ལེའུ་བཅུ་དགུ་པ། རྩ་སྦྱོངས་བསྟན་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023 |
ཕྱི་མ་རྒྱུད། >> ལེའུ་བཅུ་དགུ་པ། རྩ་སྦྱོངས་བསྟན་པ། |
ལེའུ་བཅུ་དགུ་པ། རྩ་སྦྱོངས་བསྟན་པ།
སྦྱོང་བྱེད་ལས་ལྔ་པོ་བསྟན་ཟིན་པའི་མཇུག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་ཏེ། སྦྱོང་ཐམས་ཅད་ཀྱི་ལོག་གནོན་རྩ་ནས་སྦྱོང་བ་བསྟན་པ་ལ། སྔོན་འགྲོ་དང་དངོས་གཞི་དང་རྗེས་གཅོད་དང་ཕན་ཡོན་བསྟན་པ་དང་རྣམ་པ་བཞིར་ཡོད་པ་ཡིན་ནོ། །དེ་ལྟར་རྩ་སྦྱོང་གི་ཕན་ཡོན་ནི་གཤམ་དུ་བཤད་པ་ལྟར་ནད་མཐའ་དག་ལ་འགྲོ་ནའང་འདི་ཉིད་མི་རུང་བ་ནི་དུས་དགུན་དུས་དང༌། ལུས་ཟུངས་ཟད་པ། ན་སོ་རྒས་པ། གདོན་ནམ་བགེགས་ཅན། སྦྲུམ་མ་རླུང་ནད་ཅན་མེ་དྲོད་ཉམས་པ། ཐུར་སེལ་གྱི་རླུང་ལོག་པ། སྐྱུག་ལང་ཅན། མདེའུ་སོགས་ཟུག་རྔུ་ཁོང་དུ་ལུས་པ། གཤམ་གསལ་ས་བོན་ལུག་པ་རྣམས་དང༌། གཞན་ཡང་བཅོས་གཞན་གྱིས་རྡུགས་པའི་ནད་འདི་ལས་ཤི་བ་དགའ་སྙམ་པ་ལ་མ་གཏོགས་དུས་དབང་གིས་གེགས་སྡང་བས་གཏོང་བར་མི་རིགས་ལ།
རྩ་སྦྱོང་གཏོང་བར་བྱེད་པའི་སྔོན་འགྲོ་ལ་ཉེ་བ་དང་རིང་བ་རྣམ་པ་གཉིས་སུ་ཡོད་པ་ལས། རིང་བ་ནི་ནད་གཞི་གང་ཡིན་པ་དེའི་གཉེན་པོ་དང༌། དེའི་སྟེང་དུ་འབྲས་བུ་ཨ་བར་སྐྱུར་གསུམ་ཆ་མཉམ་པའི་གདུས་ཐང་དྲོན་མོ་དགོང་མོའི་དུས་སུ་བཏང་ཞིང༌། བྱིས་པ་དང་དགེ་སློང་སྡོམ་གཙང་མཁལ་ནད་ཡོད་པ་རྣམས་ལ། ཐོག་མར་ད་བྱིད་བཟང་པོ། སྡིག་སྲིན། སུག་སྨེལ། ཉི་དགའ། སྲ་འབྲས། གསེར་བྱེ། མཁལ་མ་ཞོ་ཤརྩ་ཁུ་བྱུག་རྣམས་བུ་རམ་གྱིས་རིལ་བུར་དྲིལ་བའི་ད་བྱིད་བརྒྱད་སྦྱོར་གྱི་རིལ་བུའམ་ཕྱེ་མས་རྩ་ལམ་སྦྱངས། ཉེ་བའི་སྔོན་འགྲོ་གཟའ་སྐར་འཕྲོད་སྦྱོར་ཚེས་གྲངས་སྤྱི་དང་ཁྱད་པར་གཏོང་ཡུལ་དེ་གར་བཟང་བ་ལ་བབས་པའི་དུས། མཁན་པ་དཀར་ནག་གང་རུང་དང༌། སྦང་མ་གཉིས་ཆུ་འཇམ་དུ་བསྲོས་པའི་ཁུ་བས་ལུས་ཀུན་དག་པར་བཀྲུས་རྗེས། རྩི་མར་དང་འབྲུ་མར་གང་འོས་ལ་སྤང་སྤོས་སྦྱར་བས་ལུས་ཀུན་ཁྱབ་པར་བྱུག་ཅིང་ཁྱད་པར་སྤྱི་གཙུག་དང་མཚན་མའི་པགས་པ་ལུས་ཀྱི་ཚིགས་པ་རྣམས་མཉེ་ཞིང་ཕུར་བ་དང༌། གཡེར་མ་དང་ཉི་དགའ་ཞེས་ལྕམ་པའི་ཐང་གིས་རྩ་ཁ་དབྱེ་ཞིང༌། དགེ་སློང་སོགས་མི་རུང་བ་མིན་པའི་ཁྱིམ་པ་སོགས་ལ་ཕོ་མོ་སྤྲད་པ་ཞེས་འཁྲིག་པ་ལ་འཇུག་པ་དང༌། དཔྱི་རུས་དང༌། དཔྱི་མིག་རུས་པ། ར་གཞོན་ནུའི་ཝ་གདོང་གི་སྣེ་མཇུག་མའི་རྩ་བའི་རུས་པ་སོགས་འདིར་བཞེད་པ་མང་ཡང་སེར་བ་རུས་ལ་འདོད་པ་ཡང་འགལ་བ་མེད་པས་བཏང་ཆོག་པའི་སྡོར་དེ་དང༌། བཤད་མ་ཐག་པའི་ཉི་དགའི་འདབ་མའི་ཚོད་མ་ལ་ཚྭ་དང་གཡེར་མ་བཏབ་པ་བཏང་བར་བྱའོ། །
དངོས་གཞི་ལ་སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། རྒྱ་ཚྭ་སྡིག་པ་ཀ་ཀ་རུ། །སུག་སྨེལ་མཚལ་དང་པདྨེའུ། །ཕྱེ་མ་ཆང་དུ་བཏབ་ལ་བཏང༌། །ལོག་ན་དོམ་མཁྲིས་ནག་པོ་མཚན། །ཆང་ལ་བཏབ་པས་ཞི་བར་འགྱུར། །མཁལ་ནད་མཛེ་དང་ཕོལ་འབྲས་དང༌། །ཞེས་སོགས་ནད་སོ་སོར་སྦྱོར་བ་རྒྱས་པ་དང༌། ཡང་དེ་ཉིད་ལས། རྟ་ནི་དར་བ་ཆུ་ཡིས་བྱ། །སྐྱུག་ན་ཅོང་ཞི་བསྐོལ་ལ་བཏང༌། །ནད་རྣམས་འཁྲུ་བའི་རྩ་བཤལ་ལོ། །ཞེས་སོགས་གསུངས་པ་ལྟར་དང་མཐུན་པར་སྣ་སེལ་མདུང་སྨན་བྱང་པའི་ཆོ་ག་སྦྱར་ཚད་སྣ་ཁྲིད་བཏང་ཐབས་ཐེབས་པའི་རྟགས། ལྕག་དང་ལོག་གནོན་བཅས་རྣམ་པ་དགུས་བསྟན་པ་ཡིན་ཏེ།
སྣ་སེལ་ནི། སུག་སྨེལ་སྡིག་སྲིན་རྩ་ཁུ་བྱུག་དངོས་སམ་མ་རྙེད་ན་ཁུ་བྱུག་རྫི་ཐོག་གོང་བཤད་ཀྱི་ཉི་དགའ་རྣམས་ཚ་བ་ལ་ཀ་ར་དང༌། གྲང་བ་ལ་བུ་རམ་གྱི་རྟས་བསྒྱུར་ནས་བཏང་ན་དངོས་གཞི་སྨན་གྱིས་མྱུར་དུ་འབིགས་པར་བྱེད་པའི་དོན་ནོ། །
སློང་བྱེད་དམ་མདུང་སྨན་དུ་གྲགས་པའི་སྦྱོར་བ་ནི། རྒྱ་ཚྭ་ལི་ཤི་སྡིག་སྲིན་རྒྱ་མཚལ་ལྕམ་པ་རྣམས་གོང་བཞིན་ཚ་གྲང་གི་རྟ་དང་སྦྱར་ནས་བཏང་བས་ནད་སློང་ཞིང་འཁྲུག་པར་བྱེད་པར་འགྱུར་རོ། །
