སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་བཅུ་དྲུག་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་བཅུ་དྲུག་པ། དུག་གསོ་བྱེད་བདུད་རྩི་འཕེལ་བྱེད།

ཨོཾ་སྭསྟི་སིདྡྷཾ། ཨོྃ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་མ་ལ་ཕྱག་འཚལ་ལོ། །དུག་གསོ་བྱེད་བདུད་རྩི་འཕེལ་བྱེད་འདི་ལ། དང་པོ་ཡིན་མིན་བརྟག་པ་ནི། མིག་སྤྲིན་སེར་ལ་ནག་པོའི་ཐིག་ལེ་འོང་། དེ་ནང་གཞན་ལ་འོང་བས། རྐེད་པ་མན་ཆད་ཆུ་རུ་བཅུག་པས། དར་གཅིག་ནས་ཕྱུང་ལ་མེ་ལ་བསྲོས་པས་ཐམས་ཅད་ནག་པོར་སོང་ན་ཡིན། སོའི་རྩ་བ་དང་། སེན་མོ་མདོག་མི་གཅིག་པ་དང་། རྙིལ་དང་སོ་སོར་འབྱེ་བ་འོང་། དེ་ལ་ཉའི་ཤ་བསྲེགས་ནས་ཟོས་པའི་བརྩེ་ན་ཡིན། སེན་མོའི་མདོག་མ་གྲུགས། སེན་མོ་དམར་པོ་ལ་ནག་པོ་འམ། སྔོན་པོའམ། སེར་པོའི་སྤུ་རིས་འབྱུང་། དེ་ལ་ལུས་པོ་ཐམསཅད་ལ་ར་ཁྲག་བྱུག་པས། སེན་མོ་ཐམས་ཅད་མདོག་ནག་པོར་གྱུར་ན་ཡིན། ཤ་མདོག་ཉམས་ནས་སྔར་བས་སྔོ་ལ་རློག་པུ་ཅན་དུ་འོང་། དེ་ལ་ལུས་པོ་ལ་ལུག་གི་སློས་བྱུགས་ལ། པགས་རློན་གྱིས་དཀྲིས་པས་ནག་པོའམ། སྔོན་མོའམ། སེར་པོའི་རི་མི་བྱུང་ན་ཡིན། ལྕེའི་ལོགས་སམ་སྟེང་དུ་མདོག་མི་གཅིག་པའི་ཐིག་ལེའམ། སྤུ་ཤད་ལྟ་བུ་འབྱུང་། དེ་ལ་རྩ་གཉིས་གཏར་ལ་ཁྲག་དང་ཆུ་རྩ་གཉིས་ཆང་ལ་བཏབ་སྟེ། དེ་བསྐོལ་ནས་ལྕེ་ཐམས་ཅད་སྔོན་པོར་སོང་ན་ཡིན། ཆུ་གཙང་གི་ནང་དུ་ན་བ་དང་། མི་ན་བའི་མཆིལ་མ་བཏབ་པས། ན་བའི་གཏིང་དུ་འགྲོའོ། །མི་ན་བའི་ཁ་རུ་འོང་། ནད་པའི་དྲི་ཆུ་དྲོན་མོ་ལ་ན་བ་དང་། མི་ན་པའི་སྐྲ་དུས་གཅིག་བཅུག་པས། ན་བའི་སྐྲ་ཚིགས་ནས་ཕོས་ཕོས་ཆད། ཀྱག་ཀྱོག་དུ་འགྲོ། མི་ན་བ་སྔར་བཞིན་འོང་ངོ་། །མཁར་སྒོང་བསྲེགས་པ་ལ། ན་བ་དང་། མི་ན་བའི་མཆིལ་མ་བསྐྱུར་པས། ན་བའི་མཆིལ་མའི་ཐལ་བ་ནག་པོར་འོང་། མི་ན་བའི་དཀར་པོར་འོང་། ལྡུམ་བུ་རེ་རེལ་ཚུམ་གཅིག་ཞིབ་པར་བཏགས་ལ་འོ་མ་ལ་བཏབ་ལ། ཁོང་དུ་བཏང་བའི་ནད་ཚབས་ཆེ་ན་སྐྱུག་གོ། ཆུང་ན་སྐྱུགས་ལོག