སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་དྲུག་པ། རྒྱས་པའི་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.02.2021
མན་ངག་རྒྱུད། >>

 

ལེའུ་བཅུ་དྲུག་པ། རྒྱས་པའི་ཚ་བ་བཅོས་པ།

དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས། །ཚ་བ་རྒྱས་པའི་རྒྱུ་རྐྱེན་ངོ་བོ་གང༌། །ཚ་བ་རྒྱས་པའི་མིང་དུ་ཅི་ལྟར་བཏགས། །དབྱེ་བ་རྟགས་དང་བཅོས་ཐབས་བཤད་དུ་གསོལ། །དེ་ལྟར་ཞུས་པའི་དོན་ལ་དོན་སྤྱི་གསོལ་བའི་མཚན་ལ་རྗེས་ཞུ་འཁྱགས་གསུངས་ཚར་རོ།།

དང་པོ་ལ་སྤྱི་དོན་བདུན་ལས་ལན་གསུངས་པ། །རྒྱས་ཚད་རྒྱུ་ནི་གནོད་བྱེད་མཁྲིས་པ་ནད་གཞི་མཁྲིས་པ་ཚ་རྣོ་དྲི་བ་བསྣམས་པའི་ཚ་རྣམ་པར་མ་གྱུར་པ་ཐ་མལ་དུ་གནས་པ་སྟེ། །ངོ་བོ་ཚ་ཞིང་རྣོ་ལ་དྲི་མ་གསུམ་པོ་རབ་མཆོག་ཏུ་འཕེལ་ཞིང་རྒྱས་པ་གང་ཞིག་རྒྱུ་སྟོབས་སུ་གྱུར་པ་དེ་ཙམ་ཞིག་དཔྱད་པ་ཡོད་དེ་མནམ།།

 དེ་ལ་རྒྱས་པའི་སྤྱི་དོན་གཉིས་པ་རྐྱེན་ནི་རང་བཞིན་གྱིོས་རྒྱས་པ་དང༌། །དུས་ཀྱིས་རྒྱས་པ་དང་རྐྱེན་གྱིས་རྒྱས་པ་འོ། །དང་པོ་རང་བཞིན་གྱིས་རྒྱས་པ་ནི་མ་མོ་མཁའ་འགྲོ་འཁྲུགས་པ་དང༌། །སྟོན་དཔྱིད་ཚ་སྒོའི་ཡུལ་དུས་འཛོམ་པ་དང༌། །ཤ་ཆང་ལ་སོགས་ཟས་སྐོམ་དྲོད་བཅུད་དྲགས། །སྤྱོད་ལམ་དྲག་ཤུལ་རྐྱེན་གྱིས་འཁྲུགས་པ་ལས། །ངོ་བོའི་མཚན་ཉིད་ལུས་ཟུངས་བསྲེག་ཆིང་འདྲུལ་བས་ཚ་བ་ལས་གྱུར་པ་རྣོ་དྲོའི་མཁྲིས་པའི་མེ་དྲོད་ཚད་ཐང་ལ་ལྷགས། །ལུས་ཟུངས་ཁྲག་དང་དྲི་མ་རྔུལ་ལ་རྒྱས་པའོ། །གཉིས་པ་དུས་ཀྱི་རྒྱས་པ་ནི་ཚ་བ་སྨིན་དང་ཚ་བའི་སྒང་ཤུགས་རྫོགས་པ་ལ་བབས་པའོ།གསུམ་པ་རྐྱེན་གྱིས་རྒྱས་པ་ནི་མ་སྨིན་ཚ་བ་ལ་ཡུལ་ཚད་སྒོ་དུས་སྟོན་དཔྱིེདདང༌།།