གཙོ་བོ་བྱང་པའི་ཆོ་ག་ལ་དང་པོར་བཟང་ངན་བརྟག་པ། དེ་རྗེས་དུག་དབྱུང་ཞིང་འཇམ་བཙལ་བས་ཟུག་ཆུང་བ་དང་ནད་འདྲོངས་ཆེ་བའི་དགོས་པ་ཡོད་དེ། སྤྱིར་བྱང་པའི་རིགས་ནག་པོ། དམར་ཁྲ། སེར་ཁྲ་གསུམ་ལ་མིང་པདྨེ་སོགས་སུ་གྲགས་ཀྱང་བཟང་བ་ནི་དམར་ཁྲ་སྐྱི་ཚེར་དང་སྲད་མའི་གསེབ་ཏུ་གནས་པ་དེ་ཉིད་ཐན་པ་ཆེ་བ་དང༌། སྟོན་སེར་གྱི་དུས་གློ་བུར་དུ་གྲིར་ཤི་བ་བཟང་བ་ཡིན་ལ། ངན་པ་ནི་ར་ཁྲ་ཡོག་མོ་དང་ལོའི་གསེབ་ཏུ་གནས་པ་དེ་ཉིད་དབྱར་ཆར་ཆེ་ཞིང་ནམ་གཞུག་ཆད་དུས་རང་བཞིན་གྱིས་ཤི་བ་ངན་པ་ཡིན་ནོ། །དེ་དག་གི་དུག་ནི་བར་གཤོག་དཀར་པོ་དེ་ཡིན་པས་དེ་བཏང་ན་ཟུག་ཆེ་བས་དེ་དབྱུང་བ་དང༌། དེ་གཉིས་ཀར་འཇམ་བཙལ་བ་ནི་ཆུ་ནང་དུ་མྱུར་བར་རྒྱུག་པའི་སྦུར་ཆུང་ནག་པོ་ཤིན་ཏུ་མགྱོགས་པ་ཆུ་སྦུར་ཞེས་པ་དེ་ཉིད་ཀྱི་གྲོགས་དང་བསྡེབས་ལ། དེ་མ་འཛོམ་ན་ཆ་ག་པ་ཞེས་སམ་ཏེ་བ་བན་ཅགསེང་འབྲུག་གནམ་མཆོང༌། ཚག་ཚག་པ་སོགས་སུ་གྲགས་པའི་མགོ་བོ་བསྡེབ་པ་དང༌། ཡང་ན་བྱང་པ་དེ་ཡོས་དྲོན་མོའི་ནང་ངམ་དྲི་ཆུར་ཅུང་ཟད་སྦངས། ཁུ་བ་ཕོ་སྟེ་བཏུལ་བ་ཤིས་པ་ཡིན་ཀྱང༌། བྱང་པའི་མགོ་དང་རྐང་ལག་སོགས་ཆད་ན་དེ་དང་དེའི་ནད་འདྲོངས་ཆུང་བས་ན་བྱང་པ་བཟང་ཞིང་མགོ་དང་རྐང་ལག་ཐམས་ཅད་ཚང་ན་གྲངས་བཅུ་གཅིག་དང༌། ངན་ཞིང་རྙིང་པ་མགོ་དང་རྐང་ལག་མེད་ན་གྲངས་བཅུ་བདུན་བཏང་ངོ་ཞེས་མི་སྤྱོད་ལམ་ཚད་ལྡན་གྱི་མིར་དགོངས་གསུངས་ཀྱང་དེང་སང་དུས་ཀྱིས་མི་ཕིགས་པས་བྱང་པ་བཟང་བ་མགོ་རྐང་ཚང་བ་ཉེར་གཅིག་པར་གཤོག་དང་བཅས་པ་ལ་ཤིང་མངར་དང་པི་པི་ལིང་ནས་ཙམ་བསྣན་དགོས་སོ། །
སྦྱོར་ཚད་ལ་ནི། རྒྱལ་པོའི་དཀོར་མཛོད་ལས། དུར་བྱིད་མཐེབ་ཚིགས་ཙམ་གཅིགཁྲོན་བུ་དེའི་ཕྱེད། ཨ་རུ་ར་རྡོག་པོ་ཆེ་བ་གཅིག རྒྱམ་ཚྭ་དུམ་གཅིག པི་པི་ལིང་རྡོག་པོ་བདུན། དེ་རྣམས་ཞིབ་པར་ལྟར་དུ་བཤལ་མགྱོགས་སོ། །དེ་ནི་ལྟོ་བཤལ་གྱི་མན་ངག་ཁྱད་པར་ཅན་ནོ། །དེའི་སྟེང་དུ་རྩ་བཤལ་གྱི་སྨན་ལ་བྱང་པ་བར་གཤོག་མེད་པ་ལྔའམ་བདུན། ལྕམ་པ་ཚུམས་གཅིག རྒྱ་ཚ་རིལ་མ་ཙམ་གཅིག