སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་དགུ་པ། ཚ་བ་རྙིངས་པ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2023
མན་ངག་རྒྱུད། >> ལེའུ་བཅུ་དགུ་པ། ཚ་བ་རྙིངས་པ་བཅོས་པ།



ལེའུ་བཅུ་དགུ་པ།  ཚ་བ་རྙིངས་པ་བཅོས་པ།

དེ་མ་ཁད་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ལ་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །རྙིངས་པའི་ཚ་བ་ཞེས་པའི་རྒྱུ་དང་རྐྱེན་དང་ངོ་བོ་རྣམས་གང་ལགས་ཤིང༌། ཚ་བ་རྙིངས་པ་ཞེས་པའི་མིང་དུ་དགོས་བ་ཅི་ཕྱིར་ནས་བཏགས་པ་དང༌། དེ་ལ་དབྱེ་བ་དང་རྟགས་དང་བཅོས་ཐབས་ཅི་འདྲ་ཡོད་ཀྱང་གསལ་པོར་བཤད་དུ་གསོལ་ཞེས་དེ་སྐད་ཞུས་པའི་དོན་ལ་ལན་གསུངས་པ།

རྙིངས་ཚད་ཀྱི་རྒྱུ་ནི་ལོ་དང་ཟླ་བ་ལོན་པ་ཡིན་ཏེ་དེ་ཡང་ཟླ་གཅིག་ཕན་དུས་ཀྱིས་རྙིངས་པར་འདོད།

དེ་སྐྱེད་པར་བྱེད་པའི་རྐྱེན་ནི་རང་བཞིན་གྱིས་རྙིངས་པ་དང་རྐྱེན་གྱིས་རྙིངས་པ་དང༌། སྦྱོར་བ་དམན་ལྷག་ལོག་པ་སྟེ་དམན་པས་རྙིངས་པ་དང་རྣམ་པ་གསུམ་ལས་རང་བཞིན་གྱིས་རྙིངས་པ་བད་ཀན་སྨུག་པོ་དང༌། དུག་ལོ་དང་ཟླ་བར་ཟུངས་དང་ཡེ་གདོད་མ་ནས་དབྱེར་མེད་འདྲེས་པའོ། །རྐྱེན་གྱིས་རྙིངས་པ་ནད་ཚ་བ་ཕྲན་བུ་ཙམ་ལ་ཟས་དང་སྤྱོད་ལམ་མ་བསྡམས་པར་ནད་མེད་བཞིན་ཕྱོགས་མེད་དུ་བཏང་བས་དེ་རྒྱུ་ཆུང་བས་ཆེར་རྒྱས་པར་མ་ནུས་ཀྱང་ཟས་དང་སྤྱོད་ལམ་གྱི་རྐྱེན་གྱིས་ཚ་བ་དེ་ཞིར་མ་སྟེར་བ་དང་ཡང་ན་ནད་མ་སྨིན་པ་དང་མཁྲིས་པ་ཤས་ཆེ་བ་ལ་བཅོས་སྔས་པ་འམ་གཉེན་པོས་མ་ལོན་པའོ། །སྦྱོར་བ་དམན་པས་རྙིངས་པ་ནི་རིམས་ཆུང་ངུ་དང་ཆམ་པ་འཁྲུགས་སམ་འགྲམས་ཆུང་བ་སྨན་གྱི་གཉེན་པོས་མ་ནོན་པར་ཡུན་དུ་ལུས་པ་རྣམས་ཡིན་ལ།

 དེ་ལྟར་བཤད་པའི་རྐྱེན་དེས་ལོ་དང་ཟླ་བ་རུ་ནད་དེ་ལུས་ཀྱི་ཟུངས་སུ་འདྲེས་ཤིང་ཞེན་པས་དཔེར་ན་ལྕགས་ལ་བཙའ་ཞུགས་པའམ་རས་ལ་སྣུམ་ཞེན་ནམ་དེ་བཞིན་ཤིང་ལ་སྲ་རྩི་བཏང་བ་དང་འདྲ་བར་གཏིང་ནས་འདོན་པ་དཀའ་བ་ལྟར་ཡུན་རིང་དུ་ལོན་པའི་ཕྱིར་ཚ་བ་རྙིངས་པ་ཞེས་སུ་བྱའོ། །

རྙིངས་པའི་ཚད་པ་དེ་ལ་དབྱེ་བ་ལ་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་གཉིས་ལས་སྤྱི་ལ་ཡང་རྙིངས་ཚད་རླུང་དང་ལྡན་པ་དང་རླུང་མེད་པ་གཉིས་ལས་རླུང་མེད་པའི་ཚ་བ་རྐྱང་པ་དེ་ནི་སྦྱོར་བ་དམན་པའི་རྐྱེན་གྱིས་རྙིངས་པ་ལས་བྱུང་ཞིང༌། རླུང་ལྡན་ནི་མ་སྨིན་པ་རླུང་ཤས་ཆེ་བ་དེ་ལ་བཅོས་བྱེད་པ་སྔས་པས་ནད་དེ་ལ་བྱ་ཤོར་ཏེ་ནད་གཅིག་བཅོས་པས་གཅིག་སྐྱེས་ཏེ་ཚ་བ་མ་གསོད་པས་རླུང་ཚད་གཉིས་འཐབ་ཅིང་ཡུན་དུ་ལུས་པའམ། རླུང་གི་རི་ཐང་གི་མཚམས་སུ་ཟས་སོགས་བཅུད་གཏོང་སྔས་པས་ཚད་པའི་གཞུག་ལུས་པ་རླུང་དང་བསྡོངས་པ་ལས་བྱུང་ངོ༌། །

བྱེ་བྲག་གི་དབྱེ་བ་ནི་ཤར་རྒྱས་པ་དང་པགས་ལ་གྲམས་པ་དང༌། རྩ་རུ་རྒྱུ་ཞིང་རུས་པ་ལ་ཞེན་པའོ། །

དེའི་རྟགས་ལ་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་རྣམ་པ་གཉིས་ཡོད་པ་ལས། སྤྱིའི་རྟགས་ལ་རྙིང་ཚད་རླུང་མེད་པ་དེ་ནི་རྩ་རྒྱུད་ཕྲ་ལ་གྲིམས་ཤིང་ཆུ་དམར་ལ་རླངས་པ་ཡུན་རིང་བ་དང༌། གདོང་པ་སྣུམ་ལ་ཁ་འབྱར་ཞིང་རྐན་གྱི་ཕུགས་སྐམས་པ་ལ་གྱོང་བ་དང་མིག་གི་རྩ་དམར་ལ་ཚག་ཅིང་མཆི་མ་མང་དུ་འཛག་པ་དང་ཤའི་མདོག་སྔོ་ལ་སྐམ་ཞིང་དྲེག་པ་ཆུང་ངུ་ཆགས་པ་དང་འགུལ་བསྐྱོད་བྱས་ན་གློ་སྙིང་འཕར་ལ་རོ་སྟོད་ཚ་ཞིང་ཡན་ལག་བཞི་དང་རོ་སྨད་རྣམས་ལྕི་ལ་སྦྲིད་པ་དང་ཟས་སྐོམ་སོགས་སྙིང་ལ་གྲང་མོ་འདོད་ཅིང་བསིལ་བའི་གྲིབ་མ་སྙེག་པ་དང༌། ཉིན་གུང་དང་སྲོད་ཀྱི་དུས་ལ་ན་ཞིང་རྔུལ་ཁ་སྙི་བ་སྟེ་ཡང་དུ་འབྱུང་བ་དང་གཉིད་ཆེ་ཞིང་དྲོད་བག་ཙམ་ཕོག་པའི་རྗེས་ལ་ལྡང་ཞིང་ན་ལ། ཚ་བ་གཞན་པ་ལས་དང་ག་བག་ཙམ་གྱིས་བདེ་འོ། །རླུང་ལྡན་གྱི་རྟགས་ནི་བྱིངས་གོང་གི་དེ་དང་འདྲ་བ་ལ་ཁྱད་པར་ལུས་ཀྱི་ཤེད་ཆུང་ཞིང་སྐབས་སུ་ལུས་ཕྲུམ་སེར་ཁྱེར་བ་ཞེས་གྲང་ཤུམ་བྱེད་ཅིང་བ་སྤུ་བརྩེ་བ་དང་དོན་མེད་དུ་རྔུལ་འོང་ཞིང་གཟེར་འགྲམ་ལ་རུས་ཚིགས་རྣམས་ནའོ། །

