སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་བཅུ་དྲུག་པ། འཚོ་བ་ཟས་ཀྱི་གནས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་བཅུ་དྲུག་པ། འཚོ་བ་ཟས་ཀྱི་གནས་བསྟན་པ།

གཉིས་པ་འཚོ་བ་ཟས་ཀྱི་གནས་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། འདི་ལ་འཚོ་བ་ཟས་གནས་ཞེས་བྱ་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། ལུས་ཅན་རྣམས་ཀྱི་སྲོག་འཚོ་བའི་རྒྱུའི་གཙོ་བོ་ཁ་ཟས་བཏུང་བ་དང་བཅས་པའི་ཕན་གནོད་ཀྱི་ཚུལ་ལ་སོགས་པ་ཤེས་ཤིང་འཇུག་ལྡོག་ཞིབ་ཏུ་སྟོན་པའི་གནས་ཡིན་པས་ན་དེ་སྐད་ཅེས་བྱའོ། །གཉིས་པ་ཚིག་གི་དོན་ལ་གཉིས། ཇི་ལྟར་ཞུས་པའི་ཚུལ་དང༌། ལན་དངོས་སོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཞུས་པ་ལས་ཞེས་པའི་བར་གྱིས་བསྟན་ཏེ། བྱ་བ་སྤྱོད་ལམ་གྱི་གནས་བཤད་ཟིན་པའི་མཇུག་ཐོག་དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །དེ་ཡང་ཀྱེ་ཞེས་མཚན་ནས་བོས་ཏེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། འཚོ་བ་ཟས་ཀྱི་གནས་ཞེས་བྱ་བ་ལ་བདག་ཅག་རྣམས་ཇི་ལྟར་བསླབ་ཅེས་འདྲི་ན་འཚོ་མཛད་སྨན་པའི་རྒྱལ་པོས་བདག་ཅག་རྣམས་ལ་གསལ་པོར་བཤད་དུ་གསོལ་ཞེས་ཞུས་པ་ལས་ཞེས་པའོ། །གཉིས་པ་ལན་དངོས་བཤད་པ་ལ་གཉིས་ཏེ། གནས་འདི་ཉིད་སྟོན་དགོས་པའི་རྒྱུ་མཚན་དང་བཅས་པས་མདོར་བསྟན་པ་དང༌། རྒྱུ་མཚན་དེ་དང་ལྡན་པའི་དོན་བཤད་པའོ། །དང་པོ་ནི། སྟོན་པས་ཞེས་པ་ནས། བཟའ་བ་གསུམ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ཞུས་པའི་ལན་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་ལྟར་གསུངས་པ། དེའང་ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་འཁོར་དང་བཅས་པ་རྣམས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་པར་བྱའོ་ཞེས་གདམས་ནས། དོན་དངོས་ནི་ནད་ལ་གསོ་བར་བྱེད་པའི་གཉེན་པོ་སྤྱོད་ལམ་སོགས་བཞི་ཡོད་པའི་གཉིས་པ་འཚོ་བ་ཟས་ཀྱི་གནས་ལ་བསླབ་པར་འདོད་པ་རྣམས་ནི་འདི་ལྟར་ཤེས་དགོས་ཏེ། འོག་ནས་འབྱུང་བ་ལྟར་ཟས་སྐོམ་གྱི་ཕན་གནོད་ལེགས་པར་བརྟགས་ཤིང་ལོངས་སྤྱད་ན་ལུས་དང་སྲོག་ལ་ཉེ་བར་ཕན་པས་ཡུན་རིང་དུ་འཚོ་ཞིང༌། བབ་ཆོལ་དུ་ཟོས་ཤིང་འཐུངས་ན་དམན་ལྷག་ལོག་པ་གང་ཡང་རུང་བར་གྱུར་ནས་ནད་བསྐྱེད་དེ་འཕྲལ་དུ་ལུས་སྲོག་འཇོམས་པར་འགྱུར་བ་དེའི་ཕྱིར། བདེ་འདོད་རྣམས་ཀྱི་ཟས་སྐོམ་གྱི་སྦྱོར་བ་ལ་མཁས་པ་ཁོ་ན་ངེས་པར་གཅེས་པ་ཡིན་པས། འདི་ལ་སྤྱི་སྡོམ་ནི་ཟས་ཀྱི་ཚུལ་ཤེས་པར་བྱ་བ་དང༌། ཟས་ཉེ་བར་གདམས་པ་དང༌། ཁ་ཟས་ཚོད་རན་པར་བཟའ་བ་ཞེས་བྱ་བ་དེ་རྣམ་པ་གསུམ་གྱི་སྒོ་ནས་རྟོགས་པར་བྱའོ་ཞེས་པའོ། །གཉིས་པ་རྒྱུ་མཚན་དེ་དང་ལྡན་པའི་དོན་བཤད་པ་ལ་གསུམ་སྟེ། ཁ་ཟས་ཀྱི་ཚུལ་ཤེས་པར་བྱ་བ་དང༌། དེ་ཤེས་ནས་མི་མཐུན་པ་སྤང་བ། འཕྲོད་ཟས་བསྟེན་པའི་ཚུལ་བཤད་པའོ། །དང་པོ་ལ་གསུམ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། ཟས་ཀྱི་ཞེས་པ་ནས་གང་བུ་ཅན་ཞེས་པའི་བར་གྱིས་བསྟན་ཏེ། དང་པོ་ཁ་ཟས་ཀྱི་ཚུལ་ཤེས་པར་བྱ་བ་ལ་ཟས་ཀྱི་ཚུལ་ཤེས་པར་བྱ་བ་དང༌། སྐོམ་གྱི་ཚུལ་ཤེས་པར་བྱ་བ་གཉིས་ལས། དང་པོ་ཟས་ཀྱི་ཚུལ་ཤེས་པར་བྱ་བ་ལའང་འབྲུ་དང༌། ཤ་དང༌། སྣུམ་དང༌། སྔོ་ངད་དང༌། གཡོས་སུ་སྦྱར་བ་སྟེ་རྣམ་པ་ལྔ་ཡོད་ལ། འབྲས་བུའི་ཚུལ་ཤེས་པར་བྱ་བ་ལའང་གཉིས་ཏེ། གྲ་མ་ཅན་གྱི་རིགས་དང༌། གང་བུ་ཅན་གྱི་རིགས་སོ།།

གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཁ་ཟས་བཤད་པ་དང༌། སྐོམ་བཤད་པའོ། །དང་པོ་ལ་ལྔ་སྟེ། འབྲུར་གཏོགས་པ། ཤའི་རིགས། སྣུམ་པའི་ཚོགས། སྔོ་ངད། གཡོས་སྦྱོར་བཤད་པའོ། །དང་པོ་ལ་གསུམ་སྟེ། གྲ་མ་ཅན་གྱི་སྡེ་དང༌། གང་བུ་ཅན་གྱི་སྡེ། དེ་གཉིས་ཀྱི་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས་སྙིང་པོ་བསྡུས་པ་ལས། རྩ་ནར་འབྲས་ཆན་ཀ་མ་ལ། །དྲུག་ཅུ་པ་དང་བྱ་ཡིས་བླངས། །མགྲོན་བུའི་མཆུ་དང་རྩེ་རྣོན་དང༌། །རོ་འདྲའི་འབྲས་འདྲ་དྲི་བཟང་དང༌། །པ་ཏང་ཀ་དང་གསེར་མདོག་ཅན། །གང་གཞན་འབྲས་ནི་བཟང་པོ་རྣམས། །རོ་མངར་ཞུ་རྗེས་མངར་ཞིང་སྣུམ། །རོ་ཙ་བཤང་གཅི་བསྐ་ཞིང་ཆུང༌། །རོ་རྗེས་བསྐ་ཞིང་ཕན་པ་དང༌། །ཡང་ཞིང་གཅིན་མང་བསིལ་བ་ཡིན། །དེ་ལ་རྩེ་རྣོའི་ནང་སྐྱ་སྣར། །མཆོག་ཡིན་སྐོམ་དད་ཉེས་གསུམ་སེལ། །དེ་ཡི་འོག་ཏུ་འབྲས་ཆན་སྨན། །དེ་འོག་ཀ་མ་ལ་དེའི་འོག །ནས་འདྲ་ཧ་ཡ་ན་ཆར་མ། །ནེ་ཤ་ད་ཀ་ལ་སོགས་ནི། །རོ་མངར་དྲོ་ཞིང་ལྕི་ལ་སྣུམ། །ཞུ་བའི་རྗེས་སྐྱུར་བད་མཁྲིས་བསྐྱེད། །བཤང་དང་གཅི་བ་ཐུར་དུ་འབྱིན། །སྔ་མ་སྔ་མ་སྨད་པ་ཡིན། །འབྲས་ནང་དྲུག་ཅུ་པ་མཆོག་སྟེ། །རྩ་སེར་ཤུན་པ་གནག་པ་དག །སྣུམ་ཞིང་འཇུ་སླ་བརྟན་ཞིང་མངར། །ཉེས་པ་གསུམ་སེལ་བསིལ་དུག་འདྲིལ། །དེ་ལ་རིམ་བཞིན་ཐུག་ཆེན་དང༌། །ཤུན་ནག་རྒྱ་སྐྱེགས་ཚིགས་མ་འདྲ། །ཁྱིམ་བྱའི་སྒོང་འདྲ་འུག་པའི་མིག །ཕུག་རོན་འབྲས་དང་སུ་ཁ་ཏ། །འབའ་ར་ཀ་དང་ཨུཏྤལ་དམར། །ཙི་ན་སྟོན་སྐྱེས་ད་དུ་ར། །ག་ཏ་ན་དང་ཀུ་རུ་བིན། །ཡོན་ཏན་རིམ་བཞིན་ཆུང་ཞེས་བྱ། །འབྲས་གཞན་མངར་ཞིང་ཞུ་རྗེས་སྐྱུར། །མཁྲིས་པ་བསྐྱེད་ཅིང་ལྕི་བ་དང༌། །གཅིན་རྟུག་མང་ཞིང་ཚ་བ་ཡིན། །པ་ཏ་ལ་ཉིད་ཉེས་གསུམ་བསྐྱེད། །ཙི་ཙི་ཁྲེ་དང་ནི་བ་ཏ། །ཁྲེ་རྒོད་སྣེ་འབྲས་སོགས་བསིལ་ཡང༌། །རྩ་འབྲུ་དེ་དག་རླུང་བསྐྱེད་ཅིང༌། །ཁོང་རྩུབ་བད་ཀན་མཁྲིས་པ་སེལ། །དེ་ལ་ཁྲེ་ནི་བརྟས་བྱེད་ལྕི། །ལུས་ཀྱི་ཆག་གྲུགས་འབྱོར་བར་བྱེད། །ཁྲེ་རྒོད་མཆོག་ཏུ་འཁྲུ་གཅོད་ཅིང༌། །རེག་ན་བསིལ་ལ་དུག་སེལ་ཡིན། །ནས་ནི་རྩུབ་བསིལ་ལྕི་ལ་མངར། །ཅུང་ཟད་ཁོང་འཁྲུག་བཤང་རླུང་འཕེལ། །རོ་ཙ་བརྟས་བྱེད་གཅིན་དང་ནི། །ཚིལ་དང་མཁྲིས་པ་བད་ཀན་སེལ། །ཆམ་པ་ལུད་པ་དབུགས་མི་བདེ། །ད་རྒན་ལྐོག་ནད་པགས་ནད་སེལ། །ནས་རྒོད་ཅུང་ཟད་དམན་པ་ཡིན། །སྨྱིག་སྐྱེས་འབྲས་ནས་རྩུབ་ཅིང་ཚ། །གྲོ་ནི་རོ་ཙ་སྣུམ་བསིལ་ལྕི། །འཚོ་བྱེད་རླུང་དང་མཁྲིས་པ་སེལ། །ཆག་གྲུགས་སྦྱོར་བྱེད་མངར་བ་དང༌། །ཤ་མཁྲེགས་བྱེད་ཅིང་ཅུང་ཟད་འཁྲུ། །ནནྟི་མུ་ཀ་རོ་བསྐ་ཞིང༌། །བསིལ་ཞིང་མངར་ཡང་ཕན་པ་ཡིན། །ཞེས་བཤད་པ་ལྟར་ཞིབ་ཏུ་འགྲེལ་པ་གཉིས་ལས་རྟོགས་པར་བྱའོ། །གཉིས་པ་ཚིག་གི་དོན་ལ་གཉིས་ཏེ། སྤྱིར་བཤད་པ་དང་དམིགས་བསལ་དུ་བཤད་པའོ། །དང་པོ་ནི། དེ་ལ་ཞེས་པ་ནས་བད་ཀན་བསྐྱེད་ཅེས་པའི་བར་གྱིས་བསྟན་ཏེ། ཟས་ཀྱི་ཚུལ་ཤེས་པར་བྱ་བ་དེ་ལ་གྲ་མ་ཅན་གྱི་འབྲས་བུའི་སྡེ་ལ་ཉེ་བར་བསྡུ་ན། འབྲས་དང༌། ཁྲེ་དང་ཁྲ་མ་དང་གྲོ་དང་ནས་དང་སོ་བ་དང་སྲེད་དང་ལ་སོགས་པ་ཞེས་པའི་སྒོ་ནས་རང་རང་གི་བྱེ་བྲག་སོ་སོ་དང་བཅས་པ་ཀུན་ཀྱང་རགས་པའི་དབང་དུ་བྱས་ན་རོ་དང་ཞུ་རྗེས་གཉིས་ཀ་མངར་ཞིང་ནུས་པས་རོ་ཙ་བ་དང༌། རླུང་འཇོམས་པ་དང༌། ལུས་སྟོབས་དང་བད་ཀན་དག་ཀྱང་ཉེ་བར་སྐྱེད་པར་བྱེད་པ་ཡིན་ནོ། །གཉིས་པ་དམིགས་བསལ་དུ་བཤད་པ་ནི། དེ་ལ་ཞེས་པ་ནས་བད་མཁྲིས་སེལ་ཞེས་པའི་བར་གྱིས་བསྟན་ཏེ། གྲ་མ་ཅན་དེ་ལ་བྱེ་བྲག་ཏུ་འབྲས་དཀར་མོ་དེ་ནི་སྣུམ་འཇམ་བསིལ་ལ་ཡང་བའི་ནུས་པ་དང་ལྡན་པས་ཉེས་པ་གསུམ་ག་སེལ་ཞིང་རོ་ཙ་བ་དང་འཁྲུ་སྐྱུགས་གཅོད་པར་བྱེད་པ་ལ། ཁྲེ་ནི་ལྕི་བསིལ་དང་ལྡན་པས་རྨ་བརྟས་པར་བྱེད་ཅིང་རུས་པ་ཆག་གྲུགས་ལ་སོགས་པ་སྦྱོར་བར་བྱེད་པ་དང༌། ཁྲ་མ་ཞེས་པ་ཞག་དྲུག་ཅུ་ལ་སྨིན་པའི་ནས་དེ་ནི་བསིལ་ཡང་རྩུབ་ཅིང་ཡི་གར་འཕྲོད་པ་དང༌། གྲོ་ནི་ལྕི་བསིལ་དང་ལྡན་པས་ལུས་འཚོ་བར་བྱེད་ཅིང་རླུང་མཁྲིས་སེལ་བ་དང༌། ནས་ཕལ་ཆེར་ནི་ལྕི་བསིལ་དང་ལྡན་ལ་བཤང་བ་འཕེལ་ཞིང་སྟོབས་བསྐྱེད་པའི་མཆོག་ཡིན་པ་དང༌། སོ་བ་དང་ནས་ཀྱི་གསེབ་ནས་འབྱུང་བའི་སྲེ་ད་ནི་བསིལ་ལ་ཡང་བས་བད་མཁྲིས་སེལ་བར་བྱེད་པ་ཡིན་ནོ།།

གཉིས་པ་གང་བུ་ཅན་གྱི་སྡེ་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། མོན་སྲན་གྲེའུ་དཀར་སྲན་ཆུང་སོགས། །གང་བུ་ཅན་འབྲུ་རྩ་སྒོ་འགག །རོ་བསྐ་མངར་ཞིང་འཁྲུ་བ་གཅོད། །ཞུ་རྗེས་ཚ་ལ་བསིལ་ཞིང་ཡང༌། །ཚིལ་དང་ཁྲག་དང་མཁྲིས་པ་ལ། །བསྐུས་ཤིང་བླུགས་ན་ཕན་པ་ཡིན། །འདི་ལས་མུད་ཀ་མཆོག་རླུང་ཆུང༌། །སྲན་མ་མཆོག་ཏུ་རླུང་བསྐྱེད་ཡིན། །མོན་སྲན་དཀར་པོ་རླུང་བསྐྱེད་ཅིང༌། །རྩུབ་ཅིང་ལྕི་ལ་བཤང་བ་འཕེལ། །རྒྱ་སྲན་ནག་ཚ་ཞུ་རྗེས་སྐྱུར། །ཁ་ཆུའི་རྡེའུ་ཆགས་ལུད་པ། །དབུགས་མི་བདེ་རླུང་བད་གཞང་འབྲུམ། །འཇོམས་ཤིང་ཁྲག་མཁྲིས་མཆོག་ཏུ་བསྐྱེད། །ནིས་ས་བ་ནི་རླུང་ཁྲག་མཁྲིས། །ནུ་ཞོ་གཅིན་འཕེལ་ལྕི་ཞིང་འཁྲུ། །ཚ་བྱེད་མིག་གནོད་ཁུ་བ་འབྲི། །བད་ཀན་འོར་ནད་དུག་རྣམས་སེལ། །མ་ཤ་སྣུམ་སྟོབས་བད་ཀན་བསྐྱེད། །བཤང་གཅི་མཁྲིས་པ་འཕེལ་བྱེད་འཁྲུ། །ལྕི་ཞིང་ཚ་ལ་རླུང་འཇོམས་མངར། །ཁུ་བ་འཕེལ་ཞིང་འབྱིན་པར་བྱེད། །ཀ་ཀན་དུ་ལ་ཁ་སྲན་ཕྲེའུ། །ཡོན་ཏན་མོན་སྲན་གྲེའུ་དང་འདྲ། །ཏིལ་འབྲུ་དྲོ་ཞིང་པགས་པ་འཇམ། །བསིལ་ཞིང་སྐྲ་དང་སྟོབས་བསྐྱེད་ལ། །ལྕི་ཞིང་གཅིན་ཉུང་ཞུ་རྗེས་ཚ། །ཡིད་གཞུང་དྲོད་སྐྱེད་བད་མཁྲིས་བསྐྱེད། །ཟར་མ་སྣུམ་མངར་ཁ་ཞིང་དྲོ། །ལྕི་ཞིང་གཅིན་ཉུང་ཞུ་རྗེས་ཚ། །ཡིད་གཞུང་དྲོད་སྐྱེད་བད་མཁྲིས་བསྐྱེད། །ཟར་མ་སྣུམ་མངར་ཁ་ཞིང་དྲོ། །ལྕི་ཞིང་བད་ཀན་མཁྲིས་པ་བསྐྱེད། །མིག་གནོད་ཁུ་སྐེམ་ཞུ་རྗེས་ཚ། །ལེ་རྒན་རྩི་འབྲས་དེ་དང་འདྲ། །ཞེས་འགྲེལ་པ་དང་བཅས་པ་ལ་ཞིབ་ཏུ་རྟོགས་པར་བྱའོ། །

གཉིས་པ་ཚིག་གི་དོན་ནི། གང་བུ་ཞེས་པ་ནས་ཉེས་གསུམ་བསྐྱེད་ཅེས་པའི་བར་གྱིས་བསྟན་ཏེ། གཉིས་པ་གང་བུ་ཅན་གྱི་འབྲུ་བཤད་པ་ནི། སྲན་མ་རིལ་མོ་དང་མོན་སྲན་ལེབ་མོ་གཉིས་ནི་རོ་བསྐ་མངར་དང་ལྡན་ཞིང་བསིལ་ཡང་སྐྱ་ལ་རྩ་སྒོ་འགག་པ་དང༌། བད་ཀན་དུ་ལྡན་པའི་ཚ་བ་སེལ་ཞིང་འཁྲུ་བ་གཅོད་པ་དང༌། སྣུམ་པའི་ཆ་ཤས་མ་ལུས་པ་སེལ་ཞིང་ཁྲག་མཁྲིས་དང་ཚིལ་བུ་འཕེལ་བ་ལ་དེའི་སྐྱོ་མ་བྱུགས་ན་ཕན་ནོ། །དེ་བཞིན་དུ་རྒྱ་སྲན་དཀར་ནག་གི་ནུས་པས་བད་རླུང་དང༌། ལུད་པ་དང༌། དབུགས་མི་བདེ་བ་དང༌། གཞང་འབྲུམ་དང༌། ཁུ་བ་ལས་བྱུང་བའི་རྡེའུ་རྣམས་འཇོམས་ཤིང་ཁྲག་མཁྲིས་བསྐྱེད་པར་བྱེད་པའོ། །མ་ཤ་སྟེ་མོན་སྲན་གྲེའུས་ནི་རླུང་འཇོམས་ཤིང་བད་མཁྲིས་དང་ཁུ་སྟོབས་འཕེལ་བར་བྱེད་དོ། །སྲན་ཆུང་ལེབ་མོ་ནི་རོ་བསྐ་མངར་དང་ལྡན་ཞིང་ནུས་པས་ཉེས་པ་གསུམ་ག་བསྐྱེད་ཀྱང་སྐྱོ་མས་ནི་མེ་དབལ་དང་དྲེག་ནད་དང་ཁྲག་ནད་སེལ་བར་བྱེད་པ་ཡིན་ནོ། །ཏིལ་གྱི་འབྲུ་དཀར་ནག་གིས་ནི་ལྕི་དྲོ་དང་ལྡན་པས་རོ་ཙ་ཞིང་རླུང་ནད་འཇོམས་པར་བྱེད་ལ། ཟར་མ་ནི་རོ་མངར་ཁ་དང་ལྡན་ཞིང་སྣུམ་འཇམ་དང་ལྡན་པས་རླུང་ལ་ཕན་ཞིང༌། བྲ་བོའི་རིགས་ཀུན་ཀྱང་བསིལ་ཡང་དང་ལྡན་པས་རྨ་འཇིག་ཅིང་ཉེས་པ་གསུམ་ག་སྐྱེད་པར་བྱེད་དོ།།

གསུམ་པ་དེ་གཉིས་ཀྱི་དོན་བསྡུ་བ་ལའང་གཉིས་ཏེ། སྤྱིའི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། གྲ་མ་ཅན་ལས་ནས་རྒོད་དང༌། །མ་ཤ་གང་བུ་ཅན་ཐ་ཆད། །འབྲུ་ནི་གསར་ཐོག་བད་ཀན་བསྐྱེད། །ལོ་ལོན་འབྲུ་ནི་ཡང་བ་ཡིན། །མྱུར་སྐྱེ་དེ་བཞིན་སྲན་མ་ནི། །སྤུན་མེད་ལེགས་བརྔོས་ཚོད་མ་ཡང༌། །ཞེས་དང༌། གང་བུ་ཆགས་པའི་སྲན་མའི་ནང་ནས་མོན་སྲན་གྲེའུ་ནི་མི་དགེ་སྟེ་ངན་ནོ། །གྲ་མ་ཆགས་པ་ལས་བྱུང་བའི་འབྲས་བུའི་ནང་ནས་ཡ་བ་ཀ་ཞེས་བྱ་ནས་ངན་པ་འདི་གནོད་དེ། སྲན་མ་དང་ནས་ལ་སོགས་པའི་འབྲུ་གསར་ཐོག་ཐམས་ཅད་ནི་ལྕི་སྟེ་བད་ཀན་བསྐྱེད་དོ། །འབྲུ་རྙིང་ལོ་ལོན་པ་ནི་ཡང་ངོ༌། །དེ་བཞིན་དུ་མྱུར་དུ་སྨིན་ཞིང་ཟླ་བ་མང་པོ་མ་ཐོགས་པར་རྒྱས་པ་ཡང་ངོ༌། །མོན་སྲན་གྲེའུ་ལ་སོགས་པ་གང་ཡང་རུང་དུས་དེ་སྤུན་པ་དང་ཤུན་པ་མེད་པར་བྱས་པ་བརྔོས་པའི་ཚོད་མ་ནི་འཇུ་སླ་སྟེ་ཡང་ལ་ཕན་ནོ། །ཞེས་དང༌། ཟླ་ཟེར་ལས། གྲ་མ་ཅན་གྱི་འབྲུ་དང་གང་བུ་ཅན་གྱི་འབྲུ་གསར་ཐོག་ལོ་མ་ལོན་པ་ནི་བད་ཀན་བསྐྱེད་ཅིང་འཕེལ་བར་བྱེད་དེ། རྩ་སྦུབས་རྣམས་ནས་སླ་ཞིང་འཛག་པ་ལ་མངོན་པར་ཕྱོགས་པས་ཞུ་བའི་ཚུལ་གྱིས་བད་ཀན་བསྐྱེད་པ་ཡིན་ལ། དོན་གྱིས་ན་རྙིང་པས་ནི་བད་ཀན་སེལ་བ་ཡིན་ནོ། །ལོར་ལོན་པ་ཞེས་པ་ལོ་གཅིག་འདས་པའི་འབྲུ་ཐམས་ཅད་ནི་ཡང་བ་ཡིན་པས་འབྲུ་གསར་པ་ལྕི་བར་མ་བཤད་དུ་ཟིན་ཀྱང་ལྕི་བ་ཉིད་ཡིན་པར་དོན་གྱིས་སྟོན་པ་ཡིན་ཏེ། ལོ་གཅིག་ལོན་པ་འདིས་ལྕི་བ་འབའ་ཞིག་དང་བྲལ་བ་ཡིན་གྱི། ནུས་པ་དང་བྲལ་བ་ནི་མ་ཡིན་མོད། འོན་ཀྱང་སྣུམ་པའི་ཡོན་ཏན་རིམ་གྱིས་ཅུང་ཟད་འབྲི་བ་ཡིན་ལ། དེ་ལས་རྩུབ་པ་ཞེས་བྱ་བ་ནི། གནས་སྐབས་གཞན་དུ་གྱུར་པ་ནི་མ་ཡིན་ནོ། །ཞེས་དང༌། རྒྱུད་གཞན་དག་ལས་ཀྱང༌། ལོ་གཅིག་ལོན་པའི་འབྲུ་རྣམས་ཀུན། །ལྕིབ་དག་དང་བྲལ་འགྱུར་གྱི། །དེ་ཡི་ནུས་པ་སྤོང་མ་ཡིན། །དེ་འོག་རིམ་གྱིས་ནུས་དང་བྲལ། །ཞེས་བཤད་དོ། །གཉིས་པ་ཚིག་གི་དོན་ནི། འབྲུ་ཀུན་ཞེས་པ་ནས་འཕྲོད་པར་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། གྲ་མ་ཅན་ལ་སོགས་པའི་འབྲུ་ཀུན་ཀྱང་གསར་ཐོག་དེ་ལོ་གཅིག་མ་ལོན་པ་དང་རློན་པ་རྣམས་ནི་ལྕི་བས་བད་ཀན་བསྐྱེད་པ་ཡིན་ཏེ་མི་དགེ་ལ། འོན་ཀྱང་འབྲས་བུ་སྨིན་པ་ཤིན་ཏུ་མྱུར་བ་རྣམས་དང་བསྐམས་ཏེ་བརླན་དང་བྲལ་བ་རྣམས་དང༌། རྙིང་པ་ལོ་ལོན་པ་རྣམས་ནི་ཡང་ཞིང་དགེ་བ་ཡིན་ནོ། །དེར་མ་ཟད་འབྲུ་སྐམ་རློན་གང་ཡིན་ཡང་རྗེན་པ་དང༌། བཙོས་བ་དང་ཚྭ་སྡོར་ལ་སོགས་པའི་སྒོ་ནས་གཡོས་སུ་བྱས་པ་ཀུན་ཀྱང་རིམ་པ་བཞིན་དུ་སྔ་མ་ལྕི་ཞིང་ཕྱི་མ་ཡང་ཞིང་འཇུ་སླ་བ་དང་ཁམས་ལ་འཕྲོད་པར་འགྱུར་རོ།།

གཉིས་པ་ཤའི་རིགས་བཤད་པ་ལ་གསུམ། སྤྱིར་བཤད་པ། བྱེ་བྲག་ཏུ་བཤད་པ། མཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། ཤ་བ་དགོ་བ་ཀུ་རང་ཁ། །རྐྱང་དང་རི་ཤ་རི་དྭགས་མ། །རི་བོང་དང་རྒོ་ཙ་རུ་ཀ །མདངས་ཀོ་ལ་སོགས་རི་དྭགས་ཡིན། །ལ་བ་བར་ཏི་བར་ཏི་ཀ །གོ་ཆ་དམར་དང་གོང་མོ་དང༌། །སྲེག་པ་ཨུ་པ་ཙཀྲ་དང༌། །ཀ་པིན་ཛ་ར་ཀུ་རུ་པ། །བར་ཏ་ཀ་དང་བར་ཏི་ཀ །གོང་མ་སྲེག་དང་རྨ་བྱ་དང༌། །ཁྱིམ་བྱ་དང་ནི་བ་ཀ་ར། །གོ་ནན་ཏ་དང་རི་ལ་གནས། །ཤ་ར་བ་དང་ཨི་བ། །རི་བྱ་འདི་དག་ཟས་ཁྲོན་རྐོ། །ཤང་ཤང་ཏེའུ་ད་དུ་ཧ། །བུང་འདྲ་ནེ་ཙོ་ཤ་རི་ཀ་ །ལ་ཏ་ཁུ་བྱུག་ཧ་རེ་ཏ། །བྱིའུ་ལ་སོགས་མཆུས་བརྐོ་ཡིན། །སྦལ་བ་སྦྲུལ་དང་སྐྱིན་གོར་དང༌། །བྱི་ཐུར་ལ་སོགས་ཁུང་ན་གནས། །བ་ལང་རྟ་བོང་དྲེའུ་དང༌། །སྟག་གཟིག་སེང་གེ་དོམ་སྤྲེའུ། །བྱི་ལ་བྱི་བ་སྤྱང་ཀི་དང༌། །སྲེ་མོ་དང་ནི་དྲེད་དག་དང༌། །ཝ་དང་འཕར་བ་ཁྲ་དང་ནི། །ཆུན་ལག་ཁྲ་ལྗང་བྱ་རོག་ཁྱི། །བྱ་རིགས་ཁྲ་སྔོན་བྱ་གུ་ར། །བྱ་རྒོད་འུག་པ་ཀ་ལིང་ཀ་ །དུད་མཚན་མ་དུ་ཧ་ལ་སོགས། །གཅན་གཟན་བྱ་དང་རྩལ་མཐུས་ཟ། །ཕག་རྒོད་རུ་རུ་མ་ཧེ་སྐྱིན། །རོ་ཧི་ཏ་དང་གླང་པོ་ཆེ། །མཛོ་རྒོད་གཡག་རྒོད་བསེ་དང་ནི། །སྨྱིག་གླང་ཞེས་གྲགས་རི་དྭགས་ཆེ། །ཆུར་གནས་ངང་པ་ས་ར་ས། །ཆུ་སྐྱར་ཀ་རན་དང་བྱ་བླ། །རྒྱ་དང་ཁྲུང་ཁྲུང་ངུར་བ་དང༌། །སོ་བྱ་ཀ་དམ་པ་སོགས་ཡིན། །ཉ་རོ་ཧི་ཏ་པ་ཐི་ན། །ཉ་ཕྱིས་རུས་སྦལ་ཀུམྦི་ར། །ཀར་ཏ་ངུང་སྲམ་ཤམ་བུ་ཀ་ །ཉེ་ལྡང་བར་མི་ཙན་ཏི་ཀ་ །བུ་སུ་ཆུ་སྲིན་ནག་ཁྲ་དང༌། །ཉ་བོ་ཆེ་ནི་བྱིས་པ་གསོད། །ཛ་ཏི་རྩི་རི་རྩི་མ་སོགས། །དེ་ལྟར་ཤ་ནི་བརྒྱད་དུ་བཤད། །ར་ལུག་ཟས་ཀྱི་སྤྱོད་ཡུལ་ནི། །འདྲེས་པས་རིགས་གཅིག་ངེས་མ་ཡིན། །ཐོག་མ་ཐ་མ་སྐམ་གཤེར་གནས། །བར་མ་གཉིས་པ་ཐུན་མོང་བཤད། །དེ་ལ་སྐམ་པའི་ཤ་དུག་འགག །བསིལ་བ་དང་ནི་ཡང་བ་ཡིན། །འདུས་པ་མཁྲིས་པ་ཤས་ཆེ་ཞིང༌། །རླུང་མཁྲིས་བད་ཀན་ཆུང་ལ་ཕན། །ཞེས་དང༌། ཟླ་ཟེར་ལས། འདི་དག་གི་རྣམ་གྲངས་མི་ཤེས་པ་དག་གིས་ནི་ཡུལ་ཕྱོགས་ཀུན་ཏུ་ཕྱིན་པ་དག་ལས་ཤེས་པར་བྱ་སྟེ། གང་གི་འདིར་སྨྲས་པའི་སྲོག་ཆགས་ཁ་ཅིག་ཡུལ་ལ་ན་མེད་པས་མི་ཤེས་ལ། ཁ་ཅིག་ནི་ཡུལ་གཞན་ན་མིང་གཞན་དུ་གྲགས་པའང་ཡོད་དོ། །དེ་བས་ན་འདི་རྣམས་ཀྱི་མིང་གི་རྣམ་གྲངས་ཡུལ་ཐ་དད་པ་ན་གྲགས་ན། རི་བྲག་པ་དང་ཉ་པ་ལ་སོགས་པ་ལས་མིང་ཇི་སྐད་དུ་གྲགས་པའང་ཡིན་པ་ལས་ཤེས་པར་བྱའོ། །ཞེས་པ་ལ་སོགས་པས་བཤད་དོ། །གཉིས་པ་ཚིག་གི་དོན་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི་ཤ་ནི་ཞེས་སོགས་རྐང་པ་གཅིག་སྟེ། ཁ་ཟས་སུ་བྱེད་པའི་ཤའི་རིགས་ནི་ཁྲོན་གྱིས་བརྐོ་བ་ལ་སོགས་པའི་སྡེ་བརྒྱད་ཡོད་ལ། དེ་དག་ཀུན་ཀྱང་གནས་ཀྱི་དབང་གིས་སྐམ་ས་ལ་གནས་པ་དང༌། གཤེར་བ་ལ་གནས་པ་དང༌། དེ་གཉིས་ཀ་ལ་ཐུན་མོང་དུ་གནས་པ་རྣམ་པ་གསུམ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་བརྒྱད་ལས། དང་པོ་ནི། རྨ་བྱ་ཞེས་པ་ནས་བརྐོ་བའི་སྡེ་ཞེས་པའི་བར་གྱིས་བསྟན་ཏེ། རྨ་བྱ་དང༌། གོང་མོ་དང་སྲེག་པ་དང་ཀྱུང་ཀ་དང་འདྲ་བའི་བྱ་ནག་དང༌། གོང་མོ་སྲེག་ལ་སོགས་པའི་རི་བྱ་རྣམས་ནི་ཁྲོན་ཏེ་རྐང་པས་བརྐོས་ནས་ཟས་འཚོལ་བར་བྱེད་པའི་སྡེ་ཚན་ཡིན་ནོ། །གཉིས་པ་ནི། ནེ་ཙོ་ཞེས་པ་ནས། བརྐོ་བའི་སྡེ་ཞེས་པའི་བར་གྱིས་བསྟན་ཏེ། ནེ་ཙོ་དང་ཁུ་བྱུག་དང༌། ཐི་བ་ཞར་མ་དང༌། སྐྱ་ག་དང༌། འཇོལ་མོ་དང༌། བྱེའུ་ཕལ་ཆེར་རྣམས་ནི་གཟན་བུ་མཆུ་ཡིས་བརྐོས་ཏེ་ཟ་བའི་སྡེ་ཚན་ཡིན་ནོ། །གསུམ་པ་ནི། ཤ་བ་ཞེས་པ་ནས་སྡེ་ཚན་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། ཤ་བ་དང་གླ་བ་དང་དགོ་བ་དང་གཉན་དང༌། རི་བོང་དང་བཙོད་དང་རྣ་བ་ལ་སོགས་པའི་ཤ་རྣམས་ནི་རི་དྭགས་ཀྱི་སྡེ་ཚན་ཡིན་ནོ། །བཞི་པ་ནི། རྒྱ་དང་ཞེས་པ་ནས་ཆེ་བའི་སྡེ་ཞེས་པའི་བར་གྱིས་བསྟན་ཏེ། རྒྱ་དང་ཁ་ཤ་དང་ར་རྒོད་དང་མ་ཧེ་དང་བསེ་དང་སྨྱིག་མའི་ནགས་ན་གནས་པའི་སྨུག་ཅེས་བྱ་བ་དེ་རྐྱང་དང་གཡག་རྒོད་ནི་འབྲོང་དང་རི་ལ་གནས་པའི་མཛོ་རྒོད་ཅེས་བྱ་བ་རྣམས་ནི་རི་དྭགས་ཆེ་བའི་སྡེ་ཚན་ཡིན་ནོ། །ལྔ་པ་ནི། སྟག་གཟིག་ཅེས་པ་ནས་ཟ་བའི་སྡེ་ཞེས་པའི་བར་གྱིས་བསྟན་ཏེ། སྟག་དང་གཟིག་དང་དོམ་དང་དྲེད་དང་གསའ་དང་སྤྱང་ཀི་དང་གཡི་དང་ཝ་དང་འཕར་བ་དང་སྦྲེ་དང་སོགས་པའི་སྒྲས་འོབས་ལ་སོགས་པའི་གཅན་གཟན་རྣམས་དང༌། བྱ་རྒོད་དང་ཁྭ་ཏ་དང་བྱ་གླག་དང་ནེ་ལེ་སྟེ། འོལ་བ་དང་བྱ་རོག་དང་འུག་པ་དང་བྱེའུ་གསོད་པའི་ཁྲ་དང་རྒྱ་ཁྲ་ལ་སོགས་པ་རྣམས་ལ་ནི་རྩལ་མཐུས་ཟ་བའི་སྡེ་ཚན་ཞེས་བྱ་བའོ། །དེ་ལྟར་ཡང་དྲང་སྲོང་ཙ་ར་ཀས། འཐོར་ཞིང་རྣམ་པར་བརྐོ་བ་དང༌། །མཆུ་ཡིས་བརྐོ་བར་བྱེད་པ་དང༌། །རྩལ་མཐུས་འཕྲོག་ཅིང་ཟ་བས་ན། །མཐུས་ཟ་ཞེས་ནི་དེ་ཕྱིར་བྱ། །ཞེས་བཤད་པ་ཡིན་ནོ། །དྲུག་པ་ནི། མཛོ་གཡག་ཅེས་པ་ནས་བདག་བྱེད་སྡེ་ཞེས་པའི་བར་གྱིས་བསྟན་ཏེ། མཛོ་དང་གཡག་དང་རྔ་མོ་དང་རྟ་དང་བོང་བུ་དང་བ་ལང་དང་སྐོམ་པོ་སྟེ་རྟོལ་དང་ར་དང་ལུག་དང་ཁྱི་དང་ཕག་དང་ཁྱིམ་བྱ་དང་བྱི་ལ་སྟེ་ཞེ་མེ་ལ་སོགས་པ་རྣམས་ནི་མིས་བདག་བྱེད་པའི་སྡེ་ཡིན་ནོ། །བདུན་པ་ནི། འཕྱི་བ་ཞེས་པ་ནས་ཁུང་གནས་སྡེ་ཞེས་པའི་བར་གྱིས་བསྟན་ཏེ། འཕྱི་བ་དང་གཟུགས་མོ་བྱི་ཐུར་དང་སྦལ་བ་དང་སྦྲུལ་དང་གྲུམ་པ་དང་རྨིགས་པ་དང་རྩངས་པ་དང་སྡིག་པ་དང་སྐྱིན་གོར་ལ་སོགས་པ་རྣམས་སའི་ཁུང་ངམ་སྦུབས་སུ་གནས་པའི་སྡེ་ཡིན་ནོ། །བརྒྱད་པ་ནི། ཁྲུང་ཁྲུང་ཞེས་པ་ནས་གནས་པའི་སྡེ་ཞེས་པའི་བར་གྱིས་བསྟན་ཏེ། ཁྲུང་ཁྲུང་ཞེས་པ་ནས་གནས་པའི་སྡེ་ཞེས་པའི་བར་གྱིས་བསྟན་ཏེ། ཁྲུང་ཁྲུང་དང་ངང་སྐྱ་དང་ངུར་བ་དང་སོ་བྱ་སྟེ་སོ་ཏོ་རོག་པོ་དང་སྐྱར་མོ་བྱ་དཀར་དང་སྲམ་དང་ཉ་ལ་སོགས་པ་རྣམས་ནི་བརླན་ལ་གནས་པའི་སྡེ་ཚན་ཡིན་ནོ།།