མཚལ་རིལ་མ་འབྲིང་པོ་ཙམ་གཅིག་དེ་རྣམས་སྦྱར་བ་ནི། དང་པོ་མཚལ་ཞིབ་པར་བཏགས་ལ། དེ་ནས་གཞན་ཚོ་བཏགས་ཆུ་ལ་སྦྱར་ཏེ་བཏང་ཞེས་དང༌། ཟུར་མཁར་དྷརྨ་སྭ་མིས། གནམ་ལྕགས་ཟིལ་པ་ས་བཅུད་དངས་མ་དང༌། །སྟག་ཆུང་དམར་ཁྲ་ཆུ་ཡི་སྙིང་པོ་མཉམ། །མྱུར་མགྱོགས་ཕོ་ཉ་སྤྲེལ་མཇུག་མ་གི་ཏ། །ལི་ཁྲིའི་འོད་འཕྲོ་གཡུ་འབྲུག་ཟེ་བ་རྣམས། །རྩི་བཞིན་བཏགས་ལ་ལོ་བརྒྱད་དྲི་ཆུས་དྲིལ། །ཐོ་རངས་དུས་ན་རླངས་ལྡན་བུ་མོས་འཕུལ། །ཐུར་དུ་ནམ་རྒྱུག་དུས་ན་རིལ་བུ་བདུན། །བྱང་ཁྲ་གྲོགས་ལྡན་སིང་གླེག་ཧུབ་རེས་འཕུལ། །ཟུག་གཟེར་སྐྱེས་ན་རྒྱམ་ཚྭའི་ཆུ་བསྐོལ་བཏང༌། །མ་དག་བར་དུ་སིང་གླེག་གོང་བཞིན་བཏང༌། །བཅད་རན་དུས་སུ་བཤལ་རྗེས་ལྟ་བུར་གཟབ། །ལོག་གནོན་མ་ཆོད་དོམ་མཁྲིས་དྲི་ཆུས་གཅོད། །ཅེས་སོགས་གསུངས་ཀྱང༌། འདིར་རྩ་སྦྱོང་ལ་བྱང་པ་བདུན་པ་དང་རྒྱ་རུ་དགུ་པའི་སྦྱོར་བ་གཉིས་སུ་ཡོད་པའི་དང་པོའི་སྦྱར་ཚད་ནི། བྱང་པ་གོང་གི་ཚད་སྟེང་ལ་རྒྱ་ཚྭ་སྡིག་སྲིན་རྒྱ་མཚལ་གུར་ཀུམ་ཧ་ཤིག་ཅེས་ཐོད་ལེ་ཀོར་དང༌། དར་ཚུར་ཞེས་ཚ་ལ་ཤེལ་དཀར་མ་རྣམས་ཐུན་བཟང་རེ་དང༌། ཆུ་སྦུར་འདབ་ཀྱི་མང་བ་རྣམས་རྩི་བཞིན་དུ་བཏགས་པ་ཆང་གིས་སྤྲུས་པའི་རིལ་བུ་སྲན་སྦོས་ཙམ་དུ་དྲིལ་བ་འདི་ག་གཅེས་པར་བྱ་ལ། ཡང་ན་རྒྱ་རུ། བྱ་མ་བྱིའུའི་རུས་པ། བྱི་གཟུང༌། འོལ་མོ་སེ། རྣོན་པོ་རྒྱ་ཚྭ། གསེར་བྱེ། སྡིག་སྲིན་གསུམ་དང༌། སུག་སྨེལ། རྒྱ་མཚལ་གྱི་རིལ་བུ་རྣམས་ཀྱིས་ཀྱང་རྩ་ནད་སྦྱོང་བར་བྱེད་དེ་གཉིས་གང་རུང་ལ་སྣ་ཁྲིད་དུ་གློ་བ། སྙིང༌། མཆིན་པ། མཆེར་པ། མཁལ་མ་དང༌། དུག་དང་ཆུ་སེར་གྱི་ནད་ལ་སོགས་པ་གང་ཡོད་ཀྱི་གཉེན་པོར་རང་རང་ལ་གང་ཤིས་ཀྱི་སྨན་སྲན་མ་ཙམ་དང་བསྡེབས་པ་བཏང་བས་ནད་ཐོག་ཏུ་ཁྲིད་པར་འགྱུར་ལ། ཡང་ན་གོང་དུ་བཤད་པའི་མདུང་བའི་སྨན་དང་སྦྱར་ལ་བཏང་བ་ཡིན་ནོ། །
