སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་བཅུ་དགུ་པ། རོ་དང་ཞུ་རྗེས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་བཅུ་དགུ་པ། རོ་དང་ཞུ་རྗེས་བསྟན་པ།

དེ་ནས་དཔྱད་བུ་ཁྲི་ཤེས་ཀྱིས་འདི་སྐད་ཅེས་ཞུས་སོ། །འཚོ་བྱེད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། །སྦྱོར་བ་སྨན་གྱི་གནས་ལ་ཇི་ལྟར་བསླབ་པར་བགྱི།འཚོ་མཛད་སྨན་པའི་རྒྱལ་པོས་གསུང་དུ་གསོལ། །ཞེས་ཞུས་པ་ལས། འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་བསྩལ་པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །ནད་ལ་གསོ་བར་བྱེད་པའི་གཉེན་པོ་ནི། །སྦྱར་(སྦྱོར་)བ་སྨན་གྱི་གནས་ལ་བསླབ་པ་ནི། །རོ་དང་ཞུ་རྗེས་ནུས་པ་སྦྱར་ཐབས་བཞི། །

དང་པོ་རོ་ལ་རྟེན་དང་དབྱེ་བ་དང༌། །ངོ་བོ་སྡེ་ཚན་ལས་དང་རྣམ་པ་ལྔ། །རྟེན་ནི་འབྱུང་བ་ལྔ་ལས་བསྐྱེད་འགྱུར་ཏེ། །ས་ཡིས་གཞི་བརྟེན་(རྟེན་)ཆུས་རླན་མེ་ཡིས་དྲོད། །རླུང་གིས་སྐྱོད་དང་ནམ་མཁས་གོ་ཕྱེ་པས། །དེས་སྐྱེས་གྱུར་ཀྱང་ཤས་ཆེས་རོ་གཅིག་མིན། །ས་ཆུ་མེ་ས་ཆུ་མེ་ཆུ་དང་རླུང༌། །མེ་རླུང་ས་རླུང་གཉིས་ཀྱིས་རོ་དྲུག་བསྐྱེད། །ས་སྨན་ལྕི་བརྟེན་(བརྟན་)རྟུལ་འཇམ་སྣུམ་ལ་སྐམ། །མཁྲོང་(མཁྲང་)ཞིང་བརྟེན་(བརྟན་)དང་སྡུད་བྱེད་རླུང་ནད་སེལ། །ཆུ་སྨན་སླ་བསིལ་ལྕི་བརྟུལ་(རྟུལ་)སྣུམ་འཇམ་མཉེན། །བརླན་ཞིང་གཤེར་འཇམས་(འཇམ་)སྡུད་བྱེད་མཁྲིས་ནད་སེལ། །མེ་སྨན་ཚ་རྣོ་སྐམ་རྩུབ་ཡང་སྣུམ་གཡོ། །དྲོད་སྐྱེད་སྨིན་ཞིང་མདོག་བྱེད་བད་ཀན་སེལ། །རླུང་སྨན་ཡང་རྩུབ་གྲང་གཡོ་སྐྱ་ལ་སྐམ། །སྲ་ཞིང་བསྐྱོད་དང་ཁྱབ་བྱེད་བད་འཁྲིས་(མཁྲིས་)སེལ། །ནམ་མཁའ་འབྱུང་བཞིའི་སྨན་ལ་སྤྱི་ཁྱབ་སྟེ། །ཁོང་སྟོང་ཡོངས་(ཡངས་)པའི་གོ་འབྱེད་འདུས་ནད་སེལ། །དེ་བས་དངོས་དང་སྦྱོར་བའི་དབང་གྱུར་པའི(ལས)། །ས་སྟེང་སྨན་ཡིན་(མིན་)གང་ཡང་ཡོད་མ་ཡིན། །གྱེན་འདྲེན་སྨན་ནི་མེ་དང་རླུང་ཡིན་ཏེ། །ཐུར་འགྲོ་ས་དང་ཆུ་ལས་བྱུང་བའི་ཕྱིར། །བཀྲུ་སྨན་ཕལ་ཆེར་དང་པོའི་རོ་ལས་འབྱུང༌། །རོ་ནི་མངར་སྐྱུར་ལན་ཚྭ་ཁ་ཚ་བསྐ། །གོ་རིམ་བཞིན་དུ་འཚོ་བྱེད་སྟོབས་ཆེན་ཡིན། །ངོ་བོ་ལྕེ་ལ་གསལ་བས་རོ་ཞེས་བྱ། །དེ་ཡང་མངར་བའི་རོ་ལས་(ལ་)མྱངས་བའི་ཚེ། །ཁ་ལ་ཆགས་ཤིང་ཞིམ་པས་སྲེད་པ་བསྐྱེད(སྐྱེ)། །སྐྱུར་བས་སོ་བརྩེ་བཞིན་སྡུད་ཁ་ཆུ་འདུ།ལེན་ཆས་(ལན་ཚྭས་)རེགས་(རེག་)བྱ་ཚ་ཞིང་མཆིལ་མ་སྡུད། །ཁ་བས་ཁ་ཡི་དྲི་སྦྱོངས་ཡི་ག་བཟློག །ཚ་བས་ཁ་ལྕེ་སྲེག་ཅིང་མིག་ཆུ་འཛག །བསྐ་བས་ལྕེ་ཀན་(རྐན་)ལ་ཆགས་རྩུབ་སྙམ་བྱེད། །རོ་དྲུག་སོ་སོའི་སྨན་གྱི་སྡེ་བསྟན་པ། །ཤིང་མངར་རྒུན་འབྲུམ་གུར་གུམ་ཅུ་གང་དང༌། །དོང་ཁ་རམ་ཉེ་ཉེ་ཤིང་ལྕ་བ་དང༌། །ཀ་ར་བུ་རམ་སྦྲང་རྩི་ཤ་མར་སོགས། །དེ་དང་(དེ་)འདྲ་མངར་བའི་སྨན་སྡེ་ཡིན། །སེལ་(སེ་)འབྲུ་སྟར་བུ་བསེ་ཡབ་སྐྱུ་རུ་ར། །རྒྱ་ཤུག་ད་ཏྲིག་ཞོ་དར་ཆང་དང་རྩབས། །དེ་དང་དེ་འདྲ་ལ་སོགས་སྐྱུར་བའི་སྡེ། །རྒྱ་ཚྭ་རྒྱམ་ཚྭ་ལྕེ་མྱང་ཚྭ་དང་ནི། །རྭ་ཚྭ་ཁ་རུ་ཚྭ་དང་ཙབས་རུ་ཚྭ། །ཟིལ་(ཟེ་)ཚྭ་ལྦ་ཚ་མཆེ་(མཚྭལ་)ཚྭ་ཐལ་ཚྭ་དང༌། །ཤིང་ཚྭ་(ཚ་)ཡ་བག་ཤ་(བཀྵ་)ར་བུལ་ཏོག་སོགས། །དེ་དང་དེ་འདྲ་ལན་ཚྭའི་སྨན་གྱི་སྡེ། །ནམ་(ནིམ་)པ་ཏིག་ཏ་བོང་ང་དཀར་པོ་དང༌། །ཧུང་(ཧོང་)ལེན་(གསེར་)གྱི་མེ་ཏོག་དུག་མོ་ཉུང༌། །གླ་རྩི་མཁྲིས་པ་སྐྱེར་པ་བ་ཤ་ཁ་(ཀ)། །བྲག་ཞུན་ཁྱི་ལྕེ་རེ་ཀོན་(སྐོན་)ལ་སོགས་པ། །དེ་དང་དེ་འདྲ་ཁའི་(ཁ་བའི་)སྨན་སྡེ་ཡིན། །ན་ལེ་ཤམ་དང་བཅའ་སྒ་པི་པི་ལིང༌། །སྒ་གཤེར་ཤིང་ཀུན་སྲུབ་ཁ་ལྕེ་ཚ་དང་། །དྭ་བ་ཙོང་དང་སྒོག་སྐྱ་ལ་སོགས་པ། །དེ་དང་དེ་འདྲ་ཚྭ་(ཚ་)བའི་སྡེ་ཚན་ཡིན། །ཙན་ལྡན་(དན་)ཨ་རུ་ར་དང་བ་རུ་ར། །ཨུཏྤལ་ག་དུར་སྨག་དང་མོན་ཅ་(ཆ་)ར། །འུ་སུ་ལ་སོགས་དེ་འདྲ་བསྐ་བའི་སྡེ། །ག་བུར་ཆུ་མ་རྩི་ལ་སོགས་པ་ཡི། །ལྡན་པའི་རོ་རྣམས་དེ་ལ་འདྲེས་ཏེ་དཔྱད། །ནད་གང་སེལ་བ་རོ་ཡི་ལས་བསྟན་པ། །མངར་སྐྱུར་ལན་ཚྭ་ཚ་བས་རླུང་འཇོམས་ཤིང༌། །ཁ་དང་བསྐ་དང་མངར་བས་མཁྲིས་པ་སེལ། །ཚ་སྐྱུར་ལན་ཚྭས་བད་རླུང་སེལ་བར་བྱེད། །ཁྱེད་(ཁྱད་)པར་མངར་བ་འཕྲོད་ཅིང་ཟུངས་སྟོབས་སྐྱེད། །རྒས་བྱིན་(བྱིས་)སྐེམ་པ་གྲེ་བ་གློ་ལ་ཕན། །ལུས་རྟས་རྨ་འབྱོར་མདངས་བཀྲ་དབང་པོ་གསལ། །ཚེ་རིང་འཚོ་བྱེད་དུག་དང་རླུང་མཁྲིས་སེལ། །བསྟན་དྲག་(བསྟེན་དྲགས་)བད་ཀན་ཚིལ་སྐྱེད་མེ་དྲོད་འབྲི། །ལུས་སྦོམ་གཅིན་ནད་ལྦ་བ་རྨེན་བུ་སྐྱེད། །སྐྱུར་བས་དྲོད་སྐྱེད་ཡི་ག་འབྱེད་པ་དང༌། །ཚིལ་འདྲུལ་གཅོད་བྱེད་འཇུ་ཞིང་རེག་པ་བསིལ། །རླུང་འགགས་རྒྱུ་ཞིང་བསྟན་དྲག་(བསྟེན་དྲགས་)ཁྲག་མཁྲིས་སྐྱེད། །ལུས་ལྷོད་རབ་རིབ་མགོ་འཁོར་སྐྱ་འོར་དང་། །མེ་དབལ་གཡེན་(གཡན་)པ་ཐོར་བུ་སྐོམ་རིམས་སྐྱེད། །ལན་ཚྭས་ལྟོ་སྲ་རླུང་མཁྲིས་འགག་པ་བྱིན(འབྱིན)། །དུག་(དུགས་)ཀྱིས་དངུལ་(རྔུལ་)དང་དྲོད་སྐྱེད་ཡི་ག་འབྱེད། །བསྟན་(བསྟེན་)དྲག་(དྲགས་)སྐྲ་བྱིན་(འབྱི་)སྐྲ་དཀར་གཉེར་མ་མང༌། །སྟོབས་འབྲི་སྐོམ་མཛེ་མེ་དབལ་ཁྲག་མཁྲིས་བསྐྱེད། །ཁ་བས་ཡི་ག་འཆུས་དང་སྲིན་སྐོམ་དུག །མཛེ་དང་རྒྱལ་(བརྒྱལ་)དང་རིམ་(རིམས་)རླངས་མཁྲིས་པ་འཇོམས། །འདྲུལ་དང་ཚིལ་དང་ཞག་རྐང་བཤང་ལྕི་སྐེམ། །ཡིད་གཞུང་(གཞུངས་)ནུ་མའི་ནད་དང་སྐད་འགགས་སེལ། །བསྟན་(བསྟེན་)དྲག་(དྲགས་)ཟུངས་ཟད་རླུང་དང་བད་ཀན་སྐྱེད། །ཚ་བས་ལྐོག་ནད་གག་པ་མཛེ་འོར་སེལ། །རྨ་འཇིགས་(འཇིག་)དྲོད་སྐྱེད་འཇུ་བྱེད་ཡི་ག་འབྱེད། །ཚིལ་དང་འདྲུལ་བག་སྐེམ་སྦྱོངས་རྩ་སྦུག་འབྱེད། །བསྟན་(བསྟེན་)དྲག་(དྲགས་)ཁུ་བ་སྟོབས་ཟད་ལུས་འཁུམས་འདར། །བརྒྱལ་ཞིང་རྐེད་པ་རྒྱབ་སོགས་ན་བར་བྱེད། །བསྐ(བསྐ་)བས་ཁྲག་མཁྲིས་ཚིལ་དང་འདྲུལ་བག་སྐེམ། །རྨ་འཚོ་ཚིལ་དང་ལྤགས་(པགས་)མདོག་དངས་པར་བྱེད། །བསྟེན་དྲག་(དྲགས་)བེ་སྣབས་ཁྱིམ་(འཁྱིལ་)དང་བཤང་ལྕི་(གཅི་)བསྲི་(སྲི་)། །ལྟོ་སྦོས་སྙིང་ནད་སྐེམ་དང་རྩ་སྒོ་འགག །མདོར་བསྡུས་མངར་བའི་རོ་ཡིས་རླུང་མཁྲིས་སེལ། །འབྲུ་རྙིང་སྐམ་སའི་ཤ་རྣམས་མ་གཏོགས་པ། །ཕལ་ཆེར་བད་ཀན་སྐྱེད་པར་བྱེད་པས་(ན་)ཡང༌། །གཡག་རྒོད་ཉ་ལུག་ཤ་དང་སྦྲང་རྩི་ཕན། །སྐྱུར་བས་བད་ཀན་སེལ་བྱེད་མཁྲིས་སྐྱེད་ཀྱང༌། །སྐྱུ་རུ་ར་ནི་ཁྲག་མཁྲིས་ཚ་བ་སེལ། །ལན་ཚྭས་རླུང་དང་བད་ཀན་སེལ་བྱེད་ཅིང༌། །ལྕེ་མྱང་རྒྱམ་ཚ་མ་གཏོགས་མཁྲིས་པ་བསྐྱེད། །ཧ་ཅང་ཐལ་དྲག་(དྲགས་)ལྕི་བས་བད་ཀན་སྐྱེད། །ཁ་བས་མཁྲིས་སེལ་བད་རླུང་སྐྱེད་ན་ཡང༌། །ཀ་རམ་འཛའ་(རཉྫ་)དང་སླེ་ཁྲེས་(ཏྲེས་)བད་རླུང་སེལ། །ཚ་བས་རླུང་དང་བད་ཀན་སེལ་ན་ཡང་། །སྒོག་སྐྱ་པི་པི་ལིང་མིན་མཁྲིས་པ་སྐྱེད། །ཧ་ཅང་ཐལ་དྲག་(དྲགས་)ཡང་རྩུབ་རླུང་ཡང་སྐྱེད། །བསྐ་བས་མཁྲིས་སེལ་ཨ་རུ་བ་རུ་ར། །མ་གཏོགས་ཕལ་ཆེར་བད་རླུང་གཉིས་ལ་གནོད། །

ཞུ་རྗེས་ཕོ་བའི་མེ་དང་འཕྲད་པ་ལ། །བད་མཁྲིས་རླུང་གིས་རིམ་པར་ཞུ་རྗེས་ལས། །མངར་དང་ལན་ཚྭའི་ཞུ་རྗེས་མངར་བར་ཞུ། །སྐྱུར་བའི་རོ་མཚུངས་ཁ་ཚ་བསྐ་གསུམ་ཁ། །ཉེས་པ་གསུམ་ཀྱང་བཅུ་གཉིས་རེ་རེས་སེལ། །ཞེས་གསུངས་སོ།།

གསོ་བྱེད་དཔྱད་བུ་འབུམ་ཁྲ་བོ་ལས་རོ་དང་ཞུ་རྗེས་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།





མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 10:54 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།