བྱེ་བྲག་ཏུ་ཤ་ལ་རྒྱས་པ་ན་ཁོལ་བུ་རུ་སྐྲངས་ཤིང་དམར་ལ་སྲ་བ་བཙིར་ན་ན་ལ་རྣག་དང་ཆུ་འཛག་ཅིང་པགས་པ་ལ་གྲམས་ན་ལུས་བརྩེ་ཞིང་ཚ་བེར་བྱེད་དོ། །རྩར་རྒྱུག་ན་མདོག་ནག་པོར་གསལ་ལ་གང་རྒྱུག་པའི་རྩ་དེའི་ཐོག་སྐྲངས་པ་དང༌། རུས་ལ་ཞེན་ན་ཁོལ་བུར་ན་ཞིང་སོའི་མདངས་ཀྱང་ཉམས་པ་དང་ཤ་སྔོ་ལ་སྐམ་པ་ཚིགས་པ་གཡོ་ཞིང་སྒྱིད་པ་འཁུམས་པ་འབྱུང་ངོ༌། །

དེ་རྣམས་བཅོས་པའི་ཐབས་དེ་ལ་ནད་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་གཉིས་ལས་སྤྱི་ལ་བཅོས་པའི་ཚུལ་དང་གཉེན་པོ་བསྟེན་པའོ། །དེ་ཡང་ནད་ཀྱི་གནས་ལ་ལྟོས་པའི་ཇི་ལྟར་བཅོས་པའི་ཚུལ་ནི་དང་པོ་ཚད་པ་ལུས་ལ་ཞེན་འདྲིལ་གྱིས་ལུས་སྐམས་ཤིང་ཀོ་སྐམ་ལྟར་གྱོང་པོར་གྱུར་པ་ལ་ཐང་སྨན་གྱི་རླན་གྱིས་སྦངས་པ་ལྟར་བཅོས་པ་བར་དུ་འདུས་ཤིང་ན། ཟུངས་ཕྱེད་ནས་ཚ་བ་རྐྱང་པར་སོང་བ་ཐལ་ཚན་ལྟ་བུ་ལ་གཉེན་པོ་བསིལ་བའི་ཆུས་བྲན་པ་ལྟར་བཅོས་པར་བྱ་བ་དང༌། ཐ་མར་ཚ་བའི་རྩབས་སམ་ས་བོན་ལུས་པ་དུག་གི་སྡོང་པོ་ལྟར་གནས་པ་ལ་ཟས་སྤྱོད་སྲུང་ཞིང་སྨན་དཔྱད་ཀྱིས་མཐར་བསྐྱལ་བ། དུག་གི་རྩ་སྡོང་རྩད་ནས་གདོན་པ་ལྟར་བཅོས་པ་དང་གསུམ་མོ། །གཉེན་པོ་སྨན་དང་དཔྱད་དང་ཟས་དང་སྤྱོད་ལམ་བཞི་ལས་ཚ་བ་རྒན་པོ་ལུས་སྤྱིར་གྲམ་ཞིང་ཞེན་པ་དེ་བསྡུ་ཞིང་ནད་ཁྲག་དང་ལུས་ཀྱི་ཟུངས་ཁྲག་སོགས་དབྱེ་བའི་ཕྱིར་དུ་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་དང་རྒྱ་གར་གྱི་ཏིག་ཏ་དང་སླེ་ཏྲེས་གཉིས་རྣམས་བསྐོལ་ནས་གྲང་པ་ཡུན་དུ་བསྲིངས་པའི་རླན་གྱིས་སྦངས་པས་རྔུལ་ཆད་ཅིང་ལུས་ཡང་ལ་ཁམས་དྭངས