སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་དགུ་པ། རྙིངས་ཚད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.08.2011
མན་ངག་རྒྱུད། >> ལེའུ་བཅུ་དགུ་པ། རྙིངས་ཚད་བཅོས་པ།

ལེའུ་བཅུ་དགུ་པ་རྙིངས་ཚད་བཅོས་པ་ལ་གསུམ། ཞུས་ཤིང་མདོར་བསྟན་མཚམས་སྦྱོར། དེ་ལན་ལེའུའི་གཞུང་དོན། གཞུང་རྫོགས་ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གཉིས་པ་ལ་བདུན། རྙིངས་ཚད་ཀྱི་རྒྱུ་བཤད་པ་དང༌། དེ་བཞིན་དུ་རྐྱེན་དང༌། ངོ་བོ་དང༌། མིང་གི་རྒྱུ་མཚན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་སོ། །དང་པོ་ནི། རྙིངས་ཚད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་རྙིང་པ་ཞེས་ཡུན་ལོན་པའི་དོན་ཡིན་ལ། ཟླ་བ་གཅིག་ཕན་རྙིང་པར་འདོད་དོ། །གཉིས་པ་རྐྱེན་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་རྐྱེན་རྐང་པ་གཉིས་ཀྱིས་བསྟན་པ་ལ་གསུམ། རང་བཞིན་གྱིས་རྙིངས་པ། རྐྱེན་གྱིས་རྙིངས་པ། སྦྱོར་བ་དམན་པས་རྙིངས་པའོ། །དང་པོ་ནི། རང་བཞིན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་བད་སྨུག་དང༌། དུག་ཚད་ནི་ཁྲག་ལ་བརྟེན་པའི་ཚད་པའོ། །གཉིས་པ་ནི། རྐྱེན་གྱིས་ཞེས་རྐང་པ་ལྔས་བསྟན་ཏེ། དེ་ཡང་ཚ་བ་ཕྲན་བུ་ནི། སྟོབས་ཆུང་ངམ། ཆམ་པ་ལྟ་བུ་སྟེ། ངོ་བོ་ཟས་སྤྱོད་མ་བསྡམས་སྐྱོན་ནོ། །གསུམ་པ་ནི། སྦྱོར་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་གཉེན་པོ་དམན་པའི་རྐྱེན་ནོ། །གསུམ་པ་ངོ་བོ་དཔེ་དང་བཅས་བསྟན་པ་ནི། དེ་ལྟར་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་ངོ་བོ་ནད་ཚབས་དང༌། ལུས་ཟུངས་འདྲེས་ཤིང་ཞེན་པ་ཡིན་པ་ལ་དཔེར་ན་ལྕགས་ལ་བཙའ། རས་ལ་སྣུམ་ཤིང་ལ་སྲ་རྩི་བཏང་བ་ལྟར་འདོན་དཀའོ། །བཞི་པ་མིང་གི་རྒྱུ་མཚན་ནི། ཡུན་རིང་ལོན་ཕྱིར་ཚ་བ་རྙིངས་ཞེས་བྱ། ཞེས་སོ། །ལྔ་པ་དབྱེ་བ་ལ་གཉིས། མདོར་རྒྱས་སོ།།

