སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་པ། གཅོང་ཆེན་དམུ་ཆུ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་བཅུ་པ། གཅོང་ཆེན་དམུ་ཆུ་བཅོས་པ།



ལེའུ་བཅུ་པ། གཅོང་ཆེན་དམུ་ཆུ་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །གཅོང་ཆེན་དམུ་ཆུའི་རྒྱུ་རྐྱེན་དབྱེ་བ་དང༌། །གྱུར་ཚུལ་གནས་དང་རྟགས་དང་བཅོས་ཐབས་དང༌། །ཕྱི་རྗེས་བཅད་དང་སྤྱི་དོན་བརྒྱད་ཀྱིས་བསྟན།།

རྒྱུ་ནི་རླུང་མཁྲིས་བད་ཀན་ཆུ་སེར་ཁྲག །དེ་རྐྱེན་མ་ཞུ་བཤལ་རྗེས་ཟས་སྤྱོད་ལོག །ཚ་བའི་རྗེས་ལ་གཏར་དང་བསིལ་སྦྱོར་ཐལ། །ངལ་དུབ་རྗེས་ལ་ཆུ་མང་བཏུངས་པ་དང༌། །རླན་སྟེང་ཉལ་བ་ལ་སོགས་མེ་དྲོད་ཉམས། །སྔོན་ལས་གདོན་རྐྱེན་དབང་གིས་དམུ་ཆུར་འགྱུར།།

དབྱེ་བ་ནད་གདོན་དུག་ལས་གྱུར་པ་གསུམ། །ནད་ཆུ་བྱེར་ཟགས་འཁྱིམས་ཆུ་རྒྱུ་རྡོལ་བཞི། །བྱེར་ཆུ་ཁྲག་བྱེར་མཁྲིས་བྱེར་ཆུ་བྱེར་གསུམ། །ཟགས་ཆུ་དོན་ཟགས་སྣོད་ཟགས་སྐྲན་ཟགས་གསུམ། །དོན་ཟགས་མཆིན་མཆེར་གློ་བ་ཟགས་པ་གསུམ། །སྣོད་ཟགས་ཕོ་བ་ལོང་ག་ཟགས་པ་གཉིས། །སྐྲན་ཟགས་ཁྲག་སྐྲན་རྩ་སྐྲན་ཆུ་སྐྲན་ཟགས། །དབྱེ་བ་ཆུ་རིགས་བཅོ་ལྔར་འགྱུར་བ་ཡིན།།

གྱུར་ཚུལ་མ་ཞུ་ཕོ་བའི་བད་ཀན་འཕེལ། །དེ་ཡིས་དྲི་ཆུ་ཐུར་སེལ་རྒྱུ་ལམ་བཀག །རླུང་ལོག་དྲི་ཆུ་དྭངས་མའི་རྒྱུ་ལམ་ཤོར། །ལྤགས་འོག་སྣོད་ཀྱི་ཕྱི་རོལ་ཆུ་ཡིས་ཁེངས། །དེ་ནི་རྩ་ཁ་ལོག་པའི་འཁྱིམས་ཆུ་ཡིན། །བྱེར་ཆུ་དྭངས་མ་མ་ཞུ་མཆིན་ལམ་བརྒྱུད། །ཟུངས་སུ་མ་སོང་ངན་ཁྲག་ཆུ་སེར་རྒྱས། །ཤ་ལྤགས་རྩ་མིག་བྱེར་བ་ཁྲག་བྱེར་ཡིན། །མཆིན་རྒྱས་ངན་ཁྲག་མཁྲིས་པར་ཟགས་པ་ཡིས། །མཁྲིས་འཕེལ་ཁ་ལུད་ཤ་ལྤགས་ཆུ་སེར་རྒྱས། །དེ་ཉིད་དྭངས་མ་མཁྲིས་བྱེར་ཆུ་ཞེས་བྱ། །རླན་གྲང་སྦྱོངས་གཏར་བསིལ་སྦྱོར་ཐལ་བ་ཡིས། །ཕོ་བའི་མེ་ཤི་ཆུ་གྲང་སིངས་གླེག་དང༌། །ཞོ་དར་ཇ་སོགས་འཐུངས་པ་མ་ཞུ་བར། །དྭངས་མའི་ལམ་ཤོར་ཟུངས་སུ་འགྲོར་མ་འདོད། །རྩ་ལ་བྱེར་བས་ཆུ་སེར་གྲང་བ་སྐྱེད། །དྭངས་མ་ཆུ་བྱེར་ཞེས་བྱ་གྲང་ཆུར་འགྱུར། །གོང་ལྟར་ཕོ་བའི་མེ་དྲོད་ཤོར་བ་ཡིན། །མ་ཞུ་བད་ཀན་དྭངས་མའི་རྩ་མིག་བཀག །དྭངས་མ་མ་ཞུ་ཕོ་བར་ཡུན་རིང་གནས། །ཕོ་བའི་དྲོད་ཤོར་རྫ་གསར་ཆུས་བཀང་འདྲ། །རྔུལ་ཞིང་ཟགས་པ་ཕོ་བའི་ཟགས་ཆུ་ཡིན། །གོང་གི་དྭངས་མ་མ་ཞུ་ལོང་དུ་ལྷུང༌། །ལོང་ཁེངས་ཟགས་པ་ལོང་གི་ཟགས་ཆུ་ཡིན། །དྭངས་མ་མ་ཞུ་འགྲམས་ཁྲག་མཆིན་ཐོག་ལྷུང་། །མཆིན་པ་ཁྲག་གིས་ཁེངས་ཤིང་རྒྱས་པ་ཡིས། །མཆིན་པའི་དྲོད་ཤོར་རུལ་བ་མཆིན་ཟགས་ཡིན། །དེ་འདྲ་མཆེར་ལས་བྱུང་བ་མཆེར་པའི་ཆུ། །དྭངས་མ་མ་ཞུ་ངན་ཁྲག་གློ་སྦུབས་འགྲིམས། །གློ་སྦུབས་ཆུ་སེར་ཁེངས་ནས་འདུས་པ་དེ། །མཆིན་དྲིའི་སྟེང་དུ་ལྷུང་ནས་སྣོད་སྟེང་ཟགས། །དེ་ཉིད་གློ་བ་ཟགས་པའི་ཆུ་རུ་བཤད། །དྭངས་མ་མ་ཞུ་ངན་ཁྲག་རྒྱས་པ་དེ། །མཆིན་མཆེར་མཆིན་དྲི་རྒྱུ་མ་ལ་སོགས་པའི། །རྩར་ཞུགས་རྩ་མིག་ཁྲག་རླངས་རྩ་སྐྲན་འདྲིལ། །རྙིངས་ནས་ཁྲག་ཞུ་རྡོལ་ཏེ་རྩ་ཁ་བྱེ། །དེ་ཉིད་རྩ་སྐྲན་ཟགས་པའི་ཆུ་ཞེས་བྱ། །དྭངས་མ་མ་ཞུ་འགྲམས་ཁྲག་མཚོན་ཁྲག་གིས། །མཆིན་མཆེར་རྒྱས་ཏེ་ཁྲག་ཟིལ་སྐྲན་དུ་ཆགས། །རྙིངས་ནས་སྐྲན་ཞུ་ཁྲག་སྐྲན་ཟགས་ཆུ་ཡིན། །དྭངས་མ་མ་ཞུའི་ངན་ཁྲག་ཆུ་སེར་རྒྱས། །རྩར་འགྲིམས་རྩ་མིག་ཆུ་སེར་སྐྱ་རྦབ་བྱེད། །དེ་ཉིད་རྡོལ་བ་ཆུ་སྐྲན་ཟགས་ཆུ་ཡིན། །རྒྱུ་མ་འགྲམས་སམ་རྒྱུ་གཟེར་རུས་པ་ཟུག །རྒྱུ་མའི་རྩི་ཉམས་རྙིངས་ནས་རུལ་ཞིང་རྡོལ། །དྲི་ཆུ་ཕྱིར་འཛག་རྒྱུ་རྡོལ་ཆུ་ཞེས་བྱ། །གཞན་ཡང་སྤྱོད་ལམ་སྐྱོན་གྱིས་གདོན་དང་འགྲས། །སྦྱར་དུག་རྐྱེན་གྱིས་ཆུ་རུ་འགྱུར་བ་ཡོད། །འོན་ཀྱང་ནད་ཀུན་བཅོས་ཉེས་སྐྱ་རྦབ་དང༌། །འོར་དུ་འགྱུར་ལ་འོར་རྙིང་དམུ་ཆུར་འགྱུར། །མདོར་བསྡུས་རླུང་དང་མཁྲིས་པ་བད་ཀན་ཆུ། །དེ་ཡང་ཚ་ཆུ་གྲང་ཆུ་གཉིས་སུ་འདུས།།

ཆུ་ཡི་གནས་ས་ཕྱི་ནང་བར་དང་གསུམ། །ཕྱི་ཆུ་ཤ་མདངས་བར་ན་གནས་པ་སྟེ། །ནང་ཆུ་རྒྱུ་ལོང་སྣོད་ཀྱི་སྟེང་ན་འཕྱོ། །བར་ཆུ་པགས་འོག་ཤ་སྟེང་ཁྱབ་པར་གནས།།

དེ་རྟགས་སྤྱི་དང་བྱེ་བྲག་རྣམ་པ་གཉིས། །སྤྱི་རྟགས་དང་པོ་འཇུག་དང་བར་དུ་སྨིན། །ཐ་མ་རྒྱས་དུས་འཚོ་འཆི་བརྟག་པ་འོ། །དང་པོ་འཇུག་དུས་ཤེད་ཆུང་ཕོ་བ་ལྟེམ། །དབུགས་རྒོད་སྙིང་འདེགས་ཟས་ཀྱི་འཇུ་སྟོབས་ཆུང༌། །ལྕེ་མཆུ་རྙིལ་དཀར་འགྲོ་འདུག་གསུས་པ་ལྡིག  །བོལ་གོང་ངར་གདོང་ཆུ་སོ་བཅུ་དྲུག་མདོ། །ཕོ་བ་བྲང་ཞོལ་ཁ་གདོང་མིག་ལྕིབས་དང༌། །ཆུ་ཡི་མཁར་བརྒྱད་གཡོ་ཞིང་སྐྲངས་པ་ཡིན། །བར་དུ་ཆུ་རུ་སྨིན་ནས་གསུས་པ་ཁེངས། །བེམ་ཏོལ་རྒྱབ་ན་ཐོལ་ཐོལ་ཕྲིག་ཕྲིག་འོང༌། །ཐ་མ་རྒྱས་དུས་ཚ་ཆུ་གྲང་ཆུ་གཉིས། །ཚ་ཆུ་རྩ་གྲིམས་ཆུ་མདོག་དམར་རམ་སེར། །གློ་སོར་མིག་སེར་ལྷེན་སྣ་སློག་པ་ཆགས། །གསུས་པ་ཆེ་ལ་རྩ་ཡི་དྲ་བས་ཁྱབ། །ཡན་ལག་ཕྲ་ལ་སྐམ་པས་ཡི་དྭགས་འདྲ། །གྲང་ཆུ་རྩ་