ལེའུ་བཅུ་དགུ་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019 |
ལེའུ་བཅུ་དགུ་པ། གག་ལྷོག་གསོ་བའི་གདམས་ངག་གཉན་ནད་འཇོམས་པའི་ཧ་ལ།
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱ་ཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །གག་ལྷོག་གསོ་བའི་གདམས་ངག གཉན་ནད་འཇོམས་པའི་ཧ་ལ། ཞེས་བྱ་བ་འདི་ལ། དང་པོ་བརྟག་པའི་ཐབས་ལ་དབྱེ་བ་ནི། བསམ་གྱིས་མི་ཁྱབ་སྟེ། བསྡུ་ན། གག་པ་དང་། ལྷོག་པ་གཉིས་སོ། །གྲེ་བར་བྱུང་ན་གག་པ་ཡིན། ཕྱི་རུ་བྱུང་ན་ལྷོག་པ་ཡིན། གག་པ་ལ་རིགས་གསུམ། དམུ་ཁྲག་འཁྱིམ་དང་། ལྡེམ་འགུལ་འགགས་དང་། གག་ནད་ཡམ་བུའོ། །དང་པོ་ནི་མདོག་སྨུག་ལ་སྐྲང་པ་ཆེ་ཞིང་། སྐྲང་པའི་སྟེང་ན་རྩ་རིས་སྦྲའི་ཆོན་ཐག་འདྲ་བ་འོང་། སྐོམ་དད་ཆེ་ཞིང་མགོ་དང་གྲེ་བ་ན། མཆིལ་མ་དང་ཆུ་མི་ཐར་རོ། །དེ་ལ་རྒྱ་ཚས་བྲད་ན་འཆི་བས། ཤུ་དག་གམ་རྒྱམ་ཚ། མཚལ། རྒྱ་སྐྱེགས། གླ་རྩི། སྣག་ཚ། ག་པུར་རྣམས་ཞིབ་པར་བཏགས་ལ། ལན་མང་དུ་སྦུ་གུས་སྐྲངས་པའི་སྟེང་དུ་ཁྱབ་པར་གདབ། དེས་ཟུག་འཆག སྐོམ་དད་འབྲིའོ། །དེས་སྐྲངས་པ་མ་ཞི་ན་སྣག་ཚ་དང་། ཟ་ཐུག་ཚན་དེས་འདུལ་ལོ། །ཐ་མ་རྣག་གཅིག་བྱུང་ན་བཟང་ངོ་། །ནག་པོ་རྐང་གཅིག་ཅེས་བྱ་བ་ལྕེ་ཆུང་གི་རྩར་བྱ་རོག་གི་མིག་འདྲ་བ་ཅིག་བྱུང་ན་ཐུབ་དཀའ་འོ། །ལྡེམ་མགུལ་འགག་ནག་པོ་ཞེས་བྱ་བ་སྐྲངས་པ་ཆུང་ལ་ཐོར་བའམ། འབྲུམ་པ་མགོ་སྐྱ་བོ་མང་དུ་འབྱུང་། དེལ་རུ་རྟ། ཤུ་དག རྟའི་རུས་པ་བསྲེགས་པ། པི་པི་ལིང་། བྲག་ཚ། སྦྲུ་མ། དབྱི་མོང་། དེ་རྣམས་ཞིབ་པར་བཏགས་ལ། སྦུ་གུས་ཁྱབ་པར་གཏང་། ཅུང་ཞིག་ནང་དང་འཐབ་ཏུ་གཞུག ནུས་པ་ཕྱིན་ནས་ཕྱི་རུ་དབོའོ། །དེས་ར་རོ་དང་། འདྲད་འདྲོད་ཆོད་ནས་བདེ་རུ་འགྲོ། ཚན་དེས་འདུལ་ལོ། །གག་ནད་ཡམ་བུ་ཞེས་བྱ་བ་གྲེ་བར་ཟོ་ཤེ་ཆགས་པ་འདྲ་བ་གཅིག་འོང་བས། དེ་ལ་ལི་ཤི། སུག་སྨེལ། བུལ་ཏོག