གསུམ་པ་མཇུག་བསྡུ་བ་ནི། སྡེ་བརྒྱད་ཅེས་པ་ནས་གཉིས་དང་ལྡན་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་བཤད་པའི་སྡེ་བརྒྱད་ཀྱི་ཤ་རྣམས་ཀུན་ཀྱང་རོ་དང་ཞུ་རྗེས་གཉིས་ཀ་མངར་བ་ཡིན་ལ། སྡེ་བརྒྱད་པོ་དེ་ལས་ཐོག་མ་ཁྲོན་གྱིས་བརྐོ་བ་དང༌། མཆུས་བརྐོ་བ་དང༌། རི་དྭགས་ཀྱི་སྡེ་གསུམ་དང༌། ཐ་མ་ཁུང་ན་གནས་པ་དང༌། མིས་བདག་བྱེད་པའི་སྡེ་གསུམ་རྣམས་རིམ་པ་བཞིན་དུ་དང་པོ་གསུམ་སྐམ་ལ་གནས་པ་དང༌། ཐ་མ་གཉིས་གཤེར་ལ་གནས་པ་དང༌། བར་མ་གསུམ་ཐུན་མོང་ལ་གནས་པ་ཡིན་ནོ། །དེ་ལ་ས་སྐམ་ས་ལ་གནས་པའི་ཤ་རྣམས་བསིལ་ཅིང་ཡང་ལ་རྩུབ་པས་རླུང་དང་བད་ཀན་ལྡན་པའི་ཚ་བ་སེལ་བར་བྱེད་ཅིང༌། བརླན་གཤེར་ལ་གནས་པའི་ཤ་རྣམས་སྣུམ་ཞིང་ལྕི་ལ་དྲོ་བ་དང་ལྡན་པས་ཕོ་བ་དང་མཁལ་རྐེད་དང་གྲང་རླུང་གི་ནད་ཀུན་ལ་ཕན་པ་དང༌། སྐམ་གཤེར་ཐུན་མོང་ལ་གནས་པའི་ཤ་རྣམས་ནུས་པ་གཉིས་དང་ལྡན་ཞེས་པ་བད་རླུང་དང་ལྡན་པའི་ཚ་བ་དང༌། གྲང་རླུང་གཉིས་ཀ་སེལ་བའི་ནུས་པ་དང་ལྡན་པའི་དོན་ཡིན་ནོ། །འདིའི་སྐབས་སུ་སྔ་རབས་པ་རྣམས་ན་རེ། ཐོག་མའི་སྡེ་ཚན་ཁྲོན་བརྐོ་བ་དང༌། མཆུས་བརྐོ་བ་དང༌། རི་དྭགས་ཀྱི་སྡེ་དང༌། རི་དྭགས་ཆེ་བའི་སྡེ་ཚན་བཞི་ནི་སྐམ་ས་ལ་གནས་པའི་ཤའོ། །ཐ་མའི་སྡེ་ཚན་ལ་ཁུང་གནས་དང་བརླན་གནས་ཏེ་གཉིས་གཤེར་ལ་གནས་པའི་ཤའོ། །ཞེས་དང༌། ཟླ་ཟེར་ལས། ཐོག་མ་ཐ་མ་སྐམ་གཤེར་གནས། །བར་མ་གཉིས་པོ་ཐུན་མོང་བཤད། །ཅེས་བྱ་བ་ལ། བར་མ་གཉིས་པོ་ཞེས་ཚིག་གཉིས་པར་བཤད་པ་ལས་ན་ཐོག་མ་དང་ཐ་མ་ནི་སྡེ་ཚན་གསུམ་གསུམ་ཡིན་ཏེ། དང་པོའི་སྡེ་ཚན་གསུམ་ནི་རི་དྭགས་དང་ཁྲོན་དུ་བརྐོ་བ་དང༌། མཆུས་བརྐོ་བ་གསུམ་ནི་སྐམ་ལ་གནས་པ་ཡིན་པས་ན་སྐམ་པའི་སྒྲར་བརྗོད་ལ། ཐ་མའི་གསུམ་པོ་རི་དྭགས་ཆེན་པོ་དང་ཆུ་ལ་སྤྱོད་པ་ཉ་རྣམས་ནི་གཤེར་བ་ཉིད་ལ་སྤྱོད་པས་གཤེར་བའི་སྒྲར་བཤད་དེ། བར་གྱི་སྡེ་ཚན་གཉིས་པོ་ཁུང་ན་གནས་པ་དང་རྩལ་མཐུས་ཟ་བ་ཞེས་བྱ་བ་གཉིས་ནི་ཐུན་མོང་སྟེ་གཉིས་ཀ་ལ་སྤྱོད་པ་ཡིན་པར་བཤད་དོ། །ཞེས་བཀོད་པར་སྣང་ཡང༌། གཞུང་གི་དགོངས་པ་ནི། ཁུང་ན་གནས་པ་ཕལ་ཆེར་བརླན་ལ་བརྟེན་པ་མང་ཞིང༌། རི་དྭགས་ཆེ་བ་དང་རྩལ་མཐུས་ཟ་བ་མིས་བདག་བྱེད་གསུམ་ག་སྐམ་གཤེར་གཅིག་ཏུ་མ་ངེས་པས་ཐུན་མོང་བ་ཡིན་པར་བཞེད་དོ། །ཡང༌། ཐུན་མོང་གནས་པ་ནུས་པ་གཉིས་དང་ལྡན། །ཞེས་པ་ལས། སྔ་རབས་པ་རྣམས་ཀྱིས། ཐུན་མོང་དུ་གནས་པ་རྣམས་ལ་ནུས་པ་གཉིས་ཀ་དང་ལྡན་པ་སྟེ། རྩུབ་ལ་ཡང་ཞིང་དྲོ་བ་ཡང་ཡོད། བསིལ་ལ་ལྕི་བ་ཡང་ཡོད། བསིལ་ལ་ཡང་བ་ཡང་ཡོད། ལྕི་ལ་དྲོ་བ་ཡང་ཡོད། ཅེས་པའི་དོན་ནོ། །ཞེས་དང༌། ཁ་ཅིག་ན་རེ། སྐམ་གཤེར་ཐུན་མོང་དུ་གནས་པའི་ཤ་རྣམས་ནུས་པ་བསིལ་དྲོད་ལ་སོགས་གཉིས་དང་ལྡན་པའོ། །ཞེས་ཟེར་བ་མི་འཐད་དེ། དེ་ལྟ་བུའི་ཤ་དེ་ལ་བསིལ་དྲོད་གཉིས་ཀའི་ནུས་པ་ཡོད་ན། ཤ་དེ་ཟོས་པ་ཙམ་གྱིས་ནད་ཀུན་ལ་ཕན་པའམ། ཡང་ན་གནོད་པ་འབའ་ཞིག་ཏུ་འགྱུར་ཞིང་དངོས་པོ་གཅིག་གི་སྟེང་དུ་ཚ་བསིལ་དང་ལྕི་ཡང་ལྷན་ཅིག་ཏུ་ཚགོས་པ་ནི་རྒྱ་ལམ་ན་སྲིད་པ་ཙམ་མོ། །དེ་ལྟ་བས་ན་ཤ་ཕལ་ཆེ་བ་དྲོད་ཁོ་ནར་གཏོགས་ཤིང༌། སྐམ་པའི་ཤས་བད་རླུང་དང་ལྡན་པའི་ཚ་བ་སེལ་བར་གསུངས་པ་ཡང་ཞིབ་ཏུ་བརྟགས་ན་དྲོད་ཆེ་བར་དོན་གྱིས་ངེས་པར་འགྱུར་ཏེ། བད་རླུང་དང་བསྡོངས་པའི་ཚ་བ་ནི་མིང་ཙམ་དུ་ཟད་པའི་དོན་གྱིས་སོ། །འོན་ཀྱང་དྲང་སྲོང་ཙ་ར་ཀས། སྐམས་གཤེར་སར་གནས་པའི་ཕྱིར། །ཤིན་ཏུ་ལྕི་མངར་ཚ་མིན་པའི། །རྒྱ་བྱའི་ཤས་ནི་རླུང་ལ་སོགས། །ཉེས་པ་གསུམ་པོ་སེལ་བ་ཡིན། །ཞེས་པ་ལ་སོགས་པ་རྣམས་ནི་རོ་ནུས་ཞུ་རྗེས་སོ་སོའི་དུས་སུ་ལས་མི་འདྲ་བ་རེ་རེ་བྱས་པའི་དོན་ཡིན་གྱི། གཞན་དུ་ནི་དེ་ལྟར་མི་འབྱུང་ངོ༌།།

གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། འདིར། ར་ཤ་ལྕི་བསིལ་ཉེས་པ་གསུམ་སློང་ཞིང༌། །ཞེས་དང༌། རྩ་རྒྱུད་དུ། ར་ཤ་མཁྲིས་པའི་ནད་ལ་ཕན་པར་བཤད་པ་དང༌། ཟླ་ཟེར་ལས། ར་ཤ་ཤིན་ཏུ་བསིལ་མིན་ཞིང༌། །ལྕི་སྣུམ་མ་ཡིན་ཉེས་མེད་ཡིན། །ལུས་དང་ཁམས་ནི་མཉམ་པས་ན། །བད་ཀན་མི་སྐྱེད་ལུས་བརྟས་བྱེད། །ཅེས་བྱ་བ་ལ་ཤིན་ཏུ་བསིལ་མིན་ཞེས་བྱ་བའི་སྒྲ་ནི་ཅུང་ཟད་ཀྱི་དོན་ལ་སྙེག་སྟེ། དེས་ན་རའི་ཤ་ནི་ཅུང་ཟད་བསིལ་བ་ཙམ་དང་ཅུང་ཟད་ཙམ་སྣུམ་པ་ཡིན་ཞེས་བྱའོ། ཉེས་མེད་ཡིན་ཞེས་བྱ་བ་ཉེས་པ་ཆུང་བའི་དོན་ཡིན་ཏེ། དཔེར་ན་ལུག་སྤུ་མེད་ཅེས་པའམ་བུད་མེད་རྐེད་མེད་ཅེས་ཟེར་བ་དང་འདྲའོ། །དེས་ཅུང་ཟད་ཙམ་ཉེས་པ་ཡོད་ཅིང་ཅུང་ཟད་བད་ཀན་བསྐྱེད་པ་ཡིན་ནོ། །ཞེས་བཤད་པའི་དོན་ནོ། །དེ་བཞིན་དུ་ལུས་དང་ཁམས་མཉམ་པ་ཡང་རྣམ་པ་ཐམས་ཅད་དུ་ཉེས་པ་མེད་པ་ཡིན་ཏེ། མི་རྣམས་ཀྱི་ལུས་དང་ལུས་ཟུངས་ཀྱི་ཚུལ་ཇི་ལྟ་བུ་ཡིན་པར་རའི་ཁམས་ཀྱང་དེ་དང་འདྲ་བ་ཡིན་ཏེ། དེ་བས་ན་ལུས་དང་ལུས་ཟུངས་མཚུངས་ཤིང་མཉམ་པས་ན་ཤ་དེས་ནི་ཉེས་པ་ཅུང་ཟད་ཀྱང་མི་བསྐྱེད་པ་ཡིན་ནོ། །དེས་ན་སྐྱེས་བུའི་ལུས་དང་ལུས་ཟུངས་མཐའ་དག་དང་དེ་མཉམ་སྟེ། མིའི་ལུས་ཟུངས་ཇི་འདྲ་བར་ར་ཡང་དེ་དང་འདྲ་བར་དོན་གྱིས་སྟོན་པ་ཡིན་ཏེ། འདི་སྐད་བཤད་པས་ནི་མིའི་རང་བཞིན་ཇི་འདྲ་བ་ཡིན་པ་ཡང་བཤད་པ་ཡིན་ནོ། །བད་ཀན་མི་བསྐྱེད་ཅེས་བྱ་བ་ནི་རའི་ཤ་སྟེ། བད་ཀན་ཤས་ཆེར་སྐྱེད་པར་མི་བྱེད་པའོ། །ལུས་བརྟས་པར་བྱེད་པ་ནི་ཤ་འཕེལ་བར་བྱེད་པའོ། །ཞེས་དང༌། རང་འགྲེལ་ལས། ར་ཤ་ནི་ཧ་ཅང་བསིལ་བ་ཡང་མ་ཡིན། ཧ་ཅང་སྣུམ་པ་ཡང་མ་ཡིན་ཏེ། ར་ཤ་ཟོས་ན་ནད་དམིགས་ནི་གང་ཡང་མི་འབྱུང་ངོ༌། །རང་ཉིད་ཀྱི་ལུས་ཀྱི་ཤ་ཡང་ཆེ་ཆུང་མེད་དེ་མཉམ། ཁམས་ཀྱང་ཆེ་ཆུང་མེད་དེ་མཉམ་པས་ན། དེའི་ཕྱིར་ར་ནི་བད་ཀན་ཡང་མི་ཆེ། རླུང་ཡང་མི་ཆེ། ཧ་ཅང་ཚོ་བ་ཡང་མ་ཡིན་པས་དེའི་ཤ་ནི་དེ་ལྟར་ཕན་ནོ། །ཞེས་བཤད་པ་རྣམས་ཕན་ཚུན་འགལ་བ་ལྟར་སྣང་བ་དང༌། ཡང་འདིར་ལུག་ཤ་སྣུམ་དྲོ་སྟོབས་འཕེལ་ལུས་ཟུངས་སྐྱེད། །རླུང་དང་བད་ཀན་སེལ་ཞིང་དང་ག་འབྱེད། ཅེས་དང༌། སློན་དཔོན་གྱིས། ལུག་ཤ་དེ་ལས་བཟློག་པ་སྟེ། །ལུས་བརྟས་ཡིན་པར་ཤེས་པར་བྱ། །ཞེས་དང༌། ལུག་ཤ་ནི་རའི་ཕན་པ་ཇི་སྐད་བཤད་པ་དེ་ལས་བཟློག་སྟེ་ཤེས་པར་བྱ་བའོ། །དེའང་ཇི་ལྟར་ཞེ་ན། ལུག་གི་ལུས་ཀྱི་ཤ་ཡང་སྙོམས་པ་མ་ཡིན། ཁམས་ཀྱང་སྙོམས་པ་མ་ཡིན་པས་ཚ་བ་སྐྱེད། ལྕི་ཞིང་ཧ་ཅང་སྣུམ་ཆེས་ཏེ་རླུང་དང་བད་ཀན་དུ་ཡང་འགྱུར། ལུས་ཀྱི་ཤ་ཡང་ཆེའོ། །ཞེས་དང༌། ཟླ་ཟེར་ལས། ལུག་གི་ཤ་ནི་རའི་ཤ་དེ་ལས་བཟློག་པར་ཤེས་བྱ་སྟེ། དེས་ན་རའི་ཤ་ནི་ཤིན་ཏུ་བསིལ་བ་མ་ཡིན་ལ། འདི་ནི་ཤིན་ཏུ་བསིལ་བ་དང༌། དེ་ནི་ཤིན་ཏུ་ལྕི་བ་མ་ཡིན་ལ། འདི་ནི་ལྕི་བ་དང༌། དེ་ནི་ཤིན་ཏུ་སྣུམ་པ་མ་ཡིན་ལ་འདི་ནི་ཤིན་ཏུ་སྣུམ་པའོ། །དེ་ནི་ལུས་བརྟས་པར་བྱེད་པ་ཡིན་ལ། འདི་ཡང་བརྟས་པར་བྱེད་པ་ཡིན་པས་འདི་ལ་ནི་གོ་བཟློག་པ་མེད་དོ། །ཞེས་བཤད་པ་ཡང་ཕན་ཚུན་འགལ་བ་ལྟར་སྣང་བ་ལ་ཕལ་ཆེར་ན་རེ། རྒྱ་གར་ཡུལ་ཚད་པ་ཆེ་བས་ར་ཤ་བསིལ་བ་ཕན་ཞིང༌། བོད་གྲང་བས་ལུག་ཤ་དྲོད་ཆེ་བ་ཕན་ནོ། །ཞེས་ཟེར་བ་མི་འཐད་དེ། ཟླ་ཟེར་དུ་ར་ཤ་ལས་ལུག་ཤ་བསིལ་བར་བཤད་པའི་ཕྱིར། དེས་ན་རྩ་རྒྱུད་དུ། ར་ཤ་མཁྲིས་པ་ལ་ཕན་པར་གསུངས་པ་དང༌། བརྒྱད་པ་རྩ་འགྲེལ་དུ་ར་ཤ་ཉེས་པ་ཆུང་བར་བཤད་པ་ནི། ནད་ཁོང་དུ་བསགས་པའི་སྐབས་མ་ཡིན་པ་ལ་དགོངས་ཤིང༌། གཞུང་འདིར་ནི་ཉེས་པ་གསུམ་པོ་གང་རུང་ཁོང་དུ་བསགས་ཏེ་གནས་པའི་ཚེ་ན་སློང་རྐྱེན་བྱེད་པ་ལ་དགོངས་པ་ཡིན་པས་མི་འགལ་ལ། དེ་བཞིན་དུ་ཟླ་ཟེར་ལས་ལུག་ཤ་ཤིནཏུ་བསིལ་བར་བཤད་པ་ནི་ཤ་ལ་སོགས་པའི་ལུས་ཟུངས་འཕེལ་བའི་སྟོབས་ཆེ་བ་ལ་དགོངས་ཤིང༌། འདིར་དྲོ་བར་གསུངས་པ་ནི་ར་ཤ་ལས་འཇུ་སླ་བ་ལས་དགོངས་སམ་སྙམ་སྟེ། གཞན་དུ་ནི་འགལ་བ་སྤང་དཀའ་བ་ཡིན་ནོ། །དེ་ལྟར་ཡང་རྒྱུད་ཆུང་བ་ལས། ལུག་ཤ་སྣུམ་དྲོ་སྟོབས་ཟུངས་འཕེལ། །རླུང་དང་བད་ཀན་དང་ག་འབྱེད། །བརྟ་བར་བྱེད་པ་གཞན་གོང་མེད། །ར་ཤ་ཤིན་ཏུ་བསིལ་མིན་ཞིང༌། །ལྕི་སྣུམ་ཉེས་པ་གསུམ་ག་སློང༌། །ཉེས་མཉམ་བད་ཀན་མི་སྐྱེད་བརྟས། །བསེ་ཤ་དུག་འབྲུམ་ནག་མེས་ཚིག །ལུས་སྐམ་དལ་ཚེ་མ་སྙོམས་རིམས། །ཆམ་སྐེམ་རླུང་ནད་གཅིག་པུ་སེལ། །ཞེས་ཀྱང་བཤད་པའི་ཕྱིར་རོ། །གཉིས་པ་ཚིག་གི་དོན་ནི། བྱ་གཅན་ཞེས་པ་ནས་བཤིག་པར་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། གོང་དུ་བཤད་པའི་བྱ་དང༌། གཅན་གཟན། རྩལ་མཐུས་ཤ་རློན་ཟ་བ་རྣམས་ཀྱི་ཤ་ནི་རྩུབ་ཡང་རྣོ་བས་ཕོ་བའི་མེ་དྲོད་བསྐྱེད་ཅིང་སྐྲན་བཤིག་པ་དང་ཤ་འཕེལ་བ་དང་གྲང་བའི་ནད་ཀུན་སེལ་བར་བྱེད་པ་ཡིན་ལ། ལུག་ཤ་ནི་སྣུམ་དྲོ་དང་ལྡན་པས་འཇུ་བ་སླ་ཞིང་སྟོབས་འཕེལ་བ་དང༌། ལུས་ཟུངས་བསྐྱེད་པ་དང༌། རླུང་དང་བད་ཀན་སེལ་ཞིང་དང་ག་འབྱེད་པར་བྱེད་པ་དང༌། ར་ཤ་ནི་ལྕི་བསིལ་དང་ལྡན་པས་ཁོང་དུ་ཉེས་པ་གསུམ་བསགས་པ་ཡོད་ན་སློང་བར་བྱེད་ཅིང་བསེ་དུག་དང་ཤ་དུག་དང་འབྲུམ་ནག་དང་མེས་ཚིག་པའི་རྨ་རྣམས་ལ་ཕན་པ་དང༌། བ་ལང་གི་ཤ་ནི་བསིལ་སྣུམ་དང་ལྡན་པས་རླུང་ལྡན་གྱི་ཚ་བ་སེལ་བར་བྱེད་པ་དང༌། རྟ་རྐྱང་བོང་བུ་དང༌། སོགས་པའི་སྒྲས་དྲེའུ་རྣམས་ཀྱི་བཤུལ་ཤ་རྣམས་ཀྱིས་རྣག་འཛག་པ་གཅོད་ཅིང་མཁལ་རྐེད་ལ་སོགས་པའི་གྲང་བ་དང་ཆུ་སེར་སེལ་བ་དང༌། ཕག་ཤ་ནི་བསིལ་ཡང་དང་ལྡན་པས་རྨ་འཇིག་ཅིང་བད་ཀན་སྨུག་པོ་སེལ་བ་དང༌། མ་ཧེའི་ཤ་ཡིས་ནི་གཉིད་དང་ཤ་འཕེལ་བར་བྱེད་པ་དང༌། གཡག་གི་ཤ་ནི་སྣུམ་དྲོད་དང་ལྡན་པས་གྲང་བ་སེལ་ཞིང་ཁྲག་མཁྲིས་བསྐྱེད་པ་དང༌། ཁྱིམ་བྱ་དང་བྱེའུ་མཆིལ་བའི་ཤ་ཡིས་ནི་ཁུ་བ་འཕེལ་ཞིང་རྨ་ལ་ཕན་པ་དང༌། གཡག་རྒོད་དེ་འབྲོང་གི་ཤ་ནི་ཕོ་མཆིན་ལ་ཞུགས་པའི་གྲང་ནད་སེལ་ཞིང་མེ་དྲོད་བསྐྱེད་པ་དང༌། ཤ་བ་ལ་སོགས་པའི་རི་དྭགས་ཆེ་པ་ཕལ་ཆེར་གྱི་ཤ་ནི་བསིལ་ལ་ཡང་བས་བད་ཀན་དང་ལྡན་པའི་ཚད་པ་སེལ་བར་བྱེད་པ་དང་རི་བོང་གི་ཤ་ནི་རྩུབ་པས་དྲོད་སྐྱེད་ཅིང་འཁྲུ་བ་གཅོད་པ་དང༌། འཕྱི་བའི་ཤ་ནི་སྣུམ་ལྕི་དང་ལྡན་པས་དྲོ་ཞིང་འབྲས་ལ་ཕན་པ་དང༌། གྲང་རླུང་དང་ཕོ་ནད་དང་མཁལ་རྐེད་ཀྱི་ནད་དང་མགོ་བོའི་ནད་རྣམས་སེལ་བར་བྱེད་པ་དང༌། སྲམ་གྱི་ཤ་ནི་རོ་ཙ་ཞིང་མཁལ་རྐེད་ལ་སོགས་པའི་གྲང་བ་སེལ་བ་དང༌། ཉ་ཤས་ནི་ཕོ་བའི་ནད་སེལ་ཞིང་དང་ག་འབྱེད་པ་དང་མིག་གསལ་ལ་རྨ་དང་འབྲས་དང་བད་ཀན་རྣམས་བཤིག་པར་བྱེད་པ་ཡིན་ནོ། །གསུམ་པ་མཇུག་བསྡུ་བ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ཤ་ནི་འཕྲལ་བསད་དག་པ་དང༌། །དར་ལ་བབ་པས་བསྟེན་པར་བྱ། །ཞེས་བྱ་བ་ལ། ཤ་ཐམས་ཅད་ནི་འཕྲལ་བསད་པ་སྟེ་དུས་དེའི་ཚེ་ཉིད་བསད་པ་དང༌། དེ་བཞིན་དུ་དག་པ་སྟེ་དུག་ལ་སོགས་པ་དང་མ་འབགས་པ་དང༌། དར་ལ་བབ་པ་སྟེ་རྒན་པ་དང་གཞོན་པ་མ་ཡིན་གྱི་རང་རང་གི་ན་ཚོད་དར་ལ་བབ་པའོ། །དེ་ལྟ་བུའི་ཤ་དེ་ནི་ཕན་པར་འགྱུར་བ་ཡིན་པས་བསྟེན་པར་བྱ་བ་ཉིད་ཡིན་ནོ། །རང་ཤི་རིད་དང་ཤིན་ཏུ་ཚོ། །ནད་ཆུ་དུག་གིས་ཤི་བ་སྤང༌། །ཞེས་བྱ་བ་ལ། ཤ་ཐམས་ཅད་ལ་རང་ཉིད་ཤི་བ་སྤང་བ་དང༌། དེ་བཞིན་དུ་རིད་ཅིང་སྦེག་པ་དང༌། ཤིན་ཏུ་ཚིལ་ཆེ་ཞིང་ཚོ་དྲགས་པ་སྤང་བ་དང༌། དེ་བཞིན་དུ་ནད་དམ་ཆུའམ་དུག་གིས་ཤི་བའི་ཤ་ཡང་སྤང་ཞིང་དོར་བར་བྱའོ། །ཕོ་དང་མོ་ཡི་སྟོད་སྨད་ཕྱེད། །ལྕི་སྟེ་སྦྲུམ་མའི་ཐམས་ཅད་ལྕི། །ཞེས་བྱ་བ་ལ། སྲོག་ཆགས་ཐམས་ཅད་ཀྱི་ཕོ་དང་མོ་ལས་གོ་རིམ་ཇི་ལྟ་བ་བཞིན་དུ་ཕོའི་མགོ་ནས་བརྩམས་ཏེ་ལྟེ་བའི་བར་གྱི་ལུས་ཀྱི་ཕྱེད་ཀྱི་ཤ་ལྕི་བ་ཡིན་ལ། མོའི་ནི་ལྟེ་བ་མན་ཆད་ཀྱི་རོ་སྨད་ལུས་ཀྱི་ཕྱེད་ཀྱི་ཤ་ལྕི་བ་ཡིན་ནོ། །སྦྲུམ་མར་གྱུར་པའི་ཤ་ནི་ལུས་པོ་ཐམས་ཅད་ལྕི་བ་ཡིན་ནོ། །རྐང་བཞི་མོ་ཡི་ཡང་བ་ཡིན། །བྱ་རྣམས་ཀྱི་ནི་ཕོ་ཡི་ཡང༌། ཞེས་བྱ་བ་ལ། རྐང་བཞི་པ་སྟེ་རི་དྭགས་དང་ར་ལུག་དང་མ་ཧེ་ལ་སོགས་པའི་ནང་ནས་ནི་མོའི་ཤ་ཡང་བ་ཡིན་ལ། བྱ་རྣམས་དེ་ལ་ཁྭ་ཏ་དང་ངང་པ་དང་རྨ་བྱ་དང་ཁྱིམ་བྱ་ལ་སོགས་པ་གཤོག་པ་ཅན་རྣམས་ཀྱི་ཕོའི་ཡང་བ་ཡིན་ནོ། །མགོ་བོ་རོ་སྟོད་བྲང་དང་རྒྱབ། །རྐེད་པ་དཔྱི་མིག་ལྕི་བ་ཡིན། །དེ་བཞིན་ཕོ་བ་རྒྱུ་མ་སོགས། །གོ་རིམ་བཞིན་དུ་ལྕི་བ་ཡིན། །ཞེས་བྱ་བ་ལ། མགོ་ལ་སོགས་པའི་ཡན་ལག་གི་ཆ་ཤས་ལས་ནི། གོ་རིམ་བཞིན་དུ་ཞེས་པ་གོ་རིམ་མ་འཆོལ་བར་ལྕི་བ་ཉིད་ཡིན་པར་བསྟན་ཏོ། །དེས་ན་དཔྱིའི་ཤ་བས་ནི་རྐེད་པའི་ཤ་ལྕི་ལ། རྐེད་པའི་ཤ་བས་ནི་རྒྱབ་ཀྱི་ཤ་ལྕི། རྒྱབ་ཀྱི་ཤ་བས་ནི་བྲང་གི་ཤ་ལྕི། བྲང་གི་ཤ་བས་ནི་རོ་སྟོད་ལྕི་ལ། རོ་སྟོད་ཀྱི་ཤ་བས་ནི་མགོ་བོའི་ཤ་ཤིན་ཏུ་ལྕི་བ་ཡིན་ནོ། །དེ་བཞིན་དུ་ཞུ་བའི་གནས་རྒྱུ་མ་ལ་སོགས་པའི་ཤ་བས་ནི་མ་ཞུ་བའི་གནས་ཕོ་བའི་ཤ་ལྕི་བ་ཡིན་ཏེ། དེ་ཡང་ཟས་ཞུ་བའི་གནས་ནི། ཞུ་བའི་གནས་ཏེ་ལྟེ་བ་མན་ཆད་དོ། །ཟས་མ་ཞུ་བའི་གནས་ཏེ་མ་ཞུ་བའི་གནས་ནིལྟེ་བ་ཡན་ཆད་དོ། །དེ་ཡང་དྲང་སྲོང་གི་བཤད་པ། འགྲོ་བའི་ལྟེ་བ་ནུ་མའི་བར། །མ་ཞུ་བ་ཡི་གནས་སུ་བཤད། །ལྟེ་བ་ནས་ནི་ཆུ་སོའི་བར། །ཞུ་བའི་གནས་སུ་ཤེས་པར་བྱ། །ཞེས་བཤད་པ་ཡིན་ནོ། །ཁྲག་ལ་སོགས་པའི་ལུས་ཟུངས་རྣམས། །ཕྱི་མ་ཕྱི་མ་ལྕི་བ་ཡིན། །ཞེས་བྱ་བ་ནི། ཁྲག་ལ་སོགས་པའི་ལུས་ཟུངས་དྲུག་པོ་རྣམས་ཕྱི་མ་རྣམས་ལྕི་བ་ཡིན་པར་བཤད་དོ།།

དེ་ན་ཁྲག་བས་ནི་ཤ་ལྕིའོ། །ཤ་ལས་ནི་ཚིལ་ལོ། །ཚིལ་ལས་ནི་རུས་པའོ། །རུས་པ་བས་ནི་རྐང་ངོ༌། །རྐང་བས་ནི་ཆེས་ཁུ་ཆུ་ལྕི་བ་ཡིན་ནོ། །ཤ་ལས་རླིག་པ་ཕོ་མཚན་དང༌། །མཁལ་མ་མཆེར་པ་གཞང་དག་ལྕི། །ཞེས་བྱ་བ་ནི། ལུས་ཐམས་ཅད་ལས་བྱུང་བའི་ཤ་རྣམས་ལས་རླིག་པ་ལ་སོགས་པའི་ཤ་ཤིན་ཏུ་ལྕི་བ་ཡིན་ནོ། །དེ་ལ་རླིག་པ་ཞེས་བྱ་བ་ནི་འབྲས་བུས་ཤུབས་ཅན་ཞེས་མིང་གི་རྣམ་པར་གྲགས་པའོ། །ཕོ་མཚན་ནི་མཇེའོ། །མཁལ་མ་ནི་ལྟོ་བའི་ཆ་ལ་གནས་པའོ། །མཆེར་པ་ནི་གསུམ་པའི་གཡོན་ལོགས་ན་གནས་པ། ནག་པོ་ཅན་ཞེས་མིང་གི་རྣམ་པར་གྲགས་སོ། །གཞང་ནི་བཤང་བའི་ལམ་སྟེ་དེ་དག་ནི་ལྕི་བ་ཡིན་ནོ། །འདིར་ཤ་རྣམས་དང་ཕོ་མོའི་ཁྱད་པར་དུ་བྱས་པ་དང༌། རིགས་གཅིག་པ་དང༌། རིགས་ཐ་དད་པ་དེ་རྣམས་ཀྱི་སྤྱི་དང་ཁྱད་པར་དུ་གནས་པ་ལས་སྟོབས་ཆེ་ཆུང་ཡོད་པ་བརྟག་པར་བྱ་བ་ནི་ཅི་རིགས་པར་རིག་བློ་ཉིད་ཀྱིས་རྣམ་པར་དཔྱད་པར་བྱའོ། །ཞེས་བཤད་པ་ལྟར་རྟོགས་པར་བྱའོ། །གཉིས་པ་ཚིག་གི་དོན་ནི། ཤ་ཀུན་ཞེས་པ་ནས་འཇུ་བ་སླ་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་བཤད་པའི་ཤ་དེ་དག་ཀུན་གྱི་ཕོ་དང་མོའི་སྟོད་དང་སྨད་ཕྱེད་ཕྱེད་ལྕི་བ་ཡིན་ཏེ། ཤུགས་ལས་ཕོའི་སྨད་དང་མོའི་སྟོད་ནི་ཡང་བ་ཡིན་ནོ། །དེ་རྣམས་ལས་སྦྲུམ་མའི་ཤ་ནི་ཕྱེད་ཕྱེད་མ་ཡིན་པ་སྟོད་སྨད་ཀུན་ལྕི་ཞིང༌། བ་ལང་ལ་སོགས་པ་རྐང་བཞི་རྣམས་ཀྱི་ནང་ནས་མོའི་ཤ་རྣམས་ཡང་ལ། ཁྱིམ་བྱ་ལ་སོགས་པ་བྱ་རྣམས་ཀུན་གྱི་ཕོའི་ཡང་བ་ཡིན་ནོ། །དེ་བཞིན་དུ་ཤ་ཡིན་ནོ་ཅོག་ཐམས་ཅད་ཀྱི་མོག་དང་རོ་སྟོད་ཀྱི་ཆ་དང་བྲང་དང་རྒྱབ་དང་དཔྱི་དང་རྐེད་པའི་ཤ་རྣམས་ནི་མས་རིམ་བཞིན་དུ་ལྕི་ཞིང༌། ཁྲག་ལ་སོགས་པའི་ལུས་ཟུངས་རྣམས་ནི་ཕྱི་མ་རིམ་པས་ལྕི་བ་ཡིན་ལ། གཞན་ཡང་ཤའི་རིགས་དང་རང་རང་ལ་བལྟོས་པའི་གསར་པ་རྣམས་བསིལ་ཞིང་ཤ་རྙིང་པ་རྣམས་དྲོ་ལ་བཅུད་པ་དང༌། ལོ་ལོན་པའི་ཤ་ནི་ཁྱད་པར་དུ་དྲོ་བས་རླུང་གནོན་ཞིང་མེ་དྲོད་བསྐྱེད་པར་བྱེད་པ་དང༌། ཤ་རློན་པ་རྣམས་འཁྱག་པོ་དང་མེར་བསྲེགས་པ་རྣམས་འཇུ་དཀའ་ཞིང་བསིལ་བ་དང༌། སྐམ་པ་དང༌། ལེགས་པར་བཙོས་པ་ནི་ཡང་ཞིང་འཇུ་བ་སླ་བ་ཡིན་ནོ། །གསུམ་པ་སྣུམ་པའི་ཚོགས་བཤད་པ་ལའང་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། གཞུང་མ་དག་པ་རྣམས་སུ། སྣུམ་ནི་མར་དང་རྐང་མར་ཚིལ་ཏིལ་མར། །ཞེས་འབྱུང་ཞིང༌། སྔ་ཕྱིའི་འགྲེལ་པ་མཁན་པོ་ཀུན་གྱིས་ཀྱང་དེ་ལྟར་བཤད་མོད་དུ་ཟིན་ཀྱང༌། དེ་ནི་འཐད་པ་མ་ཡིན་ཏེ། རོ་མངར་ཕྱི་མ་ལྕི་བསིལ་ཁོང་འཁྲུ་སྣུམ། །ཞེས་པ་དང་འགལ་བར་འགྱུར་བའི་ཕྱིར། གང་གིས་ཤེ་ན། རྐང་མར་དང་ཚིལ་ལས་ཏིལ་མར་ཡང་ཞིང་དྲོ་བའི་ཕྱིར་ཏེ། སློབ་དཔོན་གྱིས། དེ་ལ་ཏིལ་མར་ཏིལ་དང་མཚུངས། །གཙོ་བོ་རྣོ་ཞིང་ཁྱབ་པ་ཡིན། །པགས་པའི་ཉེས་སེལ་མིག་ལ་གནོད། །ཚ་ཞིང་དྲོ་ལ་བད་ཀན་སེལ། །སྐེམ་པོ་དག་ནི་ཤ་སྐྱེད་ཅིང༌། །སྦོམ་པོའི་ཤ་འབྲི་མཁྲེགས་པར་འོང༌། །རྟུག་འགགས་སྲིན་བུ་འཇོམས་པ་དང༌། །སྦྱར་ནས་ནད་རྣམས་ཐམས་ཅད་སེལ། །ཞེས་དང༌། ཞག་དང་རྐང་རྣམས་རླུང་འཇོམས་ཤིང༌། །སྟོབས་དང་ཁུ་ཆུ་བད་ཀན་སྐྱེད། །ཤ་ནི་རང་དངོས་རྗེས་མཐུན་ལ། །ཚིལ་ཀྱང་དེ་དང་འདྲར་ཤེས་བྱ། །ཞེས་བཤད་པའི་ཕྱིར། གཞན་ཡང་འདི་འབྲུ་མར་གྱི་མདོར་བསྟན་གྱི་སྐབས་ཡིན་པས་ཏིལ་མར་ཞེས་པའི་ཚབ་ལ་འབྲུ་མར་ཞེས་པ་དག་ཅིང༌། འབྲུ་མར་ཀུན་ཀྱང་རྐང་དང་ཚིལ་བས་ཡང་ཞིང་དྲོ་བ་ཡིན་ནོ།།

གཉིས་པ་ཚིག་གི་དོན་ནི། སྣུམ་ནི་ཞེས་པ་ནས་ཉེན་ལ་བསྔགས་ཞེས་པའི་བར་གྱིས་བསྟན་ཏེ། ཁ་ཟས་རྣམས་ཀྱི་ནང་ནས་སྣུམ་ནི་རྩི་མར་དང༌། འབྲུ་མར་དང༌། རྐང་མར་དང༌། ཚིལ་ཏེ་རྣམ་པ་བཞི་གའང་རོ་མངར་ཞིང་སྔ་མ་སྔ་མ་བས་ཕྱི་མ་ཕྱི་མ་རྣམས་ལྕི་བསིལ་གྱི་ནུས་པ་དང་ལྡན་པས་ཁོང་བའི་ནད་ཅུང་ཟད་འཁྲུ་བར་བྱེད་པ་སྟེ། དངས་སྙིགས་རྣམས་མཉེན་པར་བྱེད་ཅིང་སྣུམ་པ་དང༌། རྟུལ་བ་དང་ཕྲ་ལ་མཉེན་ཞིང་བརླན་པའི་ཡོན་ཏན་དང་ལྡན་པ་ཡིན་པས་ན་རྒས་པ་དང་བྱིས་པ་དང༌། དེ་གཉིས་མ་ཡིན་དུ་ཟིན་ཀྱང་སྟོབས་ཆུང་བ་དང༌། སྦེག་པ་སྟེ་ཤིན་ཏུ་རིད་པ་དང༌། ལུས་རྩུབ་མོར་གྱུར་པ་དང༌། སྐྱེས་པའམ་བུད་མེད་ཀྱི་ཁུ་ཁྲག་མང་དུ་ཟགས་པ་དང༌། བཤལ་བ་སོགས་པའི་སྦྱང་བ་བྱས་པ་དང༌། སེམས་ལས་དང་སྨྲ་བརྗོད་ཧ་ཅང་མངས་པ་སོགས་མདོར་ན་རླུང་གིས་རབ་ཏུ་ཉེན་པ་རྣམས་ལ་ལྷག་པར་དུ་བསྔགས་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ཏེ། སྤྱི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། འཕྲལ་གྱི་མར་གསར་རོ་ཙ་ཞིང༌། །བསིལ་ཞིང་མདོག་སྟོབས་དྲོད་སྐྱེད་བྱེད། །འཁྲུ་གཅོད་རླུང་མཁྲིས་ཁྲག་གཞང་འབྲུམ། །གློ་གཅོང་ཁ་ཡོན་ལུད་པ་སེལ། །ཞུན་མར་བློ་རྣོ་དྲན་གསར་ཞིང༌། །ཡིད་གཞུང་དྲོད་སྐྱེད་སྟོབས་ཚེ་འཕེལ། །མིག་དང་བྱིས་རྒན་བུ་འདོད་དང༌། །མདངས་བཟང་རབ་གཞོན་སྐད་སྙན་ཕན། །གློ་རྡོལ་སྐེམ་དང་གཅོང་དང་འབྲས། །མཚོན་རྨས་མེས་ཚིག་རྨ་ལའང་བསྔགས། །རླུང་དང་མཁྲིས་པ་དུག་དང་སྨྱོ། །ལུས་སྐེམ་མདངས་ཉམས་རིམས་ནད་སེལ། །སྣུམ་གྱི་ནང་ན་སྣུམ་མཆོག་སྟེ། །བསིལ་ཞིང་ན་ཚོད་འཇོག་པའི་མཆོག །ཞུན་མར་སྟོབས་ནི་སྟོང་དང་ལྡན། །སྦྱོར་བས་ལས་ནི་སྟོང་བྱེད་འགྱུར། །མར་རྙིང་སྨྱོ་དང་བརྗེད་བྱེད་བརྒྱལ། །ཀླད་ནད་སྣ་མིག་མངལ་ནད་དང༌། །རྨ་རྣམས་སྦྱོར་ཞིང་འཚོ་བྱེད་པས། །ནད་ལས་རྒྱལ་བྱེད་དམ་པ་ཡིན། །ཕྲུམ་གསར་སྤྲི་དང་རྒྱ་ཕྲུམ་དང༌། །ཕྱུར་བ་ལ་སོགས་སྟོབས་སྐྱེད་ཅིང༌། །ཁུ་བ་གཉིད་དང་བད་ཀན་འཕེལ། །རྟུག་སྐམ་བྱེ་ལྕི་ཉེས་དང་ལྡན། །བ་མར་འོ་མ་མཆོག་ཡིན་ཏེ། །ལུག་ལས་བྱུང་བ་དམད་པ་ཡིན། །ཞེས་དང༌། འབྲུ་མར་རང་གནས་ལྟ་བུ་ཡིན། །དེ་ལ་ཏིལ་མར་ཏིལ་དང་མཚུངས། །གཙོ་བོ་རྣོ་ཞིང་ཁྱབ་པ་ཡིན། །པགས་པའི་ཉེས་སེལ་མིག་ལ་གནོད། །ཚ་ཞིང་དྲོ་ལ་བད་ཀན་སེལ། །སྐེམ་པོ་དག་གི་ཤ་བསྐྱེད་ཅིང༌། །སྦོམ་པོའི་ཤ་འབྲི་མཁྲེགས་པར་འོང༌། །རྟུག་འགགས་སྲིན་བུ་འཇོམས་པ་དང༌། །སྦྱར་བའི་ནད་རྣམས་ཐམས་ཅད་སེལ། །ཨེ་རན་ཌཱ་མར་ཚ་ཞིང་ཁ། །ཞུ་རྗེས་མངར་ཞིང་འཁྲུ་བ་ཡིན། །རླིག་རླུགས་སྐྲངས་རླུང་བད་ཀན་དང༌། །ལྟོ་ནད་ལྡང་དུབ་རིམས་རྣམས་སེལ། །འོར་ནད་རྐེད་པ་གསང་བའི་ནད། །ལྟོ་བ་རོ་རྒྱབ་ནད་ལ་ཕན། །ཨེ་རན་ཌཱ་ནི་དམར་པོའི་མར། །རྣོ་ཚ་དྲི་ང་རབ་འབྱིལ་འདྲེ། །ཡུང་མར་ཚ་དྲོ་རྣོ་བ་དང༌། །བད་ཀན་རླུང་སེལ་ཁུ་བ་འབྲི། །ཡང་ཞིང་ཁྲག་མཁྲིས་སྐྱེད་བྱེད་ལ། །ཤ་ཁྲ་མཛེ་འབྲུམ་རྨ་འབུ་སེལ། །བ་རུ་ར་མར་མངར་བསིལ་ལྕི། །སྐྲ་སྐྱེད་རླུང་དང་མཁྲིས་པ་སེལ། །ནིམ་མར་རབ་ཏུ་ཚ་མིན་ཁ། །ལྟོ་སྲིན་མཁྲིས་པ་བད་ཀན་སེལ། །ཟར་མ་ལེབ་རྒན་རྩི་ཡི་མར། །དྲོ་ཞིང་པགས་ནད་བད་མཁྲིས་བསྐྱེད། །ཞག་དང་རྐང་ནི་རླུང་འཇོམས་ཤིང༌། །སྟོབས་དང་ཁུ་ཆུ་བད་ཀན་བསྐྱེད། །ཤ་ནི་རང་དངོས་རྗེས་མཐུན་ལ། །བསིལ་ཡང་དེ་དང་འདྲར་ཤེས་བྱ། །ཞེས་བཤད་པའི་ཕལ་ཆེར་ནི་རྟོགས་པར་སླ་ལ། ཕྲུམ་གསར་ཞེས་པའི་སྐབས་སུ་སྔ་རབས་པ་འགའ་ཞིག་ན་རེ། ཕྲུམ་གསར་ནི་ཐུད་ཡིན་ཟེར་བ་མི་འཐད་དེ། ཐུད་ནི་མར་དང་ཕྱུར་བ་བསྲེས་པ་ཡིན་ལ། ཕྲུམ་གསར་ནི་སྣོད་འགའ་ཞིག་གི་ནང་དུ་སྔ་དྲོ་རེ་བཞིན་འོ་མ་དང་དར་བ་དུམ་རེ་བླུགས་ཏེ་བསགས་པ་ཕྱོགས་གཅིག་ཏུ་འདྲིལ་བ་ལ་ཟེར་བ་ཡིན་པའི་ཕྱིར། དེ་ལྟར་ཡང༌། ཟླ་ཟེར་ལས། ཕྲུམ་གསར་ཞེས་བྱ་བ་ནི་འོ་མ་དང་དར་བ་ལ་བྱས་པ་སྟེ་གྲགས་པར་ཟད་དོ། །སྤྲི་ནི་བ་ལ་སོགས་པ་འབྲངས་མ་ཐག་པའི་འོ་མ་ལས་བྱས་པའོ། །རྒྱ་ཕྲུམ་ནི་འོ་མའི་གཙོ་ཕྲུམ་ཨ་མི་ཆ་ཞེས་གྲགས་པའོ། །ཕྱུར་བ་ནི་ཞོ་ཁ་ཆུ་ལས་བསྡུས་པའི་གོང་བུའོ། །ཞེས་བཤད་པའི་ཕྱིར་དང༌། རྒྱ་ཕྲུམ་ནི་འོ་ཟོ་ལ་ཆགས་པའི་ཟོ་མར་ཞེས་པ་དང་དོན་གཅིག་ཏུ་མངོན་ནོ། །གཉིས་པ་ཚིག་གི་དོན་ནི། དེ་ལ་ཞེས་པ་ནས་སེལ་བར་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། སྣུམ་གྱི་ཚོགས་དེ་ལས་བསྲུབས་ཟིན་མ་ཐག་པར་མར་གསར་ནི་བསིལ་ཞིང་རོ་ཙ་བའི་ནུས་པ་དང་ལྡན་པས་ཟོས་པ་ན་མདོག་སྟོབས་བསྐྱེད་ཅིང་མཁྲིས་ཚད་སེལ་བར་བྱེད་པ་ཡིན། དེ་ལས་ལྡོག་པའི་མར་རྙིང་པ་ལོར་ལོན་པས་ནི་སྨྱོ་བ་དང་བརྗེད་བྱེད་ཀྱི་ནད་དང་དྲན་མེད་དུ་བརྒྱལ་བ་དང་རྨ་བྱུང་བ་རྣམས་འཚོ་བར་བྱེད་དོ། །དེ་བཞིན་དུ་མར་ཧ་ཅང་རྙིང་པ་མ་ཡིན་པ་ལས་བྱས་པའི་ཞུན་མར་གྱིས་ནི་བློ་རྣོ་ཞིང་དྲན་པའི་དབང་པོ་གསལ་བ་དང་ལུས་ཀྱི་དྲོད་སྟོབས་ཆེས་ཆེར་བསྐྱེད་པ་དང༌། ཚེ་འཕེལ་བར་བྱེད་པ་སོགས་སྣུམ་པ་རྣམས་ཀྱི་ནང་ནས་མཆོག་གམ་གཙོ་བོར་གྱུར་པ་སྟེ་ཕན་པའི་ལས་སྟོང་ཙམ་ཡང་བྱེད་ནུས་པ་ཡིན་ནོ། །འོ་མ་དང་དར་བ་བསྲེས་པ་ལས་བྱུང་བའི་ཕྲུམ་གསར་དང༌། བེའུ་སྐྱེས་མ་ཐག་པའི་འོ་མ་ལས་བྱས་པའི་སྤྲི་དང༌། ཞོ་ཁ་ཆུའམ་དར་བ་བསད་པ་ལས་བྱུང་བའི་ཕྱུར་བ་དང༌། ལ་སོགས་པའི་སྒྲས་འོ་མ་ལས་བྱས་པའི་བྱེ་བྲག་གཞན་ཡང་བསྡུས་ཏེ། དེ་དག་ཀུན་གྱིས་དང་ག་ལེན་ཞིང་རྟུག་པ་སྐམ་པར་བྱེད་པ་དང༌། བད་ཀན་ཡང་འཕེལ་བར་བྱེད་ལ། འོ་ཟོམ་གྱི་ངོས་ལ་ཆགས་པའི་ཟོ་མར་རམ་རྒྱ་ཕྲུམ་ཞེས་པ་དེ་ཡིས་ནི་བད་རླུང་སེལ་ཞིང་མེ་དྲོད་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ལྟར་སྔར་བཤད་པ་ཀུན་ཀྱང་རགས་པའི་དབང་དུ་བྱས་ཀྱི། ཞིབ་ཏུ་ན་འབྲི་དང་ལུག་གི་མར་ནི་ཟོ་མར་གྱི་ནུས་པ་དེ་བཞིན་དུ་གྲང་བ་དང་རླུང་སེལ་ཞིང་མཛོའི་མར་ནི་བསིལ་དྲོད་སྙོམས་ལ། བ་དང་རའི་མར་ནི་བསིལ་བ་ཡིན་པས་རླུང་དང་ལྡན་པའི་ཚད་པ་སེལ་བར་བྱེད་དོ། །དེ་དག་ནི་མར་གསར་པའི་དབང་དུ་བྱས་ཀྱི། ལོ་ལོན་ཏེ་རྙིང་པར་གྱུར་ན་བ་རའི་མར་ཡང་དྲོ་སྟེ་གྲང་རླུང་སེལ་བར་འགྱུར་རོ། །དེ་བཞིན་དུ་འབྲུ་མར་རྣམས་ཀྱི་ནང་ནས་ཏིལ་དཀར་ནག་ལས་བྱུང་བའི་མར་ཁུ་ནི་ཚ་རྣོའི་ནུས་པ་དང་ལྡན་པས་སྐེམ་པོའི་ཤ་སྐྱེད་པར་བྱེད་ཅིང་སྦོམ་པོ་ནི་འབྲི་བར་བྱེད་ལ། གཉིས་ཀའང་མཁྲེགས་པར་བྱེད་དེ་བད་རླུང་སེལ་བ་དང༌། ཡུངས་ཀར་དང་ཡུངས་ནག་ལས་བྱུང་བའི་མར་ཁུས་ནི་རླུང་གནོན་ཞིང་བད་མཁྲིས་གཉིས་ཀ་བསྐྱེད་པ་ཡིན་ལ། གཞན་ཡང་རྐང་གི་སྦུབས་ལས་བྱུང་བའི་མར་གྱིས་རླུང་འཇོམས་ཤིང་ཁུ་བའི་སྟོབས་དང་བད་ཀན་བསྐྱེད་པ་ཚིལ་གྱིས་ནི་རུས་ཚིགས་ན་བ་དང༌། མེས་ཚིག་པ་དང༌། མཚོན་གྱིས་ཡན་ལག་ལྷུང་བ་དང༌། རྣ་བ་དང༌། ཀླད་པ་དང༌། མངལ་གྱི་ནད་རྣམས་སེལ་བར་བྱེད་པ་ཡིན་ནོ།།

གསུམ་པ་མཇུག་བསྡུ་བ་ནི། སྐྱེས་བུ་ཞེས་པ་ནས་ཐུབ་པར་བཤད་ཅེས་པའི་བར་གྱིས་བསྟན་ཏེ། བདེ་བར་འདོད་པའི་སྐྱེས་བུ་གང་ཞིག་སྣུམ་གྱི་ཚོགས་ཀྱི་བྱེ་བྲག་ཏུ་ཞུན་མར་ལ་རྟག་ཏུ་བསྟེན་པར་བྱེད་པ་གང་ཡིན་པ་རྣམས་ཀྱི་ནང་གི་མེ་དྲོད་འབར་ཞིང་ཁོང་བའི་ཉེས་པ་དག་པར་བྱེད་པ་དང༌། དྭངས་མ་ལ་སོགས་པའི་ལུས་ཟུངས་ཀུན་ཀྱང་ཕྲལ་དུ་བརྟས་པར་བྱེད་ནུས་པས་ན་སྟོབས་དང་མདོག་བཟང་པོར་ལྡན་ཞིང་དྲན་པ་དང་མིག་ལ་སོགས་པའི་དབང་པོ་རྣམས་བརྟན་པ་དང༌། ཁྱད་པར་དུ་རྒས་པ་སྲ་བས་ལོ་བརྒྱ་ཙམ་ཐུབ་པར་དྲང་སོང་མཆོག་གིས་བཤད་པ་ཡིན་ནོ། །བཞི་པ་སྔོ་ངད་བཤད་པ་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། སྔོ་ངད་ཅེས་པ་ནས་ཚད་ནད་སེལ་ཞེས་པའི་བར་གྱིས་བསྟན་ཏེ། འདི་ལའང་བྱ་རོག་ལྟ་སྟངས་ཀྱི་རིགས་པས་རོ་དང་གནས་དང་ངོ་བོ་དང་རང་བཞིན་དང་ནུས་པ་དང་ཡོན་ཏན་ཏེ་ལྔའི་སྒོ་ནས་རིམ་པ་བཞིན་དུ་སྦྱར་དགོས་པ་ལས། སྔོ་ངད་ཀུན་གྱི་ནང་ནས་སྒོག་སྐྱ་དང་བཙོང་ལ་སོགས་པ་རོ་ཚ་བ་རྣམས་དང༌། ཁུར་མང་དང་རྒྱ་ཁུར་ལ་སོགས་པ་རོ་ཁ་བ་རྣམས་དང༌། དེ་དག་ཀུན་ཀྱང་སྐམ་ས་ལ་སྐྱེས་པ་དང་གཤེར་བའི་གནས་སུ་སྐྱེས་པའི་ཁྱད་པར་དང༌། དེའང་སྐམ་པར་བྱས་པ་དང༌། རློན་པའི་ཁྱད་པར་དང༌། དེའང་གཡོས་སུ་བྱས་པ་དང་མ་བྱས་པ་རྗེན་པའི་ཁྱད་པར་རྣམས་ཀྱི་སྒོ་ནས་སྔ་མ་སྔ་མ་རྣམས་དྲོ་ཡང་དང་ལྡན་ཞིང་ཕྱི་མ་ཕྱི་མ་རྣམས་བསིལ་ལྕི་དང་ལྡན་པ་ཡིན་པས་ན་རིམ་པ་བཞིན་དུ་གྲང་བའི་ནད་དང་ཚད་པའི་ནད་སེལ་བའི་ཡོན་ཏན་དུ་གྱུར་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། ཡུངས་ཀར་ཚོད་མ་ལྕི་ཞིང་ཚ། །བཤང་དང་གཅིན་འགག་ཉེས་ཀུན་བསྐྱེད། །ལ་ཕུག་གཞོན་ནུ་རོ་མི་གསལ། །ཅུང་ཟད་ཚ་དྲོ་ཁ་དང་བཅས། །གང་ཡིན་དེ་ནི་ཉེས་ཀུན་སེལ། །ཡང་ཞིང་ཅུང་ཟད་ཚ་བ་དང༌། །སྐྲན་དང་ལུད་གཅོང་དབུགས་མི་བདེ། །རྨ་དང་མིག་ནད་ལྐོག་ནད་སེལ། །སྐད་འགགས་དྲོད་ཆུང་རྟུག་སྐམ་དང༌། །ཆམ་པའི་ནད་ནི་འཇོམས་པར་བྱེད། །ནར་སོན་རོ་དང་ཞུ་རྗེས་ཚ། །དྲོད་སྐྱེད་བྱེད་ཅིང་ཉེས་གསུམ་བསྐྱེད། །བད་ཀན་བསྐྱེད་ཅིང་བཙོས་པ་ཡིས། །སྣུམ་ཞིང་དེ་ཡང་རླུང་སེལ་ཡིན། །སྐམ་པོ་རླུང་ནད་བད་ཀན་སེལ། །རྗེན་པ་ཐམས་ཅད་ཉེས་བསྐྱེད་ཡིན། །ཉུང་མ་ཚ་ཞིང་དྲོ་བ་དང༌། །བད་ཀན་རླུང་སེལ་མཁྲིས་པ་བསྐྱེད། །ཅེས་དང༌། འུ་སུའི་ལོ་མ་ཁ་ཞིང་མངར། །གཅིན་མང་མཁྲིས་པ་བསྐྱེད་པ་ཡིན། །སྒོག་སྐྱ་རབ་ཏུ་ཚ་ཞིང་རྣོ། །ཞུ་རྗེས་ཚ་ཞིང་འཁྲུ་བ་དང༌། །ཞིམ་ཞིང་སྐྲ་སྐྱེད་ལྕི་རོ་ཚ། །སྣུམ་ཞིང་དྲོད་སྐྱེད་ཡི་ག་འབྱེད། །ཤ་བཀྲ་མཛེ་སྐྲན་གཞང་འབྲུམ་དང༌། །གཅིན་ནད་སྲིན་དང་བད་ཀན་རླུང༌། །སྐྱིགས་བུ་ཆམ་པ་དབུགས་མི་བདེ། །ལུད་པ་སེལ་ཏེ་ཁྲག་མཁྲིས་བསྐྱེད། །ཀུན་དོང་དེ་བས་ཡོན་ཏན་དམན། །བད་ཀན་སྐྱེད་མཁྲིས་རབ་མི་བསྐྱེད། །ཀེའུ་བཅོས་དུགས་སྦྱར་ཟོས་པས། །བད་ཀན་རླུང་དང་གཞང་འབྲུམ་སེལ། །རྣོ་ཞིང་རྟུག་པ་སྲི་བ་དང༌། །དེ་ནི་མཁྲིས་ཅན་ལ་ཕན་ཡིན། །ཞེས་བཤད་དོ། །གཉིས་པ་ཚིག་གི་དོན་ནི། །བཙོང་སྒོག་ཅེས་པ་ནས་དང་ག་འབྱེད་ཅེས་པའི་བར་གྱིས་བསྟན་ཏེ། སྔོ་ངད་རྣམས་ཀྱི་ནང་ནས་བཙོང་སྒོག་སྟེ་སྒོག་སྔོན་བཙོང་ཞེས་པ་དེས་ནི་གཉིད་འཕེལ་ཞིང་ཟས་ལེན་པ་སྟེ་དང་ག་འབྱེད་པ་དང་བད་རླུང་སེལ་བར་བྱེད་ལ་སྒོག་སྐྱ་ནི་ལྕི་བསིལ་དང་ལྡན་པས་སྲིན་ནད་དང་ཚད་རླུང་ལྡན་པ་སེལ་ཞིང༌། ལ་ཕུག་གི་རྩ་བའམ་ཁ་ལོ་གང་ཡང་རུང་སྟེ་གཞོན་ནུ་གསར་པ་ནི་ཡང་དྲོ་དང་ལྡན་པས་མེ་དྲོད་བསྐྱེད་ཅིང་ཉེས་པ་གསུམ་ག་སེལ་བ་དང༌། ནར་སོན་ཏེ་ལ་ཕུག་རྒན་པོ་ནི་ལྕི་བསིལ་དུ་གྱུར་པས་བད་ཀན་ལ་སོགས་པའི་ཉེས་པ་བསྐྱེད་པར་བྱེད་པ་དང༌། ཉུང་མ་ཡང༌། ལ་ཕུག་གཞོན་ནུ་དང༌། ནར་སོན་གྱི་ཁྱད་པར་ཇི་ལྟ་བ་བཞིན་དུ་གཞོན་ནུས་ལུས་ལ་ཕན་ཞིང་རྒན་པོས་གནོད་པ་བྱེད་པ་དང༌། ཁྱད་པར་དུ་དུག་ནད་མ་ལུས་བསྲུང་བར་བྱེད་པ་ཡིན་ནོ། །གཞན་ཡང་རི་སྒོག་གི་བྱེ་བྲག་ཐམས་ཅད་འཇུ་དཀའ་ཞིང་ཟས་ལེན་པ་དང་ལྕི་བ་ཡིན་ལ། ལྕུམ་དང་ཆུ་ལོས་ནི་བད་ཀན་སེལ་ཞིང་དང་ག་འབྱེད་པར་བྱེད་པ་ཡིན་ནོ།།

གསུམ་པ་མཇུག་བསྡུ་བ་ནི། སྔོ་ཀུན་ཞེས་པ་ནས་རྐང་པ་གཅིག་སྟེ། དེ་ལྟར་བཤད་པའི་སྔོའི་བྱེ་བྲག་བསིལ་དྲོད་དུ་ཕྱེ་བ་ཀུན་ཀྱང་ལུས་ཀྱི་རྩ་སྒོ་འགག་ཅིང་སྨན་གྱི་ནུས་པ་འཇོམས་པར་བྱེད་པ་ཡིན་པར་ཤེས་པར་བྱའོ། །ལྔ་པ་གཡོས་སྦྱར་བཤད་པ་ལ་གསུམ་སྟེ། འབྲུ་ལས་གཡོས་སུ་བྱས་པ། སྔོ་ལ་གཡོས་སུ་བྱས་པ། དེ་གཉིས་ཀྱི་སྤོད་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། འབྲས་ཐུག་སླ་སྐ་གར་བ་དང༌། །འབྲས་ཆེན་རྣམས་ནི་སྔ་མ་བཞིན། །ཡང་ངོ་དེ་བས་སླ་བ་ནི། །དགེ་སྟེ་རླུང་ནི་ལུགས་མཐུན་བྱེད། །སྐོམ་རྨྱ་ཉེས་པ་ལྷག་མ་འཇོམས། །འཇུ་ཞིང་ལུས་ཟུངས་མཉམ་པར་བྱེད། །རྩ་སྦུབས་མཉེན་བྱེད་རྔུལ་བ་དང༌། །མེ་ཡི་དྲོད་ནི་སྐྱེད་པར་བྱེད། །ཐུག་སྐ་བཀྲེས་སྐོམ་ཉམ་ཆུང་རྨྱ། །ལྟོ་ནད་རིམས་ནད་སེལ་བ་ཡིན། །དྲི་མ་འགགས་ལ་ཕན་པ་དང༌། །དྲོད་བསྐྱེད་ནད་ནི་འཇུ་བར་བྱེད། །ཐུག་གར་འཁྲུ་གཅོད་ཡི་གར་འོངས། །སྐོམ་སེལ་དྲོད་སྐྱེད་རྨ་དང་མིག །བཀྲུ་སྨན་རྗེས་དང་ཉམ་ཆུང་དང༌། །སྣུམ་འཐུང་རྗེས་ལ་ཕན་པ་ཡིན། །འབྲས་ཆན་ལེགས་བཀྲུས་ཁུ་བཙགས་ཚེས། །རླུངས་པ་དང་གིས་བྲལ་བ་དང༌། །གང་ཡང་ཚ་བའི་སྨན་རྣམས་ཀྱིས། །བསྐོལ་བའི་འབྲས་ཚོད་ཡང་བ་ཡིན། །དེ་ལས་བཟློག་པ་གང་ཞིག་ནི། །ཤ་ཁུ་འོ་མ་བསྐོལ་སོགས་ལྕི། །དེ་ལྟར་རྫས་དང་བྱ་སྦྱོར་དང༌། །ཚད་ལ་སོགས་པ་ཀུན་ཤེས་བྱ། །ཞེས་དང༌། ཟླ་ཟེར་ལས། འདིར་ཟས་ཀྱི་རྣམ་པ་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ནི་རླུང་ལུགས་དང་མཐུན་པར་འཇུག་པ་ལ་སོགས་པའི་ཡོན་ཏན་རྣམས་འདི་ཉིད་ལ་ཡོད་པའི་ཕྱིར་མཆོག་ཏུ་གྱུར་པ་ཡིན་ནོ། །ཞེས་དང༌། རླུང་ནི་ལུགས་མཐུན་བྱེད་ཅེས་བྱ་བ་ནི་ལམ་ལོག་པར་ཞུགས་པ་རང་གི་རྒྱུ་བའི་གནས་སུ་ལེགས་པར་འཇོག་པ་དང་མི་བདེ་བ་བདེ་བར་བྱེད་དོ། །ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ། སྐོམ་རྨྱ་ཉེས་པ་ལྷག་མ་འཇོམས། །ཞེས་བྱ་བ་སྟེ། སྐོམ་གྱིས་གདུངས་པ་དང༌། ཉམ་ཆུང་བ་དང༌། ཉེས་པ་ལྷག་མ་འཇོམས་ཤིང་སེལ་བ་ཡིན་ཏེ། སྐྱུག་སྨན་བཏང་བའམ། བཀྲུ་སྨན་བཏང་བའམ་འཇམ་རྩི་བཏང་བ་ལས་ཉེས་པ་དེ་ནད་ཅུང་ཟད་ལུས་པ་གང་ཡིན་པ་དེ་ནི་ཉེས་པའི་ལྷག་མ་སྟེ་སྐྱུག་སྨན་དང་བཀྲུ་སྨན་དང་འཇམ་རྩི་བཏང་བ་ལ་ཉེས་པའི་ལྷག་མ་ཡོད་པ་ལ་བྱ་བ་ཉིད་དུ་ཤེས་པར་བྱེད་པ་ནི་ཚིག་འདི་ཉིད་ཡིན་པར་ཤེས་པར་བྱ་སྟེ། ཉེས་པའི་ལྷག་མ་ཅུང་ཟད་ཡོད་པའི་ཕྱིར་ན་སྐྱུག་སྨན་དང་བཀྲུ་སྨན་འཇམ་རྩི་མས་གཏང་བར་མི་བྱ་སྟེ། སྦྱོར་བ་ཐལ་ཆེས་པའི་ཉེས་པར་འཇིགས་པ་ཡོད་པའི་ཕྱིར་རོ། །ཞེས་དང༌། ཐུག་པ་སྐ་སླའི་མཚན་ཉིད་ནི། སྨན་གྱི་ལུང་ལས། ལྕི་བ་དང་བྲལ་ཐུག་པ་སླ་བ་ཡིན། །ལྕི་དང་ལྡན་པ་ཐུག་པ་སྟེ། །ལྕི་བ་སྐ་བ་གར་པོ་ཡིན། །ནས་ཐུག་འབྲུ་ནི་ཐ་དད་གནས། །ཞེས་པ་དང༌། དེ་ཡང་འབྲས་ཐུག་བརླན་ཏེ་ཉེས་པ་ལྷག་མ་འཇོམས་པར་བྱེད་པའི་ཡོན་ཏན་དང་ལྡན་པ་ནི། ཙ་ར་ཀ་ལས། པི་པི་ལིང་དང་དོང་གྲ་དང༌། །བསེ་འབྲུ་འབྲས་ཡོས་ཆུ་རྩས་བསྐོལ། །ཐུག་པ་སླ་སྦྱར་མེ་དྲོད་བསྐྱེད། །རླུང་ཡང་ལུགས་མཐུན་རྒྱུ་བར་བྱེད། །ཅེས་བཤད་ཅིང༌། ཉམ་ཆུང་རྨྱ་ཞེས་པ་ནི།

