སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་དགུ་པ། ཚ་བ་རྙིངས་པ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་བཅུ་དགུ་པ། ཚ་བ་རྙིངས་པ་བཅོས་པ།



ལེའུ་བཅུ་དགུ་པ། ཚ་བ་རྙིངས་པ་བཅོས་པ།

དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས། །རྙིངས་པའི་ཚ་བའི་རྒྱུ་རྐྱེན་ངོ་བོ་གང༌། །ཚ་བ་རྙིངས་པའི་མིང་དུ་ཅི་ཕྱིར་བཏགས། །དབྱེ་བ་རྟགས་དང་བཅོས་ཐབས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་ལ་ལན་གསུངས་པ།།

རྙིངས་ཚད་རྒྱུ་ནི་ལོ་ཟླ་ལོན་པ་སྟེ། །དེ་རྐྱེན་རང་བཞིན་རྙིངས་དང་རྐྱེན་གྱིས་རྙིངས། །སྦྱོར་བ་དམན་པས་རྙིངས་པ་རྣམ་པ་གསུམ། །རང་བཞིན་རྙིངས་པ་བད་ཀན་སྨུག་པོ་དུག །ལོ་དང་ཟླ་བར་ཟུངས་དང་ཡེ་ནས་འདྲེས། །རྐྱེན་གྱིས་རྙིངས་པ་ཚ་བ་ཕྲན་བུ་ལ། །ཟས་སྤྱོད་མ་བསྡམས་ཕྱོགས་མེད་བཏང་བ་ཡིས། །རྒྱུ་ཆུང་བ་ཡིས་རྒྱས་པར་མ་ནུས་ཀྱང༌། །ཟས་སྤྱོད་རྐྱེན་གྱིས་ཚ་བ་ཞིར་མ་སྟེར། །མ་སྨིན་མཁྲིས་ཤས་ཆེ་ལ་བཅོས་སྔས་སམ། །སྦྱོར་བ་དམན་པ་རིམས་ཆུང་ཆམ་འཁྲུགས་སམ། །འགྲམས་ཆུང་གཉེན་པོས་མ་ནོན་ཡུན་དུ་ལས།།

དེ་ལྟར་རྐྱེན་དེས་ལོ་དང་ཟླ་བ་རུ། །ནད་དེ་ཟུངས་སུ་འདྲེས་ཤིང་ཞེན་པ་ཡིས། །ལྕགས་ལ་བཙའ་མ་རས་ལ་སྣུམ་ཞེན་ནམ། །ཤིང་ལ་སྲ་རྩི་བཏང་འདྲ་གཏིང་འདོན་དཀའ། །ཡུན་རིང་ལོན་ཕྱིར་ཚ་བ་རྙིངས་ཞེས་བྱ།།

རྙིངས་ཚད་དབྱེ་བ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་རྙིངས་ཚད་རླུང་ལྡན་རླུང་མེད་གཉིས། །རླུང་མེད་སྦྱོར་དམན་རྐྱེན་གྱིས་རྙིངས་ལས་བྱུང༌། །རླུང་ལྡན་མ་སྨིན་རླུང་ཤས་ཆེ་བ་ལ། །བཅོས་པ་སྔས་པས་ནད་ལ་བྱ་ཤོར་ཏེ། །གཅིག་བཅོས་གཅིག་སྐྱེས་ཚ་བ་མ་གསོད་པས། །རླུང་ཚད་འཐབ་ཅིང་ཡུན་དུ་ལས་པའམ། །རླུང་གི་རི་ཐང་མཚམས་སུ་བཅུད་སྔས་པས། །ཚད་གཞུག་ལས་པ་རླུང་དང་བསྡོངས་ལས་བྱུང༌། །བྱེ་བྲག་དབྱེ་བ་ཤར་རྒྱས་ལྤགས་ལ་གྲམ། །རྩ་རུ་རྒྱུ་ཞིང་རུས་ལ་ཞེན་པའོ།།