        དང་པོ་ལ་གཉིས་ཏེ། རྙིངས་ཚད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་སྤྱིའི་དབྱེ་བ་དང་བྱེ་བྲག་གི་དབྱེ་བའོ། །དང་པོ་ལ་གཉིས། ངོ་བོ་མདོར་བསྟན་པ་དང༌། སོ་སོའི་རྒྱུ་མཚན་བརྗོད་པའོ། །དང་པོ་ལ་གཉིས་ཏེ། སྤྱི་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱི་ལ་རླུང་དང་ལྡན་པ་དང་རླུང་མེད་པ་གཉིས་སོ། །གཉིས་པ་ལའང་གཉིས་ལས། དང་པོ་ནི། རླུང་མེད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་རྙིངས་ཚད་རླུང་མེད་ནི་ཚ་བ་སྟོབས་ཆུང་གཉེན་པོའི་སྦྱོར་བ་དམན་པས་མ་ནོན་པའི་རྐྱེན་གྱིས་རྙིངས་པ་ལས་བྱུང་ངོ༌། །གཉིས་པ་ནི། རླུང་ལྡན་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དེ་ཡང་རྙིངས་ཚད་རླུང་ལྡན་ནི་རླུང་ཤས་ཅན་གྱི་ཚ་བ་མ་སྨིན་པ་བཅོས་སྔས་པ་དང༌། རླུང་གི་རི་ཐང་མཚམས་སུ་བཅུད་སྔས་པས་ཚད་གཞུག་རླུང་དང་བསྡོངས་པའོ། །གཉིས་པ་ནི། བྱེ་བྲག་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་ཤ་རྒྱས་རྩ་འགྲམས་རུས་ཞེན་ནོ། །དེ་ལ་སྤྱི་གཉིས་བྱེ་བྲག་གསུམ་དེ་ལྟར་ལྔའོ། །དྲུག་པ་རྟགས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྟགས་ལ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་གཉིས་ཏེ། དེ་ཡང་སྤྱིའི་རྟགས་དང་བྱེ་བྲག་གི་རྟགས་སོ། །དང་པོ་ལ་གཉིས། རླུང་དང་རླུང་མེད་གཉིས་སོ། །དེ་ཡང་རླུང་མེད་ནི་སྤྱི་ཡི་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ནོ། །གཉིས་པ་ནི། རླུང་ལྡན་ཞེས་རྐང་པ་གསུམ་གྱིས་བསྟན་པའོ། །གཉིས་པ་ནི། བྱེ་བྲག་ཅེས་རྐང་པ་ལྔས་བསྟན་པའོ། །བདུན་པ་བཅོས་ཐབས་ལ་གཉིས། མདོར་རྒྱས་སོ། དང་པོ་ནི། བཅོས་པའི་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་གཉིས། སྤྱི་དང་བྱེ་བྲག་གོ དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྤྱི་ལ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་གཉིས། བཅོས་ཚུལ་དང་གཉེན་པོའོ། དང་པོ་ནི། བཅོས་ཚུལ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་ནད་ཀྱི་གནས་ལ་བལྟོས་པའི་ཇི་ལྟར་བཅོས་པའི་ཚུལ་ནི། དང་པོ་ཚད་པ་ལུས་ལ་ཞེན་འདྲིལ་གྱིས་ལུས་སྐེམས་ཤིང༌། ཀོ་སྐམ་ལྟར་གྱོང་པོར་གྱུར་པ་ལ་ཐང་སྨན་གྱི་བརླན་གྱིས་སྦངས་པ་ལྟར་བཅོས་པ་བར་དུ་འདུས་ཤིང་ནད་ཟུངས་ཕྱེད་ནས་ཚ་བ་རྐྱང་བར་སོང་བ་ཐལ་ཚན་ལྟ་བུ་ལ། གཉེན་པོ་བསིལ་བའི་ཆུས་བྲན་པ་ལྟར་བཅོས་པ། །ཐ་མ་ཚ་བའི་རྩབས་སམ་ས་བོན་ལུས་པ་དུག་གི་སྡོང་པོ་ལྟར་གནས་པ་ལ་ཟས་སྤྱོད་སྲུང་ཞིང་སྨན་དཔྱད་ཀྱིས་མཐར་བསྐྱལ་བ། དུག་གི་རྩ་སྡོང་བཅད་ནས་འདོན་པ་ལྟར་བཅོས་པ་དང་གསུམ་མོ། །གཉིས་པ་གཉེན་པོས་བཅོས་པ་ལ་གཉིས། ཀུན་རྒྱུག་གི་གཉེན་པོ་མདོར་བསྟན་པ། དེ་གནས་སྐབས་ཇི་ལྟར་རིགས་པར་བསྟེན་ཚུལ་ལོ། །དང་པོ་ཀུན་རྒྱུག་གི་གཉེན་པོ་མདོར་བསྟན་པ་ནི། གཉེན་པོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྨན་དང་དཔྱད་དང་ཟས་དང་སྤྱོད་ལམ་དང་བཞིའོ། །གཉིས་པ་དེ་གནས་སྐབས་ཇི་ལྟར་རིགས་པར་བསྟེན་ཚུལ་བཤད་པ་ལ་གསུམ། དང་པོ་དང༌། བར་བ་དང༌། ཐ་མའོ། །དང་པོ་ནི། ཚ་རྒན་ཞེས་རྐང་པ་བདུན་གྱིས་བསྟན་ནོ། །གཉིས་པ་བར་བ་ལ་གཉིས། གཉེན་པོ་དང་ལོག་གནོན་ནོ། །དང་པོ་གཉེན་པོ་ནི། དེ་རྗེས་ཞེས་རྐང་པ་བཅུ་གཉིས་ཀྱིས་བསྟན་ཏེ། ལྟོ་རྒྱུན་བཤལ་གྱིས། དེ་རྗེས་ཨ་རུ་སོགས་ཀྱི་ལག་ལེན་ནི་དམར་ཁྲིད་ཡིག་ཆུང་ལྟར་རོ།།

        གཉིས་པ་ལོག་གནོན་བཤད་པ་ལ་གཉིས། ཚ་བ་གསུམ་གྱི་ངེས་པ་བརྗོད་པ། ཟས་སྤྱོད་སྤྱིའི་བསྟེན་ཚུལ་ལོ། །དང་པོ་ཚ་བ་གསུམ་གྱི་ངེས་པ་བརྗོད་པ་ནི། དེ་ལྟར་ཞེས་རྐང་པ་ལྔས་བསྟན་ཏེ། ཚ་བ་རླུང་མེད་དེ་ལྟར་དུ་བཅོས་ཀྱང་ཚ་བ་སླར་འཕེལ་ན་རླུང་ལྡན་སྟོང་བའི་ཚ་བ་འབྱུང་བས་ཟས་དྲོད་བཅུད་བསིལ་འཇམ་གྱིས་རླུང་སྣ་གླན་ནོ། །དེས་ཀྱང་མ་ཞི་ན་ལུས་ཟུངས་བདུན་ཀ་ཚ་བར་ལྡོག་པ་ཡིན་པས་ཅིས་ཀྱང་མི་ཆོག་སྟེ་ཚ་བ་ལ་ཆེན་འདའ་བར་འགྱུར་བས། རྒྱུ་མཚན་དེས་ན་བསིལ་ཀྱིས་བཅོས་དགོས་པས་རྒྱས་ཚད་དམ་རླུང་སྣ་གླན་དགོས་པ་སྟོང་ཚད་དམ་རླུང་ཚད། ཅིས་ཀྱང་མི་ཆོགས་པ་ཚ་བ་ལ་འདས་པའམ་ཟུངས་ཟད་ཚ་བའོ། ཚ་བ་རྣམ་པ་དེ་གསུམ་གང་ཡིན་བརྟག་པ་གཅེས་ཏེ། མ་རྟགས་ན་མཁྲིས་ཚད་རླུང་ཚད་ནོར་ནས་གཉེན་པོ་ལོག །དེ་གཉིས་དང་ཟུངས་ཚད་ནོར་ནས་འཚོ་འཆི་མི་ཕྱེད་དོ། །གཉིས་པ་ཐ་མ་བཤད་པ་ནི། ཁ་ཟས་ཞེས་རྐང་པ་ལྔས་བསྟན་ནོ། །གསུམ་པ་ནི། དེ་ལྟར་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། ཉུང་མའི་རྨ་ནི་ཅུང་ཟད་ཡོད་ཀྱང་མཆེད་ནས་འགྲོ་བའོ། །སྣེ་དམར་ནི་རྒྱ་སྣེ་དམར་པོའི་རལ་པའོ། །ཡང་རྫོང་འཕྲང་ལས་ནི་སྣེའུ་སོགས་ཐང་དུ་བྱས་པ་ལ་སྔར་གྱི་སྨན་ཐུན་ལོག་བཏང་ལ་རྔུལ་ལན་གསུམ་དབྱུང་ཞེས་འབྱུང་ངོ༌། །ན་མ་འགའ་ནི་ལྔ་བདུན་ཙམ་བཏང༌། རྔུལ་དབྱུང་ནི་སྣེའུའི་རླངས་དུགས་ཀྱིས་རྔུལ་དབྱུང་ངོ༌། །གཉིས་པ་བྱེ་བྲག་གི་བཅོས་ནི། བྱེ་བྲག་ཅེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། ཉི་ཤུ་རྩ་ལྔ་ནི་ཕྱི་རྒྱུད་ག་བུར་ཉེར་ལྔའོ། །རུས་རྙིང་ནི་རུས་པ་སྣུམ་རྩི་དང་བྲལ་བ། བདུད་རྩི་ལྔ་ནི། ཤུག་པ། བ་ལུ། མཁན་པ། འོམ་བུ། མཚེ་དང་ལྔའོ། །རྒྱུན་སྦྱོངས་ནི་འབྲས་བུའི་རྒྱན་སྦྱོངས་སོ། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ནས་བཅུ་དགུ་པའོ། །ཞེས་པའི་བར་རོ།།

 

མཐའ་མའི་འདོན་ཐེངས་།: 29.08.2011 ཉིན། 10:43 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།