ཟླ་ཟེར་ལས། ཉམ་ཆུང་བ་ནི་འཚོ་བའི་སྟོབས་ཆུང་བའོ། །རྨྱ་བ་ནི་རིད་ཅིང་སྙོམ་པའོ། །ཞེས་པ་ལྟར་ཤེས་པར་བྱའོ། །མདོར་ན། དེ་ལྟར་རྫས་དང་བྱ་སྦྱོར་དང༌། ཚད་ལ་སོགས་པ་ཀུན་ཤེས་བྱ། །ཞེས་པ་འདི་ཉིད་གཙོ་བོར་ཤེས་དགོས་ཏེ། དེའང་རྫས་ནི། ཟླ་ཟེར་ལས། དཔེར་ན་འབྲས་སཱ་ལུ་དང༌། དྲུག་ཅུ་པ་དང༌། མོན་སྲན་གྲེའུ་དག་ནི་རང་བཞིན་གྱིས་ཡང་བར་བལྟ་བ་དང༌། འོ་མ་དང་བུ་རམ་ཤིང་དང༌། མོན་སྲན་གྲེའུ་དང༌། བརླན་ཅན་གྱི་ཤ་རྣམས་རང་བཞིན་གྱིས་ལྕི་བ་ལྟ་བུའོ། །དེས་ན་འབྲས་སཱ་ལུ་རྩ་ནར་ལས་བྱས་པའི་འབྲས་ཆན་ནི་ཡང་བ་ཡིན་ལ། འོ་མ་དང༌། བུ་རམ་ཤིང་ལ་སོགས་པ་ལས་བྱས་པ་ནི་ལྕི་བ་ཡིན་ནོ། །ཞེས་བཤད་པ་ལྟ་བུ་དང༌། བྱ་བ་ནི། དྲང་སྲོང་ཙ་ར་ཀས། བྱ་བ་ནི་གང་རྫས་ཀྱི་རང་བཞིན་རྣམས་མངོན་པར་འདུས་བྱས་ཤིང་ཚོགས་པའི་ཡོན་ཏན་ལས་སྐྱེས་པ་ཡིན་ལ། ཡོན་ཏན་དེ་དག་ཀྱང་ཆུ་དང་མེ་འདུས་པ་དང༌། གང་གཙང་བ་དང༌། དཀྲུགས་པ་དང༌། དུས་དང༌། ཡུལ་དང༌། གནས་དང༌། མཐུ་ལ་སོགས་པ་ལས་བྱུང་བ་ཡིན་ནོ། །ཞེས་པ་ལྟ་བུ་དང༌། སྦྱོར་བ་ནི་དྲང་སྲོང་འདིས་སྦྱོར་བ་ནི་རྫས་གཅིག་གམ་མང་པོ་ལྷན་ཅིག་སྦྱར་བ་སྟེ། དེའི་ཁྱད་པར་སྐྱེད་པར་བྱེད་པ་ནི་གང་གཅིག་མ་ཡིན་ནོ། །ཞེས་པ་ལྟ་བུ། ཚད་ནི་ཟླ་བ་ལ་མངོན་པར་དགའ་བས། ཚད་ནི་སྲང་ཚད་སྟེ། ཞོ་གཉིས་དང་སྲང་གཅིག་དང་ཕུལ་དང་བྲེ་ལ་སོགས་པ་དང༌། དེ་བཞིན་དུ་ཚད་ལས་ལྷག་པའི་འབྲས་བུ་ངེས་པར་ཤེས་པ་བྱའོ། །ཞེས་པ་ལྟ་བུ་དང༌། སོགས་པའི་སྒྲས་ཡུལ་དང་དུས་དང་ལུས་ཀྱི་ཡན་ལག་དང་རང་བཞིན་ལ་སོགས་པ་བསྡུས་ཏེ། དེའང་སློབ་དཔོན་གྱིས། སྤྱོད་ཡུལ་ལུས་ཀྱི་ཡན་ལག་དང༌། །རང་བཞིན་ལུས་ཟུངས་བྱ་བ་དང༌། །ཚད་མ་ཚད་དང་ལས་སུ་བྱས། །ཚད་དག་འདིར་ནི་བརྟག་པར་བྱ། །ཞེས་དང༌། སྤྱོད་པ་བརླན་ཅན་ཆུ་དང་མཁའ། །སྐམ་སར་གནས་པ་སྤྱོད་པ་དང༌། །ཆུ་སྐྱེས་བརླན་ཅན་སྐྱེས་ཉིད་དང༌། །ཆུ་དང་བརླན་ལ་སྤྱོད་པ་དང༌། །གང་ཡང་ལྕི་བ་ཟ་བ་རྣམས། །དེ་དག་ཐམས་ཅད་ལྕི་བར་བཤད། །སྐམ་སར་སྤྱོད་ཅིང་སྐམ་སར་སྐྱེ། །ཡང་བ་ཟ་བ་ཡང་བ་ཡིན། །ཞེས་བྱ་བ་ནི་གནས་ཀྱི་སྤྱོད་ཡུལ་ལོ། །ལུས་ཀྱི་ཡན་ལག་བརླ་དཔྱི་དང༌། །དེ་བཞིན་མགོ་དང་རོ་སྟོད་དེ། །སྤྱི་ལས་སྟོད་ཤ་ལྕི་བ་ཡིན། །དེ་བས་ཀླད་པ་དེ་བས་མགོ། །རླིག་པ་པགས་པ་ཕོ་མཚན་དང༌། །མཇུག་ཏོ་རྐེད་པ་མཇུག་བཅོས་གཞང༌། །མཆེར་བ་རྐང་པ་རྒྱུས་པ་ནི། །ཤ་ལ་ཤིན་ཏུ་ལྕིར་ཤེས་བྱ། །ཞེས་བྱ་བ་ནི་ལུས་ཀྱི་ཡན་ལག་གོ། །རང་བཞིན་གྱིས་ལྕི་མོན་སྲན་གྲེའུ། །དེ་བཞིན་ཕག་དང་མ་ཧེའི་ཤ། །ཞེས་བྱ་བ་སྟེ་དེ་ནི་རང་བཞིན་ནོ། །ཁྲག་ལ་སོགས་པའི་ལུས་ཟུངས་ནི། །འོ་མ་བཞིན་དུ་ལྕི་བ་ཡིན། །ཞེས་བྱ་བ་ནི་ལུས་ཟུངས་སོ། །གང་ཞིག་མྱུར་ཞིང་བྱ་བ་མང༌། །ལེ་ལོ་ཅན་ལས་ཁྱད་འཕགས་ཡིན། །ཞེས་བཤད་པ་སྟེ་འདི་ནི་བྱ་བའོ། །ཕོ་དང་མོ་ཡི་མཚན་འདྲ་ལས། །ལྕི་དང་ཡང་བར་གྱུར་པ་ཡིན། །ཞེས་བྱ་བ་ནི་མཚན་མའོ། །རང་གི་རིགས་ལས་ཚད་ཆེ་བ། །ལྕི་བའོ་གཞན་དུ་ཡང་བ་ཡིན། །ཞེས་པ་ནི་ཚད་དོ། །ལས་སུ་བྱས་ལས་གོ་བཟློག་པར། །ལྕི་བ་ཡང་བར་འགྱུར་ཞེས་བྱ། །དཔེར་ན་འབྲུ་ལས་འབྲས་ཡོས་བྱས། །ཕྱེ་ལས་ཟན་ནི་བྱས་དང་མཚུངས། །ཞེས་བྱ་བ་ནི་ལས་སོ། །ལྕི་ཡང་ཉུང་ངུ་ཟ་བ་དང༌། །ཡང་བ་ལྷག་པར་བརྟེན་པ་ནི། །རྫས་ཀྱི་ལྕི་དང་ཡང་བ་དག །ཚད་ཀྱི་རྒྱུ་ནི་བཤད་པ་ཡིན། །ཚད་ནི་རྫས་ལས་མཚོན་པ་དང༌། །མེ་ཡི་དྲོད་ལ་ལྟོས་བྱས་ལ། །ལྕི་ལས་ཉུང་ཞིང་སྦྱིན་པར་བྱ། །ཡང་བ་འདྲ་བ་ཉིད་དུ་འདོད། །ཅེས་བྱ་བ་ནི་ཚད་དེ། །དེ་ལྟར་ན་འདིར་དེ་དག་ཐམས་ཅད་བརྟག་པར་བྱ་བ་ཡིན་ནོ། །ཞེས་ཡན་ལག་བརྒྱད་པ་ཆེན་པོ་ལས་འབྱུང་བ་ལྟར་ཞིབ་ཏུ་ཤེས་པར་བྱའོ། །གཞན་ཡང་གཞུང་མ་དག་པ་རྣམས་སུ་ཤ་ཁུ་ཉམས་བརྟས་ཞེས་སོགས་ཀྱི་རྐང་པ་འདི་ཡོས་དྲལ་ཡང་ཞིང་འཇུ་སླ་ཞེས་སོགས་ཀྱི་རྐང་པའི་མཇུག་ཏུ་སྐྱེལ་བ་དང༌། སྐྱུར་པོ་ཟས་ལེན་ཞེས་སོགས་ཀྱི་རྐང་པ་འདི་ཡུངས་ཀར་ལོ་མ་ཞེས་པའི་འགོར་སྐྱེལ་བ་དང༌། ཨ་སྦྱར་འཇུ་དཀའ་སྟོབས་འཕྲོག་བད་མཁྲིས་སེལ་ཞེས་པ་དང༌། སྐྱུར་པོ་ཟས་ལེན་ཉེས་པ་ཀུན་ལ་གནོད། །ཅེས་འབྱུང་ཡང༌། གཞུང་དག་པ་རྣམས་དང་སྔ་རབས་པའི་འགྲེལ་པ་འགའ་ཞིག་དང་རྒྱུད་ཆུང་བ་རྣམས་སུ། ཟན་སྐམ་ཚོད་མ་མཆོག་ཏུ་རླུང་ལ་བསྔགས། །ཞེས་པ་འདིའི་འགོར་རིམ་པ་ལྟར་སྐྱུར་པོ་ཞེས་སོགས་དང་ཤ་ཁུ་ཞེས་སོགས་ཀྱི་རྐང་པ་གཉིས་འབྱུང་བ་ལྟར་ལེགས་ཤིང༌། རྒྱུད་ཆུང་བ་ལས། ཨ་སྦྱར་འཇུ་སླ་ཟུངས་ཉེས་སེལ། །ཟན་ཆང་རླུང་སེལ་ཁོང་དྲོད་བསྐྱེད། །དུས་ཀྱི་སྐྱུར་པོ་ཡང་ཟས་ལེན། །ཉེས་པ་ཀུན་སེལ་སྙིགས་ཞབས་དམད། །ཚོད་མ་ཤ་ཁུ་ཉམས་བརྟས་ཚིལ། །གྲང་རླུང་ནད་ཀུན་སེལ་བར་བྱེད། །ཟན་སྐམ་ཚོད་མས་རླུང་རལ་སེལ། །ཞེས་བྱ་བ་ལ་སོགས་པ་བཤད་པའི་ཕྱིར་རོ།།

གཉིས་པ་ཚིག་གི་དོན་ནི། དེ་ལ་ཞེས་པ་ནས་རླུང་ལ་ཕན་ཞེས་པའི་བར་གྱིས་བསྟན་ཏེ། ཁ་ཟས་ཀྱི་ཚུལ་དེ་ལས་གཡོས་སུ་བྱས་པའི་ཟས་ཀྱི་སྡེ་ལ་འབྲས་ཀྱི་ཐུག་པ་སླ་བ་དང༌། དེ་ལས་ཅུང་ཟད་སྐ་བ་དང༌། དེ་ལས་ཀྱང་གར་བ་དང༌། ཁུ་བ་མེད་པའི་འབྲས་ཆན་རྣམས་ནི་རིམ་པས་སྔ་མ་ཡང་ཞིང་འཇུ་སླ་བ་ཡིན་ཞིང༌། ཁྱད་པར་དུ་འབྲས་ཐུག་སླ་བ་རྐྱང་རྐྱང་པོ་ཤིན་ཏུ་ཚོས་པ་དེས་ནི་སྐོམ་པ་དང་རྨྱ་བ་སྟེ་རིད་ཅིང་སྐེམ་པ་སེལ་བ་དང༌། བཤལ་ལ་སོགས་པ་སྦྱང་བ་བྱས་རྗེས་ཀྱི་ཉེས་པའི་ལྷག་མ་རྣམས་འཇོམས་པ་དང༌། དེ་བཞིན་དུ་ཉེས་པ་རྣམས་འཇུ་ཞིང་ལུས་ཟུངས་རྣམས་དང༌། རླུང་ལ་སོགས་པ་མགོ་སྙོམ་པར་བྱེད་པ་དང༌། ལུས་ཀྱི་དྲོད་སྐྱེད་ཅིང་རྩ་སྦུབས་རྣམས་མཉེན་ལ་འཇམ་པར་བྱེད་པ་ཡིན་ལ། དེ་དང་ཆ་མཐུན་པར་འབྲས་ཐུག་སྐ་བས་ཀྱང་དྲོད་སྐྱེད་ཅིང་བཀྲེས་སྐོམ་དང་ཉམ་ཆུང་བ་རྣམས་སེལ་བ་དང༌། བད་ཀན་ལ་སོགས་པའི་ནད་འཇུ་བར་བྱེད་ཅིང་དྲི་མ་འགགས་པ་སེལ་བར་བྱེད་པ་དང༌། འབྲས་ཐུག་གར་པོས་ནི་འཁྲུ་བ་གཅོད་ཅིང་ཡི་གར་འོང་བ་དང༌། སྐོམ་པ་སེལ་བ་ཡིན་ནོ། །རྒྱུ་མཚན་དེ་རྣམས་ཀྱི་ཕྱིར་མས་ཀྱི་རིམ་པས་ཏེ་ཐུག་གར་དང་སྐ་བ་ནི་ཉམ་ཆུང་བ་དང༌། ཐུག་པ་སླ་བ་ནི་ཁྲུས་ལ་སོགས་པའི་སྦྱང་རྗེས་ལ་མཆོག་ཏུ་བསྔགས་པ་ཡིན་ཞིང༌། འབྲས་ཐུག་ལ་དཔེར་མཚོན་པ་དེ་བཞིན་དུ་ཐུག་པ་གཞན་རྣམས་ལ་ཤེས་པར་བྱའོ། །གཞན་ཡང་འབྲས་ལེགས་པར་བཀྲུས་པ་དང༌། ཕྱེད་ཙམ་ཚོས་ནས་ཁུ་བ་བཙགས་པ་དང༌། ལེགས་པར་ཚོས་པ་དང༌། རླངས་པ་ཡལ་པའི་འབྲས་ཆན་རྣམས་དང༌། འབྲས་ཆན་ལེགས་པར་བཙོས་ལ་པི་པི་ལིང་དང་སྒ་ལ་སོགས་པ་ཚ་བའི་སྨན་དང་ལྷན་ཅིག་ཏུ་བསྐོལ་བ་རྣམས་ཡང་ཞིང་འཇུ་སླ་བ་ཡིན་ལ། དེ་ལས་བཟློག་སྟེ་བཙོས་པའམ། ཤ་ཁུ་དང་འོ་མ་དང་ཚོད་མ་གཞན་དང་ཞག་དང་ཏིལ་མར་དང་མར་དང་འབྲས་བུ་ལ་སོགས་པ་རྣམས་དང་ལྷན་ཅིག་ཏུ་བསྐོལ་པའི་འབྲས་ཆན་ནི་ལྕི་བ་ཡིན། །འབྲས་ཡོས་ཀྱིས་འཁྲུ་བ་གཅོད་པ་དང་རུས་ཆག་སྦྱོར་བར་བྱེད་ལ། འབྲས་དང་ནས་ལ་སོགས་པའི་སྲུས་ཐུག་དང་ནས་ཐུག་གིས་ནི་བཤང་བའི་རྒྱུན་འགག་ཅིང་མེ་དྲོད་ཉིད་ཀྱང་འཇོམས་པ་དང༌། ཡོས་ཅུང་ཟད་དྲལ་ཏེ་བསྐོལ་བའི་ཐུག་པ་ནི་ཡང་ཞིང་འཇམ་དྲོད་དང་ལྡན་པས་ཕོ་བ་ལ་འཕྲོད་པ་དང༌། རྩམ་པ་ཁོ་ན་འགམ་པ་དང་ཟན་གྲང་མོར་ཟོས་པས་ནི་ལུས་ཀྱི་སྟོབས་བསྐྱེད་ཅིང་ལྕི་བ་ཡིན་པས། དེ་ལས་བཟློག་པ་བཙོས་པའི་ཟན་ནི་ཡང་ལ་འཇམ་པས་འཇུ་བར་སླ་བ་ཡིན་ནོ། །དེ་ལྟར་བཤད་པ་དེ་རྣམས་སམ་ཤ་ལ་སོགས་པ་གཞན་ཡང་རུང་སྟེ་ཁེངས་པོ་ཞེས་པ་རད་པར་གྱུར་པ་ཐམས་ཅ་དཀྱིས་ཕོ་བའི་མེ་དྲོད་འཇོམས་པར་བྱེད་ཅིང༌། ཨ་སྦྱར་ཏེ་ཆུ་སྐྱོ་ནི་འཇུ་སླ་ཞིང་སྟོབས་འཕྲོག་པ་དང་ཉེས་པ་ཀུན་སེལ་བར་བྱེད་ལ། ཟན་ལས་བྱས་པའི་ཆང་གིས་ནི་རླུང་སེལ་ཞིང་ཁོང་བའི་དྲོད་ལ་ཕན་པ་དང༌། ཆང་དེ་ཉིད་དུས་ཀྱི་སྐྱུར་པོར་སོང་བའི་དྭངས་མས་ནི་ཟས་ལེན་ཞིང་ཉེས་པ་ཀུན་སེལ། སྙིགས་ཞབས་ནི་དམད་པ་དང༌། དེ་བཞིན་དུ་ཤ་ཁུས་ནི་ཉམས་བརྟས་ཤིང་ཚིམ་པར་བྱེད་པ་དང༌། རླུང་ལ་ཕན་པ་དང༌། ཟན་སྐམ་གྱི་ཚོད་མ་ནི་རླུང་ལ་མཆོག་ཏུ་ཕན་པར་བྱེད་དེ། འདིར་མ་འཐུས་པ་གཞན་ཡང་ཇི་སྙེད་ཅིག་མཚོན་ཏེ་ཤེས་པར་བྱའོ། །གཉིས་པ་སྔོ་ལས་གཡོས་སུ་བྱས་པ་བཤད་པ་ལའང་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། མེ་ཏོག་འདབ་མ་འབྲས་ཡལ་ག །སྡོང་པོ་རིམ་བཞིན་ལྕི་བ་ཡིན། །ཚོད་མའི་རབ་མཆོག་འཚོ་བྱེད་ཡིན། །ཡུངས་ཀར་ཚོད་མ་ཐ་ཆད་ཡིན། །ཞེས་པ་ལྟར་བཤད་པར་བྱའོ། །གཉིས་པ་ཚིག་གི་དོན་ནི། ཟྭ་ཚོད་ཅེས་པ་ནས་རླུང་ལ་ཕན་ཞེས་པའི་བར་གྱིས་བསྟན་ཏེ། སྔོ་ཚོད་རྣམས་ཀྱི་ནང་ནས་ཟྭའི་ཚོད་མས་ནི་རླུང་འཇོམས་ཤིང་དྲོད་བསྐྱེད་པ་དང༌། བད་མཁྲིས་སློང་བར་བྱེད་ཅིང༌། ལྕམ་པ་དང༌། བེ་ཁུར་ཏེ་ཐ་རམ་གྱི་ཚོད་མས་ནི་དྲོད་སྐྱེད་ཅིང་འཁྲུ་བ་གཅོད་པར་བྱེད་ལ། དྭ་བའི་ཚོད་མས་ཀྱང་རླུང་འཇོམས་ཤིང་རྨ་སྐེམ་པར་བྱེད་ལ་བད་མཁྲིས་བསྐྱེད་པ་དང༌། སྣེའུའི་ཚོད་མས་ནི་མིག་ལ་གནོད་ཅིང་རྟུག་སྐམ་སེལ་བ་དང༌། མོན་སྣེ་དམར་པོ་སྟེ་ཨ་མ་ཀྱི་བ་ཞེས་གྲགས་པའི་ཚོད་མས་ནི་ཉེས་པ་གསུམ་ག་སེལ་བ་དང༌། སྐྱབས་དང་ཁུར་མང་གི་ཚོད་མནི་བསིལ་ཏེ་ཚ་བ་སེལ་བ་དང༌། སྔོ་སྒའི་ཚ་བ་སྟེ་ཚོད་མ་དེས་ནི་མཁྲིས་ཚད་དང་དེས་བསྐྱེད་པའི་མགོ་ནད་སེལ་བ་དང༌། སྲན་མའི་ཚོད་མས་ནི་ཁ་ཟས་དང་ག་ལེན་པར་བྱེད་ཅིང་བད་རླུང་བསྐྱེད་པ་དང༌། ལུས་ཀྱི་སྣུམ་པའི་ཆ་རྣམས་འོདན་ཞིང་འབྲུ་མར་ལ་སོགས་པ་མ་ཞུ་བ་སེལ་བ་དང༌། ཡུངས་ནག་གི་ལོ་མ་གསར་པ་སྟེ་ས་ནས་སོར་བཞི་ལྔ་ཙམ་སྐྱེས་འཕྲལ་གྱི་ཚོད་མ་ནི་བསིལ་དྲོད་སྙོམས་ཤིང་དེ་ཞག་ཏུ་ལོན་ནས་རད་པ་ལ་བཤུར་བ་ཞེས་བྱ་ལ་དེའི་ཚོད་མས་ནི་བད་རླུང་སྐྱེད་པར་བྱེད་པ་དང༌། ཡུངས་ཀར་གྱི་ལོ་མས་བད་མཁྲིས་འཁྲུགས་པར་བྱེད་པ་དང༌། ལྕ་བ་དང་ར་ཉེའི་ཚོད་མས་ནི་བད་རླུང་སེལ་བ་དང༌། ལ་ཕུག་གི་ཚོད་མས་ནི་དྲོད་སྐྱེད་ཅིང་རླུང་ལ་ཕན་པ་དང༌། སྒོག་སྐྱ་དང་སྒོག་སྔོན་གྱི་ཚོད་མས་ནི་རླུང་ལ་ཕན་པ་ཡིན་ནོ། །གསུམ་པ་དེ་གཉིས་ཀྱི་སྤོད་བཤད་པ་ནི། ལན་ཚྭ་ཞེས་པ་ནས་ཡི་གར་འོང་ཞེས་པའི་བར་གྱིས་བསྟན་ཏེ། ཚོད་མ་སོགས་གཡོས་སུ་སྦྱར་བ་ཕལ་ཆེར་ལ་འདེབས་པའི་ལན་ཚྭ་ནི་ཁ་ཟས་ཀུན་གྱི་བྲོ་བ་བསྐྱེད་པ་དང་དྲོད་བསྐྱེད་པ་དང་འཇུ་བ་སླ་ཞིང་བཤང་བ་བདེ་བར་འབྱིན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ལ། གཡེར་མས་ནི་རྩ་སྒོ་འབྱེད་ཅིང་བད་རླུང་བསྐྱེད་པ་དང༌། སྒ་ཡིས་ནི་དྲོད་སྐྱེད་ཅིང་ཤིང་ཀུན་གྱིས་རླུང་ནད་འཇོམས་པར་བྱེད་པ་དང༌། དེ་ལ་སོགས་ཏེ་ཁ་ཟས་ལ་འདེབས་པའི་སྤོད་ཀྱི་རིགས་ཀུན་གྱི་ཟས་རང་རང་གི་བྲོ་བ་ལྷག་པར་དུ་བསྐྱེད་ཅིང་ཡི་གར་འོང་བར་བྱེད་པ་ཡིན་ནོ། །གཉིས་པ་སྐོམ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། བཏུང་བ་ཞེས་པ་ནས་དེ་རབ་བསྐྱེད་ཅེས་པའི་བར་གྱིས་བསྟན་ཏེ། བཟའ་བར་བྱ་བའི་བྱེ་བྲག་ཕལ་ཆེར་བཤད་ཟིན་ནས་བཏུང་བ་ནི་འོ་མ་དང་ཆུ་དང་ཆང་ལ་སོགས་པ་རྣམས་སུ་ཡོད་པ་ལས། གཙོ་བོ་དེ་གསུམ་གྱི་གོ་རིམ་ཇི་ལྟ་བ་བཞིན་དུ་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་སེལ་བར་བྱེད་ཅིང༌། གོ་རིམ་བཟློག་པ་སྟེ་འོ་མས་བད་ཀན་དང་ཆུས་རླུང་དང་ཆང་གིས་མཁྲས་པ་རབ་ཏུ་བསྐྱེད་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། འོ་མ། ཆུ། ཆང་བཤད་པའོ། །དང་པོ་ལ་བཞི་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ཞར་ལ་དཀར་གཞན་བསྟན་པ། མཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། སྤྱི་དོན་དང་ཚིག་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། འོ་མ་ཕལ་ཆེར་རོ་ཞུ་མངར། །སྣུམ་ཞིང་མདངས་སྐྱེད་ལུས་ཟུངས་འཕེལ། །རླུང་དང་མཁྲིས་སེལ་རོ་ཙ་བྱེད། །བད་ཀན་སྐྱེད་ལྕི་བསིལ་བ་ཡིན། །ཞེས་བྱ་བ་ལ། ཟླ་ཟེར་ལས། འོ་མ་ཕལ་ཆེར་ཞེས་པ་ནི་འོ་མ་ཕལ་མོ་ཆེའི་ཡོན་ཏན་འདི་དག་ཡིན་གྱི་ཐམས་ཅད་མ་ཡིན་ནོ། །དེ་ན་འོ་མར་གཏོགས་པ་ཐམས་ཅད་ནི་རོ་མངར་བ་དང༌། ཞུ་བའི་རྗེས་མངར་ཞིང་འཇམ་པ་ཡིན་པས། དེ་དག་ནི་ཁྱད་པར་མེད་པར་རོ་མངར་བ་དང་ཞུ་བའི་རྗེས་མངར་བ་ཡིན་ནོ། །སྣུམ་པའི་ཡོན་ཏན་དང་ལྡན་པས་སྣུམ་པའོ། །གཟི་མདངས་ལ་ཕན་པས་ན་མདངས་བསྐྱེད་དེ་མདངས་ཞེས་བྱ་བ་ལུས་ཟུངས་རྣམས་ཀྱི་སྙིང་པོར་འོག་ནས་བཤད་པའི་མཚན་ཉིད་དང་ལྡན་པ་སྟེ་སྐྱེད་པར་བྱེད་པ་དང༌། ལུས་ཟུངས་ཞེས་པ་དྭངས་མའི་བཅུད་ལ་སོགས་པ་འཕེལ་བར་བྱེད་པ་དང༌། རླུང་དང་མཁྲིས་པ་སེལ་ཞེས་བྱ་བ་རླུང་དང་མཁྲིས་པའི་ནད་འཇོམས་པར་བྱེད་པ་དང༌། རོ་ཙ་བྱེད་ཅེས་པ་ཁུ་ཆུ་འཕེལ་བར་བྱེད་པ་དང༌། བད་ཀན་བསྐྱེད་ཅེས་པ་བད་ཀན་འཕེལབར་བྱེད་པ་དང༌། ལྕི་བའི་ཡོན་ཏན་དང་ལྡན་པས་ལྕི་བ་དང་བསིལ་ཞིང་གྲང་བ་སྟེ་ཡོན་ཏན་དེ་དག་ནི་ལྡན་པའོ། །དེ་དག་ནི་ཕལ་མོ་ཆེ་སྤྱིའི་ཡོན་ཏན་ཡིན་གྱི། ཐམས་ཅད་ཀྱི་ཡོན་ཏན་འདི་ལྟ་ནི་མ་ཡིན་ཏེ། ལ་ལ་ནི་གཞན་དག་ཏུའང་མཐོང་སྟེ། དཔེར་ན་རྔ་མོའི་འོ་མ་ནི་ཅུང་ཟད་རྩུབ་ཅིང་ཚ་བ་དང༌། ལན་ཚྭ་བྲོ་བ་དང༌། ཡང་བ་དང༌། དེ་བཞིན་དུ་རའི་འོ་མ་ཡང་ཡང་བ་དང༌། ལུག་གི་འོ་མའི་ནུས་པ་ནི་ཚ་བ་བསྐྱེད་པ་དང༌། རྨིག་པ་གཅིག་པའི་འོ་མ་ཚ་བའི་ནུས་པ་ཅན་ཉིད་ཡིན་ནོ། །འདིར་སྤྱིའི་ཡོན་ཏན་བཤད་པ་དང༌། རྨིག་པ་གཅིག་པའི་འོ་མ་ཚ་བའི་ནུས་པ་ཅན་ཉིད་ཡིན་ནོ། །འདིར་སྤྱིའི་ཡོན་ཏན་བཤད་པ་ལས་གང་དེ་དང་མི་མཐུན་པའི་ཁྱད་པར་གྱི་ཡོན་ཏན་བཤད་པ་དེ་ནི་སྤྱིའི་ཡོན་ཏན་དང་མི་མཐུན་པ་ཉིད་ཡིན་པར་ཤེས་པར་བྱའོ། །འོན་ཏེ་ཆ་འདྲ་བ་དག་ཡིན་ན་ནི་དེ་ཉིད་ཀྱི་སྟོབས་བསྐྱེད་ཅིང་གྲོགས་སུ་འགྱུར་བ་ཡིན་ནོ། །ཞེས་པ་དང༌། སློབ་དཔོན་གྱིས། བསྡུས་པ་ལས། མར་དང་འོ་མ་བསྟེན་པས་ནི། །བཅུད་ཀྱིས་ལེན་ནི་ཐོབ་པ་ཡིན། །གང་ཕྱིར་འོ་མ་བསྔགས་པ་ནི། །བཅུད་རྣམས་ཀྱིས་ནི་བཅུད་ལེན་ཡིན། །ཞེས་དང༌། རྒྱུད་གཞན་ལས། འོ་མ་ཆུ་མེད་པར་བསྐོལ་བ། །གཉིས་གསུམ་བཞི་ནས་བརྒྱད་ཆ་ལུས། །ཇི་ལྟར་ཤིན་ཏུ་བསྐོལ་བ་བཞིན། །སྙིང་པོ་ལྕི་ཞིང་རབ་སྟོབས་ལྡན། །ཞེས་བཤད་པ་རྣམས་ཀྱི་ཚུལ་ལ་སོགས་པ་ཡང་ཞིབ་ཏུ་རྟོགས་པར་བྱའོ། །གཉིས་པ་ཚིག་གི་དོན་ནི། འོ་མ་ཞེས་པ་ནས་ལྕི་བ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། བཏུང་བ་རྣམས་ཀྱི་ནང་ནས་འོ་མ་ཕལ་ཆེར་ནི་ནོར་དང་ཞུ་རྗེས་གཉིས་ཀ་མངར་ལ་སྣུམ་ཞིང་ལྕི་བས་ལུས་ཟུངས་ཀུན་འཕེལ་བར་བྱེད་པ་དང༌། མདངས་བཀྲག་བསྐྱེད་པ་དང༌། རླུང་མཁྲིས་སེལ་བ་དང༌། རོ་ཙ་བ་སྟེ་ཁུ་སྟོབས་འཕེལ་བ་དང༌། བད་ཀན་བསྐྱེད་པས་ལྕི་བསིལ་དང་ལྡན་པ་ཡིན་ནོ།།

གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། བ་ཡི་འོ་མ་འཚོ་བྱེད་ཅིང༌། །བཅུད་ཀྱིས་ལེན་ཡིན་གློ་རྡོལ་དང༌། །གློ་གཅོང་ལ་ཕན་ཡིད་གཞུངས་བྱེད། །སྟོབས་བསྐྱེད་ནུ་ཞོ་བསྐྱེད་དང་འཁྲུ། །ངལ་དང་མགོ་འཁོར་མྱོས་དཔལ་ཉམས། །ལུད་པ་དབུགས་མི་བདེ་བཀྲེས་སྐོམ། །རིམས་རྙིང་གཅིན་ནི་སྙི་བ་དང༌། །ཁྲག་དང་མཁྲིས་པ་སེལ་བ་ཡིན། །མ་ཧེའི་འོ་མ་འཇུ་དྲགས་དང༌། །གཉིད་མེད་ལ་ཕན་རབ་ལྕི་བསིལ། །ར་ནི་ཆུ་ཉུང་འཐུང་ཟས་རྒོད། །ཁ་ཞིང་ཚ་བ་ཟ་བས་ཡང༌། །སྐེམ་དང་རིམས་དང་དབུགས་མི་བདེ། ཁྲག་དང་མཁྲིས་པ་ཚད་ནད་སེལ། །རྔ་མོའི་འོ་མ་ཅུང་རྩུབ་དྲོ། །ལན་ཚྭ་དྲོ་ཞིང་དྲོད་ཆེ་ཡང༌། །རླུང་དང་བད་ཀན་ལྟོ་སྦོས་སྲིན། །འོར་ནད་དམུ་རྫིངས་གཞང་ནད་སེལ། །བུད་མེད་ནུ་ཞོ་རླུང་མཁྲིས་ཁྲག །བསྣད་པའི་མིག་ནད་སེལ་བྱེད་དེ། །ཚིམ་བྱེད་མིག་དང་སྣར་བླུག་ཕན། །ལུག་གི་འོ་མ་སྙིང་ནད་ཚ། །རླུང་འཇོམས་སྐྱེས་བུ་དབུགས་མི་བདེ། །མཁྲིས་པ་བད་ཀན་བསྐྱེད་པ་ཡིན། །བ་ལང་མོ་ཡི་རབ་བརྟན་བྱེད། །རྨིག་པ་གཅིག་པའི་འོ་མ་ཚ། །ཡན་ལག་རླུང་སེལ་སྐྱུར་བཅས་ཤིང༌། །ལན་ཚྭ་བྲོ་ཞིང་རྨོངས་པར་བྱེད། །འོ་རློན་བད་ཀན་བསྐྱེད་ཅིང་ལྕི། །རིགས་པར་བསྐོལ་བ་དེ་ལས་གཞན། །ཤིན་ཏུ་བསྐོལ་ན་འཇུ་དཀའ་ལྕི། །བཞོས་མ་ཐག་དྲོ་བདུད་རྩིར་མཚུངས། །ཞེས་དང༌། ཟླ་ཟེར་ལས། རའི་འོ་མ་ནི་ཆུ་ཉུང་ངུ་འཐུངས་པ་ལ་སོགས་པའི་རྒྱུས་ཡང་བ་ཡིན་ཏེ། འདིར་རྒྱུ་སྨོས་པས་ནི་གཞན་དག་ཀྱང་འདི་བཞིན་རྒྱུ་དང་ལྡན་པའི་དབང་གིས་འོ་མ་ཡང་བ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་སྨོས་པ་ཡིན་ཏེ། འདི་ལས་གོ་བཟློག་པའི་རང་བཞིན་ཅན་ནི་ལྕི་བ་ཡིན་པར་ཤུགས་ཀྱིས་གོ་བཟློག་པར་བྱའོ། །ཆུ་ཉུང་ངུ་འཐུངས་པའི་རང་བཞིན་དུས་དང་ཡུལ་ལ་སོགས་པ་ལ་བལྟོས་ནས་བྱས་པ་ཡིན་ནོ། །ཞེས་དང༌། བུད་མེད་ཀྱི་འོ་མ་དེ་ནི་རླུང་དང་མཁྲིས་པ་དང་ཁྲག་དང་བསྣད་པ་ལས་གྱུར་པའི་མིག་ནད་གང་ཡིན་པ་དག་སེལ་ཞིང་འཇོམས་པར་བྱེད་དོ། །ཇི་ལྟར་ནད་དེ་སེལ་བར་བྱེད་ཅེ་ན། །ཚིམ་བྱེད་མིག་དང་སྣར་བླུག་ཕན། །ཞེས་བྱ་བ་ཡིན་ཏེ། ཚིམ་པར་བྱེད་པ་ལ་སོགས་པའི་མཚན་ཉིད་ནི་གནས་འདི་ཉིད་ཀྱི་འོག་ནས་བཤད་པ་ཡིན་ཏེ། ཚིམ་པར་བྱས་པ་ནི་མིག་བཀང་བ་སྟེ་ནས་སམ་སྲན་མའི་ཟན་གྱི་རེང་བུ་སྦོམ་པོ་བྱས་ལ་བསྐོར་ཏེ་བཀང་བའོ། །མིག་ཏུ་བླུག་པ་ནི་མིག་འབྲས་ཀྱི་སྟེང་དུ་བླུག་པའོ། །སྣར་བླུག་པ་ནི་སྣ་ནས་གཏོང་བའོ། །ཞེས་དང༌། འོ་མ་ཐམས་ཅད་མ་བསྐོལ་བ་ནི་བད་ཀན་བསྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་ཏེ་དྲི་མ་དང་ལྡན་པས་ལུས་ཀྱི་རྩ་སྦུབས་ནས་མི་རྒྱུ་བ་ཡིན་པའི་ཕྱིར་རོ། །ལྕི་བ་ནི་ཡུན་རིང་ཞིག་ན་འཇུ་བ་སྟེ། ས་ནི་ཟླ་བའི་ཡོན་ཏན་གྱི་ཤས་ཆེ་བས་དེ་ལས་བྱུང་བའི་ཕྱིར་རོ། །རིགས་པར་བསྐོལ་ན་ཞེས་བྱ་བ་ནི་འོ་མ་དེ་ཉིད་རློན་པ་ལས་གོ་བཟློག་པར་བསྟན་ན་དེ་ལས་གཞན་པ་སྟེ་བད་ཀན་བསྐྱེད་པ་ཡང་མ་ཡིན་ལ་ལྕི་བ་ཡང་མ་ཡིན་ཏེ། བད་ཀན་སེལ་ཞིང་ཡང་བར་འགྱུར་རོ། །དེ་ལ་ལེགས་པ་ནི་སྦྱོར་བའི་ཐབས་ཏེ། ཇི་ལྟར་འོ་མའི་ཕྱེད་ཀྱི་ཆུས་བསྣན་ལ་བསྐོལ་བ་ནི་འོ་མ་རློན་པ་བས་ཤིན་ཏུ་ཡང་བ་ཡིན་ནོ། །ཞེས་རྒྱུད་གཞན་ལས་བཤད་པ་ཡིན་ནོ། །ཡང་ན་ཤིན་ཏུ་བསྐོལ་བ་ཡང་མ་ཡིན་ལ། ཅུང་ཟད་བསྐོལ་བ་ཡང་མ་ཡིན་པ་ནི་རིགས་པ་ཡིན་ཏེ། མི་རིགས་པར་བསྐོལ་བ་ནི་མེ་དང་འཕྲད་པ་ཡིན་དུ་ཟིན་ཀྱང༌། ལྕི་བ་ཉིད་དུ་གྱུར་པའོ། །དེ་ཡང་གང་གི་ཕྱིར་མི་རིགས་པར་བསྐོལ་ཞིང་ཆུ་མེད་པར་བསྐོལ་བ་ལས་ཆ་གཅིག་དང༌། གཉིས་དང༌། གསུམ་དང༌། བཞི་ནས་ཆ་བརྒྱད་ལུས་པའི་བར་གྱིས་ནི་གོང་ནས་གོང་དུ་སྙིང་པོ་འདུས་པར་འགྱུར་རོ། །དེ་བས་ན་ཤིན་ཏུ་བསྐོལ་ན་འཇུ་དཀའ་ཞིང་རབ་ཏུ་ལྕི་བར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པས་ཞིབ་ཏུ་བཀོད་པ་ལྟར་རྟོགས་པར་བྱའོ།།

གཉིས་པ་ཚིག་གི་དོན་ནི། བ་ཡི་ཞེས་པ་ནས་བདུད་རྩིར་མཚུངས་ཞེས་པའི་བར་གྱིས་བསྟན་ཏེ། འོ་མ་རྣམས་ཀྱི་ནང་ནས་བའི་འོ་མས་ནི་གློ་རྡོལ་དང་གློ་གཅོང་ལ་ཕན་ཞིང༌། རིམས་རྙིང་པ་དང༌། གཅིན་སྙི་བ་ལ་ཕན་ཞིང་ཡིད་གཞུངས་པ་སྟེ་བློ་རྣོ་བ་དང༌། ལུས་ཟུངས་ལ་སོགས་པ་འཕེལ་བའི་བཅུད་ཀྱིས་ལེན་མཆོག་ཡིན་པས་ན་འཚོ་བར་བྱེད་པ་ཡིན་ཞེས་བྱ་ལ། རའི་འོ་མས་ནི་དབུགས་མི་བདེ་བ་སེལ་ཞིང༌། ལུག་གི་འོ་མས་ནི་རླུང་ནད་འཇོམས་ཤིང་སྙིང་མི་དགའ་བར་བྱེད་པ་སོགས་པའི་ནད་བསྐྱེད་པར་བྱེད་པས་གནོད་པ་དང༌། འབྲི་ཡི་འོ་མས་ནི་བད་ཀན་དང་མཁྲིས་པ་ལ་སོགས་པ་ལ་གནོད་པ་དང༌། རྟ་དང་བོང་བུ་ལ་སོགས་པ་རྨིག་པ་གཅིག་པ་རྣམས་ཀྱི་འོ་མས་ནི་གློ་བ་གསོ་ཞིང་ཤེས་རབ་རྨོངས་པར་བྱེད་པ་སྟེ། དེ་ལྟར་བཤད་པའི་འོ་མ་དེ་དག་རྣམས་སམ་གཞན་ཡང་འོ་མར་གཏོགས་པ་ཇི་སྙེད་ཅིག་མཚོན་པ་དེ་དག་ཐམས་ཅད་བཞོས་མ་ཐག་པ་ལས་དྲངས་ཏེ་སླར་ཡང་མ་བསྐོལ་བའི་འོ་རློན་དུ་གྲགས་པ་དེ་འདྲ་བ་ནི་ལྕི་བསིལ་དང་ལྡན་པ་ཡིན་པས་སྲིན་བུ་དང་བད་ཀན་གྱི་ནད་སྐྱེད་པར་བྱེད་ཅིང་ཅུང་ཟད་བསྐོལ་བ་ཙམ་ཡང་མ་ཡིན། བསྐོལ་དྲགས་པའང་མ་ཡིན་པར་ལེགས་པར་བསྐོལ་ཏེ་འོ་མ་དང་མཉམ་པའི་ཆུ་བླུག་ལ། སླར་ཆུ་དེ་ཉིད་གདུས་ཚོད་ཙམ་དུ་གྱུར་པ་ན་ཡང་དྲོའི་ནུས་པ་དང་ལྡན་པས་དགེ་ལ། ཆུ་མ་བླུགས་པར་ཆ་གཅིག་ལ་སོགས་པ་ཅི་ཙམ་གདུས་པར་འགྱུར་བ་དེ་ཙམ་དུ་ན་འཇུ་དཀའ་ཞིང་ལྕི་བར་འགྱུར་བ་དང༌། མཆོག་ཏུ་ནི་བཞོས་མ་ཐག་གི་འོ་མ་དྲོན་མོ་དེ་ཉིད་བདུད་རྩི་དང་མཚུངས་པར་རིག་པར་བྱའོ། །གསུམ་པ་ཞར་ལ་དཀར་གཞན་བསྟན་པ་ལའང་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། སྔ་རབས་པ་རྣམས་ཀྱིས་མ་སྙོམས་ཞེས་པ་ལ་ཆ་གྲང་མོ་སྙོམས་པ་དང༌། ཞོ་ཀུན་ཞེས་པ་ལ་ཞོ་རྒྱུན་ཞེས་པ་དང༌། ཞོ་ཁ་ཆུ་ཞེས་པ་ཞོ་དཀྲུགས་ལ་འདོད་པ་དང༌། ཡང་འགའ་ཞིག་གིས་ཆུར་ཁུ་ལ་ཞོའི་ཁ་ཆུར་འདོད་པ་དང༌། ཆུར་ཁུ་ཞེས་པ་ཆད་པ་སོགས་ཉེས་པ་ཤིན་ཏུ་མང་བར་མཐོང་སྟེ། སློབ་དཔོན་གྱིས། ཞོ་ནི་རོ་དང་ཞུ་རྗེས་སྐྱུར། །རྟུག་སྐམ་ལྕི་ལ་རླུང་ནད་སེལ། །ཚིལ་དང་ཁུ་ཆུ་སྟོབས་བད་ཀན། །ཁྲག་མཁྲིས་དྲོད་བསྐྱེད་འོར་ནད་བསྐྱེད། །ཡི་ག་འབྱེད་ཅིང་ཁ་ཟས་ལེན། །གྲང་བའི་རིམས་དང་མི་སྙོམས་རིམས། །ཆམ་པ་གཅིན་འགགས་གྱུར་པ་དང༌། །འཁྲུ་བའི་ནད་ལ་རྩུབ་པོ་ཕན། །ཞོ་དྲོན་དཔྱི་དང་སོ་ག་དང༌། །སྟོན་དུས་མཚན་མོ་བཏུང་མི་བྱ། །དེ་ནི་མུད་གའི་སྲན་ཚོད་དང༌། །སྦྲང་རྩི་མར་དང་ཤ་ཀ་ར། །སྐྱུ་རུ་ར་ནི་མེད་མི་བཏུང༌། །རྟག་ཏུ་མ་ཡིན་མ་ལངས་མིན། །གཞན་དུ་རིམས་ཁྲག་མེ་དབལ་དང༌། །མཛེ་དང་སྐྱ་རྦབ་མགོ་འཁོར་བསྐྱེད། །དར་གསར་ཡང་ལ་སྐ་ཞིང་སྐྱུར། །དྲོད་སྐྱེད་བད་ཀན་རླུང་དག་སེལ། །སྐྲན་ནད་དམུ་རྫིངས་གཞང་འབྲུམ་དང༌། །ཕོ་ནད་ཆུ་སྲི་ཡི་ག་འཆུས། །མཆེར་བ་སྐྲན་དང་མར་མ་ཞུ། །སྦྱར་དུག་སྐྱ་རྦབ་ནད་རྣམས་སེལ། །དེ་འདྲ་ཞོ་ཁ་ཆུ་འཁྲུ་ཡང༌། །རྩ་སྦུབས་སྦྱོང་ལ་རྟུག་སྐམ་སེལ། །ཞེས་དང༌། ཟླ་ཟེར་ལས། གྲང་བའི་རིམས་དང་ཞེས་པས་གྲང་བ་ལས་གྱུར་པའི་རིམས་དང་རིམས་ལྡང་དུབ་མི་སྙོམས་པ་ལ་སོགས་པ་དང༌། ཆམ་པ་དང་གཅིན་འགགས་པར་གྱུར་པ་དང་འཁྲུ་བའི་ནད་རྣམས་ལ་ཕན་པ་ཡིན་ནོ། །ཞེས་དང༌། དེ་འདྲ་ཞེས་པ་ནི་དར་བ་གསར་པ་དེ་དང་ཞོ་ཁ་ཆུ་ཡོན་ཏན་འདྲ་ཞིང་མཚུངས་པར་ཤེས་པར་བྱ་ལ། དེའང་འཁྲུ་བ་སྟེ་ཅུང་ཟད་ཁོང་འཁྲུ་བ་དང༌། ཡང་བ་ཞེས་པ་དར་བ་གསར་པ་ཡང་ཡང་བ་ཡིན་མོད་ཀྱི་འདི་ནི་ཤིན་ཏུ་ཡང་བས་ན་ཁྱད་པར་སྨོས་པ་ཡིན་ནོ། །རྩ་སྦུབས་སྦྱོང་ཞིང་དག་པར་བྱེད་པ་དང༌། རྟུག་སྐམ་འགགས་པ་སེལ་ཞིང་འཇིག་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །ཞེས་བཤད་པའི་ཕྱིར་དང༌། ཁྱད་པར་དུ་ཆུར་བ་ནི་ཞོ་ཁ་ཆུ་ལས་གདུས་པའི་གོང་བུའོ། །ཞེས་འབྱུང་བས་ཞོ་དཀྲུགས་དང་ཆུར་ཁུ་གཉིས་ཀ་མ་ཡིན་པར་བསྟན་པས། དོན་འོ་མ་དཀྲོགས་པའི་རྗེས་ཀྱི་གླེང་མ་ཞེས་གྲགས་པའི་དེ་ཉིད་ཡིན་ཞིང༌། འོ་མ་སྙིང་པོ་བཏོན་པའི་ཞོ་སྐྱ་ཞེས་པ་ཡང་འདི་ཉིད་ལས་བྱས་པ་ཁོ་ན་ཡིན་ལ། ཟླ་ཟེར་ལས། དེ་ལ་རྩུབ་པོ་ནི་ལེགས་པར་ལངས་པའི་ཞོ་ལས་དུས་འདས་ནས་རིམ་གྱིས་ཤིན་ཏུ་སྨིན་པར་གྱུར་པ་ནི་རྩུབ་པོ་ཡིན་པའམ། ཡང་ན་སྤྲིས་མ་བཤུས་པའི་ཞོ་ནི་རྩུབ་པ་ཡིན་ནོ། །ཞེས་བཤད་ཀྱང་རྩུབ་པའི་ཞོ་ཞེས་པ་ཞོ་སྐྱ་འདི་ཉིད་ཡིན་ཏེ། ཞོ་གཞན་རྣམས་འོ་མ་ལས་བྱས་པ་མ་ཡིན་པས་རྩུབ་པར་མི་འགྱུར་བའི་ཕྱིར་རོ། །གཉིས་པ་ཚིག་གི་དོན་ནི། འོ་མ་ཞེས་པ་ནས་འཁྲུ་བ་སེལ་ཞེས་པའི་བར་གྱིས་བསྟན་ཏེ། ཞོར་བཙོས་པ་མ་ཡིན་པར་འོ་མ་ཉིད་དཀྲོགས་ཏེ་སྙིང་པོ་མར་བཏོན་པའི་རྗེས་དེ་ཉིད་ལས་བྱས་པའི་ཞོ་སྐྱ་ཞེས་པ་དེ་ཡིས་ནི་བད་ཀན་ལས་གྱུར་པའི་རིམས་དང་རིམས་ལྡང་དུབ་པ་མ་སྙོམས་པ་དང་རིམས་ཆམ་དང་འགྲམས་འཁྲུགས་ཀྱི་རིམས་དང་འཁྲུ་བ་རྣམས་སེལ་བར་བྱེད་ལ། ཞོ་དེ་དང་འོ་མ་ལས་བྱས་པའི་ཞོ་ཀུན་གྱི་རོ་དང་ཞུ་རྗེས་གཉིས་ཀ་སྐྱུར་ཞིང་ནུས་པ་བསིལ་སྣུམ་དང་ལྡན་པས་རྟུག་སྐམ་དང་རླུང་ཚད་སེལ་ཞིང་ཡི་ག་འབྱེད་པར་བྱེད་པ་དང༌། འོ་མ་ལས་ཞོར་བྱས་ཏེ་དཀྲོགས་ནས་སྙིང་པོ་བཏོན་པའི་ལྷག་མ་ལ་དར་བ་ཞེས་བྱ་བ་དེ་ཉིད་གསར་པའི་དུས་སུ་བསྐ་སྐྱུར་གྱི་རོ་དང་ནུས་པ་ཡང་ཞིང་མེ་དྲོད་བསྐྱེད་པ་དང༌། སྐྲན་དང་མཆེར་བའི་ནད་དང་གཞང་འབྲུམ་གྱི་ནང་དང་མར་མ་ཞུ་བའི་ནད་སེལ་བ་དང༌། ཡུན་རིང་དུ་བསགས་པ་མ་ཡིན་པའི་འོ་མ་ཉིད་དཀྲོགས་ཏེ་མར་བཏོན་པའི་རྗེས་ཀྱི་ཞོ་ཁ་ཆུ་ནི་ཕལ་ཆེར་དར་བ་གསར་བའི་ཡོན་ཏན་དང་ལྡན་ལ། ཁྱད་པར་དུ་འཁྲུ་ཞིང་བཤང་བ་སླ་བ་དང༌། རྩ་སྦུབས་སྦྱོང་བར་བྱེད་པ་དང༌། ཞོ་ཁ་ཆུ་ལས་ཆུར་བ་བཙགས་པའི་རྗེས་དེ་ལ་ཆུར་ཁུར་གྲགས་དེ་ནི་རླུང་མཁྲིས་མི་སྐྱེ་ཞིང་བད་ཀན་སེལ་བར་བྱེད་པས་དགེ་ལ། ཞོ་བཙོས་པ་ཡིས་རྟུག་པ་སྐེམ་ཞིང་ཚད་པས་འཁྲུ་བ་སེལ་བར་བྱེད་པ་ཡིན་ནོ།།

བཞི་པ་མཇུག་བསྡུ་བ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། བ་མར་འོ་མ་མཆོག་ཡིན་ཏེ། །ལུག་ལས་བྱུང་བ་དམད་པ་ཡིན། །ཞེས་པ་ཙམ་མ་གཏོགས་མཛོའི་འོ་མ་མ་བཤད་ཀྱང་འདི་ཉིད་ལས་འབྱུང་བ་ལྟར་ལེགས་སོ། །གཉིས་པ་ཚིག་གི་དོན་ནི། དཀར་རྣམས་ཞེས་པ་ནས་སྙོམས་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་བཤད་ཟིན་པའི་དཀར་དེ་རྣམས་ཐམས་ཅད་འབྱུང་ཁུངས་ཀྱི་དབང་དུ་བྱས་ནས་ལུག་དང་འབྲིའི་འོ་མ་སོགས་དྲོ་ལ་བཅུད་ཆེ་བ་དང༌། བ་དང་རའི་འོ་མ་སོགས་བསིལ་ཡང་དང་ལྡན་པ། མཛོའི་འོ་མ་དང་ཞོ་ལ་སོགས་པ་ནི་བསིལ་དྲོད་སྙོམས་པས་མཆོག་ཏུ་བཟང་བ་ཡིན་ཞེས་པའོ། །གཉིས་པ་ཆུའི་བཏུང་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། ཡན་ལག་བརྒྱད་པ་ཆེན་པོ་ལས། ཆུ་ཡི་སྲོག་ཆགས་རྣམས་ཀྱི་སྲོག །ལུས་ཀྱང་དེ་ཡི་རང་བཞིན་ཡིན། །དེ་བས་ཤིན་ཏུ་དག་པ་ཡིས། །ཆུ་ནི་གང་དུའང་བཟློག་པ་མེད། །ཅེས་པ་དང༌། དྲང་སྲོང་ཙ་ར་ཀས། ཁྲོན་པ་རྫིང་བུ་མཚེའུ་དང༌། །མཚོར་བཅས་ཆུ་མིག་ལ་སོགས་ཆུ། །སྐམ་ས་བརླན་ཅན་བྲག་ལས་ནི། །ཡོན་ཏན་སྐྱོན་དག་ཤེས་པར་བྱ། །ཞེས་དང༌། དེ་བཞིན་དུ་བསྡུས་པ་ལས་ཀྱང༌། སྐམ་ས་གཤེར་བ་རི་བོ་དང༌། །ཉེ་ལས་ཡང་དང་ལྕི་བར་འགྱུར།  ཞེས་དང༌། ཁྲོན་པ་རྫིང་ལ་སོགས་པའི་ཆུ། །སྐམ་ས་བརླན་བྲག་ལས་ཤེས་བྱ། །ཞེས་པ་ལ་ཟླ་ཟེར་ལས། ཁྲོན་པ་དང་རྫིང་བུ་ལ་སོགས་པའི་ཆུ་ཡང་བ་དང་ལྕི་བ་དང་ཡོན་ཏན་དང་སྐྱོན་གཉིས་སྐམ་པ་དང་གཤེར་བ་དང་བརླན་ཅན་དང་བྲག་ལས་ཤེས་པར་བྱ་སྟེ། སྐམ་ས་ལ་སོགས་པའི་ཡོན་ཏན་གྱིས་དེའི་ཁྲོན་པ་ལ་སོགས་པའི་ཆུའི་བྱེ་བྲག་ཤེས་པར་བྱའོ། །དེས་ནི་འདི་སྐད་ཅེས་སྟོན་པ་ཡིན་ཏེ། སྐམ་པའི་ས་ཕྱོགས་ན་གནས་པའི་ཁྲོན་པ་ལ་སོགས་ཆུ་ནི་ཡང་བ་ཉིད་ཡིན་ལ། བརླན་ཅན་གྱི་ས་ཕྱོགས་ན་གནས་པའི་ཁྲོན་པ་ལ་སོགས་པའི་ཆུ་ནི་ལྕི་བ་ཉིད་ཡིན་ནོ། །རིའི་ཕྱོགས་ན་གནས་པའི་ཁྲོན་པ་ལ་སོགས་ཆུ་ནི་ཉེས་པ་བསྐྱེད་པ་ཡིན་ལ། པ་རི་ཡ་ཏྲའི་ཕྱོགས་ན་གནས་པ་ནི་ཉེས་པ་འཇོམས་པ་ཡིན་ཏེ་ཐམས་ཅད་ལའང་འདི་བཞིན་དུ་སྦྱར་བར་བྱའོ། །ཞེས་དང༌། དབྱར་གྱི་ཆར་ཆུ་ཆུ་ཀླུང་ཆུ། །མཆོག་ཏུ་བཟང་དང་ངན་པར་བཤད། །ཅེས་བྱ་བ་ལ། ཆར་འབབ་པ་སྟེ་བར་སྣང་ལས་འབབ་པའི་ཆུ་དང༌། ཀླུང་དུ་འབབ་པ་ཆུ་ཀླུང་གི་ཆུ་སྟེ། དེ་ལྟར་ཆར་གྱི་ཆུ་དང་ཆུ་ཀླུང་གི་ཆུ་དེ་ལས་དབྱར་གྱི་ཆུ་ཆར་གྱི་ཆུ་ཤིན་ཏུ་བཟང་ཞིང་མཆོག་ཏུ་གྱུར་པ་ཡིན་ལ། ཆུ་ཀླུང་གི་ཆུ་ནི་དབྱར་མཆོག་ཏུ་ངན་ཞིང་དམད་པར་བྱ་བ་ཡིན་པར་བཤད་དོ། །གཉིས་པ་ཚིག་གི་དོན་ནི། ཆུ་ནི་ཞེས་པ་ནས་ཕྱི་མ་དམན་ཞེས་པའི་བར་གྱིས་བསྟན་ཏེ། བཏུང་བ་རྣམས་ཀྱི་ནང་ནས་ཆུའི་དབྱེ་བ་ནི་རྣམ་པ་བདུན་ཏེ། ནམ་མཁའ་ལས་འབབ་པ་ཆར་བའི་ཆུ་དང༌། གངས་ཞུ་བ་ལས་བྱུང་བའི་ཆུ་དང༌། ཆུ་ཀླུང་སྟེ་ཆུ་བོའི་རྒྱུན་ཆེན་པོ་ཀླུངས་སུ་འབབ་པའི་ཆུ་དང༌། ས་ཕྱོགས་འགའ་ཞིག་ཏུ་ཉུང་ཟད་ཅིག་སྐྱེ་བ་ཆུ་མིག ས་འོག་ཏུ་བརྐོས་པ་ཁྲོན་པའི་ཆུ་དང༌། ཕྱིའི་རྒྱ་མཚོ་ཆེན་པོ་ལ་སོགས་པ་བ་ཚྭ་དང་ལྷན་ཅིག་པའི་ཆུ་དང༌། ནགས་ཆེན་པོ་ལས་འབབ་པ་ཤིང་གི་ཆུ་སྟེ་རྣམ་པ་བདུན་པོ་དེ་དག་ནི་རིམ་པས་དང་པོ་དང་པོ་རྣམས་མཆོག་ཡིན་གྱི། ཕྱི་མ་ཕྱི་མ་དམན་ཏེ་ངན་པར་བཤད་པ་ཡིན་ནོ།།

གཉིས་པ་རྒྱས་པར་བཤད་པ་ལ་དྲུག་སྟེ། ཆར་ཆུ། གངས་ཆུ། ངན་པའི་ཆུ། ཆུ་བསིལ། ཆུ་བསྐོལ། བསྐོལ་གྲང་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། དང་པོ་ནི། འགྲེལ་པ་མཁན་པོ་ཕལ་ཆེར་གྱིས་ཆར་ཆུ་དང་གངྒཱ་གཅིག་པར་འདོད་པ་ནི་རྣམ་པར་འཁྱམས་པ་ཡིན་ཏེ། སློབ་དཔོན་གྱི་རང་འགྲེལ་ལས། ཆུ་བོ་གངྒའི་ཆུ་ནི་འཐུང་ན་མི་ལ་འཚོ་བར་བྱེད། ངོམས་པར་བྱེད། ཡིད་གར་འོང་ཞིང་ལུས་ཚིམ་པར་བྱེད། སེམས་གསལ་བར་བྱེད། ཆུའི་རོ་དྲོ་བ་ཡང་གསལ་པོར་བྱེད། རོ་ཞིམ་པ་བསིལ་པ་ཡང་བ་ཡིན་ཏེ་བཟང་ངོ༌། །ཆར་འབབ་པ་ལས་བྱུང་བའི་ཆུ་ནི་ཉི་མ་དང་ཟླ་བའི་འོད་དང་རླུང་གིས་ཀྱང་ཕོག་མོད་ཀྱི་དེ་ལ་ཕན་གནོད་ཀྱི་བྱེ་བྲག་ནི་ཡུལ་སྐམ་པ་དང་སེར་ཆེ་བའི་ཡུལ་གྱི་སྨན་དང་སྦྱར་བ་དང༌། དུས་ཀྱི་རིམ་པ་དང་སྦྱར་ལ་བརྟགས་ཏེ་ཁ་ཟས་ཀྱི་གཡོས་ཆུ་བྱ་བ་དང༌། སྐོམ་དུ་འཐུང་བ་ནི་དངུལ་ཕོར་གྱི་ནང་དུ་ཆུ་བླུག་ལ་དེའི་ནང་དུ་འབྲས་ཆན་ཉུང་ཤས་ཤིག་བླུག་སྟེ་ཞག་གཅིག་བཞག་ནས་མ་རུལ་ལ་མདོག་ཀྱང་མ་འགྱུར་ན་ནི་གངྒའི་ཆུ་ཀླུང་ལ་སོགས་པའི་ཆར་བའི་ཆུ་ཡིན་ཏེ། དེ་ནི་བཏུང་བར་བཟང་ངོ༌། །གལ་ཏེ་འབྲས་རུལ་ལམ་ཁ་དོག་འགྱུར་ན་དེ་ནི་རྒྱ་མཚོའི་ཆུ་ཡིན་ཏེ། དེ་ནི་བཏུང་དུ་མི་རུང་ངོ༌། །ཆུ་དེ་ལྟ་བུ་ནི་ལོ་གཅིག་གི་ཟླ་བའི་ངོ་གང་ལའང་བཏུང་དུ་མི་རུང་ངོ༌། །ཆར་འབབ་པའི་ཆུ་སྣོད་བཟང་པོར་བཟེད་དེ་བཞག་ནའང་མི་རུལ་མདོག་ཀྱང་མི་འགྱུར་བ་དེ་ལྟ་བུའི་ཆུ་ནི་བཟང་སྟེ་རྟག་ཏུ་བཏུང་བར་བྱའོ། །དེ་ལྟར་ཆར་ཆུ་སྣོད་དུ་བཟེད་པ་དང་འདྲ་བར་བཟང་སྟེ། དེའང་ས་གཞི་དཀར་རམ་ནག་པའང་རུང་སྟེ། གཙང་མ་ཉི་མའི་འོད་དམ་རླུང་གིས་ཕོག་པ་དེ་ལྟ་བུ་ནི་དགེ་སྟེ་བཏུང་བར་བྱའོ། །ལྟེང་ཀའམ་ལུ་མ་འདམ་རྫབ་ཅན་ཉ་ལྕིབས་དང་ལྡུམ་བུ་རྩ་དང་འདབ་མ་དང་རྙོག་མས་གང་བའི་ནང་རླུང་དང་ཉི་མ་དང་ཟླ་བའི་འོད་ཀྱིས་ཀྱང་མི་མཐོང་མི་སྣང་བ་དང༌། འཕྲལ་དུ་ཆར་དྲག་པོ་འབབ་པའི་ལྟེང་ཀའམ་གར་པོ་ལྕི་བ་ལྦུ་བ་ཅན་སྲོག་ཆགས་ཀྱིས་གང་བ་ཉི་ཚན་གྱིས་དྲོས་ཏེ་ཚ་བའམ་ཧ་ཅང་གྲང་ཆེས་ཏེ་སོས་མི་བཟོད་པ་འདི་ལྟ་བུ་དང༌། དབྱར་གྱི་དུས་སྔ་རོལ་དང་དབྱར་གྱི་ཐ་མ་སྟོན་ཀའི་ཆར་ཆུ་འདི་གཉིས་དང༌། དབྱར་གའི་ཆར་པ་དང་པོ་འབབ་པ་འདི་ལྟ་བུའང་མི་དགེ་ཞིང༌། སྲོག་ཆགས་གདུག་པ་དང་བ་ཐག་པའི་གཅིན་དང་རྟུག་པ་དང་དུག་དང་འདྲེས་པའི་ཆུ་ནི་མི་དགེ་སྟེ་བཏུང་དུ་མི་རུང་ངོ༌། །ཞེས་བཤད་པའི་ཕྱིར། ཐ་དད་དུ་དེ་ལ་ཆུ་བོ་གངྒཱ་དེ་ཡང་ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བ་དང༌། ཨ་མ་ར་ཀོ་ཥའི་འགྲེལ་བ་སོགས་ལས། ལྷ་མ་ཡིན་བྷ་ཀི་ར་ཐ་ཞེས་བྱ་བས་ཕ་མེས་རྣམས་དམྱལ་བར་སྐྱེས་པའི་སྡིག་པ་བཀྲུ་བའི་སླང་དུ་ཚངས་པ་མཉེས་པའི་དཀའ་ཐུབ་བྱས་པས་མགུ་སྟེ་གངྒཱ་ལྷ་མོའི་ཚུལ་དུ་གནས་པ་དེ་ཉིད་དག་བྱེད་དུ་བྱིན་པ་རིམ་པས་ལྷ་ཆེན་པོའི་རལ་པ་དང༌། མཚོ་མ་ཕམ་པ། དྲང་སྲོང་ཛ་ཧུའི་མགྲིན་པ་རྣམས་བརྒྱུད་དེ་བབས་པར་བཤད་པས་ནམ་མཁའ་ལས་བབས་པའི་ཆུ་ཞེས་པ་དངོས་ནི་གངྒཱ་ཡིན་ནོ། །ཆར་ཆུ་སྣོད་དུ་བཟེད་ནས་འབྲས་ཆན་མི་རུལ་བ་དེ་ཡང་གངྒཱ་དང་ཆུ་མཐུན་ཙམ་ཡིན་པར་རིག་པར་བྱའོ། །དེ་ལྟ་བུའི་ཆུ་དེ་ནི་ཡན་ལག་བརྒྱད་དང་ལྡན་པས་བདུད་རྩི་དང་མཚུངས་པ་ཞེས་བྱ་སྟེ། ཡན་ལག་བརྒྱད་པོ་དེ་ཡང༌།