རྟགས་ལ་སྤྱི་དང་བྱེ་བྲག་རྣམ་པ་གཉིས། །སྤྱི་ཡི་རྟགས་ལ་རྙིངས་ཚད་རླུང་མེད་དེ། །རྩ་རྒྱུད་ཕྲ་གྲིམས་ཆུ་དམར་རླངས་ཡུན་རིང༌། །གདོང་སྣུམ་ཁ་འབྱར་རྐན་ཕུགས་སྐམ་ལ་གྱོང༌། །མིག་རྩ་དམར་ལ་ཚག་ཅིང་མཆི་མ་འཛག །ཤ་མདོག་སྔོ་ལ་སྐམ་ཞིང་དྲེག་ཆུང་ཆགས། །འགུལ་ན་གློ་སྙིང་འཕར་ལ་རོ་སྟོད་ཚ། །ཡན་ལག་བཞི་དང་རོ་སྨད་ལྕི་ལ་སྦྲིད། །སྙིང་ལ་གྲང་མོ་འདོད་ཅིང་བསིལ་གྲིབ་སྙེག །ཉིན་དགུང་སྲོད་ལ་ན་ཞིང་རྔུལ་ཁ་སྙི། །གཉིད་ཆེ་དྲོད་བག་རྗེས་ལ་ལྡང་ཞིང་ན། །ཚ་བ་གཞན་པས་དང་ག་བག་ཙམ་བདེ། །རླུང་ལྡན་དེ་འདྲ་ཁྱད་པར་ལུས་ཤེད་ཆུང༌། །སྐབས་སུ་ཕྲུམ་སེར་ཁྱེར་ཞིང་བ་སྤུ་བརྩེ། །དོན་མེད་རྔུལ་འོང་གཟེར་འགྲམ་རུས་ཚིགས་ན། །བྱེ་བྲག་ཤ་ལ་རྒྱས་ན་ཁོལ་བུར་སྐྲངས། །དམར་སྲ་བཙིར་ན་ན་ལ་རྣག་ཆུ་འཛག །ལྤགས་ལ་གྲམ་ན་བརྩེ་ཞིང་ཚ་བེར་བྱེད། །རྩར་རྒྱུ་ནག་པོར་གསལ་ལ་རྩ་ཐོག་སྐྲངས། །རུས་ཞེན་ཁོལ་བུར་ན་ཞིང་སོ་མདངས་ཉམས། །སྔོ་སྐམས་ཚིགས་པ་གཡོ་ཞིང་སྒྱིད་པ་འཁུམས།།

བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་པའི་ཚུལ་དང་གཉེན་པོའོ། །བཅོས་ཚུལ་དང་པོ་གྱོང་པོ་རླན་གྱིས་སྦང༌། །བར་དུ་ཐལ་ཚན་ཆུ་ཡིས་བྲན་པར་བྱ། །ཐ་མར་དུག་གི་སྡོང་པོ་རྩད་ནས་གདོན། །གཉེན་པོ་སྨན་དཔྱད་ཟས་དང་སྤྱོད་ལམ་བཞི། །ཚ་རྒན་ལུས་སྤྱིར་གྲམ་ཞིང་ཞེན་པ་དེ། །བསྡུ་ཞིང་ནད་ཁྲག་ལུས་ཟུངས་དབྱེ་བའི་ཕྱིར། །འབྲས་བུ་གསུམ་དང་ཏིག་ཏ་སླེ་ཏྲེས་གཉིས། །བསྐོལ་གྲང་ཡུན་དུ་བསྲིངས་པའི་རླན་གྱིས་སྦང༌། །རྔུལ་ཆད་ལུས་ཡང་ཁམས་དྭངས་དང་ག་བདེ། །གཟེར་བ་ཞིའམ་འདུས་ན་གང་བབས་རྩ། །མང་དུ་རླངས་ཐོན་ཁ་དབྱེ་ཉུང་དུ་འདོན། །དེ་རྗེས་ཏིག་ཏ་ཧོང་ལེན་འབྲས་བུ་གསུམ། །སྤང་རྩི་བསྐོལ་གྲང་ཚ་བ་རོལ་དུ་གསོད། །ཕྱེ་མ་ག་བུར་ཉི་ཤུ་རྩ་ལྔ་པ། །འབྲས་བུ་གསུམ་མམ་སེང་ལྡེང་ཐང་གིས་དབུལ། །དེ་རྗེས་ཨ་རུ་བར་སྐྱུར་ལྕུམ་རྩ་དང༌། །དུར་བྱིད་བ་ཆུར་སྦངས་ལ་སྦྲང་གིས་བསྒྱུར། །ལྟོ་སྟོང་བཏང་བས་ངེས་མེད་རྒྱུན་དུ་འཁྲུ། །ནད་དང་ལུས་ཤེད་སྦྱར་ལ་དུས་བབས་བཅད། །ཚད་ཞེན་རྩད་ནས་འབྱིན་པའི་དཔྱད་མཆོག་ཡིན། །དེ་ནས་གི་ཝཾ་ཙན་དན་བསིལ་གསུམ་དང་། །ཨུཏྤལ་སླེ་ཏྲེས་བྲག་ཞུན་ཀ་ར་སྦྱར། །རླུང་དང་ལྡན་ལ་ཏིག་ཏའི་སྨན་མར་ཤིས། །དེ་ལྟར་བཅོས་ཀྱང་ཚ་བ་སླར་འཕེལ་ན། །སྟོངས་ཚད་འབྱུང་བས་ཟས་ཀྱིས་རླུང་སྣ་གླན། །དེས་ཀྱང་མ་ཞི་ལུས་ཟུངས་ཚ་བར་ལོག །ཅིས་ཀྱང་མ་ཆོགས་ལ་ཆེན་འདའ་བར་འགྱུར། །དེས་ན་ཚ་བ་རྣམ་གསུམ་བརྟག་པ་གཅེས། །ཁ་ཟས་རི་དྭགས་བ་ལང་ཤ་གསར་དང་། །བ་རའི་ཞོ་དར་མར་གསར་ཆག་ཚེ་བཏང༌། །ཡོས་ཆང་སྲོ་ལོས་བསིངས་པ་རིག་པས་སྦྱར། །སྤྱོད་ལམ་མེ་ཉི་ལུས་ངག་རྩོལ་བ་སྤང༌། །བསིལ་སར་ཉིན་གཉིད་མི་ལོག་དལ་བར་བསྡད། །དེ་ལྟར་བཅོས་རྗེས་ཚད་ལྷག་མེད་པར་བདའ། །ཅུང་ཟད་ལུས་ཀྱང་ཉུང་མའི་རྨ་དང་འདྲ། །དེ་ཕྱིར་ཟས་སྤྱོད་ཟླ་བའི་བར་དུ་བསྡམ། །ཉི་ཤུ་རྩ་ལྔ་སྦྱར་ཞིང་ཆུ་ལྕག་བྲན། །སྣེ་དམར་(སྲད་དཀར་སྟབ་སེང་འབྲས་གསུམ་གྱི་)སྦྱོར་བ་ནང་མ་འགའ་བཏང་ལ། །རྔུལ་དབྱུང་ཚ་བ་ཅུང་ཟད་ལུས་མི་སྲིད། །དེ་ནས་ཟས་དང་སྤྱོད་ལམ་ཆ་ཡིས་གློད། །བྱེ་བྲག་ཤ་ལྤགས་ཉི་ཤུ་རྩ་ལྔ་སྦྱར། །མཆིན་རྩས་གཙོ་བྱས་རྩ་ཁ་མང་དུ་དབྱེ། །རྔུལ་དབྱུང་ཆུ་ལྕག་རྒྱུན་སྦྱོངས་བསྔགས་པ་ཡིན། །རྩ་རུ་རྒྱུ་ན་ཙན་དན་(དཀར་དམར་གཉིས་བསིལ་གསུམ་ག་དུར་དོམ་མཁྲིས་ཨུཏྤལ་སོ་མ་ར་ཛ་མཚལ་ཧོང་ལེན་)བཅུ་གཅིག་སྦྱར། །གང་རྒྱས་རྩ་གཏར་སྐྱེད་ཆུང་རྩ་སྦྱོངས་བྱ། །རུས་ལ་ཞེན་ན་ཤིང་སྣ་(ཙན་དན་གཉིས་སེང་ལྡེང་སྐྱེར་པ་དེ་བ་དཱ་རུ་སྨྱག་ཤད་སྤྱི་ཞུར་རུ་རྟ་ཀ་ར་)བརྒྱད་པ་སྦྱོར། །རུས་རྙིང་བདུད་རྩི་ལྔ་ཡི་རླངས་ལུམས་བྱ། །མཁལ་རྩ་གཏར་ཞིང་རྒྱུན་སྦྱོངས་ཤིས་པ་ཡིན། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཚ་བ་རྙིངས་པ་བཅོས་པའི་ལེའུ་སྟེ་བཅུ་དགུ་པའོ།། །།


 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 3:38 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།