ལེའུ་བཅུ་དྲུག་པ། ཟས་ཀྱི་ཚུལ་ཤེས་པར་བྱ་བ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 06.02.2011 |
བཤད་རྒྱུད། >> ལེའུ་བཅུ་དྲུག་པ། ཟས་ཀྱི་ཚུལ་ཤེས་པར་བྱ་བ། |
ལེའུ་བཅུ་དྲུག་པ། ཟས་ཀྱི་ཚུལ་ཤེས་པར་བྱ་བ།
དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །འཚོ་བ་ཟས་ཀྱི་གནས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས། སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ནད་ལ་གསོ་བར་བྱེད་པའི་གཉེན་པོ་ཡི། །འཚོ་བ་ཟས་ཀྱི་གནས་ལ་བསླབ་པ་ནི། །ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང༌། །དམན་ལྷག་ལོག་གྱུར་ནད་བསྐྱེད་འཕྲལ་སྲོག་འཇོམས། །དེ་ཕྱིར་ཟས་སྐོམ་སྦྱོར་བ་མཁས་པ་གཅེས། །འདི་ལ་སྤྱི་སྡོམས་ཟས་ཚུལ་ཤེས་པ་དང༌། །ཟས་བསྡམ་ཟས་ཚོད་རན་པར་བཟའ་བ་གསུམ།།
ཟས་ཀྱི་ཚུལ་ཤེས་པ་ལ་ཟས་སྐོམ་གཉིས། །ཟས་ལ་འབྲུ་ཤ་སྣུམ་ངད་གཡོས་སྦྱར་ལྔ། །འབྲུ་ལ་གཉིས་ཏེ་གྲ་མ་གང་བུ་ཅན། །དེ་ལ་གྲ་མ་ཅན་གྱི་འབྲུ་ཡི་སྡེ། །འབྲས་ཁྲེ་ཁྲ་མ་གྲོ་ནས་སོ་བ་དང༌། །སྲེ་ད་ལ་སོགས་རོ་དང་ཞུ་རྗེས་མངར། །རོ་ཙ་རླུང་འཇོམས་ལུས་སྟོབས་བད་ཀན་སྐྱེད། །དེ་ལ་འབྲས་ནི་སྣུམ་འཇམ་བསིལ་ལ་ཡང༌། །ཉེས་པ་གསུམ་སེལ་རོ་ཙ་འཁྲུ་སྐྱུག་གཅོད། །ཁྲེ་ནི་ལྕི་བསིལ་བརྟས་བྱེད་ཆག་གྲུགས་སྦྱོར། །ཁྲ་མ་བསིལ་ཡང་རྩུབ་ཅིང་ཡི་གར་འཕྲོད། །གྲོ་ནི་ལྕི་བསིལ་འཚོ་བྱེད་རླུང་མཁྲིས་སེལ། །ནས་ནི་ལྕི་བསིལ་བཤང་འཕེལ་སྟོབས་སྐྱེད་མཆོག །སོ་བ་སྲེ་ད་བསིལ་ཡང་བད་མཁྲིས་སེལ། །གང་བུ་ཅན་འབྲུ་སྲན་མ་མོན་སྲན་གཉིས། །བསྐ་མངར་བསིལ་ཡང་སྐྱ་ལ་རྩ་སྒོ་འགག །བད་ཀན་ཚ་བ་སེལ་ཞིང་འཁྲུ་བ་གཅོད། །སྣུམ་སེལ་ཁྲག་མཁྲིས་ཚིལ་ལ་བྱུགས་ན་ཕན། །རྒྱ་སྲན་བད་རླུང་ལུད་པ་དབུགས་མི་བདེ། །གཞང་འབྲུམ་ཁུ་བའི་རྡེ་འཇོམས་ཁྲག་མཁྲིས་སྐྱེད། །མ་ཤ་རླུང་འཇོམས་བད་མཁྲིས་ཁུ་སྟོབས་འཕེལ། །སྲན་ཆུང་བསྐ་མངར་ཉེས་པ་གསུམ་ག་སྐྱེད། །སྐྱོ་མས་མེ་དབལ་དྲེག་ནད་ཁྲག་ནད་སེལ། །ཏིལ་འབྲུ་ལྕི་དྲོ་རོ་ཙ་རླུང་ནད་འཇོམས། །ཟར་མ་མངར་ཁ་སྣུམ་འཇམ་རླུང་ལ་ཕན། །བྲ་བོ་བསིལ་ཡང་རྨ་འཇིག་ཉེས་གསུམ་སྐྱེད། །འབྲུ་ཀུན་གསར་ཐོག་རློན་པ་ལྕི་བ་སྟེ། །སྨིན་གྱུར་སྐམས་དང་རྙིང་པ་ཡང་བ་ཡིན། །རྗེན་པ་བཙོས་དང་གཡོས་སུ་བྱས་པ་ཀུན། །རིམ་བཞིན་ཡང་ཞིང་འཇུ་སླ་འཕྲོད་པར་འགྱུར། །ཤ་ནི་སྡེ་བརྒྱད་སྐམ་གཤེར་ཐུན་མོང་གནས། །རྨ་བྱ་གོང་སྲེག་སྐྱུང་ག་བྱ་ནག་དང༌། །རི་བྱ་རྣམས་ནི་ཁྲོན་གྱིས་རྐོ་བའི་སྡེ། །ནེ་ཙོ་ཁུ་བྱུག་ཐི་བ་སྐྱ་ག་དང༌། །འཇོལ་མོ་བྱེ་འུ་མཆུ་ཡིས་རྐོ་བའི་སྡེ། །ཤ་བ་གླ་དགོ་གཉན་དང་རི་བོང་དང༌། །གཙོད་ཀྱི་ཤ་རྣམས་རི་དྭགས་སྡེ་ཚན་ཡིན། །རྒྱ་དང་ཁ་ཤ་ར་རྒོད་ཕག་རྒོད་དང༌། །མ་ཧེ་བསེ་སྨུག་རྐྱང་དང་གཡག་རྒོད་དང༌། །མཛོ་རྒོད་ལ་སོགས་རི་དྭགས་ཆེ་བའི་སྡེ། །སྟག་གཟིག་དོམ་དྲེད་གསའ་དང་སྤྱང་ཀི་གཡི། །ཝ་དང་འཕར་བ་སྤྲེ་སོགས་གཅན་གཟན་སྡེ། །བྱ་རྒོད་ཁྭ་རླག་ནེ་ལེ་བྱ་རོག་དང༌། །འུག་པ་བྱེའུ་ཁྲ་རྩལ་མཐུས་ཟ་བའི་སྡེ། །མཛོ་གཡག་རྔ་མོ་རྟ་བོང་བ་ལང་དང༌། །སྐོམ་པོ་ར་ལུག་ཁྱི་དང་ཕག་པ་བྱ། །བྱི་ལ་ལ་སོགས་མི་ཡིས་བདག་བྱེད་སྡེ། །འཕྱི་བ་བྱི་ཐུར་སྦལ་སྦྲུལ་གྲུམ་པ་དང༌། །རྨིགས་པ་རྩངས་པ་སྡིག་པ་ཁུང་གནས་སྡེ། །ཁྲུང་ཁྲུང་ངང་ངུར་སོ་བྱ་སྐྱར་མོ་དང༌། །སྲམ་དང་ཉ་སོགས་རླན་ལ་གནས་པའི་སྡེ། །སྡེ་བརྒྱད་ཤ་རྣམས་རོ་དང་ཞུ་རྗེས་མངར། །ཐོག་མཐའ་བར་མ་སྐམ་གཤེར་ཐུན་མོང་གནས། །སྐམ་སའི་ཤ་རྣམས་བསིལ་ཞིང་ཡང་ལ་རྩུབ། །རླུང་དང་བད་ཀན་ལྡན་པའི་ཚ་བ་སེལ། །རླན་གནས་ཤ་རྣམས་སྣུམ་ཞིང་ལྕི་ལ་དྲོ། །ཕོ་བ་མཁལ་རྐེད་གྲང་རླུང་ནད་ལ་ཕན། །ཐུན་མོང་གནས་པ་ནུས་པ་གཉིས་དང་ལྡན། །བྱ་གཅན་རྩལ་མཐུས་ཤ་རློན་ཟ་བ་རྣམས། །རྩུབ་ཡང་རྣོ་བས་ཕོ་བའི་མེ་དྲོད་སྐྱེད། །སྐྲན་བཤིག་ཤ་འཕེལ་གྲང་བའི་ནད་ཀུན་སེལ། །ལུག་ཤ་སྣུམ་དྲོ་སྟོབས་འཕེལ་ལུས་ཟུངས་སྐྱེད། །རླུང་དང་བད་ཀན་སེལ་ཞིང་དང་ག་འབྱེད། །ར་ཤ་ལྕི་བསིལ་ཉེས་པ་གསུམ་སློང་ཞིང༌། །བསེ་དུག་འབྲུམ་ནག་མེས་འཚིག་རྨ་ལ་ཕན། །བ་ལང་བསིལ་སྣུམ་རླུང་ལྡན་ཚ་བ་སེལ། །རྟ་རྐྱང་བོང་བུ་ལ་སོགས་བཤུལ་ཤ་རྣམས། །རྣག་གཅོད་མཁལ་རྐེད་གྲང་བ་ཆུ་སེར་སེལ། །ཕག་ཤ་བསིལ་ཡང་རྨ་འཇིག་སྨུག་པོ་སེལ། །མ་ཧེའི་ཤ་ཡིས་གཉིད་དང་ཤ་འཕེལ་བྱེད། །གཡག་ཤ་སྣུམ་དྲོ་གྲང་སེལ་ཁྲག་མཁྲིས་སྐྱེད། །ཁྱིམ་བྱ་བྱེའུ་ཁུ་འཕེལ་རྨ་ལ་ཕན། །རྨ་བྱ་མིག་ནད་སྐད་འགགས་རྒས་སྲ་ཕན། །གཡག་རྒོད་ཕོ་མཆིན་གྲང་སེལ་མེ་དྲོད་སྐྱེད། །རི་དྭགས་བསིལ་ཡང་ལྡན་ཚད་སེལ་བར་བྱེད། །རི་བོང་ཤ་རྩུབ་དྲོད་སྐྱེད་འཁྲུ་བ་གཅོད། །འཕྱི་བ་སྣུམ་ལྕི་དྲོ་ཞིང་འབྲས་ལ་ཕན། །གྲང་རླུང་ཕོ་བ་མཁལ་རྐེད་མགོ་ནད་སེལ། །སྲམ་ཤ་རོ་ཙ་མཁལ་རྐེད་གྲང་བ་སེལ། །ཉ་ཤ་ཕོ་བའི་ནད་སེལ་དང་ག་འབྱེད། །མིག་གསལ་རྨ་འབྲས་བད་ཀན་བཤིག་པར་བྱེད། །ཤ་ཀུན་ཕོ་མོའི་སྟོད་སྨད་ཕྱེད་ལྕི་སྟེ། །སྦྲུམ་མ་ཀུན་ལྕི་རྐང་བཞི་མོ་ཡི་ཡང༌། །བྱ་རྣམས་ཀུན་ནི་ཕོ་ཡི་ཡང་བ་ཡིན། །མགོ་དང་རོ་སྟོད་བྲང་རྒྱབ་དཔྱི་རྐེད་ལྕི། །ལུས་ཟུངས་བདུན་པོ་ཕྱི་མ་ཕྱི་མ་ལྕི། །ཤ་གསར་བསིལ་ཞིང་ཤ་རྙིང་དྲོ་ལ་བཅུད། །ལོ་ཤ་ཁྱད་པར་རླུང་གནོན་མེ་དྲོད་སྐྱེད། །རློན་པ་འཁྱགས་པོ་བསྲེགས་པ་འཇུ་དཀའ་ལྕི། །སྐམ་དང་བཙོས་པ་ཡང་ཞིང་འཇུ་བ་སླ། །སྣུམ་ནི་མར་དང་ཏིལ་མར་རྐང་མར་ཚིལ། །རོ་མངར་ཕྱི་མ་ལྕི་བསིལ་ཁོང་འཁྲུ་སྣུམ། །རྟུལ་དང་ཕྲ་ལ་མཉེན་ཞིང་རླན་པ་ཡིན། །རྒས་བྱིས་སྟོབས་ཆུང་སྦེག་རྩུབ་ཁུ་ཁྲག་ཟད། །སྦྱང་བྱས་སེམས་ལས་རླུང་གིས་ཉེན་ལ་བསྔགས། །དེ་ལ་མར་གསར་བསིལ་ཞིང་རོ་ཙ་ལ། །མདོག་སྟོབས་སྐྱེད་ཅིང་མཁྲིས་ཚད་སེལ་བར་བྱེད། །མར་རྙིང་སྨྱོ་དང་བརྗེད་བྱེད་བརྒྱལ་རྨ་འཚོ། །ཞུན་མར་བློ་རྣོ་དྲན་གསལ་དྲོད་སྟོབས་སྐྱེད། །ཚེ་འཕེལ་སྣུམ་པའི་མཆོག་སྟེ་ལས་སྟོང་བྱེད། །ཕྲུམ་གསར་སྤྲི་དང་ཕྱུར་བ་ལ་སོགས་པ། །དང་ག་ལེན་ཞིང་རྟུག་སྐམས་བད་ཀན་སེལ། །ཟོ་མར་བད་རླུང་སེལ་ཞིང་མེ་དྲོད་སྐྱེད། །འབྲི་དང་ལུག་མར་དེ་བཞིན་གྲང་རླུང་སེལ། །མཛོ་སྙོམས་བ་ར་བསིལ་བས་རླུང་ཚད་སེལ། །ཏིལ་མར་ཚ་རྣོ་སྐེམ་པོ་ཤ་སྐྱེད་ཅིང༌། །སྦོམ་པོ་འབྲི་ལ་མཁྲེགས་ཏེ་བད་རླུང་སེལ། །ཡུངས་མར་རླུང་གནོན་བད་མཁྲིས་སྐྱེད་པ་ཡིན། །རྐང་མར་རླུང་འཇོམས་ཁུ་སྟོབས་བད་ཀན་སྐྱེད། །ཚིལ་གྱིས་རུས་ཚིགས་ན་དང་མེས་འཚིག་དང༌། །རླུང་དང་རྣ་ཀླད་མངལ་ནད་སེལ་བར་བྱེད། །སྐྱེས་བུ་སྣུམ་ལ་བརྟེན་པར་བྱེད་པ་རྣམས། །ནང་གི་དྲོད་འབར་ཁོང་པ་དག་པ་དང༌། །ལུས་ཟུངས་འཕྲལ་བརྟས་སྟོབས་དང་མདོག་བཟང་ལྡན། །དབང་བརྟན་རྒས་སྲ་ལོ་བརྒྱ་ཐུབ་པར་བཤད། །སྔོ་ངད་སྒོག་བཙོང་ལ་སོགས་ཚ་བ་དང༌། །ཁུར་མངས་རྒྱ་ཁུར་ལ་སོགས་ཁ་བ་དང༌། །སྐམ་དང་གཤེར་བའི་གནས་སུ་སྐྱེས་པ་དང༌། །སྐམ་དང་རློན་པ་གཡོས་བྱས་རྗེན་པ་རྣམས། །དྲོ་ཡང་བསིལ་ལྕི་གྲང་བ་ཚད་ནད་སེལ། །བཙོང་སྒོག་གཉིད་འཕེལ་ཟས་ལེན་བད་རླུང་སེལ། །སྒོག་སྐྱ་ལྕི་བསིལ་སྲིན་ནད་ཚད་རླུང་སེལ། །ལ་ཕུག་གཞོན་ནུ་ཡང་དྲོ་མེ་དྲོད་སྐྱེད། །ནར་སོན་ལྕི་བསིལ་བད་ཀན་སྐྱེད་པར་བྱེད། །ཉུང་མ་དེ་བཞིན་དུག་ནད་མ་ལུས་བསྲུང༌། །རི་སྒོག་ཐམས་ཅད་འཇུ་དཀའ་ཟས་ལེན་ལྕི། །ལྕུམ་དང་ཆུ་ལོས་བད་ཀན་དང་ག་འབྱེད། །སྔོ་ཀུན་རྩ་སྒོ་འགག་ཅིང་སྨན་ནུས་འཇོམས། །དེ་ལ་གཡོས་སུ་བྱས་པའི་ཟས་སྡེ་ལ། །འབྲས་ཐུག་སླ་དང་སྐ་དང་གར་བ་དང༌། འབྲས་ཆན་རྣམས་ནི་སྔ་མ་སྔ་མ་ཡང༌། །སླ་བ་སྐོམ་རྨྱ་ཉེས་པ་ལྷག་མ་འཇོམས། །འཇུ་ཞིང་ཟུངས་སྙོམས་དྲོད་སྐྱེད་རྩ་སྦུབས་མཉེན། །སྐ་བ་དྲོད་སྐྱེད་བཀྲེས་སྐོམ་ཉམ་ཆུང་རྨྱ། །ནད་འཇུ་བྱེད་ཅིང་དྲི་མ་འགགས་པ་སེལ། །ཐུག་གར་འཁྲུ་གཅོད་ཡིད་འོང་སྐོམ་པ་སེལ། །དེ་ཕྱིར་རིམ་པས་ཉམ་ཆུང་ཁྲུས་རྗེས་བསྔགས། །འབྲས་ཆན་ལེགས་བཙོས་ཚ་བའི་སྨན་དང་བསྐོལ། ཡང་ཞིང་འཇུ་སླ་ཤ་ཁུ་འོ་བསྐོལ་ལྕི། །འབྲས་ཡོས་འཁྲུ་བ་གཅོད་དང་རུས་ཆག་སྦྱོར། །སྲུས་ཐུག་ནས་ཐུག་རྒྱུན་འགག་མེ་དྲོད་འཇོམས། །ཡོས་དྲལ་ཡང་ཞིང་འཇམ་དྲོ་ཕོ་བར་འཕྲོད། །རྩམ་པ་གྲང་མོ་སྟོབས་སྐྱེད་ལྕི་བ་ཡིན། །བཙོས་ཟན་ཡང་ལ་འཇམ་པས་འཇུ་བ་སླ། །ཁེངས་པོ་ཐམས་ཅད་ཕོ་བའི་མེ་དྲོད་འཇོམས། །ཨ་སྦྱར་འཇུ་སླ་སྟོབས་འཕྲོག་ཉེས་ཀུན་སེལ། །ཟན་ཆང་རླུང་སེལ་ཁོང་པའི་དྲོད་ལ་ཕན། །སྐྱུར་པོ་ཟས་ལེན་ཉེས་སེལ་སྙིགས་ཞབས་དམད། །ཤ་ཁུ་ཉམས་བརྟས་ཚིམ་བྱེད་རླུང་ལ་ཕན། །ཟན་སྐམ་ཚོད་མ་རླུང་ལ་མཆོག་ཏུ་བསྔགས། །ཟྭ་ཚོད་རླུང་འཇོམས་དྲོད་སྐྱེད་བད་མཁྲིས་སློང༌། །ལྕམ་པ་བེ་ཁུར་དྲོད་སྐྱེད་འཁྲུ་བ་གཅོད། །དྭ་ཚོད་རླུང་འཇོམས་རྨ་སྐེམ་བད་མཁྲིས་སྐྱེད། །སྣེ་ཚོད་མིག་ལ་གནོད་ཅིང་རྟུག་སྐམ་སེལ། །མོན་སྣེ་དམར་པོས་ཉེས་པ་གསུམ་ག་སེལ། །སྐྱབས་དང་ཁུར་ཚོད་བསིལ་ཏེ་ཚ་བ་སེལ། །སྔོ་སྒའི་ཚ་བ་མཁྲིས་ཚད་མགོ་ནད་སེལ། །སྲན་ཚོད་ཁ་ཟས་ལེན་ཞིང་བད་རླུང་སྐྱེད། །ལུས་ཀྱི་སྣུམ་འདོན་འབྲུ་མར་མ་ཞུ་སེལ། །ལོ་གསར་སྙོམས་ཤིང་བཤུར་བས་བད་རླུང་སྐྱེད། །ཡུངས་ཀར་ལོ་མ་བད་མཁྲིས་འཁྲུག་པར་བྱེད། །ལྕ་བ་ར་མཉེའི་ཚོད་མས་བད་རླུང་སེལ། །ལ་ཕུག་ཚ་བ་དྲོད་སྐྱེད་འཁྲུ་བ་གཅོད། །སྒོག་སྐྱ་སྒོག་སྔོན་ཚ་བ་རླུང་ལ་ཕན། །ལན་ཚྭས་ཁ་ཟས་ཀུན་གྱི་བྲོ་བ་སྐྱེད། །དྲོད་སྐྱེད་འཇུ་བ་སླ་ཞིང་བཤང་བ་འབྱིན། །གཡེར་མས་རྩ་སྒོ་འབྱེད་ཅིང་བད་རླུང་སྐྱེད། །སྒ་ཡིས་དྲོད་སྐྱེད་ཤིང་ཀུན་རླུང་ནད་འཇོམས། །སྤོད་ཀུན་ཟས་ཀྱི་བྲོ་སྐྱེད་ཡི་གར་འོང༌།།
བཏུང་བ་འོ་མ་ཆུ་དང་ཆང་ལ་སོགས། །རིམ་བཞིན་ནད་སེལ་ལྡོག་པས་དེ་རབ་སྐྱེད། །འོ་མ་ཕལ་ཆེར་རོ་དང་ཞུ་རྗེས་མངར། །སྣུམ་ལྕི་ཟུངས་འཕེལ་མདངས་སྐྱེད་རླུང་མཁྲིས་སེལ། །རོ་ཙ་བད་ཀན་སྐྱེད་བསིལ་ལྕི་བ་ཡིན། །བ་ཡི་འོ་མ་གློ་རྡོལ་གཅོང་ལ་ཕན། །རིམས་རྙིང་གཅིན་སྙི་ཡིད་གཞུངས་འཚོ་བྱེད་ཡིན། །ར་ཡི་འོ་མས་དབུགས་མི་བདེ་བ་སེལ། །ལུག་གི་འོ་མས་རླུང་འཇོམས་སྙིང་ལ་གནོད། །འབྲི་ཡི་འོ་མ་བད་མཁྲིས་ནད་ལ་གནོད། །རྟ་བོང་འོ་མ་གློ་གསོ་རྨོངས་པར་བྱེད། །འོ་རློན་ལྕི་བསིལ་སྲིན་དང་བད་ཀན་སྐྱེད། །བསྐོལ་ན་ཡང་དྲོ་བསྡུས་ན་འཇུ་དཀའ་ལྕི། །བཞོས་ཐོག་འོ་མ་དྲོན་མོ་བདུད་རྩིར་མཚུངས། །འོ་མ་སྙིང་པོ་བཏོན་པའི་ཞོ་སྐྱ་ཡིས། །མ་སྙོམས་རིམས་ཆམ་འགྲམས་འཁྲུགས་འཁྲུ་བ་སེལ། །ཞོ་ཀུན་རོ་དང་ཞུ་རྗེས་སྐྱུར་བསིལ་སྣུམ། །རྟུག་སྐེམ་རླུང་ཚད་སེལ་ཞིང་ཡི་ག་འབྱེད། །དར་གསར་བསྐ་སྐྱུར་ཡང་ཞིང་མེ་དྲོད་སྐྱེད། །སྐྲན་མཆེར་གཞང་འབྲུམ་མར་མ་ཞུ་བ་སེལ། །ཞོ་ཁ་ཆུ་འཁྲུ་བཤང་སླ་རྩ་སྦུབས་སྦྱོང༌། །ཕྱུར་ཁུས་རླུང་མཁྲིས་མི་སྐྱེད་བད་ཀན་སེལ། །ཞོ་བཙོས་རྟུག་སྐེམ་ཚད་པས་འཁྲུ་བ་སེལ། །དཀར་རྣམས་ལུག་དང་འབྲི་ཡི་དྲོ་ལ་བཅུད། །བ་ར་བསིལ་ཡང་མཛོ་ཡི་སྙོམས་པ་ཡིན། །ཆུ་ནི་ཆར་ཆུ་གངས་ཆུ་ཆུ་ཀླུང་ཆུ། །ཆུ་མིག་ཁྲོན་པ་བ་ཚ་ཤིང་གི་ཆུ། །རིམ་པས་