མདོ་ལས། བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་པ་དང་ནི་དྲི་མ་མེད། །འཐུང་ན་ལྟོ་བར་མི་གནོད་ཅིང༌། །མགྲིན་པ་ལ་ཡང་མི་གནོད་པའོ། །ཞེས་གསུངས་པ་ལྟར་ཡིན་ཅིང༌། སློབ་དཔོན་གྱིས་ཀྱང༌། མཁའ་ལས་འབབ་པ་གངྒཱའི་ཆུ། །འཚོ་བྱེད་ངོམ་བྱེད་ཡི་གར་འོང༌། །ཚིམ་ཞིང་སེམས་ནི་གསལ་བྱེད་ལ། །སླ་ཞིང་རོ་ནི་གསལ་ལ་ཞིམ། །བསིལ་ཞིང་ཡང་བས་བདུད་རྩིར་མཚུངས། །ཞེས་པ་ལ། ཟླ་ཟེར་ལས། ནམ་མཁའ་ལས་འབབ་པ་གངྒཱའི་ཆུ་ནི་ཡོན་ཏན་འདི་དག་དང་ལྡན་ཏེ། འཚོ་བྱེད་ཅེས་བྱ་བ་མདངས་འཕེལ་བར་བྱེད་པའོ། །ཡང་ན་སྙིང་ལ་ཕན་པར་བྱེད་པའོ། །ཚིམ་བྱེད་ནི་བདེ་བ་བསྐྱེད་པའམ་ནད་སེལ་བའོ། །བློ་གསལ་བར་བྱེད་པ་ནི་ཤེས་རབ་ཀྱི་ཁ་འབྱེད་པར་བྱེད་པ་སྟེ་གང་ལ་ཤེས་རབ་ཅི་ཙམ་ཞིག་ཡོད་པ་དེ་ཙམ་ཞིག་ལ་གསལ་བར་སྣང་བ་ཉིད་དུ་དེ་འཐུངས་པ་ལས་འགྱུར་བའོ། །སླ་བ་ནི་སྐ བ་མ་ཡིན་པའོ། །རོ་མི་གསལ་ཞེས་པ་ནི་མངར་བ་ལ་སོགས་པའི་རོ་དེ་ལ་གསལ་བར་བྱེད་པས་རོ་མི་གསལ་བའོ། །ཞིམ་པ་ནི་རོ་བདའ་བ་སྟེ་སྲོག་ཆགས་རྣམས་ཀྱིས་ཤིན་ཏུ་སྲེད་པར་བྱས་ནས་བཏུང་བའི་དོན་དུ་འཐུང་བ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གང་གི་ཕྱིར་དྲང་སྲོང་དག་གིས་བསིལ་ཞིང་གཙང་ལ་དགེ་ཞིང་ཞིམ་ཞེས་བཤད་པ་ཡིན་ནོ། །བསིལ་བ་ཞེས་བྱ་བ་ནི་དག་པ་དང་ནུས་པ་གཉིས་ཀ་ལ་སྦྱར་རོ། །ཡང་བ་ཞེས་བྱ་བ་ནི་ཡང་བའི་ཡོན་ཏན་དང་ལྡན་པའོ། །དེ་བཞིན་དུ་བདུད་རྩིར་མཚུངས་ཞེས་བྱ་བ་ནི་བདུད་རྩིའི་ཡོན་ཏན་དང་ལྡན་པ་སྟེ་ཡོན་ཏན་དམ་པའི་ཚོགས་དང་ལྡན་པའོ། །ཞེས་པ་དང༌། ཉི་ཟླ་རླུང་གིས་རེག་གྱུར་པ། །དེ་ནི་ཡུལ་དུས་ལ་བལྟོས་ནས། །ཕལ་ཆེར་ཕན་དང་གནོད་པ་ཡིན། །ཞེས་པ་ལ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་དག་ཀྱང་ནམ་མཁའ་སྟེ་བར་སྣང་ལས་འབབ་ཅིང་ལྟུང་བ་ནི་ཉི་མ་དང་ཟླ་བ་དང་རླུང་གིས་རེག་ཅིང་ཕྲད་པར་གྱུར་པའི་ཆུ་དེ་ཡང་ཡུལ་དུས་ལ་བལྟོས་ཤིང་ཡུལ་དང་དུས་ཀྱི་རྗེས་སུ་ཞུགས་པས་ཡུལ་དུས་ཀྱི་ཡོན་ཏན་དང་འདྲེས་ཤིང༌། བདག་གིར་བྱེད་ལ། དེས་ཕལ་ཆེར་སླད་ཅིང་ཕན་པ་དང་གནོད་པ་སྟེ་ལུས་ལ་ཕན་པར་འགྱུར་བ་དང་གནོད་པར་འགྱུར་བར་བྱེད་པ་ཡིན་ཏེ། དེའང་བརླན་ཆེ་བ་ལ་སོགས་པའི་ཡུལ་ཕྱོགས་གཞན་ཞིག་ཏུ་འབབ་པ་ན་དེར་ཡང་ནག་པོའམ་དཀར་པོ་ལ་སོགས་པ་ལས་གཞན་དུ་འགྱུར་བ་དང༌། དུས་དེ་དུས་དྲུག་ལ་བལྟོས་ནས་ཕན་པ་དང་གནོད་པར་བྱེད་པ་དག་ཡིན་ནོ། །གང་ཞིག་ཆར་འབབ་དྲི་མ་མེད། །འབྲས་ཆན་དངུལ་ཕོར་ནང་གནས་པ། །མ་རུལ་མདོག་ཀྱང་མ་གྱུར་ན། །གངྒཱའི་ཆུ་དེ་བཏུང་བར་བྱ། །ཞེས་བྱ་བ་ལ། ཆུ་གང་ལེགས་པར་ཆར་དུ་འབབ་པས་བརླན་ཞིང་སྦངས་པའི་སཱ་ལུའི་འབྲས་ཆན་དེ་དངུལ་ཕོར་གྱི་ནང་ན་གནས་པ་དེའང་རུལ་བར་མ་འགྱུར་ཞིང༌། མདོག་ཀྱང་གཞན་དུ་མ་གྱུར་ན་ཆུ་དེ་ནི་གངྒཱའི་ཆུ་ཞེས་བྱ་སྟེ། དེ་ནི་འཐུངས་ཀྱང་གནོད་པ་མེད་པ་ཡིན་པས་ན་བཏུང་བར་བྱ་བ་ཡིན་ནོ། །གཞན་དུ་མཚོ་ཆུ་སྟོན་ཟླ་ནི། །འབྲིང་པོ་མིན་པར་བཏུང་མི་བྱ། །ཞེས་བྱ་བའི་ཆུ་དེས་སྦངས་པའི་འབྲས་སཱ་ལུ་ཅན་རུལ་བའམ་མདོག་གཞན་དུ་གྱུར་ན། དེ་ནི་རྒྱ་མཚོའི་ཆུ་དང་འདྲ་བ་ཡིན་པས་བཏུང་བར་མི་བྱ་སྟེ། བ་ཚྭ་ལ་སོགས་པའི་སྐྱོན་ཡོད་པའི་ཕྱིར་རོ། །ཅི་དུས་ཐམས་ཅད་དུ་བཏུང་བར་མི་བྱ་བའམ་འོན་ཏེ་ལན་འགའ་ཞིག་བཏུང་བར་མི་བྱ་ཞེ་ན། སྟོན་ཟླ་འབྲིང་པོ་མིན་པར་བཏུང་བར་མི་བྱ་ཞེས་སྨྲས་པ་ཡིན་ཏེ། སྟོན་ཟླ་འབྲིང་པོ་མ་གཏོགས་པ་དུས་གཞན་དག་ཏུ་བཏུང་བར་མི་བྱའོ། ཞེས་སྟོན་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེའི་ཚེ་དྲང་སྲོང་རྀ་ཥི་འཆར་བའི་དུས་ཡིན་པས། དེས་མཚོ་དང་རྫིང་བུ་ལ་སོགས་པར་གཏོགས་པའི་ཆུ་ཐམས་ཅད་གནོད་པ་དག་ཀྱང་ཕན་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཆར་བའི་ཆུ་ནི་སྣོད་བཟང་བཞག འགྱུར་བ་མེད་པར་རྟག་ཏུ་བཏུང༌། །ཞེས་བྱ་བ་ལ། ཆར་བའི་ཆུ་ནི་དབང་པོས་བར་སྣང་ལས་ཆར་དུ་ཕབ་པའི་ཆུའོ། །སྣོད་བཟང་བཞག་ཅེས་པ་ནི་སྣོད་བཟང་པོ་བཟེད་དེ་བསགས་པའོ། །འགྱུར་བ་མེད་ཅེས་བྱ་བ་ནི། ཁ་དོག་དང་དྲི་དང་རོ་མ་ཉམས་ཤིང་འགྱུར་བ་མེད་པ་སྟེ། དེ་ནི་རྟག་ཏུ་ཞེས་པ་དུས་ཐམས་ཅད་དུ་བཏུང་ཞིང་སྤྱད་པར་བྱའོ། །དེ་མེད་ན་ནི་ཐང་ལ་གནས། །བར་སྣང་བ་དང་རྗེས་མཐུན་ཡིན། །ས་ཕྱོགས་དཀར་ནག་གཙང་ཞིང་ཡང༌། །ཉི་འོད་རླུང་གིས་ཕོག་པ་བསྔགས། །ཞེས་བྱ་བ་ལ། དེ་མེད་ན་ཞེས་པ་བར་སྣང་གི་ཆུ་བསགས་པ་དེ་མ་རྙེད་ན་ཐང་ལ་གནས་པ་ཞེས་པས་ལྟེང་ཀར་གནས་པའི་ཆུ་ནི་བར་སྣང་བ་དང་རྗེས་མཐུན་ཡིན། ཞེས་བར་སྣང་གི་ཆུ་དང་འདྲ་བར་འཚོ་བར་བྱེད་པ་ལ་སོགས་པའི་ཡོན་ཏན་ཆ་མཐུན་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ས་ཕྱོགས་ཁ་དོག་དཀར་བ་གནག་པ་དག་གི་ཆ་འདྲེས་པ་སྟེ་ཕལ་ཆེར་དཀར་ནག་ཏུ་གནས་པ་ན་ཡོད་པ་དང་གཙང་བ་སྟེ་དག་པ་དང༌། ཡངས་ཏེ་ས་ཕྱོགས་རྒྱ་ཆེ་བ་ན་ཡོད་པ་དེ་ཉི་མའི་འོད་དང་རླུང་གི་བསེར་བུས་ཀུན་ནས་ཕོག་ཅིང་བརྟེན་པའི་ཆུ་གང་ཡིན་པ་དེ་བསྔགས་པ་ཡིན་པས་བཏུང་བར་བྱའོ། །ཞེས་པ་དང༌། ཉི་མའི་ཟེར་གྱིས་གདུངས་པ་དང༌། །ཟླ་བའི་འོད་ཀྱིས་བསིལ་བྱས་ལ། །རི་ཥི་ཤར་བས་དུག་མེད་པ། །ཉིན་མཚན་གཉིས་ཀ་སྦྱང་ཆུ་བཏུང༌། །དང་བ་དྲི་མེད་ཆུ་ཞེས་པ། །དྲི་མེད་དྲི་མ་སེལ་གྱུར་པ། །མི་འགྲུབ་རྩུབ་པ་མ་ཡིན་པ། །བཏུང་བ་ལ་སོགས་བདུད་རྩིར་མཚུངས། །ཞེས་བྱ་བ་ལ། ཡང་སྟོན་ཀའི་དུས་ཀྱི་དེའི་ཚེ་ཉིན་མོ་ཉི་མའི་འོད་ཟེར་གྱིས་གདུངས་ཤིང་རྣམ་པ་ཐམས་ཅད་དུ་ཚ་བར་གྱུར་པ་དང༌། མཚན་མོ་ཟླ་བའི་འོད་ཟེར་གྱིས་བསིལ་ཞིང་གྲང་བར་བྱས་པ་དེ། དེ་ལྟར་དུས་ཀྱིས་གསོས་ཤིང་སྨིན་པར་བྱས་པ་དང༌། རྀ་ཥི་ཤར་བས་དུག་མེད་པ་སྐར་མ་རྀ་ཥི་ཞེས་པ་ཤར་བ་ན་དུག་མེད་པ་སྟེ། དེ་ཤར་ནས་བར་སྣང་ལ་བབས་ཤིང་བྱུང་ནས་ཆུ་བོ་དང་རྫིང་བུ་ལ་སོགས་པར་གནས་པའི་གནོད་པ་རྣམས་སྟོན་གྱི་ཚེ་དུག་མེད་པ་ཉིད་དུ་བྱེད་པས་ན་དེ་སྐད་ཅེས་བྱའོ། །ཁྲོན་པའི་ཆུ་ནི་མ་ཡིན་ཏེ་དེ་ནི་ཐམས་ཅད་དུ་དུག་དང་བཅས་པ་ཡིན་ནོ།།

དང་བའི་དྲི་མེད་ཆུ་ཞེས་པ་ནི་ཉི་མ་དང་ཟླ་བ་དག་ལ་བྱ་སྟེ། དེ་ཉིད་ཀྱིས་བརྟེན་ཞིང་དྲི་མ་མེད་པ་རྡུལ་དང་བྲལ་བ་ནི་དྲི་མ་ཞེས་པ་རླུང་ལ་སོགས་པ་སེལ་ཞིང་འཇོམས་པར་འགྱུར་བ་ཡིན་ནོ། །མི་འབྲུབ་ཅེས་བྱ་བ་ནི་ཆུ་མིག་ལྟར་དེ་སྣུམ་ཞིང་ལྕི་བ་མ་ཡིན་པས་བད་ཀན་བསྐྱེད་པར་མི་བྱེད་ལ། འབྲུབ་པ་མ་ཡིན་པ་ཉིད་ཀྱིས་ན་རྩུབ་པ་མ་ཡིན་ནོ། །བཏུང་བ་ལ་སོགས་པ་ཞེས་བྱ་བ་ནི་བཏུང་བ་དེ་ཞེས་བཤད་པ་ལྟར་རྟོགས་པར་བྱའོ། །དྲང་སྲོང་རྀ་ཥི་ཤར་བའི་དུས་སུ་ཆུ་ལ་དུག་མེད་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། དེའང་ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ་དང་འདོད་འཇོ་ལ་སོགས་པ་ཐུན་མོང་གི་བསྟན་བཅོས་རྣམས་ལས། ལྷ་མ་ཡིན་རླུང་ཐོབ་དང༌། སར་ལྡན་སྤུན་གཉིས་དྲང་སྲོང་རྀ་ཥི་ཤར་བའི་དུས་སུ་ཆུ་ལ་དུག་མེད་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། དེའང་ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ་དང་འདོད་འཇོ་ལ་སོགས་པ་ཐུན་མོང་གི་བསྟན་བཅོས་རྣམས་ལས། ལྷ་མ་ཡིན་རླུང་ཐོབ་དང༌། སར་ལྡན་སྤུན་གཉིས་དྲང་སྲོང་རྀ་ཥིས་ཟོས་པས་སྐོམ་ཆེས་ཏེ། མཚེའུ་དང་རྫིང་བུ་ལ་སོགས་པ་ནས་རྒྱ་མཚོ་ཆེན་པོའི་མཐར་ཐུག་གི་བར་འཐུངས་སོ། །ཞེས་འབྱུང་བས། ཆུ་འཐུངས་པའི་སྔ་རོལ་ཏུ་དུག་སྦྱང་བའམ་དཀའ་ཐུབ་ཀྱི་ནུས་པས་དུག་དག་པར་བྱེད་པས་ཡིན་ནོ། །གཉིས་པ་ཚིག་གི་དོན་ནི། མཁའ་ལས་ཞེས་པ་ནས་བདུད་རྩིར་མཚུངས་ཞེས་པའི་བར་གྱིས་བསྟན་ཏེ། ནམ་མཁའ་ལས་འབབ་པའི་ཆུ་བོ་གངྒཱ་དེ་དང་རྗེས་སུ་མཐུན་པར་འབྲས་ཆན་མི་རུལ་བའི་ཆར་ཆུ་ལྟ་བུ་ནི་མངར་བ་ལ་སོགས་པའི་རོ་གཅིག་ཏུ་མི་གསལ་ལ་ཞིམ་པས་སེམས་ཅན་རྣམས་མཆོག་ཏུ་སྲེད་པ་དང༌། དྭངས་མ་ལ་སོགས་པའི་ཁམས་འཚོ་བར་བྱེད་པ་དང༌། ངོམས་པ་སྟེ་སྐོམ་པས་གདུངས་པའི་ངལ་བ་སེལ་བ་དང་ནུས་པ་དང་རེག་བྱ་གཉིས་ཀ་བསིལ་བ་དང༌། ཡང་བའི་ཡོན་ཏན་ལ་སོགས་ཏེ་ཡན་ལག་བརྒྱད་དང་ལྡན་པ་ནི་བདུད་རྩི་དང་མཚུངས་པ་ཡིན་པས་མཆོག་ཏུ་དགེ་བ་ཡིན་ནོ། །གཉིས་པ་གངས་ཆུ་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ནུབ་ཕྱོགས་ནས་ནི་རྒྱ་མཚོར་འབབ། གང་ཡང་མྱུར་འབབ་རྡུལ་མེད་ཆུ། །དེ་དག་མདོར་ན་དགེ་བ་ཡིན། །དེ་ལས་བཟློག་པ་བཟང་མ་ཡིན། །ཞེས་བྱ་བ་ལ། ཆུ་བོ་གང་ནུབ་ཕྱོགས་རྒྱ་མཚོར་འབབ་ཅིང་སོང་བ་དང༌། གང་ཡང་མྱུར་བར་འབབ་ཅིང་མགྱོགས་པར་འགྲོ་བ་དང༌། དེ་བཞིན་དུ་རྡུལ་མེད་ཆུ་ཞེས་བྱ་བ་དེ་དྲི་མ་མེད་པའི་ཆུ་དང༌། དེ་དག་ནི་མདོར་ན་དགེ་ཞིང་ཕན་པ་ཡིན་ནོ། །དེ་ལས་བཟློག་པ་བཟང་མ་ཡིན། །ཞེས་བྱ་བ་ནི་ཆུ་བོ་ནུབ་ཕྱོགས་ནས་མི་འབབ་པ་དང༌།  དེ་བཞིན་དུ་མྱུར་བར་མི་འགྲོ་བ་དང༌། རྡུལ་མེད་པ་མ་ཡིན་པ་སྟེ་གོང་མ་ལས་བཟློག་པ་དེ་དག་ནི་བཟང་པོ་མ་ཡིན་ཏེ་གནོད་པར་བྱེད་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །རྡོ་ལ་ཤུགས་དྲག་བརྡབས་པ་ཡིས། །རྒྱུན་ཆད་གཡེངས་པའི་ཆུ་དག་དང༌། །གངས་ཅན་མ་ལ་ཡ་ནས་བྱུང༌། །དགེའོ་ཞེས་བྱ་བ་ལ། རྡོའི་ཚོགས་ལ་ཤུགས་དྲག་པོ་རྡེབ་པར་བྱེད་པ་དེས་རྒྱུན་ཆད་ཅིང་རྣམ་པར་འཐོར་བས། གཡེངས་ཤིང་སྤྲུགས་པའི་ཆུ་གང་དག་ཡིན་པ་དང༌། གངས་ཅན་དེ་རི་ཁ་བ་ཅན་དང་མ་ལ་ཡའི་རི་ལས་བྱུང་བ་སྟེ། དེ་གཉིས་ལས་ཐོན་ཞིང་འབབ་པའི་ཆུ་བོ་ནི་དགེའོ་ཞེས་པ་སྟེ་ཕན་ཞིང་བསོད་པ་ཡིན་ནོ། །དེ་ཉིད་བརྟན་གཡུང་ནི། སྲིན་བུ་རྐང་འབམ་སྙིང་དང་ནི། །ལྐོག་མ་ཀླད་པའི་ནད་བསྐྱེད་འགྱུར། །ཞེས་བྱ་བ་ལ། ཁ་བ་ཅན་དང་མ་ལ་ཡ་ལས་བྱུང་བ་དེ་ཉིད་བརྟན་ཞིང་གཡུང་བ་སྟེ་དལ་གྱིས་འབབ་པ་ཡིན་ན། སྲིན་བུ་ལ་སོགས་པ་བསྐྱེད་པར་འགྱུར་རོ། །རྐང་འབམ་ནི་ཚིལ་དང་ཤ་ལ་བརྟེན་ནས་རྐང་བ་དག་ཏུ་སྐྲངས་པ་དག་འབྱུང་བ་སྟེ་མཚན་ཉིད་འོག་ནས་འཆད་དོ། །ཤར་དང་ནུབ་ཀྱི་མཐའ་ལས་བྱུང༌། གཞང་འབྲུམ་སྐྱེད་དོ། །ཞེས་བྱ་བ་ནི། ཤར་ཕྱོགས་ལྷོ་བལ་གྱི་ཡུལ་ནས་འབབ་པ་དང༌། ནུབ་ཕྱོགས་སྟག་གཟིག་གི་ཡུལ་ནས་འབབ་པ་དང༌། མཐའ་ལས་བྱུང་བ་སྟེ་ལྷོ་ནུབ་ཀྱི་མཚམས་ཀྱི་ཡུལ་མ་ལ་ཡ་ལ་སོགས་པ་ནས་བྱུང་ཞིང་འབབ་པའི་ཆུ་ནི་གཞང་འབྲུམ་ཞེས་བྱ་བའི་ནད་སྐྱེད་པར་བྱེད་དོ། །དབང་ཆེན་འབབ། དམུ་རྫིངས་རྐང་འབམ་ནད་བསྐྱེད་འགྱུར། །ཞེས་བྱ་བ་ལ། དབང་ཆེན་ཞེས་བྱའི་རི་ལས་འབབ་ཅིང་རྒྱུ་བའི་ཆུ་བོས་དམུ་རྫིངས་ཀྱི་ནད་དང་རྐང་འབམ་གྱི་ནད་བསྐྱེད་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པས་རྒྱས་པར་བཤད་པ་ལྟར་རྟོགས་པར་བྱའོ།།

གཉིས་པ་ཚིག་གི་དོན་ནི། གངས་ཅན་ཞེས་པ་ནས་ཕོག་པ་བཟང་ཞེས་པའི་བར་གྱིས་བསྟན་ཏེ། གངས་ཅན་གྱི་རི་དང་ཁ་བས་གཡོགས་པ་ཀུན་ལས་བྱུང་ཞིང་ཤུགས་དྲག་པོས་རྡོ་ལ་བརྡབས་ཤིང་གཡེངས་པའི་ཆུ་གང་ཡིན་པ་རྣམས་ནི་ཤིན་ཏུ་བཟང་བ་སྟེ་རེག་བྱ་དང་ནུས་པ་གཉིས་ཀ་རབ་ཏུ་བསིལ་བ་ཡིན་པས་ཕོ་བའི་མེ་དྲོད་དང་རྒན་པོ་ལ་སོགས་པས་ཅུང་ཟད་ཐུབ་པར་དཀའ་ཞིང་དགེ་བ་ཡིན་གྱི་གལ་ཏེ་གངས་ལས་བྱུང་བའི་ཆུ་དེ་ཉིད་དྲག་པོར་འབྲུབ་པ་མ་ཡིན་པར་བརྟན་ཞིང་གཡུང་བ་སྟེ་མཚོ་ལྟ་བུར་མི་འགྲོ་བ་དང་འགྲོ་རུ་ཟིན་ཀྱང་དལ་གྱིས་འབབ་པ་ཡིན་ན། དེས་ལྟོ་བ་ལ་སོགས་པའི་སྲིན་བུ་དང་རྐང་འབམ་དང་སྙིང་གི་ནད་ལྷག་པར་སྐྱེད་པར་བྱེད་ལ། མདོར་ན་ཆུ་གང་ཡང་ས་ཕྱོགས་གཙང་མར་གནས་ཤིང་ཉི་ཟླའི་འོད་ཟེར་དང་རླུང་གི་རེག་པས་ཕོག་པ་རྣམས་བཟང་བ་ཡིན་ནོ། །གསུམ་པ་ངན་པའི་ཆུ་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། དང་པོ་ནི། ཟླ་ཟེར་ལས། ལྟེང་ཀ་འདམ་རྫབ་ཉ་ལྕིབས་དང༌། །རྩྭ་དང་ལོ་མ་རྙོག་པ་ཅན། །ཉི་ཟླ་རླུང་གིས་མ་ཕོག་པ། །མངོན་དུ་འབབ་དང་ཆུ་གར་ལྕི། །ལྦུ་བ་སྲོག་ཆགས་ཅན་དང་དྲོ། །གྲང་ཆེས་སོ་ཡིས་མི་བཟོད་དང༌། ཆར་གང་དུས་སུ་མ་བབ་དང༌། །དུས་ཀྱི་དང་པོར་བབ་པ་གང༌། །སྲོག་ཆགས་དུག་དང་བ་སོགས་འདྲེས། །བཤང་གཅི་དུག་འདྲེས་གནོད་མི་བཏུང༌། །ཞེས་བྱ་བ་ནི། ལྟེང་ཀ་དང་འདམ་རྫབ་ལ་སོགས་པས་རྙོག་མ་ཅན་དུ་གྱུར་པའི་ཆུ་དེ་བཏུང་ཞིང་ལོངས་སྤྱད་པར་མི་བྱའོ། །དེ་ལ་འདམ་རྫབ་ནི་འདམ་གྱི་རྣམ་པ་སྟེ་དེས་རྙོགས་པ་ན་ནག་ནོག་ཅན་དུ་བྱས་པའོ། །ཉ་ལྕིབས་ནི་ཆུའི་ནང་ཉིད་ན་སྐྱེས་པའོ། །རྩྭ་དང་ལོ་མ་ནི་གྲགས་པར་ཟད་དོ། །དེས་རྙོག་མ་ཅན་དུ་གྱུར་པ་ནི་གཡོགས་པའོ། །དེ་བཞིན་དུ་ཉི་ཟླ་རླུང་གིས་མ་ཕོག་པ་ཞེས་བྱ་བ་སྟེ། ཉི་མ་དང་ཟླ་བའི་འོད་དང༌། རླུང་གི་ཟེར་གྱིས་མ་ཕོག་པའོ། །དེ་བཞིན་དུ་མངོན་དུ་འབབ་པ་ཞེས་པ་སྟེ་མངོན་དུ་འབབ་པ་དང་འདྲེས་ཤིང་ཆུ་གཞན་གྱིས་གང་བར་གྱུར་པའོ། །ཆུ་གར་ནི་ཡུན་རིང་པོར་གནས་པའི་ཕྱིར་སླ་བ་ཡིན་པ་ལས་སྐ་བ་ཉིད་དུ་གྱུར་པའོ། །དེ་བཞིན་དུ་ལྕི་བ་སྟེ་ཡང་བ་ལས་ཀྱང་ལྕི་བར་གྱུར་པའོ། །ལྦུ་བ་ཅན་ནི་ལྦུ་བ་ཡོད་པའོ། །སྲོག་ཆགས་ཅན་ནི་འབུ་སྲིན་དང་ལྡན་པའོ། །དྲོ་བ་ནི་ཉི་མ་ལ་སོགས་པའི་ཚ་བས་གདུངས་པའོ། །དེ་བཞིན་དུ་ཤིན་ཏུ་གྲང་ཆེས་པས་སོ་ལ་རེག་པར་མི་བཟོད་པ་དེའང་བཏུང་བར་མི་བྱའོ། །དེ་བཞིན་དུ་ཆར་པ་གང་དུས་ལ་མ་བབ་པ་ཡང་བཏུང་བར་མི་བྱ་སྟེ། ཆར་ཆུ་ཡིན་པའི་ཕྱིར་བཏུང་བར་བྱ་བ་ཉིད་ཡིན་ཡང་ཆར་འབབ་པའི་དུས་སུ་མ་བབ་པ་ཉིད་ཀྱིས་ན་གནོད་པ་ཡིན་པའི་ཕྱིར་བཀག་པ་ཡིན་ནོ། །དུས་མ་ཡིན་པར་བབ་པ་བཀག་པ་ལས་ནི་དུས་སུ་བབ་པ་ནི་བཏུང་དུ་རུང་ངོ་ཞེས་གནང་བར་དོན་གྱིས་གོ་བར་བྱའོ། །དེ་བས་ན་བར་སྣང་ལས་འབབ་པའི་ཆུ་ཁྱད་པར་ཅན་དེ་ནི་བཏུང་བར་བྱ་བ་ཉིད་ཡིན་པ་ལས་དེའི་དུས་སུ་བཏུང་བར་བྱ་བ་ཡིན་ལ། དེ་ཡང་དབྱར་གྱི་དུས་ཡིན་ཏེ། གང་གི་ཚེ་དབྱར་ནམ་མཁའ་ལས་བབས་པ་བཏུང་བར་བྱ་བ་ཉིད་ཡིན་གྱི་དུས་གཞན་དག་ཏུ་བབས་པ་ནི་དུས་མ་ཡིན་པས་བཏུང་བར་མི་བྱའོ། །ཅི་དུས་སུ་བབ་པ་ཐམས་ཅད་བཏུང་བར་བྱ་བའམ་དུས་སུ་བབ་པ་ཡིན་དུ་ཟིན་ཀྱང༌། བཏུང་བར་མི་བྱ་བ་ཅུང་ཞིག་ཡོད་དམ་ཞེ་ན། དེའི་ཕྱིར། དུས་ཀྱི་དང་པོར་བབ་པ་གང༌། །ཞེས་བྱ་བ་སྨོས་པ་ཡིན་ཏེ། དུས་ཀྱི་དང་པོ་བབ་པའི་ཆུ་གང་ཡིན་པ་དེ་ནི་བཏུང་བར་མི་བྱའོ། །དེས་ན་འདི་སྐད་སྟོན་པ་ཡིན་ཏེ། དབྱར་གྱི་དུས་སུ་འབབ་པ་ནི་བཏུང་བར་བྱ་ལ། དེ་ལས་ཀྱང་དང་པོར་འབབ་པ་ནི་དུས་སུ་འབབ་པ་ཡིན་ཡང་བཏུང་བར་མི་བྱའོ། །དེ་བཞིན་དུ་སྲོག་ཆགས་གདུག་པ་དང་ལུ་ཏ་ལ་སོགས་པ་རྣམས་ཀྱི་བ་རྒྱ་དང༌། བཤང་བ་དང༌། གཅི་བ་དང༌། དུག་དང་འདྲེས་པས་ཉེས་པར་བྱས་པའི་ཆུ་གང་ཡིན་པ་དེ་བཏུང་བར་མི་བྱའོ། །ཞེས་བཤད་པ་ལྟར་ཞིབ་ཏུ་རྟོགས་པར་བྱའོ།།

གཉིས་པ་ཚིག་གི་དོན་ནི། འདམ་རྫབ་ཅེས་པ་ནས་ཉེས་ཀུན་བསྐྱེད་ཅེས་པའི་བར་གྱིས་བསྟན་ཏེ། གང་ཞིག་འདམ་རྫབ་ཅན་གྱི་ཆུ་དང༌། ཉ་ལྕིབས་ཏེ་ཆུ་ཤིན་ཏུ་དལ་བའི་ནང་དུ་སྐྱེས་པའི་སྔོན་མོ་ནར་ནར་པོས་གང་བ་དང༌། རྩྭ་དང༌། ལོ་མ་དང༌། ཤིང་ལ་སོགས་པ་སྐྱེས་པའམ། དེ་རྣམས་ཀྱི་གྲིབ་མ་ཕོག་པ་དང༌། གང་ཡང་ཁྲོན་པ་ཤིན་ཏུ་རིང་ཞིང་ཐོག་དང་བཅས་པས་ཉི་ཟླའི་ཟེར་དང་རླུང་གི་རྫིས་མི་རེག་པ་དང༌། ཕྱིའི་རྒྱ་མཚོ་ཆེན་པོ་ལ་སོགས་ཏེ་བ་ཚྭ་ཅན་དང༌། སྲོག་ཆགས་ཧ་ཅང་མི་འཚམ་པར་གནས་པ་དང༌། གཞན་ཡང་བཤང་གཅི་དང་དུག་ལ་སོགས་པའི་ཁུ་བ་དང་ལྡན་པའི་ཆུ་རྣམས་ཀྱིས་ཉེས་པ་ཀུན་སྐྱེད་པར་བྱེད་པ་ཡིན་པ་ཤིན་ཏུ་ངན་ཏེ་སྤང་བར་བྱའོ། །བཞི་པ་ཆུ་བསིལ་ནུས་པ་བཤད་པའང་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ཆུ་བསིལ་ཆང་ནད་བརྒྱལ་བ་དང༌། །སྐྱུག་དང་ངལ་དང་མགོ་འཁོར་དང༌། །སྐོམ་དང་ལུས་ཚ་མཁྲིས་པ་དང༌། །ཁྲག་རྒྱས་དུག་ནི་སེལ་བྱེད་ཡིན། །ཞེས་བྱ་བ་ལ། ཆུ་བསིལ་ནི་ཆང་དྲགས་པའི་ནད་ལ་སོགས་སེལ་ཞིང་ཟློག་པར་བྱེད་པ་ཡིན་ནོ། །དེ་ལ་ཆང་ནད་ནི་ཆང་དྲགས་པ་ལས་གྱུར་པའི་ནད་དོ། །དེ་ལ་ནད་ཅེས་བྱ་བ་ནི་གནོད་པ་གསོག་ཅིང་ཉོན་མོངས་པར་བྱེད་པའོ། །བརྒྱལ་བ་ནི་དྲན་པ་གཏོར་བའོ། །སྐྱུག་པ་ལ་སོགས་ནི་གོ་བར་ཟད་དོ། །ལུས་ཚ་བ་ནི་ཟས་དང་སྤྱོད་ལམ་ཚ་བས་ཚ་བར་གྱུར་པའོ། །མཁྲིས་པ་དང་ཁྲག་རྒྱས་པ་ནི་དེ་དག་འཕེལ་བའོ། །དུག་ནི་རྒྱུ་བ་དང་མི་རྒྱུ་བ་ལས་བྱུང་བའི་དབྱེ་བ་གཉིས་སོ། །སེལ་བྱེད་ཡིན་ཅེས་བྱ་བ་ནི། འཐུངས་པ་དང་གཏོར་བ་ལ་སོགས་པས་འདི་དག་སེལ་ཞིང་འཇོམས་པར་བྱེད་པའོ། །ཞེས་བཤད་དོ། །གཉིས་པ་ཚིག་གི་དོན་ནི། ཆུ་བསིལ་ཞེས་པ་ནས་སེལ་བར་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། གོང་དུ་བཤད་པའི་ཆུ་བཟང་བ་དེ་རྣམས་བསྐོལ་བ་སོགས་པའི་ལས་མ་བྱས་པར་ཆུ་བསིལ་ཉིད་ཁོང་དུ་བཏང་ཞིང་ལུས་ལ་གཏོར་བས་དྲན་མེད་དུ་བརྒྱལ་བ་དང༌། ལུས་ངལ་བར་གྱུར་པ་དང༌།  ཆང་ནད་དང༌། མགོ་འཁོར་དང༌། སྐྱུག་པ་དང༌། སྐོམ་དད་དང༌། ལུས་ཧ་ཅང་ཚ་ཆེས་པར་གྱུར་པ་དང༌། ཁྲག་དང༌། མཁྲིས་པ་འཕེལ་བའི་ནད་དང༌། དུག་གི་ནད་ལ་སོགས་པ་ཉེ་བར་སེལ་བར་བྱེད་པ་ཡིན་ནོ།།

ལྔ་པ་ཆུ་སྐོལ་བཤད་པ་ལའང་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། སྔ་ཕྱིའི་སྨན་པ་ཕལ་ཆེར་གྱིས། །ཆུ་སྐོལ་གདུས་པས་རླུང་མི་ནོན། །ཞེས་འཇིག་རྟེན་པའི་ཁ་ངག་ཙམ་ལ་བརྟེན་ནས་ཆུ་སྐོལ་ལྷོག་ཙམ་ཁོལ་བའམ། དེ་ལ་ལན་ཚྭ་ཅུང་ཟད་བཏབ་པ་འབའ་ཞིག་ལག་ལེན་དུ་བྱེད་པར་སྣང་ཡང་དེ་ནི་ནམ་ཡང་བཏུང་བ་མ་ཡིན་པ་སྟེ། ཅིའི་ཕྱིར་ཞེ་ན། ཁ་ཆེའི་པཎྜི་ཏ་ཟླ་བ་ལ་མངོན་པར་དགའ་བས། ཡུལ་དུས་ལྕི་དང་ཡང་བ་ལས། །བཞི་ཆ་སུམ་ཆ་ཕྱེད་གདུ་བར། །ལྦུ་བ་མེད་པར་སྐོལ་བ་ནི། །ཤུགས་མེད་དྲི་མ་མེད་ཅིང་ཕན། །ཞེས་བཤད་པ་ཙམ་ཡང་མ་ཐོས་པའི་ཕྱིར་རོ། །འོ་ན་དེ་ནི་དོན་ཇི་ལྟ་བུ་སྙམ་ན། ཡུལ་བརླན་དང༌། དུས་དཔྱིད་སོས་ཀྱི་ཆུ་ནི་རང་བཞིན་གྱིས་ལྕི་བ་ཡིན་པས་ཆུ་ཇི་ཙམ་ཡོད་པ་དེའི་བཞི་ཆ་གསུམ་གདུས་ནས་བཞི་ཆ་གཅིག་ལུས་པར་བྱའོ། །དེ་བཞིན་དུ་ཡུལ་སྐམ་གཤེར་བར་མ་དང་དུས་དབྱར་དགུན་གྱི་ཚེ་ཆུའི་ལྕི་ཡང་བར་མར་གནས་པས་སུམ་ཆ་གཅིག་གི་བར་དུ་གདུ་བ་དང༌། ཡུལ་སྐམ་ས་ཅན་ཁོ་ན་དང༌། དུས་སྟོན་གྱི་ཆུ་ནི་རང་བཞིན་གྱིས་ཡང་བར་ལྡན་པས་ཆུ་ཇི་ཙམ་བླུག་པ་དེའི་ཕྱེད་ཙམ་གདུ་ལ། མདོར་ན་ཡུལ་ལ་སོགས་པའི་བྱེ་བྲག་ཇི་ལྟ་བ་བློས་མ་ཕྱེད་ཀྱང་ལྦུ་བ་མ་སངས་བར་དུ་སྐོལ་བར་བྱ་བ་ནི་ངེས་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དེའི་རྒྱུ་མཚན་ཡང་དུས་འཁོར་བསྡུས་རྒྱུད་ལས། ཉི་མ་ཟླ་བས་རེག་པའི་ཆུ་ནི་དྲི་མ་བྲལ་བའི་སླད་དུ་རྐང་པའི་ལྷག་མར་བསྐོལ་བར་བྱ། ཞེས་གསུངས་པའི་དོན་དང་མཐུན་པ་ཡིན། དེ་ལྟར་བྱས་ན། ཆུ་ཚན་དྲོད་སྐྱེད་ཟས་འཇུ་ཞིང༌། །མགུལ་བདེ་ལུས་ཡང་གཅིན་ནད་སེལ། །སྐྱིགས་བུ་ལྟོ་སྦོས་རླུང་བད་ཀན། །རིམས་གསར་འཕྲལ་དུ་བཟློག་བྱེད་ཅིང༌། །ལུད་པ་ཆམ་གསར་དབུགས་མི་བདེ། །རྩིབ་ལོགས་ཟུག་ལ་བསྔགས་པ་ཡིན། །ཞེས་སློབ་དཔོན་གྱིས་བཤད་པའི་ཡོན་ཏན་རྣམས་འབྱུང་ལ་གཞན་དུ་དེ་ལྟ་བུ་མ་ཡིན་ནོ། །གཉིས་པ་ཚིག་གི་དོན་ནི། ཆུ་བསྐོལ་ཞེས་པ་ནས་ཟློག་པར་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། ཡུལ་དུས་དང་ལྕི་ཡང་བར་མ་ལ་རྗེས་སུ་དཔགས་ནས་ལེགས་པར་བསྐོལ་བའི་ཆུ་དེས་ནི་ཕོ་བ་ལ་སོགས་པའི་མེ་དྲོད་བསྐྱེད་ཅིང་ཁ་ཟས་འཇུ་བར་བྱེད་པ་དང༌། སྐྱིགས་བུ་སེལ་ཞིང་རླུང་དང་བད་ཀན་དང་ལྟོ་བ་སྦོས་པ་དང་དབུགས་མི་བདེ་བ་དང་ཆམ་པ་གསར་པ་དང༌། རིམས་གསར་པ་བྱུང་མ་ཐག་པ་རྣམས་འཕྲལ་དུ་སེལ་ཞིང་ལམ་ནས་ཟློག་པར་བྱེད་པ་ཡིན་ནོ། །དྲུག་པ་བསྐོལ་གྲང་བཤད་པ་ལའང་གཉིས་ཏེ། སྤྱི་དོན་དང་ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། བསྐོལ་ནས་གྲང་བས་ནི་བད་ཀན་སྐྱེད་པར་མི་བྱེད་དེ། མ་བསྐོལ་བའི་ཆུ་ལས་རང་བཞིན་གྱི་ཡོན་ཏན་དང་ལྡན་པ་ཡིན་པ་ལས་ཀྱང་བསྐོལ་ནས་གྲང་བ་ནི་ཤིན་ཏུ་ཡང་ཡང་བ་ཡིན་ལ། བསྐོལ་ནས་གྲང་བ་དེའང་རླུང་དང་བད་ཀན་གྱི་ཉེས་པ་གང་ཡང་རུང་བ་མཁྲིས་པ་དང་ལྡན་པ་ལ་ཕན་པ་ཡིན་ནོ། །གསུམ་ཆར་ལས་བྱུང་བའི་ནད་ལ་ནི་གནོད་པ་ཡིན་ནོ། །ཞེས་དང༌། དེ་ལྟར་ཡོན་ཏན་དང་ལྡན་ཞིང་དེ་ལྟར་བསྐོལ་ནས་གྲང་བ་དེ་ནི་ཞག་ལོན་པ་སྟེ་ཉིན་ཞག་གཅིག་འདས་པའམ་ཡུན་རིང་པོར་བཞག་པ་ནི་ཉེས་པ་གསུམ་བསྐྱེད་ཅེས་བྱ་བ་ཡིན་ཏེ། རླུང་ལ་སོགས་པའི་ཉེས་པ་གསུམ་བསྐྱེད་པར་བྱེད་དེ། དུས་ཀྱི་རང་བཞིན་ཉིད་དང༌། མེའི་ཡོན་ཏན་ལས་ཉམས་པ་དང༌། སྐྱུར་བའི་རྣམ་པར་གྱུར་པས་ཉེས་པ་རྣམས་བསྐྱེད་པ་ཡིན་ནོ། །ཞེས་བཤད་པ་ལྟར་ངེས་དགོས་སོ། །གཉིས་པ་ཚིག་གི་དོན་ནི། བསྐོལ་གྲང་ཞེས་པ་ནས་ཉེས་ཀུན་བསྐྱེད་ཅེས་པའི་བར་གྱིས་བསྟན་ཏེ། ཆུ་ལེགས་པར་བསྐོལ་ནས་གྲང་དུ་བཅུག་པ་ནི་བད་ཀན་མི་བསྐྱེད་ཅིང་མཁྲིས་པ་སེལ་བར་བྱེད་པ་ཡིན་ལ། བསྐོལ་གྲང་དེའང་ཉིན་ཞག་གཅིག་ལ་སོགས་པ་ཡུན་ལོན་ནས་དུག་དང་འདྲ་བར་ཉེས་པ་ཀུན་བསྐྱེད་པར་བྱེད་པས་སྤང་བར་བྱའོ།།

གསུམ་པ་ཆང་གི་བཏུང་བ་བཤད་པ་ལ་གསུམ་སྟེ། ཆང་སྤྱིའི་ཡོན་ཏན། ཐལ་དྲགས་པའི་སྐྱོན། བྱེ་བྲག་སོ་སོར་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱི་དོན་དང་ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ཆང་ནི་དྲོད་འབར་ཡི་ག་འབྱེད། །རྣོ་ཞིང་དྲོད་སྐྱེད་ཁོང་བརྟ་དགའ། །མངར་བཅས་ཁ་ཞིང་ཚ་བ་དང༌། །ཞུ་རྗེས་སྐྱུར་ཞིང་ཅུང་ཟད་འཁྲུ། །བསྐ་བཅས་གདངས་སྙན་ནད་མེད་དང༌། །སྤོབས་བསྐྱེད་མདོག་སྒྱུར་ཁོང་ཡངས་ཤིང༌། །གཉིད་མེད་པ་དང་གཉིད་ཆེ་ལ། །ཕན་ཞིང་ཁྲག་དང་མཁྲིས་པ་བསྐྱེད། །རིགས་འཐུངས་སྐེམ་དང་སྦོམ་ཕན་ཞིང༌། །རྩུབ་རྣོ་ལུས་སྣོ་ཁྱབ་ཅིང་སྦྱོང༌། །རླུང་དང་བད་ཀན་སེལ་བ་ཡིན། །གཞན་དུ་བསྟེན་ན་དུག་དང་མཚུངས། ཞེས་བྱ་བ་འདིས་ནི་ཆང་ཐམས་ཅད་ཀྱི་ཐུན་མོང་གི་ཡོན་ཏན་བརྗོད་པ་ཡིན་ནོ། །དེ་ལ་ཆང་ངོ་ཅོག་ཐམས་ཅད་ནི་དྲོད་འབར་བར་བྱེད་ཅིང་མེའི་ཆ་ཤས་བསྐྱེད་པས་ན་དྲོད་འབར་རོ། །ཡི་ག་འབྱེད་ཅིང་ཟས་ལ་སྲེད་པ་སྐྱེད་པས་ན་ཡི་ག་འབྱེད་ཅེས་བྱ་སྟེ། འབྲས་ཆན་ལ་སོགས་པ་ཐམས་ཅད་ལ་འདོད་པ་བསྐྱེད་པའོ།  །རྣོ་བ་ནི་ལུས་ཟུངས་རྣམས་སྦྱོང་བར་བྱེད་ཅིང་ཚིགས་ཀྱི་མཚམས་སྦྱོར་དང་པོ་ལྷོད་པར་བྱེད་པའོ། །དྲོད་སྐྱེད་པ་ནི་ཚ་བའི་ནུས་པ་དང་ལྡན་པའོ། །ཁོང་བརྟ་བ་ནི་ལུས་རྒྱས་པར་བྱེད་པའོ། །དགའ་བ་ནི་སེམས་མགུ་བར་བྱེད་པའོ། །མངར་བཅས་ཁ་ཞིང་ཚ་བ་དང༌། །ཞེས་བྱ་བ་ནི་རོ་ཅུང་ཟད་མངར་བ་དང༌། ཅུང་ཟད་ཁ་བ་དང༌། ཅུང་ཟད་ཚ་བ་དང༌། དེ་བཞིན་དུ་ཞུ་བའི་རྗེས་ཀྱང་རོ་ཅུང་ཟད་སྐྱུར་བ་ཉིད་ཡིན་པ་དང༌། འཁྲུ་བ་སྟེ་ཁོང་འཁྲུ་བར་བྱེད་པ་དང༌། བསྐ་བཅས་ཞེས་བྱ་བ་ནི་རོ་ཅུང་ཟད་བསྐ་བའི་རོ་དང་ལྡན་པའོ། །དེ་བཞིན་དུ་གདངས་སྙན་པོར་བྱེད་པའང་ཡིན་ཏེ། གདངས་སྙན་པ་ནི་ཚིག་གསལ་ཞིང་གསང་མཐོ་བའོ། །ནད་མེད་པ་ནི་ཐ་མལ་པར་གནས་པ་ཉིད་དེ་དེ་བྱེད་པ་དང༌། སྤོབས་པ་ནི་སྨྲ་བ་ལ་ཞུམ་པ་མེད་པར་འགྱུར་བ་དང༌། མདོག་སྟེ་མདངས་དང་ལྡན་པ་དང༌། དེ་ཡང་གཉིད་མེད་པ་དང་གཉིད་ཆེ་བ་ལ་ཕན་ཞིང༌། བསོད་པ་ནི་ཆང་ཐམས་ཅད་མ་ཡིན་གྱི། གང་བད་ཀན་ལ་སོགས་པ་འཕེལ་བར་བྱེད་པ་ནི་གཉིད་མེད་པ་ལ་ཕན་ཏེ། དཔེར་ན་འབྲུའི་ཆང་ལ་སོགས་པ་ལྟ་བུའོ། །ཆང་ལ་ལ་ནི་གཉིད་ཆེ་བ་ལ་ཕན་ཏེ། གང་དག་བད་ཀན་ལ་སོགས་པ་སེལ་བར་བྱེད་པ་སྦྲང་ཆང་ལ་སོགས་པ་ལྟ་བུའོ། །ཡང་ན་མཐུ་ཉིད་ཀྱིས་ཆང་ཐམས་ཅད་གཉིད་མེད་པ་དང་གཉིད་ཆེ་བ་ལ་ཕན་ནོ། །ཁྲག་དང་མཁྲིས་པ་བསྐྱེད་པ་ནི་ཁྲག་དང་མཁྲིས་པའི་ནད་འཕེལ་བར་བྱེད་པའོ། །རིགས་འཐུངས་སྐེམ་དང་སྦོམ་ཕན་ཞིང༌། །ཞེས་བྱ་བ་ནི་མི་སྐེམ་པོ་དང་ཚོ་ཞིང་སྦོམ་པ་ལ་ཕན་ཞིང་བསོད་པ་ཡིན་ནོ། །ཞེས་སྤྱིར་སྨོས་སུ་ཟིན་ཀྱང་ཆང་ལ་ལ་ནི་སྐེམ་པ་ལ་ཕན་པ་ཡིན་ལ། ཆང་ལ་ལ་ནི་སྦོམ་པ་ལ་ཕན་པ་ཡིན་གྱི། སྦོམ་པ་ལ་ཕན་པ་དེ་ཉིད་སྐེམ་པ་ལ་ཕན་པ་ནི་མ་ཡིན་ནོ། །ཡང་ན་ཟས་ལ་སོགས་པ་དང་རན་པར་འཐུང་བའི་དབང་གིས་སམ་སྦྱོར་བ་ལ་སོགས་པའི་དབང་གིས་སམ་རྫས་ཀྱི་ནུས་པའི་དབང་གིས་ཆང་ཐམས་ཅད་ཀྱང་སྐེམ་པ་དང་སྦོམ་པ་ལ་ཕན་པ་ཡིན། དེ་བཞིན་དུ་རྩུབ་པའི་ཡོན་ཏན་དང་ལྡན་པ་དང་རྣོ་བ་ནི་རྩ་ཕྲ་མོ་རྣམས་ལའང་འཇུག་པར་བྱེད་པའོ། །ལུས་ཀྱི་སྒོ་ཁྱབ་ཅིང་སྦྱོར་བ་ནི་བད་ཀན་དང་རླུང་དང་ཚིལ་དང་དྲི་མ་ཡོངས་སུ་གང་བ་རྣམས་དྭངས་ཤིང་དྲི་མ་མེད་པར་བྱེད་པའོ། །དེ་བཞིན་དུ་རན་པར་འཐུངས་ན་རླུང་དང་བད་ཀན་སེལ་ཞིང་འཇོམས་པ་ཡིན་ནོ། །དེ་ལ་རན་པར་ཞེས་བྱ་བ་ནི་ཆ་མཉམ་པའི་སྦྱོར་བ་སྟེ། ཐུན་ཚོད་དང་ཡུལ་དང་དུས་ལ་སོགས་པའི་རྣམ་པར་ཤེས་པར་བྱས་ནས་དེ་དང་རྗེས་སུ་མཐུན་པར་གང་འཐུང་བ་ནི་དེའི་རིགས་པའམ་རན་པ་ཡིན་ནོ། །དེ་ཉིད་ཀྱིས་ན་གཞུང་ལས། དེ་བས་འདི་ཡི་སྦྱོར་བཤད་པ། གང་ཞིང་བདེ་འགྱུར་འབའ་ཞིག་ཕྱིར། །ཞེས་བཤད་པ་དང༌། དེ་བཞིན་དུ་ནུས་སྟོབས་དང་དུས་དང་ཡུལ་དང་བདག་ཉིད་ཀྱི་རང་བཞིན་གང་ཡིན་པ་དང༌། མཐུན་པའི་གྲོགས་དང་ནད་ཀྱི་ཚུལ་དང་ན་ཚོད་ཀྱི་རིམ་པ་ཤེས་པར་བྱས་ནས་དེ་དང་རྗེས་སུ་མཐུན་པར་འཐུང་ན་བདུད་རྩི་འཐུངས་པ་དང་མཚུངས་པ་ཡིན་གྱི། དེ་ལས་གཞན་པ་རིགས་པ་དང་མི་ལྡན་ཞིང་རྣམ་པར་མ་དཔྱད་པར་འཐུངས་ན་དུག་དང་མཚུངས་ཤིང་འདྲ་བ་ཡིན་ནོ། །མི་རིགས་པར་འཐུང་བ་ནི་དམན་པའམ་ལོག་པའམ་ཧ་ཅང་མང་དུ་འཐུང་བ་ཡིན་ནོ། །ཞེས་པ་དང༌། དེའང་བསྡུས་པ་ཆེན་པོ་ལས། ཆང་ལོག་པར་བསྟེན་པས་ནི་བློ་དང་བརྟན་པ་དང་དྲན་པ་འཕྲོག་པར་བྱེད་པ་ཡིན་ནོ། །ཞེས་བཤད་དོ། །གཉིས་པ་ཚིག་གི་དོན་ནི། ཆང་ནི་ཞེས་པ་ནས་བད་རླུང་སེལ་ཞེས་པའི་བར་གྱིས་བསྟན་ཏེ། སྤྱིར་བཏང་གི་དབང་དུ་བྱས་ན་ཆང་ཐམས་ཅད་རོ་ནི་མངར་སྐྱུར་ཁ་བ་གསུམ་དང་ལྡན་པས་ཞུ་རྗེས་སྐྱུར་བར་འཇུ་བ་དང༌། ནུས་པ་རྣོ་དྲོ་རྩུབ་ཕྲ་དང་ལྡན་པས་ཅུང་ཟད་ཐུར་དུ་འཁྲུ་ཞིང་ལུས་དྲོད་འབར་བར་བྱེད་པ་དང་། སྨྲ་བ་ལ་སོགས་པ་མི་ཞུམ་པའི་སྤོབས་པ་བསྐྱེད་ཅིང་གཉིད་མེད་པ་རྣམས་ཀྱི་གཉིད་འཕེལ་བ་དང་བད་རླུང་སེལ་བའི་བྱ་བ་བྱེད་པ་ཡིན་ནོ། །གཉིས་པ་ཆང་ཐལ་དྲགས་པའི་སྐྱོན་བཤད་པ་ལའང་གཉིས་ཏེ། སྤྱི་དོན་དང་ཚིག་དོན་ནོ། དང་པོ་ནི། ཟླ་ཟེར་ལས། རྣོ་དང་དྲོད་ཆེ་རྩུབ་ཕྲ་སྐྱུར། །ཉལ་པོ་འདོད་མྱུར་བྱེད་དང་ཡང༌། །གསལ་དང་དྭངས་པར་བྱེད་པར་བཤད། །མདངས་ནི་འདི་ལས་གོ་བཟློག་ཡིན། །ཞེས་བྱ་བ་ལ། ཆང་ནི་རྣོ་བ་ལ་སོགས་པའི་ཡོན་ཏན་བཅུ་དང་ལྡན་པ་ཡིན་ཏེ། རྟུལ་བ་དང༌། གྲང་བ་དང༌། སྣུམ་པ་དང༌། རགས་པ་དང༌། མངར་བ་དང༌། བརྟན་པ་དང༌། ཡུན་རིང་པོར་བྱེད་པ་དང༌། ལྕི་བ་དང་འཇམ་པ་དང༌། འབྱར་བག་ཅན་དག་ཡིན་ནོ། །དུག་ཀྱང་རྣོ་སོགས་ཡིན་མོད་ཀྱི། སེམས་ལ་གནོད་པར་བྱེད་པ་ཡི། །ནུས་པས་འཆི་བར་བྱེད་པས་ན། །དུག་ནི་ལྷག་པར་མཐུ་ཆེའོ། །ཞེས་བྱ་བ་ལ། ཆང་གི་ཡོན་ཏན་རྣོ་བ་ལ་སོགས་པ་བཅུ་པོ་འདི་དག་ནི་ཆང་འབའ་ཞིག་ཏུ་མ་ཟད་ཀྱི་དུག་ལའང་ཡོད་མོད་དོ། །འདིའི་ཁྱད་པར་དུ་སེམས་ལ་ལྷག་པར་གནོད་ཅིང་འཁྲུལ་པར་བྱེད་པའི་རང་བཞིན་ཅན་གྱི་ནུས་པ་དུག་ལ་ཡོད་པས་ན་གང་ཞིག་འཆི་བར་འགྱུར་བ་དེ་ལྟ་བུའི་ནུས་པ་དུག་ལ་ཡོད་པའི་ཕྱིར་དུག་གི་ནུས་པ་ནི་ཆང་ལས་ལྷག་པར་མཐུ་ཆེ་ཞིང་ནུས་པ་ལྷག་པ་ཡིན་ནོ། །ཆང་གི་རྣོ་སོགས་ཡོན་ཏན་གྱིས། །མདངས་ཀྱི་ཡོན་ཏན་རྟུལ་ལ་སོགས། །བཅུ་པོ་བཅུ་ཡིས་འཁྲུགས་བྱས་ནས། །སེམས་ནི་འགྱུར་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཆང་གི་ཡོན་ཏན་རྣོ་བ་ལ་སོགས་པ་བཅུས་མདངས་ཀྱི་ཡོན་ཏན་རྟུལ་བ་ལ་སོགས་པ་བཅུ་ཟིལ་གྱིས་མནན་ཏེ་འཁྲུགས་པར་བྱས་ཤིང་ཀུན་ཏུ་དཀྲུགས་ནས་སེམས་བསྒྱུར་ཞིང་རྣམ་པ་གཞན་དུ་བསྒྱུར་བར་བྱེད་པ་ཡིན་ནོ། །ར་རོ་དང་པོ་གཉིས་པ་ཡིས། བག་མེད་པ་ཡི་གནས་ལ་གནས། །རྣམ་རྟོག་ངན་བཅོམ་རྨོངས་པ་རྣམས། །བདེ་བ་ཡིན་སྙམ་སེམས་པར་འགྱུར། །ཞེས་བྱ་བ་ལ། ར་རོ་བའི་ཤུགས་དང་པོ་དང་ར་རོ་བའི་ཤུགས་གཉིས་པས་ནི་བག་མེད་པའི་གནས་ལ་གནས་པ་སྟེ། བག་མེད་ཅིང་ཉེས་པར་སྤྱོད་པ་རྣམས་འབྱུང་བར་བྱེད་པའི་རྒྱུར་གྱུར་པ་ཡིན་ནོ། །དེ་ཉིད་ཀྱིས་ན་ནང་གི་རྣམ་རྟོག་ངན་པ་བཅོམ་ཞིང་སེམས་ཀྱི་ཀུན་ཏུ་རྟོག་པས་བརླག་པར་འགྱུར་བ་ཡིན་ལ། དེ་ཉིད་ཀྱིས་ན་རྨོངས་པ་སྟེ་བྱ་བ་དང་བྱ་བ་མ་ཡིན་པ་མི་ཕྱེད་པ་དེ་རྣམས་ནི་ར་རོ་བའི་ཤུགས་དང་པོ་དང་གཉིས་པའི་སྐབས་ལ་གནས་པ་ན་དེ་བདེ་བ་ཡིན་པར་ཤེས་ཤིང་ཤིན་ཏུ་བདེ་བ་ཁོ་ནར་འཛིན་གྱི། དེ་ལྟ་བུའི་བདག་ཉིད་ཅན་བདེ་བ་ཡིན་པར་ནི་མི་རྟོགས་སོ། །འདིར་བག་མེད་པ་ནི་ཚེ་ཕྱི་མའི་སྡུག་བསྔལ་གྱི་རྒྱུ་ལས་མི་དགེ་བ་རྣམས་འབྱར་བའི་རྒྱུ་ལ་བྱ་ལ། དེ་འབྱུང་བའི་གནས་ལ་གནས་པ་ནི་ར་རོ་བའི་ཤུགས་དང་པོ་དང་གཉིས་པ་ལས་འབྱུང་བ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །འབྲིང་དང་ཆེན་པོའི་བར་གྱི་ཚེ། །རྡུལ་དང་མུན་པའི་རང་བཞིན་ཅན། །གླང་ཆེན་ལྕགས་ཀྱུ་མེད་པ་ལྟར། །རྨོངས་པས་མི་བྱ་ཅི་ཡང་མེད། །ཅེས་བྱ་བ་ལ་འབྲིང་དང་ཆེན་པོ་སྟེ་ར་རོ་བའི་ཤུགས་གཉིས་པ་དང་གསུམ་པའི་བར་མཚམས་སུ་ཕྱིན་པའི་ཚེ་སྐྱེས་བུ་དེས། རྡུལ་དང་མུན་པའི་རང་བཞིན་ཅན་སྨོས་པས་ནི་སྐྱེས་བུ་སྙིང་སྟོབས་ཅན་ནི་ནམ་ཡང་འདི་ལྟ་བུའི་གནས་སྐབས་ཅན་དུ་མི་འགྱུར་རོ། །ཞེས་སྟོན་པ་ཡིན་ནོ། །གླང་ཆེན་ལྕགས་ཀྱུ་མེད་པ་ལྟར་ཞེས་སྨོས་པས་ནི་རང་དབང་ཅན་དུ་ཅི་དགར་སྤྱོད་པ་ཡིན་ཏེ། དཔེར་ན་གླང་པོ་ཆེ་སྨྱོན་པ་ལྕགས་ཀྱུ་མེད་པ་དག་ནི། མི་བསྲུན་པའི་སྤྱོད་པ་ཐམས་ཅད་སྟོན་པར་བྱེད་པ་དང་འདྲ་བར་ར་རོ་བ་འབྲིང་དང་ཆེན་པོའི་བར་ཚིགས་སུ་བྱེད་པའི་སྐྱེས་བུ་རྨོངས་པ་ནི་སྡིག་པ་མི་དགེ་བའི་ལས་ཅི་ཡང་མི་བྱ་བ་མེད་དེ་ཐམས་ཅད་བྱེད་དེ། །ཞེས་བྱ་བའི་དོན་ཏོ། །འདི་ནི་ཁ་ན་མ་ཐོའི་གནས། །འདི་ནི་ཚུལ་ཁྲིམས་འཆལ་བའི་གཞི། །ཞེས་བྱ་བ་ལ་ར་རོ་བ་འབྲིང་དང་ཆེན་པོའི་བར་ཚིགས་འདི་ནི་ཁ་ན་མ་ཐོ་བ་སྟེ་དམད་པར་བྱ་བ་ཡིན་པས་བརྗོད་ཀྱིས་མི་ལང་བའི་སྡིག་པ་རྣམས་ཀྱི་གནས་དང་གཞི་ནི་འདི་ཉིད་ཡིན་ནོ།།

ཡང་འདི་ཉིད་ནི་ཚུལ་ཁྲིམས་འཆལ་ཞིང་བསླབ་པ་ཉམས་པའི་གནས་སམ་གཞི་ཡང་འདི་ཉིད་ཡིན་ནོ། །འདི་གཅིག་ངན་འགྲོར་འགྲོ་བའི་ལམ། །མང་པོ་སྟོན་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ར་རོ་བའི་གནས་སྐབས་ཀྱི་ཁྱད་པར་འདི་ཉིད་ནི་ངན་སོང་གསུམ་དུ་འགྲོ་བའི་ལམ་དུ་མའི་རྒྱུ་ཡིན་ཞིང་ལམ་མང་པོ་དེ་དག་ཏུ་འཁྲིད་ཅིང་སྟོན་པར་བྱེད་པའི་སློབ་དཔོན་ཡིན་ནོ། །ར་རོ་གསུམ་པའི་ཚེ་ན་ནི། །སེམས་མེད་པར་ནི་རོ་ལྟར་ཉལ། །ཞེས་བྱ་བ་ལ། ར་རོ་བའི་ཤུགས་ཆེན་པོར་ཕྱིན་ཞིང་དེ་ལ་གནས་པའི་ཚེ་ན་ནི་སེམས་མེད་པར་རོ་ལྟར་ཉལ་ཏེ་ཐོ་ཡོར་རམ་རྩིག་པའམ་མི་རོ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །ཉེས་པའི་བདག་ཉིད་ཤི་བ་ལས། །ཤིན་ཏུ་མ་རུངས་གནས་སྐབས་ཐོབ། ཅེས་བྱ་བ་ལ། ཉེས་པའི་བདག་ཉིད་ཅན་དེ་ཤི་བ་བས་ཀྱང་ཆེས་ཐུ་བའི་མ་རུངས་པའི་གནས་སྐབས་འཐོབ་པར་འགྱུར་རོ། །ཆོས་དང་ཆོས་མིན་བདེ་དང་སྡུག །དོན་དང་དོན་མིན་ཕན་དང་གནོད། །གང་ལ་ཆགས་པས་མི་ཤེས་པ། །དེ་ལ་མཁས་པ་ཇི་ལྟར་བསྟེན། །ཞེས་བྱ་བ་ལ། །གང་ལ་ཆགས་ཤིང་མངོན་པར་ཞེན་ན་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པར་ཤེས་ཤིང་རྟོགས་པར་མི་འགྱུར་བའི་ཆང་དེ་ལ་མཁས་པ་བློ་དང་ལྡན་པས་ཇི་ལྟར་བསྟེན་པར་བྱ་སྟེ་བསྟེན་པར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཆོས་ནི་སྦྱིན་པ་གཏོང་བ་དང་དཀོན་ཅོག་མཆོད་པ་ལ་སོགས་པའོ། །ཆོས་མ་ཡིན་པ་ནི་སྲོག་གཅོད་པ་སོགས་པའི་སྡིག་པ་བྱེད་པའོ། །བདེ་བ་ནི་མཐོ་རིས་ལ་སོགས་པའི་བདེ་བའོ། །སྡུག་བསྔལ་བ་ནི་སེམས་ཅན་དམྱལ་བ་ལ་སོགས་པའོ། །དོན་ནི་རྒྱལ་པོའི་ཁྲིམས་སུ་བཅའ་བའམ་དོན་དུ་བསྒྲུབ་པར་བྱའོ། །དོན་མ་ཡིན་པ་ནི་གཞུང་ལགུས་འཆོལ་བའོ། །ཕན་པ་དང་གནོད་པའི་བྱ་བ་དང་བྱ་བ་མ་ཡིན་པ་སྟེ། དེ་དག་གི་བྱེ་བྲག་མི་ཤེས་པའོ། །ཆང་ལས་མྱོས་འཇིགས་མྱ་ངན་དང༌། །ཁྲོ་དང་སྲོག་དང་ཕྲལ་བ་གནས། །སྨྱོ་བྱེད་མྱོས་དང་བརྒྱལ་བར་བཅོས། །བརྗེད་བྱེད་བཅས་པ་ཀུན་སོང་ནད། །ཅེས་བྱ་བ་ལ། ཆང་ནི་མྱོས་པ་ལ་སོགས་པ་ལ་གནས་ཏེ། དེ་དག་གི་རྒྱུ་ཡིན་པའི་ཕྱིར་རོ། །ཀུན་སོང་ནད་ཅེས་བྱ་བ་འོག་ནས་བཤད་པའི་ནད་རོ་དང་འདྲ་བར་བྱེད་པ་སྟེ་མིང་གི་རྣམ་གྲངས་སུ་མི་ལྟུང་བར་བྱེད་པ་ཞེས་བྱའོ། །གང་དུ་དྲན་པ་ཉམས་གཅིག་ཡོད། །དེར་ནི་མི་དགེ་ཐམས་ཅད་འབྱུང༌། ཞེས་བྱ་བ་ལ། མང་དུ་སྨྲས་པས་ཅི་ཞིག་བྱ་སྟེ་གང་དུ་ཆང་གང་ལ་དྲན་པ་ཉམས་པ་གཅིག་ཏུ་ཡོད་པ་དེར་ནི་དངོས་པོ་གང་དང་གང་དག་ཡོད་པ་དེ་ཐམས་ཅད་མི་དགེ་བའི་ཚུལ་ཐམས་ཅད་དུ་འབྱུང་ཞིང་ཆོས་མ་ཡིན་པ་དེ་ཉིད་དུ་འགྱུར་རོ། །མི་འཕྲོད་ཟས་ནི་ཟོས་པས་ཀྱང༌། །ནད་དམ་ཡང་ན་འཆི་བར་འགྱུར། །ཞེས་བྱ་བ་ལ་གང་གི་ཕྱིར་མི་འཕྲོད་པའམ་མི་རིགས་པར་སྦྱར་བའི་ཟས་ཟོས་པས་ཟས་དེ་སྲོག་གི་རྟེན་ཡིན་ཡང་ནད་ཉིད་བསྐྱེད་པར་འགྱུར་བའམ། འཆི་བར་འགྱུར་བ་ཡིན་ན་ཆང་ལྟར་སྨོས་ཀྱང་ཅི་དགོས། ཆང་གི་སྡེ་ཚན་གསུམ་བློ་བརྟན། །ངོ་ཚ་སོགས་ཀྱང་འཇིག་པར་བྱེད། །ཅེས་བྱ་བ་ལ།

ཡང་ཆང་གི་ཉེས་དམིགས་ནི་ཤས་ཆེར་བསྟེན་པས་སྡེ་ཚན་གསུམ་ལ་སོགས་པ་ཉམས་ཤིང་འཇིག་པར་བྱེད་པ་ཡིན་ཏེ། སྡེ་ཚན་གསུམ་ནི་སྐྱེས་བུས་བཙལ་བར་བྱ་བའི་ཆོས་དང་ནོར་དང་འདོད་པའོ། བློ་ནི་ཤེས་རབ་བོ། །ཉམས་སྟོབས་ལྡན་དང་ཟས་ཟོས་པས། །ཟས་ཆེར་ཟ་དང་སྣུམ་བག་ཟ། །སྙིང་སྟོབས་ལང་ཚོར་ལྡན་པ་དང༌། །རྟག་ཏུ་ཆང་འཐུང་དེ་རིགས་སྐྱེ། །ཚིལ་དང་བད་ཀན་ཤས་ཆེ་ལ། །རླུང་དང་མཁྲིས་པ་ཤས་ཆུང་དང༌། །མེ་དྲོད་ཆེ་ཞིང་བརྟན་པ་རྣམས། །ཤས་ཆེར་ར་རོར་མི་འགྱུར་རོ། །ཞེས་བྱ་བ་ལ་སྐྱེས་བུ་སྟོབས་དང་ལྡན་ཞིང་ཉམས་ཆགས་བཟང་བ་དག་གིས་ཆང་འཐུང་ན་ཤས་ཆེར་ར་རོ་བར་མི་འགྱུར་ཞིང་དེའི་འགྱུར་བ་མི་སྐྱེའོ། །ཡང་དེ་བཞིན་དུ་ཁ་ཟས་ལེགས་པར་ཟོས་ཟིན་པའི་རྗེས་ལ་འཐུང་བ་དང༌། ཟས་ཆེར་ཟ་ཞིང་མང་དུ་ཟོས་པ་དང༌། སྣུམ་བག་དང་ལྡན་པའི་ཟས་ཟོས་པ་དང༌། རང་བཞིན་གྱི་སྙིང་སྟོབས་ཆེ་བ་དང༌། ལང་ཚོ་དང་ལྡན་ཞིང་དར་ལ་བབ་པ་དང༌། རྟག་ཏུ་ཆང་འཐུང་ཞིང་གོམས་པ་དང༌། དེའི་རིགས་ལས་སྐྱེས་པ་སྟེ་ཆང་འཐུང་ཞིང་སྲེད་པའི་རིགས་རྒྱུད་དུ་བྱུང་བ་དང༌། བད་ཀན་དང་ཚིལ་གྱི་ཤས་ཆེ་ཞིང་མང་བ་དང༌། རླུང་དང་མཁྲིས་པའི་ཤས་ཆུང་ཞིང་བརྟན་པ་སྟེ་དེ་ཐམས་ཅད་ཀྱིས་ཆང་འཐུངས་སུ་ཟིན་ཀྱང་ར་རོ་བར་མི་འགྱུར་རོ། །དེ་ལས་བཟློག་དང་ཆང་དད་ཅན། །ཁྲོས་དང་ཆང་རྩུབ་སྐྱུར་ཤས་ཆེ། །མ་ཞུར་བཅས་དང་མང་འཐུངས་པ། །གང་ཡིན་ཤས་ཆེར་ར་རོར་འགྱུར། །ཞེས་བྱ་བ་ལ། དེ་ལྟར་ཇི་སྐད་བསྟན་པ་ལས་གོ་བཟློག་པ་ཉམས་སྟོབས་ཆུང་བ་དང༌། ཁ་ཟས་མ་ཟོས་པ་དང༌། ཁ་ཟས་ཆུང་ངུ་ཟོས་པ་དང༌། རྩུབ་བག་ཟོས་པ་དང༌། སྙིང་སྟོབས་ཆུང་བ་དང༌། དར་ལ་བབ་པ་ལས་ཡོལ་བ་དང༌། རྟག་ཏུ་ཆང་མ་འཐུངས་པ་དང༌། ཆང་འཐུང་བའི་རིགས་སུ་མ་སྐྱེས་པ་དང༌། ཚིལ་དང་བད་ཀན་ཟད་པ་དང༌། རླུང་དང་མཁྲིས་པ་ཤས་ཆེ་བ་དང༌། ཁོང་བའི་མེ་དྲོད་ཆུང་ཞིང་མི་བརྟན་པ་དག་ནི་ཆང་འཐུངས་ན་ཤས་ཆེར་ར་རོ་བར་འགྱུར་རོ། །ཡང་དེ་བཞིན་དུ་ཆང་དད་ཅན་དེ་ཆང་ལ་སྲེད་ཅིང་ཡིད་རྟོན་པ་དང༌། ཁྲོས་ཤིང་འཁྲུགས་པ་དང༌། ཆང་སྐྱུར་ཞིང་རྩུབ་པའི་ཤས་ཆེ་བ་དང༌། དེ་བཞིན་དུ་མ་ཞུ་བ་སྟེ། སྔ་དེ་ཞག་འཐུངས་པའི་ཆང་མ་ཞུ་བའི་རྗེས་ལ་འཐུངས་པ་དང༌། དེ་བཞིན་དུ་ཤིན་ཏུ་མང་དུ་འཐུངས་པས་ཤིན་ཏུ་ར་རོ་བར་འགྱུར་རོ། །རླུང་མཁྲིས་བད་ཀན་ཀུན་ལས་བྱུང༌། ཆང་ནད་རྣམ་པ་བཞིར་འགྱུར་རོ། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་གཞི་རེ་རེ་དང་ཀུན་འདུས་པ་ལས་གཅིག་སྟེ། ཆང་ནད་རྣམ་པ་བཞིར་འགྱུར་རོ། །ཀུན་ཀྱང་ཀུན་ལས་བསྐྱེད་མོད་ཀྱི། །ཤས་ཆེ་བ་ལས་མིང་དུ་བཏགས། །ཞེས་བྱ་བ་ལ། ཆང་ནད་ཀུན་ཀྱང་ཉེས་པ་གསུམ་ཆར་ལས་འབྱུང་མོད་ཀྱི། འོན་ཀྱང་ནད་ཀྱི་གཞི་གང་དང་གང་དག་ཤས་ཆེ་བ་དེ་དང་དེ་ལས་ཕྱེ་སྟེ་མིང་དུ་བཏགས་པ་ཡིན་ནོ། །དེ་རྣམས་ཀྱི་ནི་སྤྱིའི་མཚན་ཉིད། རྨོངས་དང་སྙིང་ནི་ན་བ་དང༌། །འཁྲུ་ཞིང་རྟག་ཏུ་སྐོམ་དད་ཆེ། །ཚ་གྲང་རིམས་འདེབས་ཡི་ག་འཆུས། །མགོ་བོ་རྩིབ་རུས་ན་དང་འདར། གནད་འཇིག་ལྟག་པ་ན་བ་དང༌། །བརླ་རེངས་རབ་རིབ་ཁྱེར་བ་དང༌། །ལུད་པ་དབུགས་མི་བདེ་གཉིད་མེད། །རྔུལ་ཆེན་འབྱུང་ཞིང་བཤང་བ་འགགས། །སྐྲངས་ཤིང་སེམས་ནི་འཁྲུལ་བ་དང༌། །སླ་ཞིང་སློན་པ་བྱེད་པ་དང༌། །མགོ་འཁོར་རྨི་ལམ་ངན་མཐོང་བའོ། །ཞེས་བྱ་ལ་ཆང་ནད་དེ་རྣམས་ཀྱི་སྤྱིའི་མཚན་ཉིད་དེ་རྣམ་པར་དབྱེ་བ་མེད་པར་ཐུན་མོང་གི་རྟགས་ནི་འདི་དག་ཡིན་ཏེ། སེམས་རྨོངས་ཤིང་བླུག་བག་ཏུ་གྱུར་པ་དང༌། སྙིང་ན་ཞིང་འཕར་བ་དང༌། འཁྲུ་ཞིང་བཤང་བ་སླ་དང༌། རྟག་པར་རྒྱུན་མི་འཆད་པར་སྐོམ་དད་ཆེ་བ་དང༌། རིམས་ཚ་བ་དང་གྲང་བའི་བག་དག་གིས་གདབ་པར་འགྱུར་བའམ། ཡང་ན་ཚ་གྲང་སྟེ་མཁྲིས་པ་དང་བད་ཀན་གྱི་མཚན་ཉིད་དང་ལྡན་པར་འགྱུར་བ་དང༌། མགོ་ལ་སོགས་པ་ལུས་འདར་ཞིང་འགུལ་བ་དང༌། གནད་རྣམས་འཇིག་ཅིང་དབྱེ་བ་སྙམ་དུ་སེམས་པ་དང༌། ལྟག་པའི་ཕྱོགས་ན་ཞིང་ཟུག་པ་དང༌། བརླ་རེངས་ཀྱི་འགྱུར་བར་མི་བདེ་བ་དང༌། མིག་རབ་རིབ་ཀྱིས་ཁྱེར་ཞིང་མི་གསལ་བ་དང༌། ལུད་པ་ལ་སོགས་པ་འབྱུང་བ་དང༌། སེམས་འཁྲུལ་ཞིང་ཉམས་པ་ལ་སོགས་པའོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་བཤད་པ་ལྟར་ཤེས་པར་བྱའོ།།

གཉིས་པ་ཚིག་གི་དོན་ནི། ཐལ་དྲགས་ཞེས་པ་ནས་གནས་སུ་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། ཆང་འཐུང་བ་མངས་ཏེ་ཧ་ཅང་ཐལ་དྲགས་པ་ན་སེམས་རང་བཞིན་དུ་གནས་པ་ལས་གཞན་དུ་བསྒྱུར་ཏེ་བག་མེད་པར་འཇུག་པའི་ངོ་ཚ་ཉེ་བར་འཇུག་པར་འགྱུར་རོ། །དེའང་ར་རོ་བ་དང་པོ་སྟེ་མྱོས་པར་གྱུར་མ་ཐག་པ་དེའི་ཚེ་བག་མེད་པའི་གནས་ལ་ལྷག་པར་གནས་ཤིང་རགས་པའི་རྣམ་རྟོག་ངན་པའི་རྗེས་སུ་འབྲང་བ་ཕལ་ཆེར་བཅོམ་པ་ལྟར་མྱོས་པའི་རང་བཞིན་དེ་ཉིད་ལ་བདེ་བ་ཡིན་སྙམ་པའི་འདུ་ཤེས་གཅིག་ཏུ་བསྡུས་ཤིང་དེ་ལྟར་སེམས་པར་བྱེད་ལ། དེ་བཞིན་དུ་ར་རོ་བའི་གནས་སྐབས་གཉིས་པ་ལ་བབ་པ་དེའི་ཚེ་ན་གླང་ཆེན་སྨྱོན་པ་ལྕགས་ཀྱུ་དང་བྲལ་བ་ཅི་བྱ་གཏོལ་མེད་པ་ལྟར་རང་བཞིན་དང་བཅས་པའི་ཁ་ན་མཐོ་བ་སྟེ་འཇིག་རྟེན་ན་དམད་པར་འོས་པའི་བྱ་བ་ཀུན་དང་ཚུལ་ཁྲིམས་འཆལ་བའི་གནས་སུ་འཇུག་པར་བྱེད་ཅིང༌། ར་རོ་ཐ་མ་སྟེ་མྱོས་པའི་མཐར་ཐུག་པ་དེའི་ཚེ་སེམས་བག་མེད་པ་དང་བཅས་ནས་རོ་ལྟར་ཉལ་ཞིང་བྱ་བ་དང་བྱ་བ་མ་ཡིན་པ་གང་ཡིན་མི་ཤེས་པར་མུན་པ་ལྟ་བུའི་གནས་སུ་འགྱུར་བ་དེའི་ཕྱིར་བློ་དང་ལྡན་པའི་ལེགས་འདོད་རྣམས་ཀྱིས་ཆང་ཉིད་སྤང་བར་བྱ་ཞིང༌། གལ་ཏེ་འཐུང་དུ་ཟིན་ཀྱང་མྱོས་པ་མ་ཡིན་པའི་མཚམས་ཤེས་པར་བྱ་སྟེ་བཏུང་ངོ༌། །དེའང་ཇི་ལྟ་བུ་ཞེ་ན། སྟོབས་དང་དུས་དང་ཡུལ་དང་གོམས་པ་དང༌། །རང་བཞིན་གྲོགས་དང་ན་ཚོད་ནད་རྣམས་ནི། །ལེགས་བརྟགས་དེ་དང་རྗེས་མཐུན་གང་ཞིག་འཐུངས། །དེ་ནི་བདུད་རྩི་འཐུངས་དང་མཚུངས་པ་ཡིན། །ཞེས་བྱ་བ་ལ། ལུས་ཀྱི་ཉམས་སྟོབས་དང་དུས་ལ་སོགས་པའི་མཚན་ཉིད་དམ་རང་བཞིན་བློས་ལེགས་པར་བརྟགས་ཤིང་སོ་སོར་ཕྱེ་ནས་དེ་དང་མཐུན་པ་སྟེ། དེ་དང་འཚམ་པར་སྐྱེས་བུ་གང་ཞིག་ཆང་རན་ཞིང་དུས་ལ་བབ་པར་འཐུངས་པས་གནོད་པ་མེད་ཅིང་ལུས་བདེ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཞེས་ཀྱང་ཟླ་ཟེར་ལས་འབྱུང་ངོ༌།།

གསུམ་པ་ཆང་གི་བྱེ་བྲག་སོ་སོར་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང་ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ཆང་གསར་ལྕི་ཞིང་ཉེས་སྐྱེད་ཡིན། །ཆང་རྙིང་དེ་ལས་གཞན་དུ་བྱེད། །ཅེས་བྱ་བ། ཆང་དེ་ཐམས་ཅད་ལས་ཆང་གསར་པ་ནི་ལྕི་ཞིང་ཉེས་པ་རྣམས་འཁྲུགས་ལ་སྐྱེད་པར་བྱེད་པ་ཡིན་ནོ། །ཆང་རྙིང་ཞིང་གྲུངས་པར་གྱུར་པ་ཁ་དོག་དང་དྲི་དང་རོ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཆང་ཐམས་ཅད་ནི་སྔར་བཤད་པའི་ཆང་གསར་པ་དེ་ལས་གཞན་དུ་བྱེད་དེ། ཡང་ཞིང་ཉེས་པ་སེལ་བར་བྱེད་པ་ཡིན་མོད་ཀྱི། འོན་ཀྱང་མཁྲིས་པ་བསྐྱེད་ལ་རླུང་དང་བད་ཀན་ནི་འཇོམས་པ་ཡིན་པར་སྔར་བཤད་པ་ཡིན་ནོ། །ཚ་བའི་སྤྱོད་པར་ལྡན་མི་བཏུང༌། །སུན་ཞིང་བཀྲེས་ཉེན་ནད་པས་མིན། །ཤིན་ཏུ་རྣོ་མིན་གསར་པ་དང༌། །ལེགས་པར་མ་ལངས་རྙོག་ཅན་མིན། །ཞེས་བྱ་བ་ལ།

ཆང་དེ་ཐམས་ཅད་ཚ་ཞིང་དྲོ་བའི་ཀུན་ཏུ་སྤྱོད་པ་དང་ལྡན་པའི་སྐྱེས་བུས་བཏུང་བར་མི་བྱའོ། །དེ་ལ་སྤྱོད་པ་ཞེས་བྱ་བ་ནི་བྱ་བ་སྟེ། དེ་ཡང་ཟས་དང་སྤྱོད་ལམ་གྱི་ཚུལ་ལས་ཟས་ཚ་བ་ཟོས་པའི་རྗེས་དང༌། སོ་ག་ལ་སོགས་པ་ཚ་བའི་དུས་དང༌། ཉི་ཚན་ལ་སོགས་པས་གདུངས་ཤིང་ཚ་བའི་སྐྱེས་བུས་བཏུང་བར་མི་བྱའོ། །དེ་བཞིན་དུ་ཆང་གིས་སུན་པ་དེའི་ཚེ་བཏུང་བར་མི་བྱ་བ་དང༌། དེ་བཞིན་དུ་བཀྲེས་པས་ཉེན་ཅིང་ཟིལ་གྱིས་མནན་པའི་མིས་མི་བཏུང་བ་དང༌། དེ་བཞིན་དུ་ནད་པས་བཏུང་བར་མི་བྱ་སྟེ། དེ་བས་ན་ལུས་ཀྱི་གནས་སྐབས་ལས་དཔགས་ཏེ་ཆང་མི་བཏུང་བ་ཡང་ཡོད་པར་ཤེས་པར་བྱའོ། །དེ་བཞིན་དུ་ཤིན་ཏུ་རྣོ་ཞིང་ཚ་བ་མི་བཏུང་བ་དང༌། ཤིན་ཏུ་གཞོན་ཞིང་འཇམ་པ་མི་བཏུང་བ་དང༌། དེ་བཞིན་དུ་ལེགས་པར་མ་ལངས་པ་སྟེ་རྒུན་འབྲུམ་དང༌། བུ་རམ་ཤིང་དང་འབྲས་དང་སྦྲང་རྩི་ལ་སོགས་པ་ད་ཏ་ཀི་ལ་སོགས་པའི་རྩི་ཉུང་ཟད་དང་སྦྱར་ཞིང༌། ཆང་དུ་ལེགས་པར་མ་རེག་པ་ཡང་བཏུང་བར་མི་བྱའོ། །རྙོག་ཅན་མིན་ཞེས་བྱ་བ་ནི་རྡུལ་དང་འདམ་རྫབ་དང་བོང་བ་དང་རྡོའི་གསེག་མ་ལ་སོགས་བཏུང་བར་མི་བྱའོ། །འབྲུའི་ཆང་སྐྲན་དང་དམུ་རྫིངས་དང༌། །རྟུག་སྐེམ་གློ་གཅོང་སེལ་བ་དང༌། །རླུང་འཇོམས་ཚིལ་དང་ཁྲག་བསྐྱེད་ཅིང༌། །གཅིན་བདེར་འབྱིན་ཞིང་བད་ཀན་བསྐྱེད། །ཅེས་བྱ་བ་ནི། ཆང་གང་འབྲས་སཱ་ལུ་བཏགས་པ་ལས་བྱས་པ་སྐྱ་ཞིང་དཀར་བ་དེའི་ཡོན་ཏན་ནི་འདི་དག་ཡིན་ཏེ། ཆང་དེས་སྐྲན་ལ་སོགས་པ་སེལ་ཞིང་འཇོམས་པ་དང༌། ཚིལ་བསྐྱེད་པར་བྱེད་པ་དང༌། དེ་བཞིན་དུ་ལྕི་ཞིང་རླུང་འཇོམས་པར་བྱེད་པ་དང༌། ཚིལ་ལ་སོགས་པ་བསྐྱེད་ཅིང་འཕེལ་བར་བྱེད་དོ། །ཆང་དྭངས་ཡོན་ཏན་དེ་འདྲ་ལས། །ཡིད་འོང་ཡང་ཞིང་རྣོ་བ་དང༌། །གཟེར་དང་ལུད་པ་དབུགས་མི་བདེ། །སྐྱུག་བྲོ་བཤང་འགགས་སྦོས་ཆམ་འཇོམས། །ཞེས་བྱ་བ་ནི། ཆང་གི་དྭངས་མ་སྟེང་དུ་བྱུང་བ་རྙོག་པ་མེད་པ་ཆུ་ལྟ་བུ་དེ་ལ་ནི་དྭངས་མ་ཞེས་བྱ་སྟེ། དེའང་ལུང་ལས། དྭངས་མ་ཆུ་ཞེས་བྱ་བར་བཤད། །འཛག་བདེ་དེ་བཞིན་ཆང་ཡིན་ལ། །དེ་འོག་བསྐ་བ་ཞེས་བྱ་སྟེ། །དེ་ཡི་འོག་མ་སྙིགས་མར་བཤད། །ཅེས་འབྱུང་བ་ཡིན་ནོ། །ཆང་གི་དྭངས་མ་དེ་ནི་སྔ་མའི་ཆང་བསྐ་བའི་ཡོན་ཏན་གང་ཡིན་པ་དེ་ཐམས་ཅད་དྭངས་མའི་འདི་ཡང་ཡིན་པས་ཡོན་ཏན་སྔ་མ་དེ་དང་འདྲ་བར་ཤེས་པར་བྱ་བ་དང༌། དེ་ནི་ཡང་ཡིད་དུ་འོང་ཞིང་སྙིང་དགའ་བར་བྱེད་པ་དང༌། དེ་བཞིན་དུ་ཡང་བ་དང་རྣོ་བས་བད་ཀན་དང་ཚིལ་ལ་སོགས་པ་སེལ་བར་བྱེད་པ་དང༌། གཟེར་ལ་སོགས་པ་ཡང་འཇོམས་ཤིང་སེལ་བ་ཡིན་ནོ། །བ་རུ་ར་ཆང་ཡང་ཞིང་ཕན། །ཤིན་ཏུ་ར་རོར་མི་འགྱུར་ཞིང༌། །རྨ་དང་མཛེ་ནད་སྐྱ་རྦབ་ལ། །ཧ་ཅང་གནོད་པར་མི་འགྱུར་ཡིན། །ཞེས་བྱ་བ་ལ། བ་རུ་ར་ལས་སྦྱར་བའི་ཆང་ནི་བ་རུ་རའི་ཆང་སྟེ། དེ་ནི་ཡང་བ་དང༌། ཕན་པ་དང༌། ཤིན་ཏུ་ར་རོར་མི་འགྱུར་ཞིང་ཞེས་པ་ཤས་ཆེར་མྱོས་པར་མི་འགྱུར་བ་དང༌། དེ་བཞིན་དུ་རྨ་དང༌། སྐྱ་རྦབ་ཀྱི་ནད་དང༌། མཛེ་དག་ལ་སྟེ་ཆང་གཞན་ལྟར་ཧ་ཅང་མི་གནོད་པ་ཡིན་ནོ།།

རྫས་བཞིན་ཡོན་ཏན་རྗེས་མཐུན་ཆང༌། །ཆང་གི་ཡོན་ཏན་ཀུན་ལས་ལྷག །ཕོ་ནད་སྐྱ་རྦབ་མཛེ་གཞང་འབྲུམ། །ལུས་སྐེམ་སྐྲངས་འོར་དམུ་རྫིངས་རིམས། །སྐྲན་དང་སྲིན་ནད་མཆེར་ནད་སེལ། །རོ་ནི་བསྐ་ཞིང་ཚ་རླུང་བསྐྱེད། །ཅེས་བྱ་བ་ལ། རྫས་བཞིན་ཡོན་ཏན་རྗེས་མཐུན་ཕན། །ཞེས་བྱ་བ་ནི་རྫས་གང་བསྐོལ་ནས་བྱས་པའམ་མནན་ནས་བྱས་པ་དེ་རྣམས་ཀྱི་ཡོན་ཏན་དེའི་རྗེས་སུ་འགྲོ་ཞངི་རྗེས་སུ་འབྲང་བ་སྟེ། དེའི་ཡོན་ཏན་དང་ལྡན་པར་འགྱུར་རོ། །ཞེས་པའི་དོན་ཏོ། །དེ་ཡང་ཆང་གི་ཡོན་ཏན་ཀུན་ལས་ལྷག་ཅེས་བྱ་བ་ཡིན་ཏེ། དྲོད་བསྐྱེད་པ་ལ་སོགས་པའི་ཆང་གི་ཡོན་ཏན་ཐམས་ཅད་ལས་ཡོན་ཏན་ལྷག་ཅིང་མང་བ་ཡིན་པ་དང༌། དེ་བཞིན་དུ་ཕོ་བའི་ནད་ལ་སོགས་པའི་གནོད་པ་རྣམས་སེལ་ཞིང་འཇོམས་པ་ཡིན་ནོ། །དེའི་རོ་ནི་བསྐ་བ་དང༌། ཚ་བ་ཡིན་ཞིང༌། རླུང་བསྐྱེད་པར་བྱེད་པ་ཡིན་ནོ། །རྒུན་ཆང་ནད་སྦྱོང་སྙིང་ལ་ཕན། །ཤིན་ཏུ་དྲོ་མིན་མངར་ཞིང་འཁྲུ། །མཁྲིས་རླུང་ཅུང་ཟད་བསྐྱེད་སྐྱ་རྦབ། །གཅིན་ནད་གཞང་འབྲུམ་སྲིན་ནད་སེལ། །ཞེས་བྱ་བ་ལ་རྒུན་འབྲུམ་ལས་བྱས་པའི་ཆང་ནི་རྒུན་ཆང་སྟེ་དེ་ནི་ནད་སྦྱོང་ཞིང་སེལ་བར་བྱེད་པ་ཡིན་ཏེ། ཤིན་ཏུ་རྣོ་བ་ཡིན་པས་བད་ཀན་ལ་སོགས་པ་སེལ་བ་ཡིན་ནོ། །སྙིང་ལ་ཕན་པ་ནི་སྙིང་དགའ་བར་བྱེད་པའོ། །ཤིན་ཏུ་དྲོ་བ་མ་ཡིན་པ་ནི་ཅུང་ཟད་དྲོ་བའོ། །མངར་བ་ནི་རོ་མངར་བའོ། །དེ་བཞིན་འཁྲུ་བར་བྱེད་པ་དང༌། མཁྲིས་པ་དང་རླུང་ཅུང་ཟད་བསྐྱེད་པ་ནི་ཆང་གཞན་ལ་བལྟོས་ནས་བསྐྱེད་པ་ཡིན་ནོ། །དེ་བཞིན་དུ་སྐྱ་རྦབ་ལ་སོགས་པ་ནི་སེལ་བ་ཡིན་ནོ། །བུ་རམ་ཆང་ནི་གཅིན་རྟུག་འགགས། །འབྱིན་ཞིང་ངོམས་ལ་དྲོད་བསྐྱེད་ཡིན། །ཞེས་བྱ་བ་ལ། བུ་རམ་ལས་བྱས་པའི་ཆང་གི་བྱེ་བྲག་ནི་བུར་ཆང་སྟེ། དེས་ནི་གཅིན་དང་རྟུག་པ་འགགས་པ་འབྱིན་པ་ཡིན་ཏེ། གཅིན་དང་རྟུག་པ་དང་འཕྱེན་འགགས་པ་འབྱིན་ཞིང་ཕྱི་རོལ་ཏུ་བདེ་བར་འབྱུང་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཚིམས་ཤིང་ངོམས་པར་བྱེད་པ་དང་མེ་དྲོད་གསལ་བར་བྱེད་ཅིང་སྐྱེད་པར་བྱེད་པ་ཡིན་ནོ། །བུ་རམ་ཤིང་ཆང་རླུང་མཁྲིས་བསྐྱེད། །རླུང་དང་བད་ཀན་ལས་བྱུང་འཇོམས། །ཚིལ་འོར་དམུ་རྫིངས་གཞང་འབྲུམ་སེལ། །དེ་ལས་ཁུ་བ་བསྐོལ་མཆོག་ཡིན། །ཞེས་བྱ་བ་ལ། བུ་རམ་ཤིང་ཆང་ནི་བུ་རམ་གྱི་ཁུ་བ་བསྐོལ་བ་དང་མ་བསྐོལ་བ་ལས་འབྱུང་བ་སྟེ། དེ་ཡང་ལུང་ལས། བུ་རམ་ཤིང་ཁུའི་བུ་རམ་ཆང༌། །རློན་པ་ཡི་ནི་ནུས་པ་བསིལ། །བསྐོལ་བ་བསྐོལ་མའི་ཆང་ཞེས་བྱ། །ཞེས་བཤད་པ་ཡིན་ནོ། །བུ་རམ་ཆང་དེས་ནི་རླུང་དང་མཁྲིས་པ་སྐྱེད་པར་བྱེད་པ་ཡིན་ལ། སྣུམ་པ་ལས་བྱུང་བ་དང་བད་ཀན་ལས་བྱུང་བ་ནི་འཇོམས་ཤིང་སེལ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཚིལ་དང་འོར་ནད་དང་གཞང་འབྲུམ་དང་སྦོས་པ་སེལ་བ་ཡིན་ནོ། །དེ་ལས་ཞེས་པ་བུ་རམ་ཤིང་ལས་བྱུང་བའི་ཆང་གཉིས་ཀྱི་ནང་ནས་ཁུ་བ་བསྐོལ་བའི་ཆང་ནི་མཆོག་སྟེ་དམ་པ་ཡིན་ནོ། །སྦྲང་ཆང་འགྲིབ་བྱེད་རྣོ་བ་སྟེ། །གཅིན་ནད་ཆམ་པ་ལུད་པ་སེལ། །ཞེས་བྱ་བ་ནི། སྦྲང་རྩི་དང་ད་ཏ་ཀི་ལ་སོགས་པ་སྦྱར་བ་ལས་བྱས་པའི་ཆང་ནི་སྦྲང་ཆང་སྟེ། དེ་ནི་འགྲིབ་བྱེད་ཅེས་བྱ་བ་ཚིལ་ལ་སོགས་པ་འགྲིབ་པར་བྱེད་ཅིང་རྣོ་བས་ལུས་ཟུངས་ཀྱི་འགགས་པ་སེལ་བར་བྱེད་ཅིང༌། དེ་བཞིན་དུ་གཅིན་དང་ཆམ་པ་དང་ལུད་པའི་ནད་སེལ་ཞིང་རྒྱས་པར་བྱེད་པ་ཡིན་ནོ། །ཚ་ནི་ཁྲག་མཁྲིས་བད་ཀན་དག །འཇུ་ཞིང་རླུང་ནི་སྙོམས་བྱེད་ལ། །རབ་ཏུ་ཚ་ཞིང་རྣོ་རྩུབ་སྐྱུར། །ཡིད་འོང་ཡི་ག་འབྱེད་ཅིང་འཁྲུ། །དྲོད་བསྐྱེད་རེག་ན་བསིལ་བ་དང༌། །སྐྱ་རྦབ་སྲིན་སེལ་མིག་ལ་གནོད། །ཅེས་བྱ་བ་ལ། ཆང་ཐམས་ཅད་ཕལ་ཆེར་རོ་ལྔ་དང་ལྡན་པ་ཡིན་དུ་ཟིན་ཀྱང༌། དུས་ལས་ཡོལ་ཞིང་གཞན་དུ་གྱུར་པ་ན་གང་གི་ཚེ་དེའི་མངར་བ་ལ་སོགས་པའི་རོ་བཞི་ཡལ་ནས་རོ་སྐྱུར་བ་འབའ་ཞིག་ཤས་ཆེར་འཕེལ་ཞིང་འབོད་པ་དེའི་ཚེ་དེ་ནི་ཚ་ཞེས་བྱ་སྟེ། དེ་ཉིད་ཀྱིས་ན་ཆང་ཐམས་ཅད་ནི་ཞུ་བའི་རྗེས་སྐྱུར་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ཡང་ལུང་ལས། ཤིན་ཏུ་སྐྱུར་བ་ཚ་ཞེས་བྱ། །ཞེས་བཤད་པ་ཡིན་ནོ། །དེའི་ཕྱིར་ཆང་ཐམས་ཅད་ནི་དུས་ཡུན་རིང་པོ་ལོན་པ་དང༌། ཤིན་ཏུ་སྐྱུར་བར་གྱུར་པ་ནི་ཚ་ཞེས་བྱའོ། །ཞེས་སྨན་དཔྱད་ཀྱི་ལུང་ལ་བརྟེན་པ་རྣམས་ཟེར་རོ། །ཚ་དེས་ནི་ཁྲག་དང་མཁྲིས་པ་དང་བད་ཀན་དག་འཇུ་བར་བྱེད་ཅིང་རང་རང་གི་གནས་ནས་སྐྱེད་པར་བྱེད་ཅིང་ཐ་དད་པ་ལས་འདྲེས་པར་བྱེད་པ་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་རླུང་སྙོམས་པར་བྱེད་པས་ན། རླུང་ནི་སྙོམས་བྱེད་ལ་ཞེས་བྱ་སྟེ་འདིས་སྙོམས་པའམ་ཞི་བར་བྱེད་པའོ། །དེ་ཡང་ལམ་གཞན་ན་གནས་པ་ལས་རླུང་དྲངས་ནས་རང་གི་གནས་སུ་གནས་པར་རྫས་གང་གིས་བྱེད་པ་དེ་ནི་རླུང་སྙོམས་པར་བྱེད་པ་སྟེ། ལམ་ལོག་པ་ན་གནས་པ་རང་གི་གནས་སུ་འཇོག་པར་བྱེད་དོ། །ཞེས་བྱ་བའི་དོན་ཏོ། །ཡང་དེ་ནི་རབ་ཏུ་རྣོ་བ་དང་རྩུབ་པ་དང་སྐྱུར་བ་དང་ཡིད་དུ་འོང་བ་དང་ཡི་ག་འབྱེད་པར་བྱེད་པ་དང༌། ཁོང་འཁྲུ་བ་དང་ཕོ་བའི་མེ་དྲོད་སྐྱེད་པ་དང༌། རེག་པ་བསིལ་བ་སྟེ་བསྐུས་ཤིང་བྱུགས་ན་བསིལ་བར་བྱེད་པ་དང༌། དེ་བཞིན་དུ་སྐྱ་རྦབ་དང༌། སྲིན་སེལ་བ་དང༌། མིག་ལ་གནོད་པ་ཡིན་ནོ། །བུ་རམ་བུ་རམ་ཤིང་རྒུན་ཆང༌། །ཚ་ནི་ཕྱི་མ་ཕྱི་མ་ཡང༌། །སྡོང་པོ་རྩ་བ་འབྲས་སོགས་ལས། །མནན་བྱས་དེ་དང་འདྲར་ཤེས་བྱ། །རྡོ་ཁུ་ལ་སོགས་བཤུར་བ་གཞན། །དུས་ཀྱི་སྐྱུར་པོ་ཡང་ཟས་ལེན། །ཞེས་བྱ་བ་ལ་སོགས་པས་རྒྱས་པར་བཤད་པ་ལྟར་རྟོགས་པར་བྱའོ། །

གཉིས་པ་ཚིག་གི་དོན་ནི། གསར་པ་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། ཆང་དུ་གྱུར་པ་ཐམས་ཅད་ཀྱི་གསར་པ་རྣམས་ལྕི་ཞིང་རྙིང་པ་ཀུན་ཡང་བ་ཡིན་ལ། འོན་ཀྱང་ཧ་ཅང་གསར་པ་མ་སྨིན་པ་མ་ཡིན་པའི་གསར་འཇམ་ནི་ཕོ་བའི་མེ་དྲོད་བསྐྱེད་ཅིང་འཇུ་བ་ཡང་སླ་བ་ཡིན་ནོ། །དེ་བཞིན་དུ་འབྲུ་སོ་སོ་ལས་ཀྱང་གྲོ་ཆང་དང་འབྲས་ཆང་དང་ནས་ཆང་རྣམས་རིམ་པས་གོང་མ་ལྕི་ཞིང༌། སོ་བ་དང་སྲེ་ད་དང་ཡོས་ལས་བྱས་པའི་ཆང་ནི་གོང་མ་རྣམས་ལས་ཆེས་ཤིན་ཏུ་ཡང་བ་ཡིན་ལ། ཆང་དེ་རྣམས་གང་ཡང་རུང་བ་དུས་འདས་ཏེ་ཡུན་རིང་པོར་ལོན་པས་རང་བཞིན་གྱིས་ཤིན་ཏུ་སྐྱུར་བ་འབའ་ཞིག་ཏུ་སོང་བ་ལ་ཚ་ཞེས་པ་དེས་ནི་ཁྲག་མཁྲིས་དང་བད་ཀན་གྱི་ནད་སེལ་བར་བྱེད་པ་ཡིན་ནོ། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ཟས་ཀྱི་ཚུལ་ཤེས་པར་བྱ་བའི་ལེའུ་སྟེ་བཅུ་དྲུག་པའོ་ཞེས་བྱ་བའི་དོན་ཏོ།། །།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 4:28 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།