མི་ན་བ་ལ་བཏང་ན་ཅི་ཡང་མི་འོང་། ཁོང་ན་དུག་ཡོད་ན་དྲི་ཆུ་དུད་ཁུ་མཐའ་སྐྱ་འོང་། སྙིང་མི་དགའ། ཚིག་པ་ཟ། སྔར་མི་འོང་བར་རྔུལ་སྐབས་སུ་ཡོང་། རྐང་ལག་ལ་བཙུགས་ན་བརྩེ། གམ་མིག་མི་མཐོང་། རྒྱང་མིག་མི་གསལ། ལྕེས་ཟས་ཀྱི་རོ་མི་ཚོར། མཆུ་སྦྲིད། གྲེ་བ་ཚ། ཚིགས་བཞི་སྦྲིད་ཅིང་ཁོལ། གསར་རྙིང་གང་ཡིན་ཀྱང་དང་ག་འགགས། སྒྱིད་པ་སྐྱུར། ཆ་ཡིས་ཉམས་ལྕི། གཉིད་ཆེ། སེམས་ལ་མེ་དང་ཉི་མ་འདོད་དེ་འདུག་ན་མེ་དང་ཉི་མ་ལ་མི་ཚུགས་པར་གྲིབ་མ་འདོད་དེ། གྲིབ་མ་ལ་ཡང་མི་ཚུགས། ཡུལ་སྡུག་པ་མཐོང་ཡང་མཚན་མ་མི་ལྡང་། རོ་ཙ་བ་མེད། གསར་རྙིང་གང་ཡིན་ཀྱང་སྐབས་སུ་མིག་མི་གསལ། མཆིན་པ་དུག་གི་ཞང་པོ་ཡིན་པས་གཙོ་བོར་ན་བ་འོང་། དེ་ལ་བབས་ན་བཅོས་པ་ཡང་དཀའ། བྱུང་མ་ཐག་མགོ་དང་ཕོ་བ་ན། འཁྲུ་སྐྱུག་གང་ཡིན་གཅིག་བྱེད་ཉེན་ཡོད། སྔར་ནས་ཡོད་པ་ནད་གཞི་གང་རུང་དང་བསྡོངས། ཕྱི་རྟགས་སུ་དུག་གསར་པ་ཡིན་ན། དབུག་ཤིན་ཏུ་མི་བདེ། དུག་རྙིང་པ་ཡིན་ན་གློ་ཆུང་འོང་། ཁ་མཆིལ་མར་སྐྱུར་རྙིང་འདོད། ཁྱད་པར་གྱི་རྟགས་འདི་ཡིན་ཏེ། འབྲུམ་པ་དམར་པོ་ལུས་ལ་གཏམས་བྱུང་ནས་རེས་ཞི། རེས་འོང་བྱེད་ན་སྨིན་པའི་རྟགས་ཡིན་པས། གསོ་མི་རུང་། དེ་ལ་སྨན་མི་གཏང་ངོ་། །གཞན་གོང་གི་རྟགས་རྣམས་དང་། ཐོར་བུ་བག་ཙམ་བད་ཀན་ལ་སོགས་ནད་གཞན་ལ་ཡང་འབྱུང་བ་ཡོད་པས་རྟགས་འདི་རྣམས་ཕལ་ཆེར་བྱུང་ན་དུག་ཡིན་ནོ། །ཡིན་ངེས་པའི་རྟགས་ནི། དངུལ་ར་མེད་པ་ལ་བུག་པ་ཕུག སྐུད་པ་བཏགས་ལ་ཁར་བཞག