སྨན་དང་དཔྱད་དང་ཟས་དང་སྤྱོད་ལམ་རྣམ་པ་བཞི་ལས། སྨན་གྱིས་སྐེམ་པ་ལ་ཐོད་སྦྱོར་དང་ཐལ་སྦྱོར་དང་བི་ཥའི་སྦྱོར་བ་དང་རུས་སྦྱོར་དང་དངུལ་དང་ཟངས་སྦྱོར་བ་སྟེ་དྲུག་གི་དང་པོ་ཐོད་པའི་སྦྱོར་བ་ལ་མི་དང་ཕག་པ་དང་རྟ་དང་འཕྱི་བ་རྣམས་ཀྱི་ཐོད་པ་བཙའ་མ་བཙར་མ་ལྟོས་པ་དང་དུར་ནང་ལས་ཐོན་པའི་མིའི་ཐོད་པ་བཙའ་མས་གཙོ་བྱས་ལ་ཨ་རུ་བ་རུའི་རུས་པ་སྟེ་ཚི་གུ་དང་ཝའི་སྙིང་བྱང་སེམས་དཀར་དམར་འདི་སྐབས་བྲག་ཞུན་དང་ཅོང་ཞི་བྱང་པ་དང་ཤིང་ཀུན་དང་རྒྱ་ཚྭ་དང་དབྱི་མོང་དཀར་པོ་དང་སྲུབ་ཀའི་འབྲས་བུ་རྣམས་འོ་མ་མར་དང་ཞག་ལ་སྦྱར་ལ་འདག་པ་བྱས་པ་ནུས་ལྡན་ཏེ་དུ་བ་མ་ཤོར་བར་བསྲེགས་པའི་ཐལ་བ་སུག་སྨེལ་པི་པི་ལིང་དང་སེ་འབྲུ་དང་སྡིག་སྲིན་དང་ལྕམ་པ་སྲམ་གྱི་བྲུན་རྣམས་ཁ་ཚར་དུ་བཏབ་ལ་འདུ་བའི་རྟ་ནི་ཁྲག་མཁྲིས་ལ་ཀ་ར་གྲང་རླུང་ལ་བུ་རམ། བད་ཀན་ཆུ་སེར་ལ་སྦྲང་དང་སྦྱར་བ་བཏང་བས་དམུ་ཆུ་རྒྱ་མཚོ་ཙམ་གྱི་ཆེ་བ་ཡང་སྐེམས་པར་ནུས་སོ། །ཐལ་སྦྱོར་ལ་ཐལ་སྨན་རྒྱུད་ཕྱི་མའི་རླུང་དང་ལྡན་ལ་འཇམ་པོའི་སྦྱོར་བ་ནི་ཞེས་པའི་འཇམ་པོ་སུམ་གཉིས་ལ་བཙན་དུག་ཆ་གཅིག་དང་ཨ་རུ་ཆ་བཅུ་གཅིག་བྱས་ལ་ཕོ་འགྲོན་ཏེ་སྦྲུམ་མ་མིན་པའི་ལྟོ་བ་ཞར་བ་བདུན་གྱི་ཐལ་བ་ཅུ་གང་དང་གུར་ཀུམ་དང་སྒ་པི་པི་ལིང་ཕོ་བ་རིས་དབྱི་མོང་ཙི་ཏྲ་ཀ་སྟེ་ཚ་བ་རྣམ་པ་ལྔ། ཚྭ་སྣ་རྐྱང་སེལ་དུ་བཤད་པའི་ཚོགས་ཚད་ཡ་བཀྵ་ར་དང་ས་རྫི་ཀ་སྟེ་སྙེ་མ་ནག་པོ་དང་ཤ་རུ་དང་དུར་ནང་གི་ཐོད་པའི་ཐལ་བ་པྲི་ཡང་ཀུ་རྣམས་དགེ་སློང་ངམ་ལོ་བརྒྱད་དྲི་ཆུས་འདམ་ཐགས་བྱས་པའི་རིལ་བུ་སྲན་མ་ཙམ་ཁྱེའུ་སུས་ཞེས་པ་འདི་ལ་ཁ་ཅིག་འདུལ་བ་ནས་དུས་ངེས་སྦྱར་ཐོ་རངས་སྐབས་སྦྱོར་བར་བཤད་པ་དང༌། ཡང་ཐོ་རངས་ཁྱི་ངུ་དུས་ཡིན་ཞེས་སོགས་བཞེད་པ་མང་ནའང༌། དེ་ཡང་ལེགས་སྦྱར་གྱི་སྐད་དུ། པྲ་ཏྲ་གྲཿ གསར་པའམ་ཁྱེའུ་ཚད། བྱེ་བྲག་རྟོགས་བྱེད་དུ་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་བས། འགའ་ཞིག་གིས་ཁྱེའུ་ཚད་ཅེས་པ་ཁྱེའུ་སུས་སུ་དོན་དང་འབྲེལ་པའི་དབང་གིས་བསྒྱུར་བ་འགྱུར་འཐད་པ་འདྲ་བ་དང༌། འདུལ་བ་གནས་མལ་གྱི་གཞིའི་སྐབས། དགེ་སློང་རྣམས་ཁྱེའུ་སུས་ཟ་བ་ལ་ལག་པ་བསྙལ་བས་ཐོག་ནས་ཁ་གཟར་བཅང་བར་བྱའོ།།རྒྱ་ཆེར་འགྲེལ་པ་དང་ལུང་གཞིའི་རྣམ་འབྱེད་ཀྱི་བམ་པོ་བཅོ་ལྔ་པ་རེག་པའི་ལྷག་མ་དང་བཅོ་བརྒྱད་པ་གཙུག་ལག་ཁང་དགེ་འདུན་ལྷག་མའི་སྐབས་སོགས་མང་བར་བཤད་པ་དང༌། མདོ་སྡེ་རྒྱ་ཆེར་རོལ་པའི་འཁོར་ལོས་སྒྱུར་བའི་ཡོན་ཏན་བཤད་པའི་སྐབས། ས་ཆེན་པོ་འདི་རྒྱ་མཚོའི་མཐའ་སྐོར་དང་བཅས་པ། རྒྱ་མཚོའི་མུར་ཐུག་པ་དང་བཅས་ཀུན་དུ་བསྐོར་ཏེ། རྒྱལ་པོའི་ཕོ་བྲང་དུ་འོངས་ནས་ཁྱེའུ་སུས་ཀྱི་དགའ་བ་མྱོང་བར་བྱེད་དོ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་གླང་པོ་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ཡིན་ནོ་ཞེས་དང༌། རྟ་རིན་པོ་ཆེའི་སྐབས་ཀྱང་དེ་འདྲ་བ་ཞིག་བཤད་པ་དང༌། འདུལ་བའི་འཁོར་ལོས་སྒྱུར་བའི་སྐབས་ཀྱང་གླང་པོ་དང་རྟ་གཉིས་ལ་ཚིག་གཞན་ཕྱོགས་འདྲ་ལ་ཕོ་བྲང་དེ་ཉིད་དུ་ཕྱིན་པ་ན་ཞལ་ཚུལ་ལ་འབབ་སྟེ་ཞེས་སོགས་ཀྱང་འབྱུང་བ་འདུལ་བ་རྒྱ་རོལ་ལ་སོགས་གསུང་རབ་རྣམས་ཀྱི་དགོངས་པ་ལྟར་ན། མི་ལང་ཚོ་དར་ལ་བབ་པ་ལས་བད་ཀན་གྱི་རང་བཞིན་དང་ག་དོག་ཅིང་བཀྲེས་པ་སླ་བ་ཁྱེའུ་རྣམས་གང་བཀྲེས་ཀྱི་དུས་ཡིད་ལ་འབབ་པའི་ཟས་འོས་འཚམས་འཕྲལ་འཕྲལ་དུ་བྱིན་པས་བཀྲེས་པའི་གདུང་བ་མི་མྱོང་བའི་ཟས་ལ་དཔེར་བཏགས་ཏེ། དོན་དུའང་དགེ་ཚུལ་སློང་ལྟ་བུའི་ཁྲིམས་ལྡན་ཡིན་ན་སྐྱ་རེངས་ཤར་ནས་ཉིན་གུང་མ་ཡོལ་བར་དུ་དང༌། ཁྲིམས་ལྡན་མིན་པའི་ཁྱིམ་པ་ལྟ་བུ་ལ་བཀྲེས་པའི་དུས་གང་བྱུང་དུ་བཟའ་བ་འོས་འཚམས་ལོངས་སྤྱད་པས་བཀྲེས་པའི་ཚོར་བ་མི་མྱོང་བའི་བདེ་བས་གང་བར་བྱེད་པའི་དོན་དུ་བཤད་པ་ལས་དུས་ལ་སྦྱར་བ་མ་གསུངས་ཀྱང༌། དཔའ་བོའི་ཡན་ལག་བརྒྱད་པའི་སྨན་གཏོང་ཚུལ་བཅུའི་སྐབས་རང་འགྲེལ་ལས། དེ་ལ་ནང་པར་ཁྱེའུ་སུས་ལ་ཁ་ཟས་མ་ཟོས་པར་སྨན་བཟའ་བ་ནི་ནད་པ་ཕོ་བའི་དྲོད་ཆེ་ལ་བེའུ་སྣབས་ཀྱང་མེད། ཕོ་བའི་རྩ་སྒོ་རྣམས་ཀྱང་མི་འགག་ལ། ནད་པ་ཉམས་སྟོབས་དང་ལྡན་པ། བད་ཀན་ཤས་ཆེ་བའི་མི་དེ་ལྟ་བུ་ལ་སྨན་ཁྱེའུ་སུས་ལ་བཏང་ན་སྨན་གྱི་མཐུ་རབ་ཏུ་ཆེ་བར་འགྱུར་རོ་ཞེས་དང༌། རླུང་ནད་ལ་ཨ་ཝརྟ་ཞེས་ཐུར་དུ་སེལ་བར་བྱེད་པའི་ནད་ཁྱེའུ་སུས་སྨན་བཏང་བས་མ་ཕན་པ་དང༌། མཚན་མོ་མི་བདེ་བའི་ནད་མ་ཞི་བ་ལ་ཕན་པར་བྱ་བ་དང༌། རོ་སྟོད་ཡན་ཆད་མི་བདེ་ཞིང་སྟོབས་མཐུ་བསྐྱེད་པ་དང༌། བད་ཀན་ལས་ནད་དུ་གྱུར་པ་ཞི་བར་བྱ་བ་དང༌། ཤ་ཚགས་སྐམ་ཞིང་སྦོམ་པོར་བྱ་བ་འདི་ལྟ་བུ་ལ་ཁ་ཟས་ཀྱི་མཇུག་ལ་སྨན་གྱིས་མནན་ཅིང་ཟ་སྟེ། གྲོ་ཁའི་ཟན་གྱི་མཇུག་དང༌། དགོངས་ཀྱི་ཟན་གྱི་མཇུག་ལ་སྨན་བཟའ་ཞིང་མནན་ནོ། །ནང་པར་ཁྱེའུ་སུས་དང་ཕྱེ་མ་རེད་ཀྱི་ཟས་ཀྱི་བར་ཉིན་གུང་ལ་སྨན་བཏང་ཞེས་བྱ་བ་ནི། དྲོད་ཅེས་པ་ལས་ཁྱབ་བྱེད་ཅེས་བྱ་བའི་རླུང་ནད་དུ་གྱུར་ན་ཁྱེའུ་སུས་སུ་ཟོས་ཏེ་ཞུ་བ་དང༌། གྲོ་ཁར་སྨན་ཟོས་ལ་སྨན་དེ་ཞུ་