བཏང་བའི་ཐབས་ནི་ཕིགས་དུས་མཚན་མོ་དང་འགྲིག་ན་འབྱུང་པོ་རྣམས་ཀྱིས་འཚེ་བ་སླ་བ་དང༌། གཏང་བྱའི་གང་ཟག་ནད་གཡོག་སྨན་པ་སོགས་ཉིན་མོ་མི་སུན་པའི་ཁྱད། དགོང་མོ་གོང་བཤད་ཀྱི་ཉི་དགའི་འདབ་མའི་ཚོད་མ་བཏང་ཞིང༌། སྲོད་འཁོར་ཙམ་ལ་སྣ་སེལ་དང་ནམ་གུང་ལ་མདུང་སྨན་བཏང་ལ་ཐོ་རངས་ཀྱི་དུས་ན་རྩ་སྦྱོང་གི་རིལ་བུ་དགུ་ཚ་བ་ལ་ཀ་ར་དང་སྦྱར་བ་བསྐོལ་གྲང་དང་ཞེས་པ་ཆུ་བསྐོལ་ངད་ཡལ་གྲང་བ་ལ་བུ་རམ་དང་སྦྱར་བ་ཆུ་བསྐོལ་ཚན་མོའི་རྟས་འཕུལ་ལ་བཏང་བས་ཉི་ཤར་ཙམ་གྱི་དུས་སུ་ཕལ་ཆེར་ཐེབས་པ་ཡིན་ལ། གལ་ཏེ་དེ་དུས་མ་ཐེབས་ན་སླར་རིལ་བུ་བདུན་ཙམ་བསྣན་པ་གོང་བཞིན་དུ་བཏང་ལ་ནམ་ཐེབས་པའི་དུས་ན་རིལ་བུ་ལྔ་རེ་ལྔ་རེའི་སྔ་མ་ཞུ་རིམ་བཞིན་ཕྱི་མ་བསྟེན་པར་བྱ་ལ། དེ་ལྟར་དུ་བྱ་དགོས་པའི་རྒྱུ་མཚན་ནི་རིལ་བུ་དུམ་དུམ་ཐབས་སུ་བཅད་ནས་རིམ་གྱིས་བཏང་བས་བྱང་པའི་དུག་གི་ནད་ཟག་དུས་གཅིག་ཏུ་མི་འབྱུང་སྟེ། ནད་པ་ཟུག་ཆུང་ཞིང་ཆུ་མ་འགགས་པའི་དོགས་པ་མེད་པ་ཡིན་ལ། སྨན་ཡང་ཡང་དུ་བསྣནཔས་མི་ཐེབས་པ་མི་སྲིད་ཅིང༌། ཁྱད་པར་ནད་འདྲོངས་ཆེ་བར་འབྱུང་བས་ན། ནད་མ་འདྲོངས་ཀྱི་བར་དུ་རིམ་གྱིས་བཏང་བ་མན་ངག་ཡིན་ལ། གནད་དེ་ལྟར་མི་ཤེས་པའི་བླུན་པོས་སྔ་མ་མ་ཞུ་བའམ་རིལ་བུ་མང་པོ་དུས་གཅིག་ལ་བཏང་བས་བྱང་པའི་དུག་ལངས་ཤིང་ཆུ་སེར་དུས་གཅིག་ཏུ་མར་འཕུལ་བས་མཚན་མའི་སྦུབས་སུ་མ་ཤོང་བར་ཆུ་འགགས་ཤིང་ཟུག་གཟེར་ཆེ་ལ་ལུས་གས་པས་རང་སྡུག་ཅིང་འཆི་བའང་སྲིད་དོ། །
རྩ་བཤལ་ཐེབས་པའམ་ཕིགས་པའི་རྟགས་ནི་ལུས་སྦྲིད་ཅིང་ནད་གང་ཡོད་སར་ན་བ་དང༌། རྒྱུ་ཞབས་ཚ་རུམ་རུམ་བྱེད་ཅིང་མཚན་མ་ཚ་ཞིང་གཡའ་བ་དང་ཕོ་རྟགས་འགྲེང་འགྲེང་བྱེད་པ་དང༌། ནད་ཀྱི་ཆུ་ངན་ཐིགས་པ་རེ་རེ་ཙམ་ཐོན་དཀའ་བ་ལ་རྒྱུན་མི་ཆད་པར་ཡང་ཡང་འབྱུང་བ་ཡིན་ནོ། །
ལྕག་ཏུ་དེའི་དུས་སུ་སིངས་པོ་གསར་གླེག་ཏུ་གྲགས་པའི་གར་པོ་རང་མིན་པ་ཡང་ཡང་བཏང་སྟེ་བསྐུལ་བས་རྩ་ལམ་དང་ཆུ་ལམ་འདག་པར་གྱུར་ཀྱང༌། དེ་ཡང་ཚ་བ་ཤས་ཆེ་ན་ཇ་འཇམ་པོའམ་ཆུར་ཁུ་བཏང་ཞིང་ནད་ཞེན་ཆེ་ན་སྐབས་སུ་ནད་སློང་བའི་མདུང་སྨན་དེ་དང་སྤེལ་ལ་བཏང་བ་དང༌། སྟོད་སྨད་གང་ན་སར་རྡེའུ་ལ་ཆང་བྲན་པ་བསྲོས་པས་བདུག་ཅིང་ལང་བ་སོགས་སང་སེང་མི་བྱ་ཞིང་རྐང་པ་མི་བརྐྱང་བར་མལ་དང་གོས་དྲོད་ལ་བསྒོར་བ་དང༌། དེ་ལྟར་ལུས་མ་གྲང་པར་རྡེའུ་ཆང་བྲན་གྱི་དུགས་ཡང་ཡང་དུ་བསྟེན་པར་བྱས་པས་རྩ་ཁྲུས་ཀྱི་སྦྱོང་རྒྱུན་མི་ཆད་ཅིང་ནད་འདག་པར་ཐེ་ཚོམ་མེད་པ་ཡིན་ལ། གལ་ཏེ་ལུས་གྲང་ཞིང་ཆུ་སེར་འགྱིངས་ན་ནད་མི་ཐོན་ལ། ཟུག་ཆེ་ཡང་ལྕགས་བྲབས་ན་ནད་མི་འབྱོངས་པས་རྒྱུ་མཚན་དེའི་ཕྱིར་ན་ལྕག་དང་དྲོ་བ་ཤིན་ཏུ་གཅེས་ཤིང༌། སྣོད་གཅིག་མཚན་མའམ་འཕོངས་ཀྱི་འོག་ཏུ་རྒྱུན་དུ་བཟེད་ནས་སྣོད་ནང་གི་སྦྱོང་དེ་སྐབས་སྐབས་སུ་སྔས་ཁར་ཕྲུ་བའི་སྣོད་ནང་དུ་བླུགས་ལ་བསགས་པ་དེ་ཁ་དོག་སེར་པོ་སྨུག་པོ་རྣག་ཁྲག་སྤུ་རྡེའུ་སོགས་སྣ་ཚོགས་འབྱུང་བས་ནད་དག་ཅིང་འདྲོངས་ནས་སྦྱོང་སྨན་འཕྲོ་བཅད་ལ་ལྕག་ལན་འགའ་བརྡེག་གོ།
རྩ་སྦྱོང་ཐལ་དྲགས་པ་སོགས་ཀྱིས་གཉེན་པོ་ལོག་པ་གནོན་དགོས་པ་དྲུག་ཡོད་དེ། མ་ཐེབས་པར་བརྒལ་བ་སྟེ་གྱེན་དུ་སྐྱུག་པ་མནན་པ་དང༌། སྟོར་བ་སྟེ་སྨན་བཏང་བ་ལ་ངོ་མ་བྱུང་བ་བཙལ་བ་དང༌། ཕོ་བར་འགྱིངས་པ་ན་ཐུར་དུ་དྲངས་བ་དང༌། གཟེར་ཆེ་ན་བཅག་པ་དང༌། འགགས་ན་བསལ་བ་དང༌། འབྱམས་པ་གཅོད་པ་དང་དྲུག་ལས། མ་ཐེབས་པར་ཡར་སྐྱུགས་ན་མནན་པའི་ཐབས་ནི་རྡོ་གྲང་སྐེར་བདུག་པ་དང༌། སྣར་དྲི་ཞིམ་པའི་རིགས་མནམ་ཞིང་སྤྱིའི་སྐྲ་འཐེན་པ་དང༌། གདོང་ལ་ཆུ་དང་ཁར་ཕྲུ་འདེབས་པ། ཕྲག་པ་གཉིས་ནས་མནན་ཞིང་འགུལ་བསྐྱོད་མི་བྱ་བ་སོགས་ལྟོ་བཤལ་གྱི་སྐབས་དང་འདྲ་ལ། སྟོར་ནས་རྟགས་ཅི་ཡང་མེད་ན་དེའི་རྒྱུ་ནི་གདོན་དང༌། སྨན་སོ་མ་མ་བྱུང་བར་རྙིངས་ཏེ་རྣོ་མེད་པ་དང༌། གདུལ་བ་སྟེ་དུགས་འདོན་ཐལ་དྲགས་པའམ། རིལ་བུ་བྱེད་ན་འདམ་བཏགས་རྒྱུན་རིང་པ། ཐུན་ཆུང་པ། ཚ་གྲང་གི་སྨན་རྟ་ལོག་པ་སོགས་གང་རུང་ཡིན་པས་ངོས་བཟུང་ལ། གང་ཡིན་པ་དེའི་གཉེན་པོ་གདོན་ལ་ཡས་སྟེར་བ་དང༌། སོ་རྙིངས་ན་གསར་པ་སྦྱར། གདུལ་བ་ཞིབ་དྲགས་པའམ། འདམ་བཏགས་རྒྱུན་རིང་ན་རྩིང་ཧྲོལ་ལེ་བའམ་ཡུན་ཐུང་བ་བྱ། ཐུན་ཆུང་ན་བུངས་བསྐྱེད། ཚ་གྲང་སྨན་རྟ་ལོག་ན་སླར་བསྐྱར་བ་སོགས་རིག་པས་དཔྱོད་ཅིང་མཁས་པས་སྟོར་བ་བཙལ་དགོས་སོ། །མར་མི་འབབ་པར་འགྱིངས་ནས་ཕོ་བ་རྫིངས་ལ་རྒྱབ་ལ་བསྐུ་མཉེ་དང་མདུན་དུ་ཚ་དུགས་བྱ་ཞིང༌། ཆུ་བསྐོལ་དང་ལོ་བརྒྱད་པའི་དྲི་ཆུ་ཐེངས་འགའ་བཏུང་དུ་གཞུག་པས་འགྱིངས་པ་དྲངས་སོ། །རྒྱུ་ཞབས་དང་མཚན་མ་ཟུག་ཆེ་ཞིང་གཟེར་ན་རྡེའུ་ཆང་བྲན་གྱི་དུགས་ཀྱིས་བསྲོ་ཞིང༌། དེས་ཀྱང་ཟུག་མ་ཆོགས་ན་ཆུ་སེར་འགྱིངས་པ་ཡིན་པས། དེ་ལ་རྒྱ་ཚྭ་སྡིག་སྲིན་དྲོད་སྨན་པི་པི་ལིང་སོགས་ཆང་དང་སྦྱར་བ་བཏང་བའམ། ཡང་ན་དྭ་ཚ་མར་གསར་དང་སྦྱར་བའི་རིལ་བུ་མིད། དེས་ཀྱང་ཟུག་མ་ཆོགས་ན་བྱང་པ་རྩུབ་པ་ཡིན་པས་ཆ་གའི་མགོ་བོ་གསུམ་དང་ཆུ་ནང་གི་སྦུར་མགྱོགས་དང་བོང་ང་དཀར་པོ་རྣམས་ཆང་དང་སྦྱར་ལ་བཏང༌། དེས་ཀྱང་མ་ཆོགས་ན་རླུང་ཡིན་པས་རུས་རྙིང་གི་ཚ་བ་སྟེ། ཐུག་པ་བཏུང་བ་སོགས་དེ་དག་རྣམས་སྐབས་དང་སྦྱར་བ་བྱས་པས་གཟེར་བ་མི་ཆོགས་པ་ག་ལ་སྲིད་དེ་ངེས་པར་ཆོགས་སོ། །ལམ་འགགས་ནས་ས་བོན་མཁར་བ་དང༌། སྤུ་འཐུམས་ཆེས་པ་དང༌། ཁྲག་ཤ་དང་རྡེའུས་འགགས་པ་ཡིན་པས་ལག་པས་མཚན་མ་མཉེ་ཞིང་འོ་མ་བཞོ་བ་ལྟར་བཞོ་བ་དང༌། དེས་ཀྱང་མ་ཕན་ན་རྒྱ་ཚྭ་རུ་རྟ་ཤུ་དག་ནག་པོ་ཕོ་བ་རིས་རྣམས་སྦྱར་བའི་ཁུ་བ་ཐུར་མའམ་གཅེའུ་གྲོ་སོག་འབྲིང་ཚད་མཁྲང་གསེང་ཞེས་པས་དབང་པོའི་སྦུབས་སུ་བཅུག་ལ་ལྒང་པར་བསྐྱལ་བས་ཞི་བར་འགྱུར་རོ། །འབྱམས་པ་སྟེ་ཕེབས་དྲགས་པ་ནི། ལུས་སྟོབས་བཟང་ན་མི་བཅད་པར་བཞག་ལ། གལ་ཏེ་བཅད་དགོས་ན་རྒྱ་ཚོས་དང་ཞུ་མཁན་གྱི་ཁུ་བར་དོམ་མཁྲིས་བཏབ་ལ་བཏང༌། དེས་མ་ཆོད་ན་དྲི་ཆུ་རང་སློག་ལ་དོམ་མཁྲིས་བཏབ་ལ་བཅད་དོ། །
རྗེས་གཅོད་ནི་གྲང་བ་ཤས་ཆེ་ན་ཆང་གསར་འཇམ་དང་ལུག་ཤའི་ཚོ་ཁུ་དང་ཟན་དྲོན་རྣམས་རིམ་པས་ཆ་བསྐྱེད་ལ་བཤལ་གྱི་སྐབས་ལྟར་བཏང་ཞིང༌། ཚ་བ་ཤས་ཆེ་ན་སྐོམ་པོ་སྟེ་རྟོལ་གྱི་ཤའི་ཚོ་ཁུ་དང༌། བསྐོལ་གྲང་བྱས་པའི་ཆུ་དང༌། ཆབ་ཚ་སྟེ་ཕྱེ་ཐུག་སྡོར་མེད་ལ་བཞེད་ཀྱང་ཇ་འཇམ་པ། ཟན་དྲོན་རྣམས་བཏང་ལ་ལུས་པོ་མ་གྲང་པར་དལ་བུས་བཅག་ཅིང་ཟླ་བ་ཕྱེད་ཀྱི་བར་དུ་ཟས་དང་སྤྱོད་ལམ་ལ་གཟབ་དགོས་སོ། །
དེ་ལྟར་རྩ་སྦྱོང་ལེགས་པར་བཏང་བའི་ཕན་ཡོན་སྨན་གྱི་སྒོ་ནས་འབྱུང་ཚུལ་དང་ནད་ཇི་ལྟ་བུ་ལ་ཕན་པ་གཉིས་ལས་ཤེས་པར་བྱ་དགོས་ཏེ། དང་པོ་སྨན་གྱི་ཕན་ཡོན་བྱང་པས་རྩའི་ཆུ་སེར་འདྲེན་པར་བྱེད་པ་དང༌། རྒྱ་ཚྭ་སྡིག་སྲིན་གཉིས་ཀྱིས་རྩ་ལམ་འབྱེད་པར་བྱེད། གུར་ཀུམ་གྱིས་རྩ་མཉེན་ཞིང་མཚལ་གྱིས་དྭངས་མ་དང་སྙིགས་མ་འབྱེད་པར་བྱེད། དར་ཚུར་གྱིས་ནད་སྡུད་ལ་ཧ་ཤིག་གིས་སྨན་ནུས་གཏིང་དུ་ཁྲིད་པར་བྱེད་དོ། །ནད་གང་གང་འཇོམས་ཀྱི་ཕན་ཡོན་བསྟན་པ་ནི། བུད་མེད་བུ་མི་འོང་བ་ལ་ཆགས་པའི་རྩིར་སྨན་བཏང་བ་དང༌། བུ་སྐྱེ་བའི་འཕྲོ་ཆད་པ་དང༌། བུ་རོ་ལུས་ནས་མ་ཐོན་པ་དང༌། མངལ་སྐྲན་དང༌། ཁྲག་ཚབས་བྱེར་བ་དང༌། ཁྲག་དང༌། མཁྲིས་པ་དང༌། སྦྱར་དུག་སོགས་དུག་གི་རིགས་དང༌། ཚ་བ་རྙིང་པ་དང༌། དྲེག་དང༌། གྲུམ་བུ་དང༌། འབྲས་དང༌། ཟ་འཕྲུག་དང༌། མགོ་བོ་ཆག་པའི་སྐྱོན་སོགས་ནད་རྩར་བྱེར་བ་དང༌། རྨ་རྒན་འཚོར་མི་འདོད་པ་སྟེ་དྲག་ཏུ་མི་འདོད་པ་དང༌། སུར་ཡ། དམུ་ཆུ། རྩའི་སྐྲན། ཆུ་སེར་རྒྱས་པ། མཁལ་ནད་ད་རྒན། མཛེ་ནད་དང༌། རྩ་འགྲམས་སྤྱི་དང་མཁལ་མའི་ཟག་ཆུ་འཛག་པ་སོགས་ཐམས་ཅད་སྦྱོང་བ་སྟེ་མདོར་ན་ས་བོན་རླུགས་ཞེས་པ་ས་བོན་འཛག་པའི་རིགས་གཞན་མ་ཡིན་པའི་ནད་ཀྱི་རིགས་ཀུན་ལ་རྩ་སྦྱོང་ཉིད་བསྔགས་ལ། ཁྱད་པར་དུ་རྩར་བབས་པའི་ནད་ཐམས་ཅད་ཀྱི་གཉེན་པོའི་མཆོག་ཡིན་ནོ་ཞེས་གསུངས་སོ། །
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་སྦྱོང་གི་ལོག་གནོན་རྩ་སྦྱོང་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ། །
དེ་ལྟར་ལེའུ་བདུན་ནི་སྦྱོང་བྱེད་ལས་ཀྱི་མདོ་གསུམ་པའོ།། །།
མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 3:28 PM
<< སྔ་མ།