་ཤིང་དང་ག་བདེ་བ་དང་གཟེར་བ་ཞི་བའམ་འདུས་པ་ན་གང་བབས་པའི་རྩ་དེ་མང་དུ་རླངས་ཐོན་ཙམ་ཁ་དབྱེ་ལ་ཁྲག་ཉུང་ངུ་འདོན། །དེའི་རྗེས་སུ་ཏིག་ཏ་དང་ཧོང་ལེན་དང་བཤད་མ་ཐག་པའི་འབྲས་བུ་གསུམ་དང་སྤང་རྩི་རྣམས་བསྐོལ་གྲང་གིས་ཚ་བ་རྣམས་རོལ་དུ་གསོད་དོ། །ཕྱེ་མ་ནི་ཕྱི་རྒྱུད་ཀྱི་ག་བུར་ཉི་ཤུ་རྩ་ལྔ་པ་བཤད་མ་ཐག་པའི་འབྲས་བུ་གསུམ་མམ་ཡང་ན་སེང་ལྡེང་ཐང་གིས་དབུལ། དེ་རྗེས་ལ་ཨ་རུ་མཆུ་སྙུང་རྡོག་བདུན་དང་བ་རུ་ར་གཅིག་དང་སྐྱུ་རུ་ར་གཉིས་ལྕུམ་རྩ་དུས་སུ་བཏུས་ཨ་རུ་གཉིས་དང་མཉམ་པ་དང་དུར་བྱིད་རིལ་མ་ཙམ་རྣམས་ཁྲམ་ཁྲུམ་བརྡུངས་པ་བ་དམར་སེར་གྲི་ཆུ་བྲེ་གང་ཙམ་དུ་སྦངས་ལ་གཏོང་དུས་སྦྲང་གིས་རོ་བསྒྱུར་ཙམ་བྱས་ལ་ལྟོ་སྟོང་དུ་བཏང་བས་ངེས་པ་མེད་པར་རྒྱུན་དུ་འཁྲུ་ལ་འཁྲུས་དྲགས་ན་ཐུན་དམད་ཞན་ན་ཐུན་བསྐྱེད་གྲང་ཤས་ཆེ་ན་པི་པི་ལིང་ཕྲན་བུ་བསྣན། དམར་སེར་དྲི་ཆེར་འཁྲུ་ན་ནད་དང་ལུས་ཀྱི་ཤེད་གཉིས་སྦྱར་ལ་ཟས་མདོག་འཁྲུ་ཞིང་དྲི་མ་སངས་པར་སྦྱངས། དེ་ནས་དུས་སུ་བབས་པས་འབྲས་ཐུག་ཆག་ཚེ་སོགས་ཀྱིས་བཅད་པར་བྱ་བ་དེ་ནི་ཚད་པ་ལུས་ལ་ཞེན་པ་རྩད་ནས་ཕྱིར་འབྱིན་པའི་དཔྱད་ཀྱི་མཆོག་དམ་པ་ཡིན་ནོ། །དེ་ནས་རླུང་མེད་པའི་ཚད་ལྷག་ལ་གི་ཝཾ་དང་ཙནྡན་དཀར་པོ་དང་ཅུ་གུར་ལི་སྟེ་བསིལ་གསུམ་དང༌། ཨུཏྤལ་དང༌། སླེ་ཏྲེས་དང༌། བྲག་ཞུན་དང༌། ཀ་ར་རྣམས་སྦྱར་ཞིང་རླུང་དང་ལྡན་པ་ལ་ཏིག་ཏའི་སྨན་མར་ཕྱི་རྒྱུད་ལྟར་གྱི་གོང་མ་ཤིས་ཤིང་དེ་ལྟར་དུ་བཅོས་ཀྱང་ཚ་བ་སླར་འཕེལ་ན་ཚ་བ་རླུང་ལྡན་སྟོངས་པའི་ཚད་པ་འབྱུང་བས་ཟས་དྲོད་བཅུད་བསིལ་འཇམ་གྱིས་རླུང་སྣ་གླན་ནོ། །དེས་ཀྱང་མ་ཞི་ན་ལུས་ཟུངས་བདུན་ཀ་ཚ་བར་ལོག་པ་ཡིན་པས་ཅི་བྱས་ཀྱང་མ་ཆོགས་ཏེ་ཚ་བ་ལ་ཆེ་ན་འདའ་བར་འགྱུར་བས། རྒྱུ་མཚན་དེས་ན་བསིལ་གྱིས་བཅོས་དགོས་པ་རྒྱས་ཚད་དམ་མཁྲིས་ཚད་རླུང་སྣ་གླན་དགོས་པ་སྟོངས་ཚད་དམ་རླུང་ཚད་ཅིས་ཀྱང་མི་ཆོགས་པ་ཚ་བ་ལ་འདས་པའམ་ཟུངས་ཟད་པའི་ཚ་བ་སྟེ་ཚ་བ་རྣམ་པ་དེ་གསུམ་གང་ཡིན་བརྟག་པ་གཅེས་ཏེ་མ་བརྟགས་ན་མཁྲིས་ཚད་རླུང་ཚད་ནོར་ནས་གཉེན་པོ་ལོག་དེ་གཉིས་དང་ཟུངས་ཚད་ནོར་ནས་འཚོ་འཆི་མི་ཕྱེད་དོ། ཁ་ཟས་ནི་རི་དྭགས་དང་བ་ལང་གི་ཤ་གསར་པ་དང་བ་རའི་ཞོ་དང་དར་བ་མར་གསར་དང་ཆག་ཚེ་རྣམས་བཏང་ཞིང་ཡོས་ཆང་སྲོ་ལོའི་ཁུ་བས་བསྲིངས་པ་གང་རིགས་རིག་པས་སྦྱར་ཏེ་བཏང་བ་དང་སྤྱོད་ལམ་ནི་མེ་ཉི་དང་ལུས་ངག་གི་བྱ་བ་རྩོལ་བར་བྱེད་བ་སྤང་ཞིང་བསིལ་བའི་སར་ཉིན་བར་གཉིད་མི་ལོག་པར་དལ་བར་བསྡད་དོ། །དེ་ལྟར་དུ་བཅོས་པའི་རྗེས་ལ་ཚད་པའི་ལྷག་མ་མེད་པར་བདའ་དགོས་ཏེ་གང་ཞེ་ན་ལྷག་ཅུང་ཟད་ཙམ་ལུས་ཀྱང་ཉུང་མའི་རྨ་ཅུང་ཟད་ཞིག་ལས་མེད་ཀྱང་མཆེད་ནས་འགྲོ་བའི་རྨ་དང་འདྲ་བ་དེའི་ཕྱིར་ན་ཟས་དང་སྤྱོད་ལམ་གཉིས་ཟླ་བའི་བར་དུ་བསྡམས། ཕྱི་རྒྱུད་ལྟར་གྱི་ག་བུར་ཉི་ཤུ་རྩ་ལྔ་སྦྱར་ཞིང་ལུས་ལ་ཆུ་ལྕག་གིས་བྲན་པ་དང་སྣེ་དམར་ནི་མོན་སྣེ་དམར་པོའི་ལོ་མ་སྟེ་སྲད་དཀར་སྟབ་སེང་ཨ་བར་སྐྱུར་ཏེ་འབྲས་གསུམ་གྱི་སྦྱོར་བ་ན་མ་འགའ་ཞེས་ལྔ་བདུན་ཙམ་བཏང་ལ་རྔུལ་དབྱུང་ནི་སྣེའུ་རླངས་དུགས་ཀྱིས་རྔུལ་དབྱུང་བས་ཚ་བ་ཅུང་ཟད་ཙམ་ཡང་ལུས་མི་སྲིད་པས་དེ་ནས་ཚ་བ་མེད་ངེས་ཀྱི་ཞག་བཅུ་ཙམ་ནས་ཟས་དང་སྤྱོད་ལམ་ཆ་ཡིས་གློད་དོ། །