ན་ཕྱེ་མ་རེད་ནུབ་ཀར་ཟན་བཟའ་བ་ནི་མཚན་མོའི་ཆོ་ག་ཡང་འདི་ལས་ལྷག་པོར་བྱ་བའང་མེད་དེ་འདིར་འདུས་སོ་ཞེས་བཤད་པས། ཐོ་རངས་སམ་སྔ་དྲོ་སྐྱ་རེངས་འཆར་དུས་ལྟ་བུར་ཁྱེའུ་སུས་ཞེས་དུས་སུ་བཤད་པས་དུས་དེས་སྦྱར་དེར་ཆུང་བབས་ཆེ་ན་ཚོད་དང་སྦྱར་རིམ་པས་བསྐྱེད་པ་ལྟར་ཡུན་ཟླ་བ་གཅིག་གི་བར་བསྟེན་པས་རྒྱ་མཚོ་ཙམ་ཡང་སྐེམ་པར་ནུས་སོ།།

བི་ཥའི་སྦྱོར་བ་ནི་བཙན་དུག་རིགས་ལྔ་གང་རུང་བ་ཆ་གཅིག་ལ་ཨ་རུ་སུམ་གཉིས་ཀྱི་རྩིས་སོ་སོར་གོང་ལྟར་ནུས་ལྡན་དུ་བསྲེག འགྲོན་བུ་དུར་ཐོད་དང་བུར་དཀར་རྣམས་ཀྱི་རིལ་བུ་བྱས་པས་གྲང་བའི་ཆུའི་སྟེང་དུས་མཐའ་མ་བསྐལ་པ་འཇིག་དུས་ཀྱི་མེས་རྒྱ་མཚོ་སྐེམ་པ་དེ་བས་ཀྱང་བདུན་འགྱུར་གྱི་ནུས་པ་ཚ་བས་ན་འདྲ་ཞེས་པ་འདི་ལ་རྒྱུད་ཕལ་ཆེར་སྔ་ཕྱི་ལོག་པས་མེ་བདུན་བསྐལ་པ་ཞེས་པར་བརྟེན་མེ་བདུན་གྲངས་འདྲེན་པ་སོགས་བཤད་པ་སྣ་ཚོགས་པ་ཞིག་མཆིས་སོ། །རུས་སྦྱོར་ལ་དུང་ཕང་ལོ་གཅིག་དང་འགྲོན་བུ་དང་དུར་ནང་རུས་པ་དང་ཉ་དང་སྲམ་དང་ཆུ་བྱའི་རུས་པ་རྣམས་མཐེབ་ཚིགས་ཙམ་གྱིས་གཙོ་བྱས་ལ་མུ་ཟི་ཞོ་གང་ཟངས་ཐལ་ཞོ་ཕྱེད་ཅོང་ཞི་ཁྱོར་གང་ཨ་རུ་ར་རྡོག་གཉིས་རུ་རྟ་དང་སྒ་པི་པི་ལིང་ཕོ་བ་རིས་ཏེ་ཚ་བ་གསུམ་དང་དབྱི་མོང་རྣམས་ཁྱོར་བ་ཕྱེད་རེ་དང་ཟེ་ཚྭ་དང་ཐལ་ཚྭ་དང་རྒྱ་ཚྭ་དང་ཁ་རུ་ཚྭ་དང་རྒྱམ་ཚྭ་དང་བྱང་ཚྭ་རྣམས་མཆིལ་པའི་སྒོ་ང་གང་རེ་བཅས་ཞིབ་ཏུ་བཏགས་ལ་དུ་བ་མ་ཤོར་བར་ནུས་ལྡན་དུ་བསྲེགས་པས་དམུ་ཆུའི་རིགས་མ་ལུས་སྐེམ་པའི་གདམས་པ་ཡིན་ཏེ་དེ་ནང་ནས་ཁྱད་པར་དུ་སྐྲན་གྱི་ཟགས་ཆུ་ལ་བསྔགས་པ་ཡིན་ནོ། །དངུལ་སྦྱོར་ནི་དངུལ་ཆུ་ཞོ་ཕྱེད་མུ་ཟི་སེར་པོ་དང་སྟར་བུ་ཞོ་གང༌། སྒ་པི་པི་ལིང་ཕོ་བ་རིས་ཏེ་ཚ་བ་གསུམ་ཁྱོར་བ་རེ། ཚྭ་སྣ་སོ་སོ་ནས་མཆིལ་པའི་སྒོ་ང་གང་རེ་རྣམས་བུ་རམ་གྱི་རིལ་བུ་བྱས་པ་སྐེམ་གྱི་མཆོག་དང་ཁྱད་པར་དུ་ཚ་ཆུ་སྐེམ་པའི་རྡོ་རྗེ་ཕ་ལམ་ལྟ་བུ་ཡིན་ནོ། །ཟངས་ཀྱི་ཐལ་བ་སྦྱོར་བ་ལ་ཟངས་ཐལ་སུམ་ཆ་གཉིས་ལ་ལྕགས་ཐལ་སུམ་ཆ་གཅིག ཤྭ་བའི་རུས་པ་བཙའ་མ་དང་དུར་ཐོད་འགྲོན་བུ་བཅས་གོང་བཞིན་ནུས་ལྡན་དུ་བསྲེགས་པའི་ཐལ་བ། ཨ་རུ་ར་རྡོ་དྲེག་ནི་རིགས་མང་བ་ནས་དམར་པོ་ཏ་ཙ་གོང་བཞིན་དང༌། ཚ་བ་ལ་ཀ་ར་གྲང་བ་ལ་བུ་རམ་གྱི་རྟས་བསྒྱུར་བས་ཆུ་རྒྱ་མཚོ་ཙམ་ཡང་སྐེམ་པར་བྱེད་ཅིང༌། དེ་ནང་ནས་ཀྱང་ཁྱད་པར་དོན་ཟགས་ཀྱི་ཆུ་ལ་བསྔགས་པ་ཡིན། ཡང་ན་ཟངས་དང་ལྕགས་དངུལ་གསུམ་གྱི་ཐལ་བ་ཡ་བཀྵ་ར་དང༌། མུ་ཟི་སེར་པོ་རྒྱ་ཚྭ་དབྱི་མོང་དཀར་པོ་ཙི་ཏྲ་ཀ་ཨ་རུ་