དང་པོ་མཆོག་ཡིན་ཕྱི་མ་དམན། །མཁའ་ལས་འབབ་པ་རོ་མི་གསལ་ལ་ཞིམ། །འཚོ་ངོམས་བསིལ་ལ་ཡང་བས་བདུད་རྩིར་མཚུངས། །གངས་ཅན་ལས་བྱུང་ཤུགས་དྲག་བརྡབས་པའི་ཆུ། །ཤིན་ཏུ་བཟང་བསིལ་མེ་ཡིས་ཐུབ་པར་དཀའ། །བརྟན་གཡུང་སྲིན་བུ་རྐང་བམ་སྙིང་ནད་སྐྱེད། །ས་གཙང་ཉི་འོད་རླུང་གིས་ཕོག་པ་བཟང༌། །འདམ་རྫབ་ཉ་ལྕིབས་རྩ་ལོ་ཤིང་གྲིབ་ཕོག །བ་ཚ་སྲོག་ཆགས་ཁུ་བས་ཉེས་ཀུན་སྐྱེད། །ཆུ་བསིལ་བརྒྱལ་ངལ་ཆང་ནད་མགོ་འཁོར་སྐྱུག །སྐོམ་དད་ལུས་ཚ་ཁྲག་མཁྲིས་དུག་ནད་སེལ། །ཆུ་སྐོལ་དྲོད་སྐྱེད་ཟས་འཇུ་སྐྱིགས་བུ་སེལ། །བད་ཀན་ལྟོ་སྦོས་དབུགས་མི་བདེ་བ་དང༌། །ཆམ་པ་རིམས་གསར་འཕྲལ་དུ་ཟློག་པར་བྱེད། །བསྐོལ་གྲང་བད་ཀན་མི་སྐྱེད་མཁྲིས་པ་སེལ། །ཞག་གཅིག་ལོན་ནས་དུག་འདྲ་ཉེས་ཀུན་སྐྱེད། །ཆང་ནི་མངར་སྐྱུར་ཁ་ལ་ཞུ་རྗེས་སྐྱུར། །རྣོ་དྲོ་རྩུབ་ཕྲ་ཅུང་ཟད་ཐུར་དུ་འཁྲུ། དྲོད་འབར་སྤོབས་སྐྱེད་གཉིད་འཕེལ་བད་རླུང་སེལ། །ཐལ་དྲགས་སེམས་བསྒྱུར་བག་མེད་ངོ་ཚ་འཇིག །ར་རོ་དང་པོ་བག་མེད་གནས་ལ་གནས། །རྣམ་རྟོག་ངན་བཅོམ་བདེ་བ་ཡིན་སྙམ་སེམས། །ར་རོ་གཉིས་པ་གླང་ཆེན་སྨྱོན་པ་ལྟར། །ཁ་ན་མ་ཐོ་ཚུལ་ཁྲིམས་འཆལ་བའི་གནས། །ར་རོ་ཐ་མ་སེམས་མེད་རོ་ལྟར་ཉལ། །གང་ཡང་མི་ཤེས་མུན་པའི་གནས་སུ་འགྱུར། །གསར་པ་ལྕི་ཞིང་རྙིང་པ་ཡང་བ་ཡིན། །གསར་འཇམ་ཕོ་བའི་དྲོད་སྐྱེད་འཇུ་བ་སླ། །གྲོ་ཆང་འབྲས་ཆང་ནས་ཆང་གོང་མ་ལྕི། །སོ་བ་སྲེ་ད་ཡོས་ཆང་ཡང་བ་ཡིན། །ཚ་ནི་ཁྲག་མཁྲིས་བད་ཀན་སེལ་བར་བྱེད། །ཅེས་གསུངས་སོ།།
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཟས་ཀྱི་ཚུལ་ཤེས་པར་བྱ་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།
མཐའ་མའི་འདོན་ཐེངས་།: 14.12.2022 ཉིན། 10:13 AM
<< སྔ་མ།