བྱེ་བྲག་ཤ་ལྤགས་ལ་རྒྱས་ན་ག་བུར་ཉི་ཤུ་རྩ་ལྔ་རྒྱུད་ཕྱི་མ་ལྟར་སྦྱར་ཞིང་མཆིན་རྩ་རུ་ཐུང་དང་མཆེར་རྩ་རྟ་མཐུར་གྱིས་གཙོ་བྱས་ནས་རྩ་ཁ་མང་དུ་དབྱེ་བ་དང་གོང་བཞིན་རྔུལ་དབྱུང་ལ་ཆུ་ལྕག་དང༌། ཨ་རུ་མཆུ་རིང་བ་སྐྱུར་ལྕུམ་རྩ་དུར་བྱིད་སྤོས་དཀར་རྣམས་པ་ཆུར་བསྡུས་པའི་རྒྱུན་སྦྱོང་སོགས་བསྔགས་པ་ཡིན། རྩ་རུ་རྒྱུ་ན་ཙནྡན་དཀར་དམར་གཉིས་དང་ཅུ་གུར་ལི་སྟེ་བསིལ་གསུམ་ལི་ག་དུར་དོམ་མཁྲིས་ཨུཏྤལ་སོ་མ་རཱ་ཛ་མཚལ་ཧོང་ལེན་རྣམས་ཏེ་བཅུ་གཅིག་ཀ་ར་དང་སྦྱར་ལ་སྟོད་སྨད་དོན་སྣོད་སོགས་གང་རྒྱས་ཀྱི་རྩ་ལ་གཏར་བས་སྐྱེད་ཆུང་ན་ཕྱི་རྒྱུད་ལྟར་རྩ་སྦྱོང་བྱ་ཞིང་རུས་ལ་ཞེན་ན་ཤིང་སྣ་ཙནྡན་དཀར་དམར་གཉིས་སེང་ལྡེང་སྐྱེར་པ་དེ་ཝ་དཱ་རུ་སྨྱུག་ཤུན་དུ་བཞེད་པའང་ཧ་ཅང་འགལ་བ་ཨེ་ཡིན་མ་ཤེས་རུང་སྨྱག་ཤད་སྤྱི་ཞུར་རུ་རྟ་རྣམས་ཏེ་བརྒྱད་པ་ཀ་ར་དང་སྦྱོར་བ་དང་རུས་པ་རྙིང་པ་དང་ཤུག་པ་བ་ལུ་མཁན་པ་འོམ་བུ་མཚེ་སྟེ་བདུད་རྩི་ལྔའི་རླངས་ལུམས་བྱ་ལ་མཁལ་རྩ་བྱིན་གཞུག་གཏར་ཞིང་བཤད་མ་ཐག་པའི་རྒྱུན་སྦྱོང་ཡང་ཤིས་པ་ཡིན་ནོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཚ་བ་རྙིངས་པ་བཅོས་པའི་ལེའུ་སྟེ་བཅུ་དགུ་པའོ།། །།


 

མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 11:22 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།