ར་དང་སྒ་དང་པི་པི་ལིང་ཕོ་བ་རིས་ཏེ་ཚ་བ་གསུམ་རྣམས་ཀ་ར་སྦྱར་བས་ཆུ་ཚ་གྲང་ཐུན་མོང་དུ་སྐེམ་པར་བྱེད་པ་ཡིན། ཁ་ཟས་ལ་ལུག་ཤ་དང་ཟན་དྲོན་དང་གཡག་རྒོད་ཀྱི་ཤ་རྣམས་ཚོས་པའི་ཁུ་བ་ལ་སྒ་དང་གོ་སྙོད་འུ་སུ་རྣམས་ཀྱི་སྤོད་བྲན་པ་དང་མར་བཏབ་པའི་ཟན་དང་ཆང་འཇམ་པོ་བསྟེན་ཞིང༌། འཇུ་དཀའ་བའི་སྔོ་ངད་དང་ཤ་རིད་པ་སོགས་ཟས་ངན་པའི་རིགས་དང་བྲ་བོས་མཚོན་བསིལ་བའི་ཟས་རྣམས་སྤང་བ་དང་ཁྱད་པར་ཚ་ཆུ་ལ་དྲོད་དང་བཅུད་ཧ་ཅང་ཆེ་དྲགས་པ་དང༌། སྤྱོད་ལམ་བསེར་བུ་སྟེ་རླུང་ཕོག་པ་རླན་དང་གྲང་བའི་རིགས་དང་དྲག་ཤུལ་གྱི་རིགས་རྣམས་སྤང་ཞིང་དྲོ་བའི་གནས་ལ་འདུག་ཅིང་མི་རྔུལ་བར་བག་ཙམ་དུ་བཅག དཔྱད་དུ་གཡི་དང་སྤྱང་ཀིའི་པགས་པའི་སྤུ་དུགས་བྱ་བ་ཤིས་ལ། ཁྱིའི་པགས་པ་དྲོ་འདྲ་ཡང་ཟས་ཀྱི་དང་ག་འགྲིབ་པས་སྤང་ཞིང༌། ལྟེ་བའི་གསང་བའི་སྒྲོམ་དང་ལྷེན་སྣའི་རྩེ་མོ་དང་སྒྲོག་རུས་གཤོངས་གཉིས་དང་ཚིགས་པ་དང་པོ་དང་བཅུ་གཉིས་པ་རྣམས་བསྲེག་ཅིང་གཞན་ཡང་དོན་སྣོད་གང་ལ་བབས་པའི་རྒྱབ་མདུན་གྱི་གསང་སྒོ་མེས་བསྡམ། མཆིན་པའི་ཚ་ཆུ་ལ་རུ་ཐུང་དང་དོན་སྣོད་སྤྱིའི་ཚ་ཆུ་ལ་སྣོད་ཀ་གཏར་བ་དགོངས་པ་དངོས་ཡིན་ཀྱང་སྣོད་ཀ་མ་རྙེད་ཚེ་རུ་ཐུང་རང་གཏར་བས་ཀྱང་ཆ་མཚུངས་སོ།།

གསུམ་པ་རྫིང་གི་འོར་ཁུང་ལྟ་བུ་བསལ་བ་ནི། ཆུ་བཤལ་དང་ཆུ་སྦྱོང་དང་འཕྲུལ་གྱི་འཛག་པ་དང་རྣམ་པ་གསུམ་ལས་དམུ་ཆུ་རྫིངས་པའི་བུ་ག་འགགས་པ་ལས་འབྱུང་བའི་ཕྱིར་འདི་ལ་གཉེན་པོ་སྦྱོང་དང་འདྲ་བ་གཞན་གང་ན་ཡང་མེད་པས་ཆུ་བཤལ་ལ་ཨ་རུ་མཆུ་སྙུང་གི་མཆུ་དང་ཟངས་བརྡུངས་པའི་དྲེག་པ་དང་དནྡ་རོག་པོ་དང་དུར་བྱིད་དང་དོང་ག་དང་ཤྲྰི་ཁཎྜ་དང་ཐར་ནུ་དང་ཁྲོན་བུ་དང་རེ་ལྕག་པ་ལྕུམ་རྩ་དང་སྔོན་བུ་དང་ཆུ་མ་རྩི་དང་པི་པི་ལིང་རྒྱ་ཚ་རྣམས་བུ་རམ་གྱི་རིལ་བུ་དྲིལ་བ་ཆང་གིས་དབུལ་བ་དང༌། སྔོན་འགྲོ་དང་ཕྱི་རྗེས་ནི་རྒྱུད་ཕྱི་མའི་ལས་ལྔ་སྤྱི་དང་མཐུན་ཞིང་དེའི་རྩ་ཁ་རྣམས་འབྱེད་ཅིང་ཆུ་རྣམས་སྡུད་ལ། དེ་རྗེས་ལ་སེ་འབྲུ་དང་ཤིང་ཚ་དང་པི་པི་ལིང་དང་སུག་སྨེལ་དང་གུར་ཀུམ་དང་གླ་རྩི་དང་བོང་ང་དཀར་པོ་དང་བྲག་ཞུན་དང་སྤོས་དཀར་དང་འུ་སུ་དང་ལྕམ་པ་དང་རྒྱ་ཚྭ་དང་རྒྱམ་ཚྭ་དང་སྡིག་སྲིན་དང་གསེར་གྱི་བྱེ་མ་དང་ཨ་རུ་མཆུ་སྙུང་དང་བྱང་པ་རྣམས་བུ་རམ་གྱི་རིལ་བུ་བྱས་པ་ཆང་གིས་ཕུལ་བས་ཆུ་རྣམས་གསང་བར་འདྲེན་ལ། ཆུ་འདྲོངས་ཆུང་བའི་ཚེ་ན་ཉི་དགའ་དང་པི་པི་ལིང་ཤིང་ཚ་གསུམ་བསྡུས་པའི་ཁུ་བ་ལྕག་ཏུ་བཏང༌། ཡང་ན་ཆུ་མ་རྩི་རྐྱང་སེལ་དུ་བཤད་པ་དང༌། ཨ་རུ་ར་སེ་འབྲུ་དང་སུག་སྨེལ་དང་ཤིང་ཚ་དང་པྲི་ཡང་ཀུ་དང་གླ་རྩི་དང་བྲག་ཞུན་དང་གུར་ཀུམ་དང་བོང་ང་དཀར་པོ་དང་མོན་གྱི་མ་ནིང་ལྕམ་པ་དང་ཉི་དགའ་དང་རྒྱམ་ཚྭ་དང་རྒྱ་ཚྭ་དང་སྡིག་སྲིན་དང་སྦུར་མགྱོགས་དང་འུ་སུ་དང་བྱང་པ་དམར་ཁྲ་རྣམས་སྦྱར་བ་ཆང་གིས་དབུལ་ཡང་ན་རྐྱང་སེལ་ཁ་སྐོང་དུ་བཤད་པའི་སྔོན་མོ་ཆབ་འདྲེན་སྙིམ་པ་གང་རག་ཤ་མིག་མེད་དེ་ཕྲེང་བར་བཞེད་པ་འང་མཆིས་རུང་སྲོག་ཆགས་གྲོག་མའི་ལུས་ཚང་བ་བཅུ་རྣམས་རྩི་བཞིན་བཏགས། དྲོད་སྨན་རིལ་མོ་སྟེ་ཕོ་བ་རིས་རྣམས་ཆུ་བྲེ་གང་ལ་བསྡུས་པའི་ཕུལ་གསུམ་ཙམ་ཕྱེད་དུ་གདུས་ལ་རྒྱུན་དུ་སྐོམ་དུ་གཏང་བར་བྱ། ཡང་ན་བོང་ཐོར་ནག་པོའི་མིག་པ་གཡས་པའི་རྩི་བཞུར་བ་ཞོ་གསུམ་དང་བུ་རམ་ཞོ་གཉིས་དང་རྒྱ་ཚྭ་ཞོ་གཅིག་རྣམས་རིལ་བུ་བྱས་པ་བཏང་བས། དེ་དག་ཐམས་ཅད་ཀྱིས་གསང་བའི་ལམ་དུ་རྒྱ་མཚོ་ལྟ་བུའམ་འདྲོངས་པར་ངེས་སོ། །གལ་ཏེ་ཀུན་གྱིས་འདྲོངས་དཀའ་ན་གཉེན་པོའི་ཆུ་སྦྱོངས་ནི་རྒྱ་ཚྭ་དང་སྡིག་སྲིན་དང་སུག་སྨེལ་དང་གུར་ཀུམ་མཚལ་གླ་རྩི་དང་ཚ་ལ་དང་སྤོས་དཀར་དང་པི་པི་ལིང་དང་གཟེ་མ་དང་ལྕམ་པ་དང་འབུ་སྐྱོགས་ཞེས་ཆུ་ནང་གི་དུང་གཟུགས་དང་བྱང་པ་དམར་ཁྲ་རྣམས་རྩི་བཞིན་དུ་བཏགས་ལ་བུར་ཀར་དེའི་ཕྱེད་དང་སྦྱར་བ་སྲད་དཀར་བའི་ཐང་གིས་སྔ་དྲོ་དང་དགོངས་མོ་དབུལ་ཏེ་བཏང་བར་བྱ། ཡང་ན་རྒྱ་ཚྭ་དང་དུར་བྱིད་ཨ་རུ་ར་དང་ཟངས་ཀྱི་དྲེག་པ་བྱང་པ་དམར་ཁྲ་རྣམས་བུ་རམ་གྱི་རིལ་བུར་དྲིལ་བ་ཉི་མ་རེ་ལ་ལྔ་དང་བདུན་གང་རིགས་ཆུ་བསྐོལ་གྱིས་ཕུལ་ལ་བཏང་བས་དམུ་ཆུ་རྒྱ་མཚོ་ཙམ་ཡང་འདྲོངས་པར་ཐེ་ཚོམ་མེད། འཕྲུལ་འཛག་ལ་རྣོན་པོ་སྟེ་དནྡ་དུར་བྱིད་དོང་ག་གསུམ་དང་སྦྱོང་བྱེད་ལ་སྔོན་བུ་ཁྲོན་བུ་ཐར་ནུ་གསུམ། སེར་པོ་ཡུང་བ་སྐྱེར་པ་ལྕུམ་རྩ་གསུམ་དང་སྔོའི་ཚ་བ་ལྕེ་ཚྭ་དབྱི་མོང་སྲུབ་ཀ་གསུམ། འབྲས་བུ་ཨ་བར་སྐྱུར་གསུམ་དང་ཆུ་ལམ་འཛུད་པ་རྒྱ་ཚྭ་སྡིག་སྲིན་གླ་རྩི་གསུམ། སྣ་སེལ་ཚ་བ་སྒ་དང་པི་པི་ལིང་ཕོ་བ་རིས་གསུམ་དང་འདྲེན་པར་བྱེད་པའི་མཚལ་དང་ལི་ཤི་མོན་ཆ་ར་གསུམ་མི་གདུག་པའི་སྨན་བྱང་པ་དམར་ཁྲ་ཤིང་མངར་དང་ལྕམ་པ་གསུམ་སྨན་རྟ་ཀ་ར་བུ་རམ་སྦྲང་གསུམ་ཚ་གྲང་བསྒྱུར་བ་རྣམས་ཞིབ་ཏུ་བཏགས་པ་ཆང་གིས་ཕུལ་བས་རྩ་དང་ལྟོ་གཉིས་ནས་སྦྱོང་ལ། དེ་ཡང་ལུས་ཟུངས་བཟང་བ་ན་ཞག་རེ་ལ་སྨན་གྱིས་སྦྱངས་ཤིང་ཞག་རེ་ཟས་ཀྱིས་ལུས་ཀྱི་ཟུངས་གསོ་བར་བྱ་བ་དང༌། ཟུངས་ངན་པ་ལ་ཟས་ལ་ཞག་གཉིས་དང་སྨན་ལ་ཞག་གཅིག་སྦྱང་བ་དང་དེ་ལྟར་དུ་སྤེལ་བའི་ཆུ་སྦྱོངས་ཏེ་ཆུ་བསྐོལ་སོགས་ཀྱི་ལྕག་གིས་རིམ་པར་བསྐུལ་ཞིང་ཟས་དང་སྨན་མ་སྤེལ་ན་ཆུའི་ལམ་ཟས་ཀྱིས་འགགས་ནས་གསོ་དཀའ་བས་དེའི་ཕྱིར་ན་ཟས་དང་སྨན་གཅིག་གཏོང་བའི་དུས་གཅིག་བཞག་པའི་འཐེང་འགྲོས་ཆ་ཆེ་ཆུང་ཤེས་པར་གྱིས་ཤིག

བཞི་པ་མཚོ་མོ་ལྟ་བུ་དེ་ཡུར་དུ་དྲངས་པ་ནི་རྩ་ནས་གཙགས་པ་དང་གསང་ནས་གཙགས་པ་གཉིས་སུ་ཡོད་པས་དང་པོ་ཤ་རུ་གཙང་མ་དང་སེམས་ཅན་གང་ཡང་རུང་བའི་མགོའི་རུས་པ་ཡ་བཀྵ་ར་ཙ་བྱཱ་སྟེ་དབྱི་མོང་དཀར་པོ། སྤེན་མའི་མགོ་དང་རྩེ་མོ་ནུས་ལྡན་དུ་བསྲེགས་པའི་ཐལ་བ་རྣམས་བ་ཆུར་སྦྱར་བས་རྩ་ལམ་ནས་སྦྱངས་ཤིང་ཆུ་སེར་གྱི་གདོང་རྩ་དེ་ཡང་རྒྱུན་དུ་གཏར་བར་བྱ། རྐང་པའི་སྐྲངས་ཆེ་ཞིང་ལྕི་ན་སྦང་གར་ཏེ་སྦང་ཀླད་དང་བག་ཕྱེ་སྦྱར་བ་པུས་མོ་མན་ཆད་དུ་བྱུགས་ལ་རི་བོང་གི་སྤུ་ནས་ཀྱི་སྲབ་མཐུག་ཙམ་སྦྱར་བའི་དེབ་བཏང་བཅིངས་སླར་གོང་བཞིན་སྦང་ཀླད་བག་ཕྱེ་བྱུག་ཅིང་དཀྲི། མཐེ་བོ་བོར་བའི་སོར་མོ་འོག་མ་གསུམ་གྱི་བར་ནས་གྱེན་དུ་ཚོན་གང་བཅལ་བར་ཐུར་མས་ཕུག་ལ་ཆུ་སེར་དབྱུང༌། ཆུ་དེ་ཐག་ཆོད་ནས་རྨ་ཁ་དེ་རྣམས་སྤྲ་བས་བསྲེག་དེ་ལྟར་དཔྱད་ཐམས་ཅད་ཀྱིས་བརྡུགས་ན་གསང་ནས་གཙག་པར་བྱ་དགོས་ཏེ། གསང་ནི་རྒྱབ་ཀྱི་རྩིབ་ཐུང་གཉིས་ཀྱི་མཆན་ཁུང་ངོས་དང་མདུན་གྱི་ལྷེན་སྣ་ནས་ཚོན་གང་ཐུར་དུ་གཞལ་བ་ཁ་གསུམ་གྱི་གསང་མན་ཆད་དང་ལྟེ་བ་ཡན་ཆད་དུ་ཆུ་འཕོ་ལེན་གྱི་མཚམས་སུ་པགས་པ་སྲབ་པའི་འབྲི་བའི་དམིགས་ཡོད་པ་དེ་ཡིན་ལ་རྐེད་པར་ཆུ་འཆིངས་སྣམ་བུ་སྲབ་མཐུག་རན་པས་མས་ནས་ཡར་བསྡམས་ལ་སྐྱིལ་ཀྲུང་གི་ཁད་མཉམ་པར་སྟན་ལ་འདུག་ལ་ལུས་དྲང་པོར་བསྲང་ཕོ་བའི་རྫེམས་དང་རྫེམས་འཛིན་ཁུག་པ་དང་རྩའི་སྟེང་མ་ཡིན་པར་སྦུབས་ཐུར་སྨྱུ་གུ་ཁས་སོར་གཉིས་དབུག་ནས་ཆུ་མང་ན་བྲེ་ཕྱེད་དེ་ཕུལ་གསུམ་དང་ཉུང་ན་དོ་ཆུ་བོང་དང་སྦྱར་ལ་དབྱུང་དགོས་ཤིང་དེའང་ལྟེ་བ་མན་ཆུ་མཁར་ཡིན་པས་དབུག་ཏུ་མི་རུང་བར་བཞེད། འདོན་པ་མང་ནའང་ཆུའི་ཚ་བ་སླར་གསོག་ལ་ཟུག་གཟེར་སྐྱེའོ། །ཕུགས་པའི་ཤུལ་དུ་དུང་དང་ཡང་ན་འགྲོན་བུའམ་གཡག་སོགས་ཀྱི་རྩིབ་མ་བསྲེགས་པ་རྣམས་གླན། དེའི་སྟེང་དུ་ཕྱིང་པ་བག་སྐྱོའི་འདག་པས་སྦྱར་བའི་སྟེང་དུ་སྣམ་བུས་བཅིངས་དེ་མ་བྱས་ན་ཆུ་ཁ་ཤོར་བས་རླུགས་ན་ཆུ་སྐད་ཅིག་ལ་ཟད་ནས་ཆུས་བོར་ནས་སྲོག་དང་འབྲལ་བས་དེས་ན་རྨ་སྔ་མའི་རྨེན་པ་མ་བརྟས་པར་ཕྱི་མ་མི་དབུག་ཕུག་ན་སྲོག་གི་གཤེད་མ་བྱེད་པས་རྨ་སྔ་མ་སོས་ན་དེ་ནས་སླར་ནས་རེ་རིམ་པས་ཇེ་དམའ་ཇེ་དམར་དབུག །བཙགས་པ་དང་སྐེམ་པའི་སྦྱོར་བ་དང་གོང་བཤད་ཀྱི་སྦྱོངས་སུ་སྤེལ་གྱིན་བྱས་ལ་བཅོས། བཙགས་པའི་ཆུ་པྲ་ནི་ཆུ་དང་འདྲ་བའི་མདོག་སྔོ་ན་འཚོ། ལྗང་གུ་དང་སེར་པོ་བྱུང་ན་འཚོ་དཀའ་སྟེ་ཡུན་དུ་གནས་ལ་མདོག་དམར་པོ་དང་སྨུག་པོ་ནི་མི་འགྱངས་པར་འཆི་བའི་རྟགས་སོ།།