ནུབ་གཅིག་བཞག་པས་ཤིན་ཏུ་ནག་ཅིང་། སྣག་ཚ་བཟང་པོ་བཞིན་ཏུ་འགྱུར་ཏེ། དེ་དྲག་ཏུ་ཕྱིས་ན་མེད་པར་འགྱུར་རོ། །ཕྱི་བ་དཀའ་ན་འཚོ་བ་དཀའ་བ་ཡིན། ཡང་ཁྱད་པར་གྱི་རྟགས་ནི། རྨ་བྱའི་མདོངས་མར་ལ་བཏུམས་ཏེ། མིད་པས་དུག་ཡིན་ཀྱང་ཡིན་ལ་བཅོས་ཀྱང་མི་བཏུབ་ན་རུལ་ནས་འགྲོའོ། །དེ་ལ་མི་འཇུག་གོ། ཚབས་ཆེ་ན་རི་མོ་ཡལ་ནས་འགྲོ། དེ་ལ་སྨན་དང་སྟོབས་འདྲེན། ཚབས་ཆུང་ན་གཡའ་ཡལ་ཙམ་འབྱུང་། བཅོས་ཀ་གཞུང་དང་མཐུན་ནོ། །ཁོང་ན་དུག་མེད་ན་ཁོང་ན་ཚད་པ་ལ་སོགས་ཇི་ལྟར་ཡོད་ཀྱང་རི་མོ་ས་ལེའང་། དེ་ལ་བཅོས་ཀ་ཡང་མི་དགོས་སོ། །ཡང་ནད་པ་རང་གི་དྲི་ཆུ་བར་མ་ལ་མུར་གོང་གི་སྐྲ་ཕྱི་ལ་གཞུག དུག་ཡིན་ན་རྒྱུས་པ་ཐབས་སུ་བཅུག་པ་བཞིན་འགྲོའོ། །མི་འཚོ་བའི་རྟགས་ནི། དབུགས་འཐུང་ལ་ཕྲག་པ་གཉིས་ལ་འབྲུམ་པ་ནག་པོ་འབྱུང་བ་དང་། ལུས་ལ་འབྲུམ་པ་དམར་པོ་བྱུང་ནས། དེ་ནས་ནག་པོར་འགྱུར་བ་དང་། སོར་མོ་རྣམས་ལ་ཚེར་མ་ཟུག་པ་སྙམ་བྱེད་པའི་འབྲུམ་པ་འབྱུང་། དྲི་ཆེན་དང་དྲི་ཆུ་ཡང་ནས་ཡང་དུ་སྡོམ་པར་བྱེད་པ་རྣམས་ནི་གསོ་མི་རུང་ངོ་། །ཡང་ཁ་ཅིག་ལ་རྟགས་དེ་དག་མེད་ཀྱང་། ཤ་རུས་མིག་ཏུ་སོང་སྟེ། ལུས་ཟུངས་ཟད་ན་གསོ་མི་རུང་བ་ཡིན་ནོ། །རྟགས་གོང་མ་རྣམས་གང་བྱུང་ཡང་གསོ་བར་བྱ་སྟེ། དང་པོ་བསོད་ནམས་ཀྱི་ཚོགས་བསག གདོན་བཅོས་ལ་སོགས་བྱའོ། །དེ་ལ་དུག་ལུས་གང་ལ་ཁྱབ་ཀྱང་ཕོ་བར་བསྡུ་བའི་མན་ངག་ལ། སྔ་དྲོའི་ཟས་ལ་ནན་ཏན་བསྐྱེད། ལྟོ་སྟོང་ལ་ཨ་རུའི་ཐང་ཞག་བདུན་ལ་སོགས་པར་བཏང་། དེ་ནས་སུམ་ཡར་དུ་གཏང་། སྤྱོད་ལམ་ནི། མེ་དང་ཉི་མ་བུད་མེད། ངལ་དུབ། སྨྲ་བ་མང་པོ་རྣམས་བསྲུང་། སྨན་གཏང་བའི་དུས་སུ་བུད་མེད་ཀྱིས་མཐོང་དུ་ཡང་མི་རུང་། ཟས་དཀར་གསུམ་མཐའ་དག་སྤང་། ཉ་ཤ་དང་། རི་བོང་གི་ཤ་དང་། བཤུལ་ཚག་ཀྱི་ཤ་རྣམས་སྤང་། ཕོ་བ་ན་ཧྲིལ་ཧྲིལ་བྱུང་ན་ཨ་རུ་རའི་ཐང་མ་ཞུ་བ་ཡིན་པས་འཕྲོ་བཅད། ཆང་གསར་པ་དང་། ཤ་གསར་པ་ཉམས་དང་སྦྱར་ལ་བཏང་། དེ་ཡང་ཆང་མང་ན་མི་དགའོ། །དེ་ནི་སྨན་གྱིས་གཞི་བཟུང་ཞིང་། ནད་བསྡུ་བའི་མན་ངག་ཡང་དག་པའོ། །དངོས་གཞིའི་སྨན་ནི། ཟངས་མ་བཟང་པོ་སྒོང་ཤུན་ཙམ་དུ་སླེབས་པ། མུ་ཟི་དྲི་ཆུས་ལྡེ་གུ་བྱས་ལ་དེ་ལ་བྱུག ལུགས་ཕོར་དུ་བླུགས་ལ། ཁ་ལྕི་བས་ལེགས་པར་བཅད་དོ། །སྦུད་པའི་སོལ་མེས་ལེགས་པར་བཞུ་བ་དེ་ལེགས་པར་བཏགས་ཏེ། དེ་ནས་ཆུ་བྲེ་གང་ལ། ཨ་རུ་ར་བཅུ་གཅིག་ལེགས་པར་སྦངས་ཏེ། དེ་མེ་མི་ཆེ་བས་བསྐོལ། བ་ཆུ་ཅུང་ཟད་བསྐམས་ཙ་ན། བ་ཆུ་རིམ་གྱིས་བསྣན། ཨ་རུ་རའི་རྡོག་པོ་རིམ་གྱིས་བཏོན་ཏེ། ཁབ་ཀྱིས་བཙགས་པས་ཁུ་བ་རྣམས་ཅི་མྱུར་གྱིས་ཐོན་ནས་འོང་། དེའི་ཁུ་བ་ཁྱོར་རེ་ལ་ཟངས་ཐལ་གསེར་ཞོ་རེའི་བུངས་ཙམ་རེ་ལྟོ་སྟོང་ལ་གཏང་། དེ་ནས་ཀ་ར་དུམ་རེ་མུར་རོ། །དེས་དུག་དམུ་ཆུར་སོང་བ་ལ་ནི་དམུ་ཆུའི་འཕྲུལ་ཚགས་སུ་འགྱུར་རོ། །ལྟོ་སྟོང་ལ་བཏང་བས་ཞག་བདུན་གྱིས་ངེས་པར་དུག་ནད་སེལ་ལོ། །རྗེས་ལ་བཅུད་གལ་ཆེའོ། །མི་དེའི་དང་པོ་ནས་ནད་གཞིའི་བྱེ་བྲག་ཤེས་པར་བྱ་སྟེ། བད་ཀན་དང་ཁྲག་ཤས་ཆེ་ན། བ་ཟལ་ཚགས་ཀྱི་ཆུ་ལ་སྦྱར། རླུང་ཤས་ཆེ་ན་ཆང་ལ་སྦྱར། མཁྲིས་པ་ཤས་ཆེ་ན་བ་ནག་པོའི་ཆུ་ལ་སྦྱར། གང་གང་ངོས་མ་ཟིན་ན། བསྲེས་ལ་གཏང་ངོ་། །ཁྱད་པར་མཆོག་ཏུ་གྱུར་པའི་སྦྱོར་བའོ། །དེ་ནས་ལུས་ཡང་བ་དང་ངག་བདེ་བར་འགྱུར་རོ། །ལུས་ཀྱི་རྔུལ་ཆད། བྱ་བ་གང་ལ་ཡང་རང་གིས་ནུས་པ་སྙམ་བྱེད་ན་སྨན་ཟུག་པ་ཡིན་པས་རྔུལ་གདོན་པར་བྱའོ། །སྨན་བུངས་ཅི་ཙམ་སྦྱོར་པའི་རྒྱ་སྣེའུ་དང་། ཀ་ཤོ་ཀན་དྷ་(ཨཤྭགནྡྷ་)དང་ཆ་སྙམས། དུད་པ་རྒྱ་སྣེའུའི་སུམ་ཆ་ཙམ་གཏང་། དེ་དང་མཉམ་པའི་གུ་གུལ་ནག་པོ། དེ་རྣམས་བ་ཆུ་ལ་ཞིབ་པར་སྦྱར་ལ། རིལ་བུ་སྲན་མ་ཆེ་ཤོས་ཙམ་བྱ། དེ་ནས་མི་དེ་དང་པོ་ནས། ནད་གཞི་ཁྲག་དང་མཁྲིས་པ་ཤས་ཆེ་བ་ན། བ་ཟལ་ཚགས་ཀྱི་ཆུ་ཁྱོར་བ་གང་ལ་རིལ་བུ་བདུན་ནམ་བཅུ་གཅིག་སྲོད་ལ་སྦྱར་ལ་ནུབ་མོ་མལ་དྲོན་མོར་བྱིབས་ལ་བཞག ཐོ་རངས་ཁོང་དུ་གཏང་ལ་མལ་བདེ་བར་ཉལ། ཐོག་ནས་མལ་ཆ་དྲོ་ལ་ཡང་བས་བྱིབས་པས་རྔུལ་མང་དུ་དབྱུང་། ཟུག་གཟེར་བྱུང་ན་སོས་པ་ཡིན་པས་གངས་ཆུ་ཟུག་ཚད་བཏུང་། དེས་ཞི་བར་འགྱུར། རྔུལ་འཐོན་པ་དང་། ཕྱེ་འཐོར་ལ་དྲིལ་བར་བྱའོ། །དེའི་ཉིན་པར་རང་ནས་བདེ་ཞིང་ཡང་བར་ཚོར་བར་འགྱུར་རོ། །བད་རླུང་ཤས་ཆེ་ན་ཆང་གི་རྟ་ལ་གཏང་། གོང་དང་འདྲ། དེ་ནས་ནང་གཅིག་མི་བཏང་བར་ངལ་བསོ། ཡང་གཏང་ངོ་། དེ་ལྟ་བུ་ལན་བདུན་ནམ་བཅུ་གཅིག་གིས་ཅི་ལྟར་ན་ཡང་ཆ་ཕྱེད་ཅིང་སོས་པར་འགྱུར་རོ། །རྗེས་ནི་བཅུད་ཀྱིས་གསོས་ཏེ། ཆང་འཇམ་པོ་རན་པ་དང་། ཤ་གསར་པ་འཇུ་མི་འཇུ་བརྟག་ལ་གཏང་ངོ་། །དུས་ཐམས་ཅད་ལ་གཏར་ག་དང་། མེ་བཙའ་དང་དྲག་ཤུལ་གྱི་ལས་སྤོང་། མཐར་ནད་དེ་རྣམས་དག་པར་མ་གྱུར་ན། དུག་རོ་འདོན་པ་བདུད་རྩིའི་བཅུད། བྲག་ཞུན་གྱི་སྦྱོར་བ་ནི། བྲག་ཞུན་ལེགས་པར་བཏུལ་ལ། དང་པོ་རིལ་མ་ཙམ་རེ་ལྟོ་སྟོང་གཏང་། བཏུང་བ་ཅུང་ཞིའི་ཆུས་བྱའོ། །དེ་ལྟ་བུ་ཟླ་ཕྱེད་ཆུན་ཆད་ཀྱི་དུག་ལས་གྱུར་པའི་ནད་མ་ལུས་པ་སེལ་བར་འགྱུར་རོ། །དེ་བསྟེན་པར་བྱ་བའི་ཡན་ལག་ནད་སོས་ནས། ལོ་དུས་ཚུན་ཆད། རི་བོང་ལ་སོགས་བཤུལ་ཆགས་ཀྱི་ཤ་ཐམས་ཅད་སྤང་། མེ་ཚན་དང་ཉི་ཚན་སྤང་། ཁྱེད་པར་དུ་རྟ་ཞོན་པ་སྤང་། ལུས་པོ་དྲོ་བར་བྱས་པས་དུས་ངེས་པ་མེད་པར་བཅག་གོ། ཁྱད་པར་མཆོག་ཏུ་གྱུར་པའི་མན་ངག་གོ། གསོ་དཔྱད་བདུད་རྩིའི་ཐིགས་པ་ལས། དུག་གསོ་བའི་མན་ངག་བདུད་རྩི་འཕེལ་བྱེད་ཅེས་བྱ་བའི་ལེའུ་རྫོགས་སོ། །ས་མཱ་པྟ་མིཐི།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 11:10 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།