དལ་ཆུ་སྔོ་སྐོམ་དད་ཆུང༌། །ཕོ་བ་སྦོ་འཁྲོག་བྱེད་ཅིང་སྐབས་སུ་འཁྲུ། །མགོ་ལུས་ཡན་ལག་སྐྲངས་ཆེ་མནན་རྗེས་འོང༌། །སྦོམ་ལ་རགས་པས་མགོན་པོ་ལྟ་བུར་བཤད། །གྲང་ཆུ་ཡུན་ལོན་ཆུ་རྒྱས་གློ་སྙིང་དང༌། །མཆིན་པ་ཆུས་ནུབ་ཚོས་ཏེ་མྱུར་དུ་འཆི། །ཚ་ཆུ་རྒྱས་ཐེབས་མི་སྐྱེ་ཚེ་རིང་སྟེ། །ཕུག་ན་སྲོག་ཡིན་མྱུར་དུ་འཆི་བར་འགྱུར། །འཆི་རྟགས་དང་ག་མི་བདེ་སྐྱུག་པ་དང༌། །གློ་མང་མིག་སེར་དབུགས་ཐུང་སྐོམ་དད་ཆེ། །དྲི་ཆུ་དམར་སེར་སྐ་ལ་ཉུང་བ་དང༌། །ཟུངས་ཟད་ལུས་སྟོབས་ཤོར་ན་སྤང་བར་བྱ། །དབུགས་དལ་དང་ག་བདེ་ལ་སྐོམ་དད་ཆུང༌། །ཟུག་མེད་ལུས་ཡང་མིག་དཀར་དྲི་ཆུ་སྔོ། །རྩ་རྒྱུད་སྙོམས་ལ་ཤེད་ཆེ་འཚོ་བར་འགྱུར། །བྱེ་བྲག་བརྟག་པ་དྭངས་མ་ཁྲག་བྱེར་ཆུ། །རྩ་གྲིམས་ཆུ་དམར་ལུས་ལྕི་དང་ག་འགག །རོ་སྟོད་རྩིབ་ལོགས་རྣམས་སུ་གཟེར་ཕྲན་ལྡང༌། །གཏར་ན་ཁྲག་ངན་སླ་ལ་ཆུ་ལྟར་སེར། །དྭངས་མ་མཁྲིས་བྱེར་རྔམ་འདེགས་གློ་སྙིང་སྤྲུག །དང་ག་མི་བདེ་འགྲངས་ན་ཕོ་བ་རྫིང༌། །མིག་ཆུ་སེར་ལ་འཁྲུས་ན་མཁྲིས་པ་འབྱུང༌། །དྭངས་མ་ཆུ་བྱེར་ལྡེར་ཚོ་ལྟ་བུར་སྐྲངས། །རྩ་བྱིང་ཆུ་སྔོ་སྙིང་སྤྲུག་ཕོ་བ་རྫིང༌། །དེ་གསུམ་དང་པོ་ཕྱི་ཆུ་འོར་ཡིན་ཏེ། །རྙིངས་པར་གྱུར་ན་ནང་དུ་ཆུ་རུ་སྨིན། །མཆིན་པ་དང་པོ་ཟགས་པ་གཡས་ནས་འཕེལ། །རྩ་གྲིམས་ཆུ་དམར་ཕུག་ན་རྒྱ་བཤལ་འབྱུང༌། །གསུས་པ་ཆེ་ལ་རྩ་བཀྲ་ཡན་ལག་སྐམ། །མཆེར་པ་ཟགས་པ་གཡོན་ནས་འཕེལ་བ་ལ། །ཆུ་ཡི་ནང་ན་མཆེར་པ་རྡོ་ལྟར་སྲ། །ཕོ་བ་སྦོ་འཁྲོག་འཇུ་སྟོབས་ཆུང་བ་ཡིན། །གློ་བ་ཟགས་པ་གློ་མང་གློ་སྙིང་སྤྲུག །ཟོས་རྗེས་ཕོ་བ་མི་བདེ་བཀྲག་མདངས་འཆོར། །ཕོ་ལོང་ཟགས་པ་སྦོ་འཁྲོག་ཕོ་བ་རྫིང༌། །དང་ག་མི་བདེ་ཤིན་ཏུ་འཇུ་སྟོབས་ཆུང༌། །འགྲངས་དང་གྲང་རྗེས་གླང་ཐབས་ལྟ་བུར་ན། །ཁྱད་པར་ཕོ་བ་ལོང་ཡུལ་ཆེ་བ་ཡིན། །སྐྲན་ཟགས་གསོག་པ་བུལ་ཞིང་ཡོད་ངོས་མང༌། །རྩ་ཁ་བྱེ་ནས་གསོག་རྐྱེན་ཟུག་གཟེར་ཆེ། །འཁྱིམས་ཆུ་འོག་རླུང་ལྡོག་ལ་ཆུ་བབས་ཆུང༌། །སྦོ་འཁྲོག་བྱེད་ལ་མྱུར་དུ་སྐྱེ་བ་ཡིན། །རྒྱུ་རྡོལ་རྒྱུ་སྨད་མི་བདེ་སྨད་ནས་སྐྱེ། །འདྲེ་ཆུ་ཤ་སྣ་འགུལ་ཞིང་སྙིང་མི་དགའ། །གདོང་ལ་ཆུ་བུར་འོང་ཞིང་སྣ་ཁྲག་འཛག །འཕར་རྩ་མི་གྲུང་ལྡང་དུབ་འདྲེ་ཁ་རྒོད། །ཡང་ན་ཤེས་པ་བྱིང་ལ་ཚིག་པ་ཟ། །མེ་ལོང་སྟེང་དུ་བྱིང་བྱིང་ཐུ་ལུ་འདྲ། །དུག་ལས་གྱུར་པ་དུག་གི་ནད་རྟགས་འབྱུང༌། །མདོར་བསྡུས་རླུང་མཁྲིས་བད་ཀན་འདུས་པས་སྒྱུར། །རླུང་གྱུར་འཁྲོག་འུར་ཟུག་ཆེ་འཕེལ་འབྲི་བྱེད། །ཆུ་སྔོ་དྲི་མ་སྲི་ལ་དབུགས་ངན་སྡོམ། །མཁྲིས་པ་མིག་སེར་ཤ་སྔོ་ཆུ་བབས་ཆུང༌། །རྩ་གྲིམས་ཆུ་མདོག་མར་ཁུ་བཙོད་ཁུ་འདྲ། །བད་ཀན་དབུགས་འདེག་སྐྲངས་ཆེ་འཇུ་སྟོབས་ཆུང༌། །ལུས་ལྕི་གཉིད་ཆེ་རྩ་བྱིང་ཆུ་མདོག་སྔོ། །དེ་ལ་འདྲེ་ཆུ་འཁྱིམས་ཆུ་ཕོ་ལོང་ཟགས། །བྱེར་ཆུ་གསོར་རུང་ཕྱི་མ་ཁས་མི་བླང༌། །མཁྲིས་པ་ལས་གྱུར་ཚ་ཆུ་མི་འཚོ་སྤང༌། །བད་རླུང་ལས་གྱུར་གྲང་ཆུ་གསོ་བར་ནུས།།

གསོ་ཐབས་དང་པོ་མངོན་ཚུལ་ཞུགས་དུས་སུ། །སེ་འབྲུ་བརྒྱད་དང་རྒོད་མ་ཁ་ཡི་ཕྱེ། །ལུག་ཤ་གསར་འཇམ་ཞུན་མར་དྲོད་བསྐྱེད་ལ། །འཇམ་བཤལ་ཆུ་སེར་སྦྱངས་པས་ཞི་བར་ནུས། །བར་དུ་ཆུ་རུ་རྒྱས་ཏེ་སྨིན་པའི་དུས། །དེ་ལ་བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས། །སྤྱི་རུ་དམུ་ཆུ་བཅོས་ཐབས་རྣམ་ལྔར་བཤད། །དང་པོ་ཆུ་བོ་འོལ་ཁ་བསྒྱུར་བ་དང༌། །གཉིས་པ་རྒྱ་མཚོ་གནས་སུ་བསྐམ་པ་དང༌། །གསུམ་པ་རྫིང་གི་འོར་ཁུང་བརྟོལ་བ་དང༌། །བཞི་པ་མཚོ་མོ་ཡུར་དུ་དྲངས་བ་དང༌། །ལྔ་པ་རྩ་ལ་འགག་མིག་གཞུག་པའོ། །ཆུ་བོའི་འོལ་ཁ་མ་བསྒྱུར་ན། །རྫིང་གི་སྐྱེ་ཆུ་གསོག་པ་འདྲ། །རྒྱ་མཚོ་གནས་སུ་མ་བསྐམས་ན། །ལུ་མ་ཅན་གྱི་ཆུ་མིག་འདྲ། །རྫིང་གི་འོར་ཁུང་མ་བརྟོལ་ན། །ཆུ་ཡིས་ལྟོང་མོ་འགེངས་པ་འདྲ། །མཚོ་མོ་ཡུར་དུ་མ་དྲངས་ན། །རྫིང་གི་འོལ་ཀ་མེད་པ་འདྲ། །རྩ་ལ་འགག་མིག་མ་བཅུག་ན། །ཞིང་པས་ཐན་གར་བཞག་པ་འདྲ། །དེ་ཕྱིར་བཅོས་ཚུལ་ལྔ་ལྡན་གཅེས། །དང་པོ་ཆུ་བོའི་འོལ་ཁ་སྒྱུར་བ་ནི། །མ་ཞུ་མེ་དྲོད་ཉམས་ལས་འབྱུང་བའི་ཕྱིར། །གྲང་བའི་ཆུ་ལ་སེ་འབྲུ་བཞི་པ་སྟེ། །ཚ་བའི་ཆུ་ལ་དེ་སྟེང་གུར་ཀུམ་བསྣན། །བུར་དཀར་སྦྱར་བ་ཆུ་སྐོལ་འཕུལ་ལ་བཏང༌། །ཕོ་བའི་མེ་དྲོད་སྐྱེད་ཅིང་མ་ཞུ་འཇུ། །བད་ཀན་བེ་སྣབས་རྩ་སྦུབས་འགགས་པ་སེལ། །དྭངས་མ་མ་ཞུ་ལུས་ཟུངས་རང་སོར་འཇུག །དེ་རྗེས་ཤིང་མངར་འུ་སུ་ལྕམ་པ་དང༌། །སྲུབ་གའི་འབྲས་བུ་འུག་སྒྲོའི་ཐལ་བ་རྣམས། །ཞུན་མར་སྦྱར་བཏང་སྐོམ་ལ་ཤིན་ཏུ་འཛེམ། །དྭངས་མ་དྲི་ཆུ་རང་ལམ་འཇུག་པར་བྱེད། །དེ་ཡིས་དང་ག་བདེ་ལ་སྐོམ་དད་ཆུང༌། །དྲི་ཆུའི་བུངས་ཆེ་ཕོ་བ་བདེ་བར་འགྱུར། །དེ་ནས་རྒྱ་མཚོ་གནས་སུ་སྐེམ་པ་ལ། །སྨན་དང་དཔྱད་དང་ཟས་དང་སྤྱོད་ལམ་བཞི། །སྨན་གྱིས་སྐེམ་པ་ཐོད་སྦྱོར་ཐལ་སྦྱོར་དང༌།  །བི་ཥ་རུས་སྦྱོར་དངུལ་ཟངས་སྦྱོར་བ་དྲུག །ཐོད་པའི་སྦྱོར་བ་མི་དང་ཕག་པ་དང༌། །རྟ་དང་འཕྱི་བ་དུར་ཐོད་གཙོ་བྱས་ལ། །ཨ་རུ་བ་རུའི་རུས་པ་ཝ་ཡི་སྙིང༌། །བྱང་སེམས་དཀར་དམར་བྱང་པ་ཤིང་ཀུན་དང༌། །རྒྱ་ཚྭ་དབྱི་མོང་སྲུབ་ཀའི་འབྲས་བུ་རྣམས། །འོ་མ་མར་དང་ཞག་ལ་འདག་པ་བྱ། །ནུས་ལྡན་བསྲེགས་ཐལ་སུག་སྨེལ་པི་པི་ལིང༌། །སེ་འབྲུ་སྡིག་སྲིན་ལྕམ་པ་སྲམ་གྱི་བྲུན། །ཁ་ཚར་བཏབ་ལ་འདུ་བའི་རྟ་དང་སྦྱར། །དམུ་ཆུ་རྒྱ་མཚོ་ཙམ་ཡང་སྐེམ་པར་ནུས། །ཐལ་སྦྱོར་ཐལ་སྨན་འཇམ་པོ་སུམ་གཉིས་ལ། །བཙན་དུག་ཨ་རུ་བཅུ་གཅིག་ཕོ་འགྲོན་བདུན། །ཅུ་གང་གུར་ཀུམ་ཚ་བ་རྣམ་པ་ལྔ། །ཚྭ་སྣ་ཚོགས་ཚད་ཡ་བཀྵ་ར་དང༌། །ས་རྫི་ཀ་དང་ཤ་རུ་དུར་ཐོད་ཐལ། །པྲི་ཡངྐུ་རྣམས་དྲི་ཆུས་འདམ་བཏགས་བྱ། །རིལ་བུ་སྲན་ཙམ་ཁྱེའུ་སུས་རིམ་པས་བསྐྱེད། །ཟླ་བ་གཅིག་གིས་རྒྱ་མཚོ་སྐེམས་པར་ནུས། །བི་ཥའི་སྦྱོར་བ་བཙན་དུག་ཆ་གཅིག་ལ། །ཨ་རུ་སུམ་གཉིས་སོ་སོར་ནུས་ལྡན་བསྲེག །འགྲོན་བུ་དུར་ཐོད་བུར་དཀར་རིལ་བུ་བྱ། །གྲང་ཆུའི་སྟེང་དུ་བསྐལ་པའི་མེ་བདུན་འདྲ། །རུས་སྦྱོར་དུང་དང་འགྲོན་བུ་དུར་རུས་དང༌། །ཉ་སྲམ་ཆུ་བྱའི་རུས་པས་གཙོ་བྱས་ལ། །མུ་ཟི་ཟངས་ཐལ་ཅོང་ཞི་ཨ་རུ་ར། །རུ་རྟ་ཚ་བ་གསུམ་དང་དབྱི་མོང་དང༌། །ཟེ་ཚྭ་ཐལ་ཚྭ་རྒྱ་ཚྭ་ཁ་རུ་ཚྭ། །རྒྱམ་ཚྭ་བྱང་ཚྭ་ཞིབ་བཏགས་ནུས་ལྡན་བསྲེག །དམུ་ཆུ་མ་ལུས་སྐེམས་པའི་གདམས་པ་སྟེ། །ཁྱད་པར་སྐྲན་ཟགས་ཆུ་ལ་བསྔགས་པ་ཡིན། །དངུལ་ཆུ་མུ་ཟི་སྟར་བུ་ཚ་བ་གསུམ། །ཚྭ་སྣ་བུ་རམ་རིལ་བུ་སྐེམས་ཀྱི་མཆོག །ཁྱད་པར་ཚ་ཆུ་སྐེམས་པའི་ཕ་ལམ་ཡིན། །ཟངས་ཐལ་སྦྱོར་བ་ཟངས་ཐལ་སུམ་གཉིས་ལ། །ལྕགས་ཐལ་སུམ་ཆ་ཤ་རུས་ཐོད་འགྲོན་ཐལ། །ཨ་རུ་རྡོ་དྲེག་ཏ་ཙ་ཚ་གྲང་གི །རྟ་ཡིས་བསྒྱུར་བས་རྒྱ་མཚོ་སྐེམས་པར་བྱེད། །ཁྱད་པར་དོན་ཟགས་ཆུ་ལ་བསྔགས་པ་ཡིན། །ཡང་ན་ཟངས་ལྕགས་དངུལ་ཐལ་ཡ་བཀྵ། །མུ་ཟི་རྒྱ་ཚྭ་དབྱི་མོང་ཙི་ཏྲ་ཀ །ཨ་རུ་ཚ་བ་གསུམ་དང་ཀ་ར་སྦྱར། །ཚ་གྲང་ཐུན་མོང་སྐེམས་པར་བྱེད་པ་ཡིན། །ཁ་ཟས་ལུག་ཤ་ཟན་དྲོན་གཡག་རྒོད་ཤ །ཚོ་ཁུ་སྤོད་བྲན་མར་ཟན་ཆང་འཇམ་བསྟེན། །འཇུ་དཀའ་སྔོ་ངད་ཟས་ངན་བསིལ་ཟས་སྤང༌། །ཚ་ཆུ་དྲོད་བཅུད་ཧ་ཅང་དྲགས་པ་དང༌། །སྤྱོད་ལམ་བསེར་བུ་རླན་གྲང་དྲག་ཤུལ་སྤང༌། །དྲོ་བའི་གནས་འདུག་མི་རྔུལ་བག་ཙམ་བཅག །དཔྱད་དུ་གཡི་སྤྱང་པགས་པའི་སྤུ་དུགས་བྱ། །ཁྱི་ཡི་པགས་པ་དྲོ་ཡང་དང་ག་འགྲིབ། །ལྟེ་བ་བཞི་སྒྲོམ་ལྷེན་སྣའི་རྩེ་མོ་དང༌། །སྒྲོག་རུས་གཤོང་དང་དང་པོ་བཅུ་གཉིས་བསྲེག །གང་ལ་བབས་པའི་གསང་སྒོ་མེ་ཡིས་བསྡམ། །ཚ་བའི་ཆུ་ལ་རུ་ཐུང་སྣོད་ཀ་གཏར། །གསུམ་པ་རྫིང་གི་འོར་ཁུང་བསལ་བ་ནི། །ཆུ་བཤལ་ཆུ་སྦྱོངས་འཕྲུལ་འཛག་རྣམ་པ་གསུམ། །དམུ་རྫིང་བུ་ག་འགགས་ལས་འབྱུང་བའི་ཕྱིར། །འདི་ལ་གཉེན་པོ་སྦྱོང་འདྲ་གཞན་ན་མེད། །ཆུ་བཤལ་ཨ་རུ་མཆུ་སྙུང་ཟངས་དྲེག་དང༌། །དནྡ་དུར་བྱིད་དོང་ག་ཤྲཱི་ཁཎ། །ཐར་ནུ་ཁྲོན་བུ་རེ་ལྕག་ལྕུམ་རྩ་དང༌། །སྔོན་བུ་ཆུ་མ་རྩི་དང་པི་པི་ལིང༌། །རྒྱ་ཚྭ་བུ་རམ་རིལ་བུ་ཆང་གིས་དབུལ། །སྔོན་འགྲོ་ཕྱི་རྗེས་ལས་ལྔ་སྤྱི་དང་མཐུན། །དེ་ཡིས་རྩ་ཁ་འབྱེད་ཅིང་ཆུ་རྣམས་སྡུད། །དེ་རྗེས་སེ་འབྲུ་ཤིང་ཚ་པི་པི་ལིང༌། །སུག་སྨེལ་གུར་ཀུམ་གླ་རྩི་བོང་ང་དཀར། །བྲག་ཞུན་སྤོས་དཀར་འུ་སུ་ལྕམ་པ་དང༌། །རྒྱ་ཚྭ་རྒྱམ་ཚྭ་སྡིག་སྲིན་གསེར་བྱེ་མ། །ཨ་རུ་བྱང་པ་བུ་རམ་རིལ་བུ་བྱ། །ཆང་གིས་འཕུལ་བས་ཆུ་རྣམས་གསང་བར་འདྲེན། །ཆུ་འདྲོངས་ཆུང་ན་ཉི་དགའ་པི་པི་ལིང༌། །ཤིང་ཚ་བསྡུས་པའི་ཁུ་བ་ལྕག་ཏུ་བཏང༌། །ཡང་ན་ཆུ་མ་རྩི་དང་ཨ་རུ་ར། །སེ་འབྲུ་སུག་སྨེལ་ཤིང་ཚ་པྲི་ཡངྐུ། །གླ་རྩི་བྲག་ཞུན་གུར་ཀུམ་བོང་ང་དཀར། །མོན་ལྕམ་རྒྱམ་ཚྭ་རྒྱ་ཚྭ་སྡིག་སྲིན་དང༌། །སྦུར་མགྱོགས་འུ་སུ་བྱང་པ་ཆང་གིས་དབུལ། །ཡང་ན་སྔོན་མོ་ཆབ་འདྲེན་སྙིམ་པ་གང༌། །རག་ཤ་མིག་མེད་བཅུ་རྣམས་རྩི་བཞིན་བཏགས། །དྲོད་སྨན་རིལ་མོ་ཆུ་བྲེ་གང་ལ་བསྡུ། །ཕྱེད་འདུས་རྒྱུན་དུ་སྐོམ་དུ་བཏང་བར་བྱ། །ཡང་ན་བོང་རྨིག་གཡས་གཞུར་ཞོ་གསུམ་དང༌། །བུ་རམ་ཞོ་གཉིས་རྒྱ་ཚྭ་ཞོ་གཅིག་རྣམས། །རིལ་བུ་བྱས་བཏང་དེ་དག་ཐམས་ཅད་ཀྱིས། །གསང་བའི་ལམ་དུ་རྒྱ་མཚོ་འདྲོངས་པར་ངེས། །ཀུན་གྱིས་འདྲོངས་དཀའ་གཉེན་པོའི་ཆུ་སྦྱོངས་ནི། །རྒྱ་ཚྭ་སྡིག་སྲིན་སུག་སྨེལ་གུར་ཀུམ་མཚལ། །གླ་རྩི་ཚ་ལ་སྤོས་དཀར་པི་པི་ལིང༌། །གཟེ་མ་ལྕམ་པ་འབུ་སྐྱོགས་བྱང་པ་རྣམས། །རྩི་བཞིན་བཏགས་ལ་བུར་གར་ཕྱེད་དང་སྦྱར། །སྲད་དཀར་ཐང་གིས་སྔ་དྲོ་དགོང་མོ་དབུལ། །ཡང་ན་རྒྱ་ཚྭ་དུར་བྱིད་ཨ་རུ་ར། །ཟངས་དྲེག་བྱང་པ་བུ་རམ་རིལ་བུར་དྲིལ། །ནང་མ་ལྔ་བདུན་ཆུ་སྐོལ་འཕུལ་ལ་བཏང༌། །རྒྱ་མཚོ་ཙམ་ཡང་འདྲོངས་པར་ཐེ་ཚོམ་མེད། །འཕྲུལ་འཛག་རྣོན་པོ་(དནྡ་དུར་བྱིད་དོང་ག་)གསུམ་དང་སྦྱོང་བྱེད་(སྔོན་བུ་ཁྲོན་བུ་ཐར་ནུ་)གསུམ། །སེར་པོ་གསུམ་དང་སྔོ་ཡི་ཚ་བ་གསུམ། །འབྲས་བུ་གསུམ་དང་ཆུ་ལམ་འཛུད་པ་(རྒྱ་ཚྭ་སྡིག་སྲིན་གླ་རྩི་)གསུམ། །སྣ་སེལ་(ཚ་བ་)གསུམ་དང་འདྲེན་པར་བྱེད་པ་(ཚ་ལ་ལི་ཤི་མོན་ཆ་ར་)གསུམ། །མི་གདུག་པ་ཡི་སྨན་(བྱང་པ་ཤིང་མངར་ལྕམ་པ་)གསུམ་སྨན་རྟ་གསུམ། །ཞིབ་བཏགས་ཆང་འཕུལ་རྩ་ལྟོ་གཉིས་ནས་སྦྱོང༌། །ལུས་ཟུངས་བཟང་ན་ཞག་རེ་སྨན་གྱིས་སྦྱང༌། །ཞག་རེ་ཟས་ཀྱིས་ལུས་ཟུངས་གསོ་བར་བྱ། །ཟུངས་ངན་ཟས་ལ་ཞག་གཉིས་སྨན་ལ་གཅིག །དེ་ལྟར་སྤེལ་བའི་ཆུ་སྦྱོངས་ལྕག་གིས་བསྐུལ། །ཟས་སྨན་མ་སྤེལ་ཆུ་ལམ་ཟས་ཀྱིས་འགག །དེ་ཕྱིར་ཟས་སྨན་འཐེང་འགྲོས་ཤེས་པར་གྱིས། །བཞི་པ་མཚོ་མོ་ཡུར་དུ་དྲངས་བ་ནི། །རྩ་ནས་གཙག་དང་གསང་ནས་གཙག་པ་གཉིས། །དང་པོ་ཤ་རུ་མགོ་རུས་ཡ་བཀྵ། །ཙ་བྱ་སྤེན་ཐལ་བ་ཆུས་རྩ་ལམ་སྦྱང༌། །ཆུ་སེར་གདོང་རྩ་རྒྱུན་དུ་གཏར་བར་བྱ། །རྐང་པའི་སྐྲངས་ཆེ་སྦང་གར་བག་ཕྱེ་སྦྱར། །པུས་མོ་མན་ཆད་བྱུགས་ལ་དེབ་བཏང་བཅིང༌། །མཐེ་བོ་བོར་བའི་སོར་མོ་གསུམ་གྱི་བར། །མཚོན་གང་བཅལ་པར་ཕུག་ལ་ཆུ་སེར་དབྱུང༌། །ཆུ་ཐག་ཆོད་ནས་རྨ་དེ་སྤྲ་བས་བསྲེག །ཐམས་ཅད་བརྡུགས་ན་གསང་གནས་གཙག་པར་བྱ། །གསང་ནི་རྒྱབ་ཀྱི་རྩིབ་ཐུང་གཉིས་ཀྱི་མཆན། །མདུན་གྱི་ལྷེན་གསང་ལྟེ་བ་ཡན་ཆད་དུ། །ཆུ་མཚམས་པགས་པ་སྲབ་པའི་འབྲི་དམིགས་ཡིན།།རྐེད་པར་ཆུ་ཆིངས་སྣམ་བུས་མས་ཡར་བསྡམ། །སྐྱིལ་ཀྲུང་ཁད་མཉམ་སྟན་འདུག་ལུས་པོ་བསྲང༌། །རྫེམས་དང་རྫེམས་འཛིན་རྩ་སྟེང་མ་ཡིན་པར། །སྦུབས་ཐུར་སྨྱུ་གུ་ཁ་ཡིས་སོར་གཉིས་དབུག །བྲེ་ཕྱེད་ཕུལ་དོ་ཆུ་བོངས་སྦྱར་ལ་དབྱུང༌། །འདོན་པ་མང་ན་ཆུ་ཚབ་ཟུག་གཟེར་སྐྱེ། །ཕུག་ཤུལ་དུང་དང་འགྲོན་བུ་རྩིབ་བསྲེགས་གླན། །ཕྱིང་བ་བག་འདག་སྦྱར་བ་སྣམ་བུས་བཅིང༌། །ཆུ་ཁ་རླུགས་ན་ཆུས་བོར་སྲོག་དང་འབྲལ། །དེས་ན་སྔ་མའི་རྨེན་པ་མ་བརྟས་པར། །ཕྱི་མ་མི་དབུག་ཕུག་ན་གཤེད་མ་བྱེད། །དེ་ནས་ནས་རེ་རིམ་པས་ཇེ་དམའ་དབུག །གཙག་དང་སྐེམ་པ་སྦྱོངས་སུ་སྤེལ་ལ་བཅོས། །བཙགས་པའི་ཆུ་པྲ་ཆུ་དང་འདྲ་ན་འཚོ། །ལྗང་གུ་སེར་པོ་འཚོ་དཀའ་དམར་སྨུག་འཆི། །ལྔ་པ་རྩ་ལ་འགག་མིག་གཞུག་པ་ནི། །དོམ་མཁྲིས་གླ་རྩི་བྲག་སྤོས་གུར་ཀུམ་བཞི། །སྦྲང་དང་སྦྱར་བས་རྩ་ཁ་སྡོམ་པར་བྱེད། །སྐེམས་ཀྱི་སྐབས་བཤད་མེ་དམིགས་བསྲེག་པ་བསྐྱར། །ཁྱད་པར་སྟེང་འོག་བར་(དང་པོ་བཅོ་བརྒྱད་བཅུ་གསུམ་)གྱི་ཆུ་སྒོ་བསྡམ། །དེ་ནས་དམུ་ཆུ་བྱེ་བྲག་བཅོས་པ་ནི། །བྱེར་ཆུ་རྣམ་གསུམ་སེ་འབྲུས་ཕོ་བ་བསྲུང༌། །དེ་རྗེས་ཁྲག་བྱེར་ཉི་ཤུ་རྩ་ལྔ་ཡིས། །དྭངས་སྙིགས་ཕྱེ་ལ་འཇམ་པའི་བཤལ་གྱིས་སྦྱང༌། །རྩ་ཁ་མང་དུ་ཕྱེ་ལ་ཉུང་དུ་གདོན། །ཟས་སྐོམ་བསིལ་དྲོད་སྤེལ་ལ་སྙོམས་པར་བཅོས། །མཁྲིས་བྱེར་(དནྡ་དུར་བྱིད་སྤོས་དཀར་)བ་ཆུའི་སྦྱོངས་བཏང་ཕོ་གསང་བསྲེག །རུས་ཐལ་སིག་ནེའི་སྦྱོར་བས་(བཟང་དྲུག་ཚ་བ་གསུམ་འགྲོན་ཐོད་ཐལ་བ་བྲག་ཞུན་སོ་མ་ཀ་ར་)རང་སར་སྐེམ། །ཟས་སྐོམ་གོང་བཞིན་དྭངས་མ་ཆུ་བྱེར་ལ། །མེ་ཡིས་སྟོད་སྨད་བར་གྱི་ཆུ་གསང་བསྡམ། །ཟས་སྐོམ་དྲོད་བསྟེན་རུས་ཐལ་སྦྱོར་བས་བསྐམ། །དེ་རྣམས་དང་པོ་ཕྱི་ཆུའི་དུས་སུ་བསྟེན། །མ་ཐུབ་རྙིངས་ན་སྤྱི་བཅོས་རྣམ་ལྔ་གཅེས། །མཆིན་པའི་ཟགས་ཆུ་བྲག་ཞུན་(གུར་ཀུམ་སོ་མ་ར་ཛཱ་དོམ་མཁྲིས་ཟངས་ཐལ་འགྲོན་ཐལ་བཟང་དྲུག་གི་)སྦྱོར་བས་བསྡམ། །རུ་ཐུང་རྩ་གཏར་དངུལ་ཆུའི་སྦྱོར་བས་བསྐམ། །མཆེར་ཟགས་རུ་ཐུང་གཡོན་གཏར་བྱི་ཏང་ག །ཤུ་དག་རྒྱ་ཚྭ་འོ་མར་བསྐོལ་བ་བླུད། །ཤི་ཀྲུ་བསྐོལ་བར་རྒྱམ་ཚྭ་པི་པི་ལིང༌། །ཙི་ཏྲ་ཀ་བཏབ་མཆེར་ཟགས་དམུ་ཆུ་སྐེམ། །གློ་ཟགས་སེ་འབྲུ་ལྔ་པས་ཕོ་བ་བཟུང༌། །ཟངས་ཐལ་སྐེམས་བསྟེན་རྗེས་ལ་དྲུག་བདུན་བསྲེག །ཕོ་ལོང་ཟགས་དང་འཁྱིམས་ཆུ་ཟས་དྲོད་དང༌། །ཐལ་སྦྱོར་བི་ཥའི་སྐེམས་སྦྱོར་བསྟེན་པར་བྱ། །ཤིང་ཀུན་ཙ་བྱ་སྒོག་སྐྱ་རྩ་བ་ལྔ། །སྨན་མར་འཇམ་རྩི་བཏང་བས་སྐེམས་གྲོགས་འགྱུར། །སྐྲན་ཟགས་འབྲས་གསུམ་ཚ་བ་གསུམ་པོ་དང༌། །བྱི་ཏང་ག་དང་ལྕགས་ཕྱེ་ཙི་ཏྲ་ཀ །ཐལ་སྨན་སྦྲང་དང་སྦྱར་ཏེ་བཏང་བར་བྱ། །ཐལ་སྦྱོར་རུས་སྦྱོར་བཤིག་སྐེམས་དུས་གཅིག་བྱེད། །རྒྱུ་རྡོལ་མི་འཚོ་གདོན་ཆུ་རིམ་གྲོས་བཅོས། །དུག་ལས་གྱུར་ན་སྐེམས་སྦྱོར་གཉེན་པོར་བསྟུན། །རླུང་མཁྲིས་བད་ཀན་གང་ཤས་ཆེ་བའི་ཆུ། །སྨན་དཔྱད་ཟས་སྤྱོད་དེ་ཡི་གཉེན་པོར་སྦྱར།།

མི་ལྡོག་རྗེས་གཅོད་སྔོ་ངད་འཇུ་དཀའི་ཟས། །འཇིག་ཟས་རྟ་ཞོན་ཉལ་པོ་འགྲོ་འདུག་དང༌། །རླན་གྲང་ཟས་སྤྱོད་མི་འཕྲོད་ལོ་དུས་བསྲུང༌། །སྐེམས་ཀྱི་སྨན་རྣམས་ནང་རེ་རྒྱུན་མི་བཅད། །བོང་ཤ་རྩ་བ་ལྔ་ཡི་སྨན་མར་དང༌། །ད་བྱིད་སྐྱིན་གོར་ལུས་ཟུངས་གསོ་བར་བྱ། །དེ་ཡིས་འཆི་བདག་དམུ་ཆུ་ཟློག་པར་ངེས། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གཅོང་ཆེན་དམུ་ཆུ་བཅོས་པའི་ལེའུ་སྟེ་བཅུ་པའོ།། །།


 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 3:19 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།