ལྔ་པ་རྩ་ལ་འགག་མིག་ཏུ་གཞུག་པ་ནི་དོམ་མཁྲིས་དང་གླ་རྩི་དང་བྲག་སྤོས་པ་དང་ཁ་ཆེའི་གུར་ཀུམ་དང་བཞི་སྦྲང་དང་སྦྱར་བས་རྩ་ཁ་སྡོམ་པར་བྱེད། སྐེམས་ཀྱི་སྐབས་བཤད་པའི་ལྟེ་བ་བཞི་སྒྲོམ་ལྷེན་སྣའི་རྩེ་མོ་སྒྲོག་རུས་གཤོངས་ཚིགས་པ་དང་པོ་བཅུ་གཉིས་པ་བཅས་ཀྱི་མེ་དམིགས་རྣམས་བསྲེག་པ་བསྐྱར་ལ་ཁྱད་པར་སྟེང་གི་ཆུ་གསང་ཚིགས་པ་དང་པོ། འོག་གི་ཆུ་གསང་བཅོ་བརྒྱད་པ། བར་གྱི་ཆུ་གསང་བཅུ་གསུམ་པ་སྟེ་ཆུ་སྒོ་བསྡམས་པ་དེ་བསྲེག

དེ་ནས་དམུ་ཆུ་བྱེ་བྲག་ཏུ་བཅོས་པ་ལ་ནི་བྱེར་བའི་ཆུ་རྣམ་པ་གསུམ་ལ་རྒྱུད་ཕྱི་མ་ལྟར་སེ་འབྲུ་བཞི་པས་ཕོ་བའི་མེ་དྲོད་བསྲུང་བ་དང༌། དེ་རྗེས་སུ་ཁྲག་བྱེར་ལ་ཕྱི་རྒྱུད་ག་བུར་ཉི་ཤུ་རྩ་ལྔས་ཁྲག་དང་ཆུ་སེར་དྭངས་སྙིགས་ཕྱེ་ལ་གོང་དུ་བཤད་པའི་འཇམ་པའི་བཤལ་གྱིས་སྦྱང་ཞིང་གང་ཉེའི་རྩ་ཁ་མང་དུ་ཕྱེ་ལ་ཁྲག་ཉུང་དུ་གདོན་ཟས་དང་སྐོམ་བསིལ་བ་དང་དྲོད་གཉིས་སྤེལ་ལ་སྙོམས་པར་བཅོས། མཁྲིས་བྱེར་ལ་དནྡ་དུར་བྱིད་སྤོས་དཀར་རྣམས་བ་ཆུས་ཕུལ་བའི་སྦྱོང་བཏང་ཞིང༌། ཕོ་གསང་མདུན་དབུས་མ་དང་རྒྱབ་ཚིགས་པ་བཅུ་གཉིས་པ་བསྲེག རུས་ཐལ་སིག་ནེའི་སྦྱོར་བ་ཅུ་གུར་ལི་ཤི་སུག་སྨེལ་ཛཱ་ཏི་ཀ་ཀོ་ལ་སྟེ་བཟང་དྲུག་དང་སྒ་པི་ཕོ་བ་རིས་ཏེ་ཚ་བ་གསུམ་དང་འགྲོན་བུ་ནུས་ལྡན་བསྲེགས་པའི་ཐལ་བ་དང༌། དུར་ཐོད་ནུས་ལྡན་བསྲེགས་པའི་ཐལ་བ་བྲག་ཞུན་སོ་མ་ར་ཛ་ཀ་ར་རྣམས་ཀྱིས་རང་སར་སྐེམས།ཟས་སྐོམ་གོང་བཞིན་ཁྲག་བྱེར་གྱི་བཅོས་སྐབས་ལྟར་བྱའོ། །དྭངས་མ་ཆུ་བྱེར་ལ་མེས་སྟོད་ཀྱི་ཚིགས་པ་དང་པོ། སྨད་བཅོ་བརྒྱད་པ། བར་བཅུ་གསུམ་པའི་ཆུ་གསང་བསྡམ་ཞིང་ཟས་དང་སྐོམ་གཉིས་དྲོད་བསྟེན་པ་དང་གོང་གི་རུས་སྦྱོར་དང་ཐལ་སྦྱོར་གྱི་སྦྱོར་བ་གང་ཡང་རུང་བས་བསྐམ། དེ་རྣམས་ནི་དང་པོ་ཕྱི་ཆུའི་དུས་སུ་བསྟེན་དགོས་ཤིང༌། བྱེ་བྲག་གི་བཅོས་དེ་རྣམས་ཀྱིས་མ་ཐུག་པར་རྙིངས་ན་གོང་གི་སྤྱི་བཅོས་འོལ་ཁ་བསྒྱུར་བ་སྐམས་པ་འོར་བརྟོལ་ཡུར་དྲངས་འགག་གཞུག་དང་རྣམ་ལྔ་བྱ་བ་གཅེས། མཆིན་པའི་ཟགས་ཆུ་ལ་བྲག་ཞུན་དང་གུར་ཀུམ་དང་སོ་མ་ར་ཛ་དང་དོམ་མཁྲིས་ཟངས་ཐལ་དང་འགྲོན་ཐལ་དང་བཟང་དྲུག་གི་སྦྱོར་བས་བསྡོམས་ཤིང་རུ་ཐུང་གི་རྩ་གཡས་གཏར་བ་དང༌། གོང་གི་ཟངས་ཐལ་ལམ་དངུལ་ཆུའི་སྦྱོར་བས་སྐམས། མཆེར་པ་ཟགས་ན་རུ་ཐུང་གཡོན་པ་གཏར་ལ་བྱི་ཏང་ག་ཤུ་དག་དང་རྒྱ་ཚྭ་འོ་མར་བསྐོལ་བ་བླུད་པར་བྱ་བ་དང༌། ཤི་ཀྲུ་སྟེ་ཕོ་བ་རིས་དཀར་པོ་བསྐོལ་བར་རྒྱམ་ཚྭ་པི་པི་ལིང་ཙི་ཏྲ་ཀ་རྣམས་བཏབ་པས་མཆེར་པ་ཟགས་པའི་དམུ་ཆུ་སྐེམ། གློ་བ་ཟགས་ན་སེ་འབྲུ་སུག་སྨེལ་ཤིང་ཚ་པི་པི་ལིང་སྒ་དང་བཅས་ལྔ་པས་ཕོ་བའི་མེ་བཟུང་ལ་གོང་གི་ཟངས་ཐལ་གྱི་སྐེམས་བསྟེན་པའི་རྗེས་ལ་ཚིགས་པ་དྲུག་པ་བདུན་པ་བསྲེག་ཕོ་བ་དང་ལོང་ཟགས་པ་དང་འཁྱིམས་པའི་ཆུ་ལ་ཟས་དྲོད་ཅན་དང་གོང་གི་ཐལ་སྦྱོར་དང་བི་ཥའི་སྐེམས་པའི་སྦྱོར་བ་བསྟེན་པར་བྱ་ཞིང༌། ཤིང་ཀུན་ཙ་བྱཱ་སྟེ་དབྱི་མོང་དཀར་པོ་དང་སྒོག་སྐྱ་དང་རྒྱུད་ཕྱི་མའི་རྩ་བ་ལྔའི་སྨན་མར་དང་འཇམ་རྩི་བཏང་བས་སྐེམས་ཀྱི་གྲོགས་སུ་འགྱུར། སྐྲན་ཟགས་པར་ཨ་བར་སྐྱུར་གསུམ་སྟེ་འབྲས་གསུམ། སྒ་དང་པི་པི་ལིང་ཕོ་བ་རིས་ཏེ་ཚ་བ་གསུམ་པོ་དང༌། བྱི་ཏང་ག་དང་ལྕགས་ཕྱེ་དང་ཙི་ཏྲ་ཀ་རྣམས་དང་རྒྱུད་ཕྱི་མའི་ཐལ་སྨན་རྣོན་པོ་རྣམས་སྦྲང་དང་སྦྱར་ཏེ་གཏང་བར་བྱ། གོང་གི་ཐལ་སྦྱོར་དང་རུས་སྦྱོར་གྱིས་བཤིག་པ་དང་སྐེམས་པ་དུས་གཅིག་ལ་བྱེད། རྒྱུ་བརྡོལ་ནི་མི་འཚོ་ལ་འོན་ཀྱང་གསར་དུས་ནི་རུ་ཧ་ཕྱི་རྒྱུད་ལས་ལྔའི་རྣོན་པོ་དང་འཇམ་རྩིས་བཅོས་པ་དང་གདོན་ཆུ་རིམ་གྲོའི་སྒོ་ནས་བཅོས། དུག་ལས་གྱུར་པ་ན་སྔར་བཤད་པའི་སྐེམས་སྦྱོར་དང་དུག་གི་གཉེན་པོར་བསྟུན་ནོ། །རླུང་དང་མཁྲིས་པ་དང་བད་ཀན་གསུམ་གང་ཤས་ཆེ་བའི་ཆུ་ལ་སྨན་དཔྱད་དང་ཟས་དང་སྤྱོད་ལམ་དེ་དང་དེའི་གཉེན་པོར་སྦྱར།

མཐར་ཕྱིར་མི་ལྡོག་པའི་རྗེས་གཅོད་ལ་སྔོ་ངད་འཇུ་དཀའ་བའི་ཟས་དང་འཇིག་ཟས་ཉ་ཕག་དང་རུལ་སུངས་སྒོ་ང་ཆང་སྐྱུར་པོ་སོགས་དང་རྟ་ཞོན་པ་དང་ཉལ་པོ་སྤྱོད་པ་འགྲོ་འདུག་བྱེད་པ་དང་རླན་དང་གྲངས་པ་དང་ཟས་སྤྱོད་མི་མཐུན་མི་འཕྲོད་པ་ལོ་གཅིག་གི་དུས་བསྲུང་བ་དང་གོང་དུ་བཤད་པའི་སྐེམས་ཀྱི་སྨན་རྣམས་ནང་རེ་བཞིན་རྒྱུན་མི་བཅད་པར་གཏོང་ལ་བོང་ཤ་དང་རྒྱུད་ཕྱི་མའི་རྩ་བ་ལྔའི་སྨན་མར་དང༌། ཕྱི་རྒྱུད་ཀྱི་ད་བྱིད་སྐྱིན་གོར་གྱི་སྨན་མར་གྱིས་ལུས་ཀྱི་ཟུངས་གསོ་བར་བྱ་ལ་དེས་འཆི་བདག་གི་ནད་དམུ་ཆུ་བཟློག་པར་ངེས་སོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གཅོང་ཆེན་དམུ་ཆུ་བཅོས་པའི་ལེའུ་སྟེ་བཅུ་པའོ།། །།


 

མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 10:37 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།