 སྤྱི་དོན་གསུམ་པ་རང་བཞིན་མཁྲིས་པའི་ན་སོ་དར་མ་གནས་ཚ་གདུང་སྟོན་དང་ནད་ཁམས་རྣམས་ཁྲག་མཁྲིས་ཤས་ཆེ་བ། །མཁྲིས་པར་འདོམ་ལ་ཤ་ཆང་ཟས་སྤྱོད་དྲག་ཤུལ་ལོག་པ་རྒྱས་པ་ཡིན།།

སྤྱོ་དོན་བཞི་བ་ནད་སྨིན་ལ་ཤུགས་ཚ་བ་རང་སྟོབས་རྫོགས་སྡོང་ཟླ་མེད་པའི་རྐྱང་པའི་ཚ་བ་དེས། །ལུས་ཟུངས་སྲེག་པར་བྱེད་ཕྱིར་རྒྱས་ཞེས་བྱ། །དཔེར་ན་ལུས་ཟུངས་ཤིང་སྐམ་དང་འདྲ་བའི་ཚ་བ་མེ་ཡི་ཕུང་པོ་དང་འདྲ།།

སྤྱི་དོན་ལྔ་བ་དབྱེ་བ་རིགས་དང་སྟོབས་དང་བབས་སྒོས་དབྱེ། །དང་པོ་རིགས་ཀྱིས་དབྱེ་ན་རིམས་རྒྱས་འཁྲུགས་རྒྱས་གཉིས་འདྲེས་པས་ཁོང་དུ་འདུའོ། །གཉིས་པ་སྟོབས་ཀྱིས་དབྱེ་ན་སྟོབས་ཆེན་སྟོབས་ཆུང་གཉིས། །གསུམ་པ་བབས་སྒོས་དབྱེ་ན་སྤྱི་དང་བྱེ་བྲག་གཉིས། །བཞི་པ་བྱེ་བྲག་སྙིང་སྲོག་གློ་མཆིན་མཆེར་མཁལ་དྲུག །ཕོ་བ་མཁྲིས་པ་བརྒྱད་ལ་རྒྱས་པའོ།།

སྤྱི་དོན་དྲུག་པ་རྒྱས་པའི་དུག་ལུས་ཕྱིར་ཁྱབ་པས་རང་བཞིན་གྱིས་འདུལ་ལོ་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་རྟགས་རྩ་ནི་སྦོམ་ལ་དྲག་པ་དང༌། །འབུར་འདྲིལ་མཁྲང་གྲིམས་མྱུར་ལ་མགྱོགས་པར་འཕར། །ཆུ་མདོག་དམར་སེར་དྲི་མནམ་རླངས་པ་ཆེ། །ལུད་པ་དམར་སེར་དུད་ཁ་མང་དུ་ལུ། །དབུགས་ཐུང་གཟེར་དྲག་ཁ་སྐམ་སོ་དྲེག་ཆགས། །ལུས་ལྕི་དང་ག་མི་བདེ་སྐོམ་དད་ཆེ། །སྙིང་ལ་བསིལ་འདོད་ལུས་ལ་རྔུལ་དྲི་མནམ་རིམས་འཁྲུགས་གཉིས་ཀའི་རྟགས་སོ། །ཁྱད་པར་རིམས་རྒྱས་མགོ་ན་ཟ་ཟི་མང༌། །སྟོབས་ཆེན་སྟོབས་ཆུང་ནད་ཀྱི་སྟོབས་ལས་དཔག །གཉིས་པ་བྱེ་བྲག་སྙིང་ལ་ཚ་བ་རྒྱས་པ་ནི། །མྱོས་ལྡན་ར་རོ་བ་ལྟར་དྲན་པ་མི་གསལ་གོས་ལ་འབྲད་པའམ་འཐོམ་པ་ལྟར་སྡང༌། །ལྕེ་སྐམ་གཞུང་ནག་པ་གཉིད་དང་སྐོམ་དད་ཆེ། །དང་ག་འགག་ལ་ནུ་མའི་སྟེང་དུ་གཟེར། །སྲོག་རྩར་བབས་པས་ཕུས་འདེབས་ཤེས་པ་འཁྲུལ། །གོས་ཀྱི་རྔུལ་སེལ་མིག་དམར་གནམ་ལ་བལྟ། །གློ་ལ་རྒྱས་ན་དབུགས་ཐུང་བྲང་རྒྱབ་གཟེར། །མགོ་འཁོར་དབུགས་རྔམ་སྐད་འགག་གློ་སྙིང་རྡུང༌རྡེབ་པ་  མཚན་མོ་ཉལ་ཁར་གློ་མང་ཁ་གདོང་སྐྲངས། །མཆིན་པར་རྒྱས་ན་མིག་དམར་ལུད་པ་སེར། །རྩིབ་ལོགས་གཡས་ཀྱི་སྟེང་དང་མཆིན་དྲི་གཟེར། །མཆེར་རྒྱས་ཁོང་སྦོ་གཡོན་གྱི་རྩིབ་ལོགས་གཟེར། །དབུགས་རྒོད་ལྕེ་སྐྱ་མཆུ་ནག་པུས་མོ་སྐྲངས། །རྐང་ལག་སྦྲིད་ཅིང་རྐེད་པ་ཆག་སྙམ་བྱེད། །མཁལ་རྒྱས་ཆུ་སྲི་རྐང་བཤལ་མཁལ་རྐེད་གཟེར། །ཆུ་དམར་ཚ་རླངས་མགོ་འཐོམ་རྣ་བ་འོན། །ཕོ་བར་རྒྱས་ན་གླང་ཐབས་ན་ཞིང་སྐྱུག །གྲང་དྲོ་གཉིས་ཀ་ན་ལ་ལྟག་པའི་རྒྱབ་ཕྱོགས་སཡ་མིག་གིས་བལྟ་བར་བྱེད། །མཁྲིས་པར་རྒྱས་ན་ཁ་ཁ་མིག་ཆུ་སེར། །དང་ག་འགག་ལ་མཁྲིས་པ་སྐྱུག་པར་འགྱུར།།

སྤྱི་དོན་བདུན་པ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་པའི་ཚུལ་དང་གཉེན་པོའོ། །དང་པོ་བཅོས་ཚུལ་ཚ་བ་སྟོབས་ཆེན་ལ་གཉེན་པོ་དར་དྲག་པས་ཐོག་བབས་བསད། །སྟོབས་ཆུང་ཚ་བ་འཇམ་པོ་ལ་གཉེན་པོ་ཞི་བས་བཅོས། །དང་པོར་ཐང་གིས་ཚད་བའི་རླངས་པ་བསད་བར་དུ་ཁྲག་དང་རྔུལ་དབྱུང་གསོད་ཐང་དང་བསིལ་ཕྱེ་ལོ་མ་བྲབ། །ཐ་མ་བཤལ་སྦྱོང་དང་དཔྱད་ཀྱིས་རྩ་བ་བཅད་པའི་ཚུལ་དུ་བཅོས། །གཉིས་པ་ལའང་གཉིས་པ་སྤྱི་དང་བྱེ་བྲག་གོ། དང་པོ་གཉེན་པོ་སྨན་དཔྱད་ཟས་དང་སྤྱོད་ལམ་བཞི། །དང་པོ་སྨན་གྱིས་བཅོས་པ་ཞི་དང་སྦྱོང་བ་གཉིས། །དང་པོ་ཞི་བྱེད་སྨན་ལ་ཐང་དང་ཕྱེ་མ་སྟེ། །དེའི་དང་པོ་ཐང་ལ་ནད་ཟུངས་དབྱེ་བའི་ཐང་དང་ཚད་པ་བསད་ཐང་གཉིས། །དང་པོ་དབྱེ་ཐང་ཏིག་ཏ་སླེ་ཏྲེས་སྐྱུ་རུ་ར། །བ་ཤ་ཀ་ཡི་བསྐོལ་གྲང་ནད་ཁྲག་འབྱེད། །དེ་ལྟར་དབྱེ་ཐང་མེད་པར་ཁྲག་གཏར་བས། །ཟུངས་ཁྲག་ནད་ལ་ཤོར་ཏེ་ཉེས་པ་ཆེ། །གཉིས་པ་བསད་ཐང་སླེ་ཏྲེས་སྐྱུ་རུ་བ་ལེ་ཀ །དེ་གསུམ་པོ་འགྱུར་མེད་གཞིར་བཞག་ནས་ཚ་བ་རབ་འབྲིང་གིས། །ཚ་བ་རབ་ལ་ཧོང་ལེན་འབྲིང་ལ་ཏིག་ཏ་ཐ་མ་ལ་བ་ཤ་ཀ་སྦྱར་བ། །བསྐོལ་གྲང་ཁུ་བ་རྒྱས་ཚད་འཇོམས་པའི་མཆོག །ཡང་ན་རླུང་ཤས་ཅན་ལ་སླེ་ཏྲེས་བྱི་ཚེར་འབྲས་བུ་ཨ་བར་སྐྱུར་གསུམ། །མཁྲིས་ཤས་ཆེ་ན་ཏིག་ཏ་ཧོང་ལེན་བོང་ང་དཀར་པོ་དང༌། །ཡང་ཁྲག་ཤས་ཆེ་ན་རྒྱ་སྐྱེགས་བ་ཤ་ཀ་དང་འབྲས་བུ་ཨ་བར་སྐྱུར་གསུམ། །བད་ཀན་ཤས་ཆེ་ན་མ་ནུ་བྷ་དྲ་དང་པུཥྐར་ཁམས་རུས་ར་ཨ་བར་སྐྱུར་གསུམ་ཨུཏྤལ་ལ། །སྦྱོར་སྡེ་དེ་བཞི་ག་ལ་ག་དུར་ཀུན་ལ་བསྲེས་པའི་བསྐོལ་གྲང་ཐང༌། །སྦྱོར་སྡེ་དང་པོ་རླུང་གཉིས་པ་མཁྲིས་གསུམ་པ་ཁྲག་དང་བཞི་བས་བད་ཀན་ཚ་བ་འཇོམས། །གཉིས་པ་ཕྱེ་མས་བསད་པ་ཚ་བ་སྟོབས་རྒྱས་ལ། །ག་བུར་རྒྱལ་བློན་ག་བུར་ཅུ་གང་སྟེང་འཁྲུགས་ལ་ཙན་དན་དཀར་པོ་རིམས་ལ་བོང་ང་དཀར་ཁྲག་ལ་གུར་གུམ་གསུམ་དང་དེའི་སྟེང་(གུར་ཀུམ་ཧོང་ལེན་བ་ཤ་ཀ་ཏིག་ཏ་བསྣན་པའི་)བདུན་དང་(ག་བུར་ཕྱི་རྒྱུད་གཙོ་བརྒྱད་ལ་བསྣན་པའི་)དགུ་པ་སྦྱར།།ཚ་བ་འབྲིང་ལ་གི་ཝཾ་(བསིལ་གསུམ་ཙན་དན་གླ་རྩི་བོང་དཀར་ཨ་རུ་ཀ་ར་)ཙན་དན་(བསིལ་གསུམ་ག་དུར་ཨུཏྤལ་ཏིག་ཏ་ཤིང་མངར་ཀ་ར་)བརྒྱད། །ཚ་བ་ཐ་མ་ཅུ་གང་(གུར་ཀུམ་སུག་སྨེལ་བྲག་ཞུན་ཏིག་ཏ་ཨ་རུ་མཚལ་པི་ལིང་ཀ་ར་)བརྒྱད་པ་དང༌། །གུར་ཀུམ་(ཅུ་གང་བ་ལེ་ཀ་ཨུཏྤལ་བ་རུ་ར་མཚལ་ཏིག་ཏ་)བདུན་དང་ཐང་ཆེན་(ཏིག་ཏ་དུག་ཉུང་གསེར་མེ་ག་དུར་སྐྱུ་རུ་ཧོང་ལེན་བ་ཤ་ཀ་ཀ་ར་)བདུན་པ་སྦྱར། །གཉིས་པ་སྦྱང་བ་ཚ་བ་སྨིན་དང་སྣོད་དུ་ལྷུང༌། །མཆིན་མཁྲིས་ལ་བབས་བཅོས་སྐྱེད་ཆུང་བ་དང༌། །རྩ་ཤེད་མ་ཤོར་ལུས་ཟུངས་བཟང་བ་ལ། །ཨ་རུ་མཆུ་སྙུང་ལྕུམ་རྩ་གསེར་མེ་ཏོག །ཧོང་ལེན་བ་ཆུར་བསྐོལ་ཏེ་གྲང་པ་བཏང་། །སྐྱུག་ན་བསྲུང་ཞིང་ཕིགས་ནས་ལྕག་གིས་བསྐུལ། །རྗེས་ལ་ཆུ་གྲོག་འབྲས་དང་ཞོ་ཡིས་བཅད། །ནད་དངོས་གདོན་བྱེད་གསོ་དཔྱད་གཙོ་བོ་ཡིན། །གཉིས་པ་དཔྱད་ཀྱིས་བཅོས་པ་གཏར་རྔུལ་ཆུ་དུགས་བཞི། །སྨན་གྱིས་མ་ཆོམས་པ་ལ་དང་པོ་གཏར་གྱིས་དབྱུང་བ་སྟེ། །གང་རྒྱས་པའི་རྩ་དང་ཡང་ན་གང་བབས་རྩ་ལ་སྟོད་ནད་ལ་རྩེ་ཆུང་དང་དྲུག་གོ།། སྨད་ནད་ལ་རྩ་བོ་ཆེ་དང་ལོང་རྩ་བྱིབ་གཞུག་ བར་ནད་ལ་སྣོད་ཀ་དང་རུ་ཐུང་། རྒྱབ་ནད་ལ་སྒང་རྩ་དང་དྲུག་མགོ། མདུན་གྱི་ནད་ལ་སྣོད་ཀ་དང་རུ་ཐུང་གཏར། །སྔོན་འགྲོ་དངོས་གཞི་ཕྱི་རྗེས་སྤྱི་དང་མཐུན། །འགྲམས་ཚད་དང་འཁྲུགས་ཚད་ཀྱི་ཁྲག་ངན་ནི་གང་རྩ་དང་དོན་ལྔ་ལ་ལྷག་པ་ཡིན་པས། །དེ་ཕྱིར་གསོ་དཔྱད་གཙོ་བོ་གཏར་བ་ཁོ་ན་ཡིན། །གཉིས་པ་ཚ་བ་བ་སྤུར་འདྲེན་བྱེད་རྔུལ་དུ་དབྱུང༌། །ར་དཀར་པོའི་རྭ་རྩེ་གཡས་པའི་གཞོབ་དང་ལུག་ཐོང་ཚེར་གྱི་སོག་པའི་བལ་ཚི་སྦྱར་ལ་ཁུབ་ཕྱུང་བས་། །འཇམ་བསྲོས་ལུས་པོ་ཀུན་ལ་ཁྱབ་པར་བྱུག །དེ་སྐམས་རྗེས་ལ་ག་བུར་ཅུ་གང་ཙན་དན་རྒྱལ་བློན་གསུམ། །ལུག་ཤ་པ་སྟེ་རླིག་ཅན་གྱི་རླིག་པའི་བལ་དང་སོག་པའི་ཁུ་བས་འཕུལ་བཏང་བ་སྤུར་འདོན། །ཡང་ན་ཨ་རུ་ཛཱ་ཏི་བྱི་ཚེར་ཐང༌། །དྲོ་འཇམ་བཏང་ལ་རྔུལ་དབྱུང་བལ་ཕྱེས་ཕྱི། །དྲལ་ཐུག་དྲོ་འཇམ་བཏང་ཞིང་རླུང་ཁ་མནན། །རིམས་ནི་མཁྲིས་ཚད་རྔུལ་གནས་བ་སྤུར་ལྷག་པ་འདི་ལས། །གཏར་བ་མི་བཟང་དཔྱད་མཆོག་རྔུལ་དུ་དབྱུང་བ་བཟང་ངོ། །གསུམ་པ་ཆུ་ལྕག་སྐར་ཆུས་ཉི་མ་ཁ་དྲོས་ལ། །ནད་པ་སྤང་ལེབ་ཐོག་ཏུ་གཅེར་བུ་ཙོག་པུར་འདུག །ཕུལ་ཕྱེད་ཁོང་བཏང་ལུས་ཀུན་ཁ་ཆུས་བྲན། །མི་དང་བ་ཡི་ཆུ་རྒྱུན་ཚུགས་ཚད་བླུག །དེ་ཡིས་ཚ་བའི་རླངས་འདོན་ཚད་མགོ་གཅོག །བཞི་བ་དུགས་ཀྱིས་བཅོས་པ་གཟེར་སྟེང་ཆུ་རྡོ་དང་། །ཐོང་སོ་རྨོན་ལྕགས་བྱང་མ་དང་རོ་ནུས་བསིལ་བའི་སྔོ་སྣ་ཚོགས་པའམ། །ཡང་ན་སྲོ་ལོ་དཀར་པོ་མཚན་དང་ཀྱི་ལྕེ་ཞོ་སྦྱར་གྲང་མོ་ཡིས། །ཡང་ཡང་གསོར་ཏེ་བདུགས་པས་འཕྲལ་ཟུག་གཅོག །གསུམ་པ་ཟས་ཀྱིས་བཅོས་པ་འབྲས་དང་ཆག་ཚེ་དང༌། །རྒྱ་ཁུར་ཁུར་ཚོད་བ་ཡི་ཞོ་དར་གསར། །གངས་ཆུ་བ་ཚྭ་མེད་པའི་ཆུ་བསིལ་བཏང༌། །ཕོ་བ་ཞན་ན་དེ་ཡང་བསྐོལ་གྲང་ཤིས། །ལན་ཚྭ་ཤ་ཆང་སྒོག་པ་དང་རོ་ནུས་ཚ་བའི་སྔོ། །གནག་ལུག་ཞོ་དར་དྲོད་བཅུད་དུག་འདྲ་སྤང༌། །བཞི་པ་སྤྱོད་ལམ་བསེར་བུ་གྲིབ་མ་ཆུ་ཡི་འགྲམ། །ནིའུ་གསིང་ས་གཙང་ཟླ་འོད་བསིལ་གནས་འདུག །ལུས་ངག་ཡིད་གསུམ་ཞི་དལ་དེས་པར་བྱ་བྱམས་པའམ་སེམས་དལ་སྤྱོད་ལམ་འཇམ་པའི་མིང་། །མེ་ཚན་ཉི་ཚན་ལུད་སྟེང་ཉིན་གཉིད་དང༌། །འགྲོ་འདུག་ལྡང་ཉལ་ལུས་ངག་རྩོལ་བ་སྤང༌། །གཉིས་པ་དེ་ནས་རྒྱས་ཚད་བྱེ་བྲག་བཅོས་པ་བརྒྱད་པོ་བཅོས་པ་ལ། །དང་པོར་ཐང་གིས་དབྱེར་བར་དུ་གཏར་གྱིས་དྲངས་ཐ་མ་འགམ་ཕྱེ་མས་བསད་པ་གསུམ་དུ་ཤེས་པར་བྱ། །རྙིངས་ཚད་སྐྱུ་རུའི་(བ་ཤ་ཀ་ཙན་དན་གུར་ཀུམ་སྦྱར་བ་)ཐང་བཏང་སྙིང་རྩ་སྣོད་ཀ་རྩེ་ཆུང་མཐོང་རྩ་ལྕེ་རྩ་གཏར། །ག་བུར་(ཅུ་གང་གུར་ཀུམ་ཨུཏྤལ་ཏིག་ཏ་ཧོང་ལེན་ཨ་ག་རུ་ཀ་ར་)བདུན་(ཙན་དན་གཉིས་ཨ་ག་རུ་ཅུ་གང་ཏིག་ཏ་ཨུཏྤལ་གླ་རྩི་པུ་ཤེལ་རྩེ་ཀ་ར་)དགུ་ཙན་དན་(ཏིག་ཏ་བ་ལེ་ཀ་བོང་དཀར་ཀ་ཀོ་ལ་ཨ་རུ་ནཱ་ག་གེ་སར་རུ་རྟ་ཀ་ར་སྟེ་)བརྒྱད་པ་སྦྱར། །སྲོག་རྩར་ཤོར་ན་གོང་གི་སྙིང་ཚད་ཐང་བ་ཤ་ཀ་ཙན་དན་གུར་གུམ་གྱི་བཏང་གཏར་ག་སྙིང་ཚད་བཞིན་བཅོས། །ཕྱེ་མ་ཨ་གར་ནག་པོ་(ཙན་དན་དཀར་དམར་ཛཱ་ཏི་ལི་ཤི་སྙིང་ཞོ་ཤ་གུར་ཀུམ་ནཱ་ག་གེ་སར་རུ་རྟ་ཀ་ར་)དགུ་སྦྱོར་བྱ། །སྤྱི་བོའི་གཙུག་སྐྲ་འཁྱིལ་དང་རྐང་མཐིལ་ཕྱི་རྒྱུ་རྩ་གཏར་ལ་བདུན་པ་བསྲེག  ལུག་གི་གཞུག་ཆུང་ལྔའམ་བདུན་གྱི་ཁུ་བས་ག་བུར་གོང་གི་བདུན་དགུ་གང་འོས་སྦྱོར་བ་བྱ། །ཟུག་བྲི་དྲན་པ་གསལ་ན་ཐུབ་པའི་རྟགས། །གློ་འཁྲུགས་བ་ལེ་(སྲོ་ལོ་བ་ཤ་ཙན་དན་ཏིག་ཏའི་)ཐང་བཏང་གློ་རྩ་གཏར། །ཤིང་མངར་(ཅུ་གང་གུར་ཀུམ་ཛཱ་ཏི་ཀ་ཀོ་ལ་རྒུན་འབྲུམ་ཏིག་ཏ་ཨུཏྤལ་)བརྒྱད་དང་ཅུ་གང་(གུར་ཀུམ་ཛཱ་ཏི་ལི་ཤི་སུག་སྨེལ་བོང་དཀར་ཏིག་ཏ་ཀ་ར་) བདུན་(ཨ་རུ་གེ་སར་)དགུར་སྦྱར། །མཆིན་ཚད་བ་ཤ་(བ་ལེ་ཀ་གུར་ཀུམ་ཏིག་ཏའི་)ཐང་བཏང་རུ་ཐུང་གཏར། །ཕྱེ་མ་གུར་ཀུམ་(ཅུ་གང་སུག་སྨེལ་ཀ་ཀོ་ལ་བ་ལེ་ཀ་གསེར་མེ་ཏིག་ཏ་ཀ་ར་)བདུན་དང་(ཧོང་ལེན་དུག་ཉུང་དང་)དགུ་པ་སྦྱར། །མཆེར་པའི་ཚ་བ་གསེར་གྱི་མེ་ཏོག་(ཙན་དན་ལི་ཤིའི་)ཐང༌། །མཆེར་རྩ་གཏར་ཞིང་སུག་སྨེལ་(ཀ་ཀོ་ལ་ལི་ཤི་གུར་ཀུམ་ཏིག་ཏ་སླེ་ཏྲེས་གསེར་མེ་ཀ་ར་)བདུན་པ་སྦྱར། །མཁལ་ཚད་གུར་ཀུམ་(བྲག་ཞུན་སུག་སྨེལ་གྱི་)ཐང་བཏང་བྱིན་རྩ་དང་ལོང་རྩ་གཏར། །ཤུག་ཚེར་(སྡིག་སྲིན་སུག་སྨེལ་ཉི་དགའ་ཨ་རུ་ཏིག་ཏ་གུར་ཀུམ་ཀ་ར་)བདུན་པ་ཙན་དན་(གླ་རྩི་གུར་ཀུམ་ཏིག་ཏ་བྲག་ཞུན་བོང་དཀར་སུག་སྨེལ་ཨ་རུ་མཁལ་མ་ཞོ་ཤ་ཀ་ར་)དགུ་པ་སྦྱར། །ཕོ་བའི་ཚ་བ་བྱི་ཚེར་(ཏིག་ཏ་སྐྱུ་རུ་མ་ནུའི་)ཐང་བཏང་ལ། །སྣོད་ཀ་གཏར་ཞིང་བྲག་ཞུན་(ཨ་རུ་སུག་སྨེལ་གུར་ཀུམ་གླ་སྒང་དུག་ཉུང་དོམ་མཁྲིས་ཀ་ར་)བདུན་པསྦྱར། །མཁྲིས་ཚད་ཏིག་ཏ་(གསེར་མེ་བ་ཤ་ཀའི་)ཐང་བཏང་མཁྲིས་རྩ་གསེར་གདུང་དང་གཤའ་རིངས་གཏར་། །ཕྱེ་མ་གསེར་གྱི་མེ་ཏོག་(ཏིག་ཏ་དུག་ཉུང་གུར་ཀུམ་སྐྱེར་པ་དོམ་མཁྲིས་བ་ཤ་ཀ་ཀ་ར་)བདུན་པ་སྦྱར་སྨན་སྦྱོར་འདི་རྣམས་ནི་རྫོང་འཕྲང་དང་གཡུ་ཐོག་པས་གསེར་མཆན་དང་ལག་ལེན་རིན་ཆེན་གཏེར་སྤུངས་རྣམས་ནས་གསུངས་པ་ཡིན་ནོ།། །སྤྱི་བཅོས་གོང་ཏུ་བཤད་པ་ལ་བློས་བརྟགས་མདེ་ཁར་གདགས། །གཉིས་པ་དེ་ལྟར་བཅོས་པས་སོས་པའི་མཚན་མ་ནི། །རྩ་བྱིང་ཁར་ཐོན་ཕྲ་བ་སྦོམ་དུ་སོང༌། །དྲག་པ་དལ་ལ་གྲིམས་པ་ལྷོད་པ་དང༌། །སྟོངས་པ་མཁྲང་ལ་སྤུན་པ་རིང་དུ་སོང། །ཆུ་མདོག་དྭངས་ལ་དྲི་ཆུང་ཀུ་ཡ་སྲབ། །ཟུག་ཆོགས་སྙིང་རྩ་སེང་ལ་ཟས་རོ་རྙེད། །དབུགས་བདེ་ཉིན་གཉིད་ཆུང་ལ་ནུབ་གཉིད་ཆེ། །བྱ་བའི་ལས་ལ་ལུས་སེམས་འཇུག་པར་འདོད། །གསུམ་པ་དེ་ལྟར་བཅོས་རྗེས་ཞུ་འཁྱགས་ས་མཚམས་ནི། །དབྱར་གྱི་མཐའ་མར་དགུན་འབྱུང་བ་བཞིན་དུ་ཚ་བ་རྒྱས་པའི་རྗེས་སུ་སྟོངས་པའི་ཚད་པར་འགྱུར། །དེ་ཕྱིར་རི་ཐང་མཚམས་ཀྱི་གསོ་ཐབས་བསྟན་པ་ལྟར། །མི་རིགས་གནས་དང་ནད་ཁམས་རྐྱེན་དབང་གིས། །རླུང་མཁྲིས་བད་ཀན་ཞུ་འཁྱགས་རྣམ་པ་གསུམ། །རླུང་གི་ཞུ་འཁྱགས་སྔུན་ནས་བསུ་བ་དང༌། །མཁྲིས་པའི་ཞུ་འཁྱགས་འཕྲང་ལ་བསྒུག་པ་དང༌། །བད་ཀན་ཞུ་འཁྱགས་ཕྱི་རྗེས་བཅད་པ་གསུམ། །སྔར་བཤད་པའི་རི་ཐང་མཚམས་ཀྱི་ལེའུར་ཤེས་པར་བྱ་བ་གལ་ཆེའོ་། །ཚ་རྗེས་མ་ལོག་པར་བྱ་བའི་ཕྱིར་ཟས་དང་སྤྱོད་ལམ་གྱིས་ནད་མཇུག་མཐའ་རུ་གདོན་པར་བྱའོ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྒྱས་པའི་ཚ་བ་བཅོས་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།

 

མཐའ་མའི་འདོན་ཐེངས་།: 19.02.2021 ཉིན། 3:59 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།