ལེའུ་བཅུ་དགུ་པ། སྦྱོངས་ཀྱི་ལོག་གནོན་རྩ་སྦྱོངས། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.12.2022 |
ཕྱི་མ་རྒྱུད། >> ལེའུ་བཅུ་དགུ་པ། སྦྱོངས་ཀྱི་ལོག་གནོན་རྩ་སྦྱོངས། |
ལེའུ་བཅུ་དགུ་པ། སྦྱོངས་ཀྱི་ལོག་གནོན་རྩ་སྦྱོངས།
དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །སྦྱོངས་ཀྱི་ལོག་གནོན་རྩ་སྦྱོངས་བསྟན་པ་ལ། །སྔོན་འགྲོ་དངོས་གཞི་རྗེས་དང་ཕན་ཡོན་ནོ།།
སྔོན་འགྲོ་ཉེ་དང་རིང་བ་རྣམ་པ་གཉིས། །རིང་བ་ནད་གང་ཡིན་པའི་གཉེན་པོ་དང༌། །འབྲས་གསུམ་ཆ་མཉམ་བསྡུས་ཐང་དགོང་དུས་བཏང༌། །བྱིས་པ་དགེ་སློང་མཁལ་ནད་ཡོད་པ་ལ། །ད་བྱིད་བརྒྱད་སྦྱོར་ཕྱེ་མས་རྩ་ལམ་སྦྱང༌། །ཉེ་བ་གཟའ་སྐར་ཚེས་གྲངས་བཟང་བ་ལ། །མཁན་པ་སྤང་མ་ཆུ་འཇམ་བསྲོས་པ་ཡིས། །ལུས་ཀུན་དག་པར་བཀྲུས་རྗེས་རྩི་མར་དང༌། །འབྲུ་མར་སྤང་སྤོས་སྦྱར་བས་ལུས་ཀུན་བྱུག །ཁྱད་པར་སྤྱི་གཙུག་མཚན་ལྤགས་ཚིགས་རྣམས་མཉེ། །གཡེར་མ་ཉི་དགའི་ཐང་གིས་རྩ་ཁ་དབྱེ། །ཕོ་མོ་སྤྲད་དང་ར་ཡི་ཝ་གདོང་དང༌། །ཉི་དགའི་འདབ་ཚོད་ཚྭ་གཡེར་བཏབ་པ་བཏང༌།།
དངོས་གཞི་སྣ་སེལ་མདུང་སྨན་བྱང་པ་དང༌། །སྦྱར་ཚད་སྣ་ཁྲིད་བཏང་ཐབས་ཐེབས་པའི་རྟགས། །ལྕག་དང་ལོག་གནོན་རྣམ་པ་དགུ་ཡིས་བསྟན། །སྣ་སེལ་སུག་སྨེལ་སྡིག་སྲིན་རྩ་ཁུ་བྱུག །ཉི་དགའ་ཚ་གྲང་རྟས་བསྒྱུར་མྱུར་དུ་འབིགས། །མདུང་སྨན་རྒྱ་ཚྭ་ལི་ཤི་སྡིག་སྲིན་མཚལ། །ལྕམ་པ་གོང་གི་རྟ་སྦྱར་ནད་སློང་འཁྲུག །བྱང་པའི་ཆོ་ག་དང་པོ་བཟང་ངན་བརྟག །དུག་དབྱུང་འཇམ་བཙལ་ཟུག་ཆུང་ནད་འདྲོངས་ཆེ། །བཟང་བ་དམར་ཁྲ་སྐྱི་ཚེར་སྲད་གསེབ་གནས། །ཐན་ཆེ་སྟོན་སེར་གྲིར་ཤི་བཟང་བ་ཡིན། །ངན་པ་སེར་ཁྲ་ཡོག་མོ་ལོ་གསེབ་གནས། །ཆར་ཆེ་ནམ་གཞུག་ཆད་དུས་ཤི་བ་ངན། །དུག་ནི་བར་གཤོག་དཀར་པོ་ཟུག་ཆེ་དབྱུང༌། །འཇམ་བཙལ་བ་ནི་སྦུར་མགྱོགས་གྲོགས་དང་སྡེབ། །དེ་མ་འཛོམ་ན་ཆ་གའི་མགོ་བོ་བཏང༌། །ཡང་ན་ཡོས་སམ་དྲི་ཆུར་བཏུལ་བ་ཤིས། །བྱང་པ་མགོ་རྐང་ཆད་ན་ནད་འདྲོངས་ཆུང༌། །བཟང་ཞིང་མགོ་རྐང་ཚང་ན་བཅུ་གཅིག་དང༌། །ངན་རྙིང་མགོ་རྐང་མེད་ན་བཅུ་བདུན་བཏང༌། །སྦྱར་ཚད་བྱང་པ་རྒྱ་ཚྭ་སྡིག་སྲིན་མཚལ། །གུར་ཀུམ་ཧ་ཤིག་དར་ཚུར་རྩི་བཞིན་བཏགས། །ཆང་གི་རིལ་བུ་སྲན་འཕོས་ཙམ་དུ་དྲིལ། །ཡང་ན་རྒྱ་རུ་བྱ་མ་བྱི་རུས་དང༌། །བྱི་བཟུང་འོལ་མོ་སེ་དང་རྣོན་པོ་གསུམ། །སུག་སྨེལ་མཚལ་གྱི་རིལ་བུས་རྩ་ནད་སྦྱོང༌། །སྣ་ཁྲིད་གློ་སྙིང་མཆིན་མཆེར་མཁལ་མ་དང༌། །དུག་དང་ཆུ་སེར་ནད་ལ་སོགས་པ་ཡིས། །གང་ཤིས་སྨན་དང་བསྡེབས་པས་ནད་ཐོག་འཁྲིད། །ཡང་ན་མདུང་བའི་སྨན་དང་སྦྱར་ལ་བཏང༌། །བཏང་ཐབས་དགོང་མོ་ཉི་དགའི་འདབ་ཚོད་བཏང༌། །སྲོད་འཁོར་སྣ་སེལ་ནམ་དགུང་མདུང་སྨན་བཏང༌། །ཐོ་རངས་དུས་ན་རྩ་སྦྱོངས་རིལ་བུ་དགུ། ཚ་གྲང་སྦྱར་བའི་རྟ་ཡིས་འཕུལ་ལ་བཏང༌། །ཉི་ཤར་དུས་སུ་ཕལ་ཆེར་ཐེབས་པ་ཡིན། །དེ་དུས་མ་ཐེབས་རིལ་བུ་བདུན་བསྣན་བཏང༌། །ནམ་ཐེབས་དུས་ན་རིལ་བུ་ལྔ་ལྔ་ཡིས། །སྔ་མ་ཞུ་ཞིང་ཕྱི་མ་བསྟེན་པར་བྱ། །དེ་ལྟར་རིལ་བུ་ཐུབས་སུ་བཅད་བཏང་བས། །བྱང་པའི་དུག་ནད་དུས་གཅིག་མི་འབྱུང་སྟེ། །ནད་པ་ཟུག་ཆུང་འགགས་པའི་དོགས་པ་མེད། །ཡང་ཡང་མནན་པས་མི་ཐེབས་མི་སྲིད་ཅིང༌། །འདྲོངས་ཆེར་འབྱུང་བའི་མ་འདྲོངས་བར་དུ་བཏང༌། །དེ་ལྟར་མི་ཤེས་རིལ་བུ་དུས་གཅིག་བཏང༌། །བྱང་པའི་དུག་ལངས་ཆུ་སེར་དུས་གཅིག་འཕུལ། །ཆུ་འགགས་ཟུག་ཆེ་རང་སྡུག་འཆི་ཡང་སྲིད། །ཐེབས་རྟགས་ལུས་སྦྲིད་ནད་གང་ཡོད་སར་ན། །རྒྱུ་ཞབས་ཚ་རུམ་མཚན་མ་ཚ་ཞིང་འགྲེང༌། །ཆུ་ངན་ཐིགས་པ་ཐོན་དཀའ་ཡང་ཡང་འབྱུང༌། །ལྕག་ཏུ་དེ་དུས་སིངས་པོ་གསར་གླེག་གིས། །ཡང་ཡང་བསྐུལ་བས་རྩ་ལམ་ཆུ་ལམ་འདག །ཚ་བ་ཤས་ཆེ་ཇའམ་ཆུར་ཁུ་བཏང༌། །ནད་ཞེན་ཆེ་ན་སྐབས་སུ་མདུང་སྨན་སྤེལ། །གང་ནར་རྡེའུ་ཆང་བྲན་བསྲོས་པས་བདུག །སང་སེང་རྐང་པ་མི་རྐྱང་དྲོད་ལ་བསྒོར། །དེ་ལྟར་ལུས་མ་གྲང་པར་དུགས་བསྟེན་བྱ། །རྩ་ཁྲུས་མི་ཆད་ནད་འདག་ཐེ་ཚོམ་མེད། །ལུས་གྲང་ཆུ་སེར་འགྱིངས་ན་ནད་མི་ཐོན། །ཟུག་ཆེ་ལྕག་མ་བྲབས་ན་ནད་མི་འབྱོངས། །དེ་ཕྱིར་ལྕག་དང་དྲོ་བ་ཤིན་ཏུ་གཅེས། །སྣོད་གཅིག་མཚན་མའི་འོག་ཏུ་རྒྱུན་དུ་བཟེད། །སྐབས་སུ་སྔས་ཁར་ཕྲུ་བའི་ནང་དུ་བསག །སེར་པོ་སྨུག་པོ་རྣག་ཁྲག་སྤུ་སོགས་འབྱུང༌། །ནད་འདྲོངས་སྨན་འཕྲོ་བཅད་ལ་ལྕག་འགའ་བརྡེག །ལོག་གནོན་དྲུག་སྟེ་རྒལ་པ་མནན་པ་དང༌། །སྟོར་བ་བཙལ་དང་འགྱིངས་པ་དྲང་བ་དང༌། །གཟེར་བ་བཅག་དང་འགགས་བསལ་འབྱམས་པ་གཅོད། །མ་ཐེབས་སྐྱུག་ན་མནན་ཐབས་བཤལ་དང་འདྲ། །སྟོར་ནས་ཅི་ཡང་མེད་ན་དེ་རྒྱུ་གདོན། །སོ་རྙིངས་གདུལ་དྲགས་ཐུན་ཆུང་སྨན་རྟ་ལོག །གང་ཡིན་དེ་ཡི་གཉེན་པོས་སྟོར་བ་བཙལ། །འགྱིངས་ནས་ཕོ་བ་རྫིངས་ན་བསྐུ་མཉེ་དུགས། །ཆུ་སྐོལ་ལོ་བརྒྱད་དྲི་ཆུ་ཐེངས་འགའ་བཏུང༌། །རྒྱུ་ཞབས་མཚན་མ་ཟུག་ཆེ་དུགས་གྱིས་བསྲོ། །དེས་མ་ཆོགས་ན་ཆུ་སེར་འགྱིངས་པ་ཡིན། །རྒྱ་ཚྭ་སྡིག་སྲིན་དྲོད་སྨན་ཆང་སྦྱར་བཏང༌། །ཡང་ན་དྭ་ཚ་མར་གསར་རིལ་བུ་མིད། །དེས་མ་ཆོགས་ན་བྱང་པ་རྩུབ་པ་ཡིན། །ཆ་གའི་མགོ་བོ་གསུམ་དང་སྦུར་འགྱོགས་དང༌། །བོང་ང་དཀར་པོ་ཆང་དང་སྦྱར་ལ་བཏང༌། །མ་ཆོགས་རླུང་ཡིན་རུས་རྙིང་ཚ་བ་བཏུང༌། །དེ་དག་རྣམས་ཀྱིས་མི་ཆོགས་ག་ལ་སྲིད། །འགགས་ན་ས་བོན་འཁར་དང་སྤུ་འཐུམས་འཆེས། །ཁྲག་ཤ་རྡེལ་འགགས་མཚན་མ་མཉེ་ཞིང་བཞོ། །མ་ཕན་རྒྱ་ཚྭ་རུ་རྟ་ཤུ་དག་དང༌། །ཕོ་བ་རིས་ཁུ་གཅེ་འུས་ལྒང་པར་བསྐྱལ། །འབྱམས་པ་ལུས་སྟོབས་བཟང་ན་མི་བཅད་བཞག །བཅད་དགོས་ཚོས་ཁུར་དོམ་མཁྲིས་བཏབ་ལ་བཏང༌། །མ་ཆོད་དྲི་ཆུ་རང་ལོག་དོམ་མཁྲིས་བཅད།།
རྗེས་གཅོད་གྲང་བ་ཤས་ཆེ་གསར་འཇམ་དང༌། །ལུག་ཤའི་ཚོ་ཁུ་ཟན་དྲོན་རིམ་བསྐྱེད་བཏང༌། །ཚ་བ་ཤས་ཆེ་སྐོམ་ཤའི་ཚོ་ཁུ་དང༌། །བསྐོལ་གྲང་ཆུ་དང་ཆབ་ཚ་ཟན་དྲོན་བཏང༌། །མ་གྲང་བཅད་ཅིང་ཟླ་ཕྱེད་ཟས་སྤྱོད་གཟབ།།
ཕན་ཡོན་སྨན་དང་ནད་དུ་ཤེས་པར་བྱ། །དང་པོ་བྱང་པས་རྩ་ཡི་ཆུ་སེར་འདྲེན། །རྒྱ་ཚྭ་སྡིག་སྲིན་རྩ་ལམ་འབྱེད་པར་བྱེད། །གུར་ཀུམ་རྩ་མཉེན་མཚལ་གྱིས་དྭངས་སྙིགས་འབྱེད། །དར་ཚུར་ནད་སྡུད་ཧ་ཤིག་གཏིང་དུ་འཁྲིད། །ནད་ནི་བུ་རྩི་བཏང་དང་སྐྱེ་འཕྲོ་ཆད། །བུ་རོ་ལུས་དང་མངལ་སྐྲན་ཁྲག་ཚབས་བྱེར། །ཁྲག་མཁྲིས་དུག་སོགས་ཚ་བ་རྙིང་པ་དང༌། །དྲེག་དང་གྲུམ་བུ་འབྲས་དང་ཟ་འཕྲུག་དང༌། །མགོ་ཆག་རྩར་བྱེར་རྨ་རྒན་འཚོར་མི་འདོད། །སུར་ཡ་དམུ་ཆུ་རྩ་སྐྲན་ཆུ་སེར་རྒྱས། །ད་རྒན་མཛེ་ནད་རྩ་འགྲམས་ཐམས་ཅད་སྦྱོང༌། །ས་བོན་རླུགས་པ་མ་ཡིན་ཀུན་ལ་བསྔགས། །ཁྱད་པར་རྩར་བབས་ནད་ཀྱི་གཉེན་པོའི་མཆོག །ཅེས་གསུངས་སོ།།
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྦྱོངས་ཀྱི་ལོག་གནོན་རྩ་སྦྱོངས་ཀྱི་ལེའུ་སྟེ་བཅུ་དགུ་པའོ།། །།
མཐའ་མའི་འདོན་ཐེངས་།: 22.12.2022 ཉིན། 11:58 AM
<< སྔ་མ།