དུད་པ། བྲག་ཚ། མེ་ཏོག་ལྕེ་ཚ་བ་རྣམས་ཞིབ་པར་བཏགས། སྦུ་གུས་གོང་བཞིན་ཁྱབ་པར་གཏར། དེས་ར་རོ་ཆོད་ནས་འོང་བས་སྣག་ཚ་དང་། ཟ་ཐུག་གིས་འདུལ་ལོ། །ཕྱི་མ་འདི་གཉིས་ལ་རྒྱ་ཚ་དང་། སྨན་རྣོ་བས་བྲང་ཀྱང་བཟང་ངོ་། །སྤྱིར་ལྷོག་པ་ལ་དཀར་ནག་གཉིས། ནད་གྲང་བ་ལས་གྱུར་པ་ནི་དཀར་པོ་ཡིན། དབུགས་དང་དང་ག་བདེ་ལ་གཉིད་ཆུང་། ལུས་ཀྱི་དྲོད་ཉམས། སྐྲངས་མཆེད་བུལ་ལོ། །ཞག་བདུན་དང་དགུ་ལ་མ་ཤི་ནའང་དཀར་པོ་ཡིན། སྐྱ་ནད་ཀྱང་མི་འབྱུང་ངོ་། །དེའི་སྨན་ནི་ཚ་སྣ་ལ་གཞི་བླངས། དེའི་དཀར་པོ་རླུང་ལས་གྱུར་པ་ནི་ཁ་དོག་སྔོན་པོར་སྐྲངས་ལ། བད་ཀན་ལས་གྱུར་པའི་སྐྱ་བར་སྐྲངས། མཁྲིས་པ་ལས་གྱུར་པ་ནི་དམར་པོར་སྐྲངས། འདུས་པ་ལས་གྱུར་པའི་སྐྲངས་མདོག་སྣ་ཚོགས་བྱས་ནས་ཐོར་བུ་ཡང་ཡམ་མེ་འོང་ངོ་། །ཚད་པ་ལས་གྱུར་པའི་ནག་པོ་ནི་སྐྲངས་པ་མཆེད་སྐྱེན་པ་དང་། དམར་བ་དང་། རེག་ན་མི་བཟོད་པ། བ་སྤུ་གྱེན་ལ་ལྡང་བ། དབུགས་ཐུང་ལ་ཡི་ག་འཆུས་པ་དང་། མདོར་ན་ཟུག་ཆེ་བར་འོང་ངོ་། །དེ་ལ་ཁ་ཟས་དང་། སྨན་བསིལ་གྱིས་བཅོས་ཏེ། ཤེས་པ་བྱིངས་ཤིང་ཉོག་ན་ག་པུར། བཟང་དྲུག་སྦྱར་ལ་གཏང་། དེའི་སྟེང་དུ་འཕྲོད་མང་དུ་གཏང་བར་འདོད་ན་རུ་རྟ། སླེ་ཏྲེས། བ་ལུའི་ལོ་མ། བཙོད། ཟངས་ཙི་བ། དབྱི་མོང་། ལྕང་མོའི་རོ་གཏང་ངོ་། །ཡང་ཁ་ཅན་དང་། ཁ་མེད་ཅེས་བྱ་བ་ནི་ཐོར་པ་ཡོད་ན་ཁ་ཅན་ཞེས་བྱ་སྟེ། ཐོར་པ་ལ་ནོར་པ་གསུམ་ཡོད། རྒྱ་ཐོར། སྲིན་ཐོར། ལྷོག་ཐོར་རོ། །རྒྱ་ཐོར་སྲིན་ཐིར་གཉིས་ནང་ནས་ཕྱི་རུ་འོང་བ་ཡིན་པས་ན་ཚ་ཆེ། ཐོར་པའི་རྩེ་མོ་རྣོ་རྩེག་གེར་བྱས་ནས་རྩེ་མོ་ལ་རྣག་སྐྱ་ཐོ་རེ་འོང་། ལྷོག་ཐོར་ཕྱི་ནས་ནང་དུ་འཇུག་པ་ཡིན་པས། ཐོར་པ་དཀྱིལ་སྐྱོང་ངེ་འོང་། འཕྲལ་དུ་ཟུག་མི་ཆེ་ལ་རེག་ན་མི་བཟོད། མི་བརྗེད་པས་འཇུ་སྙིང་འདོད། བསྐྱེད་ནས་བལྟས་ན་གཞན་པས་གསལ་ལོ། །ཁ་མེད་ལ་རིག་གཉིས། རྨ་ལ་ཞུག་པ་དང་། དོན་མེད་པར་སྐྲངས་པའོ། །རྨ་ལ་ཞུགས་ན་ཆུ་སེར་རེའུའི་གཅིན་འདྲ་བ་འོང་། སྐྲངས་པ་དྲོད་ཆེ་ན་ན་ཚ་ཆེ། །ཆུ་བུར་དང་ཉ་སྒང་འོང་ངོ་། །དོན་མེད་པར་སྐྲངས་པ་ལ་གཉིས། གཞི་བཟུང་ནས་སྐྲངས་པ་དང་། འཕོ་ཞིང་སྐྲངས་པའོ། །དེ་རྣམས་ཐམས་ཅད་དང་། སྐྲངས་ནད་སྤྱིའི་མཚན་ཉིད་ནི། མགོ་བོ་ན་བ། གྲང་ཤུམ་བྱེད། རྐེད་པ་དང་རུས་ཚིགས་འཁོལ་ཞིང་ན་བ་དང་། སྙིང་མི་དགའ་བ་དང་། བྱ་རྨྱར་བྱེད་སྙིང་འདོད་པ་དང་། བྱིན་པ་གཉིས་དང་། ཉྭ་ན་བ་དང་། བྱད་སྤུ་ལྡང་པ་དང་། སྐོམ་དད་ཆེ་བ་དང་། ཁམས་མི་བདེ་བ་དང་། ཤ་མདོག་སེར་བ་དང་། ལྕེ་ཆུང་འབབ་པའོ། །རྩ་གྲིམ་ལ་འཁྱོགས་པ་དང་། ཐུང་ལ་བུལ་ན་གབ་པའི་རྩ་ཡིན་ནོ། །དེ་རྣམས་གག་ལྷོག་གི་རྩ་ཡིན་ནོ། །དེ་ནས་སྤྱི་ལ་ཟིན་ཙམ་ན་དཔེར་སྲིན་བུ་མེ་ཁྱེར་འདྲ་སྟེ་དམར་རྩེག་གེ་བ་འོང་། ཤ་ལ་ཟིན་ཙམ་ན། ན་ཆུང་གི་ནུ་མ་འདྲ་བ་གཅིག་འོང་། ཤ་གཏིང་དུ་ཟུག་ཙམ་ན་ཇ་ཕུང་ཞིག་པ་འདྲ་བ་གཅིག་འོང་ངོ་། བཅོས་ཐབས་ལ་གཉིས་ཏེ། ཕྱི་ཆས་སུ་གཞུག་པ་དང་། ནང་ཚགས་སུ་གཞུག་པའོ། །ཕྱི་ལ་ལྔ་ཏེ། དང་པོ་སྐྲང་ཆུ་སེར་དྲང་བ་ནི། ཀ་ར། བུ་རམ། གླ་རྩི། ཚ་སྣ་རྣམས་སྦྱར་ལ་དམིགས་དེ་ཡན་པར་བཞག་ལ་བསྐུའོ། །གཉིས་པ་ཁ་འོག་གི་ཆུ་སེར་ཐམས་ཅད་བསྡུ་བ་ནི། གུ་གུལ་ནག་པོ། གླ་རྩི། ཚ་ལ་རྣམས་དམིགས་དེ་ཡན་པར་བཞག་ལ་མཐའ་མར་བསྐུའོ། །གསུམ་པ་བྱེར་བ་ནི། འགྲམ་པ། ཞུད་པ་འདོན་པ་ནི། ལྕམ་པ། སྟག་ཤ་བ། མེ་ཏོག་ལུག་མིག་པ། མུ་ཟི། ལྡོང་རོས། བ་བླ། བཙན་དུག རེ་ལྕགས་པ། མི་ལུད། ཁྱི་ལུད་བསྲེགས་པའི་ཐལ་བ་དུད་པ་རྣམས་ཁྲ་ཁྲོ་མེད་པར་སྐྲངས་ལ་བྱུག་གོ། བཞི་པ་མེ་བཙས་གང་ན་ཡོད་ཀྱང་བསད་པ་ནི། གང་ན་བའི་རྩའི་དངོས་པོ་ལ་སྤྲ་བ་ཅི་རིགས་པ་བཞག དམར་ལ་འཕྲོ་ན་བསྐྱར་ལ་བཞག་གོ། ལྔ་པ་ཟངས་ཀྱི་ཐུར་མས་ཆུ་སེར་གཏིང་ནས་དྲང་བ་ནི། ཟངས་ཀྱི་ཐུར་མ་མེ་ལ་བསྲོས་ལ། སྐྲངས་པའི་འོག་ཏུ་ཀོར་བུར་འཕངས། སྐྲངས་སྣ་དང་སྐྲངས་པའི་ངོས་ལ་བརྡེགས། དེས་ཆུ་སེར་ཕྱིར་ཐོན་ནས་ཐུལ་ཤུལ་ནག་ཀོག་འགྲོ་སྟེ། ཁྱད་པར་དུ་རླུང་སྐྲངས་ཞི་བར་འགྱུར་རོ། །ནད་ཚགས་སུ་གཞུག་པ་ལ་གསུམ། དྲི་སྨན་རྒྱལ་པོ་དགུ་སྦྱོར་གྱིས། ཁང་དུ་མི་ཡོང་སྲུང་བར་བྱེད། ཅེས་པས་ག་པུར། གི་ཝཾ། ཙནྡན། བཟང་དྲུག གླ་རྩི། གཉན་ཐུབ། ཁྱུང་སྡེར། ལྷོག་ཐུབ། དར་ཡ་ཀན་དམར་སེར། མཁྲིས་པ་སྣ་ཚོགས། ཨ་རུ་ར་རྣམས་ཀ་ར་ལ་རྟ་བྱས་ལ་ཆུ་གྲང་གིས་ཕུལ་ལ་མང་དུ་གཏང་ངོ་། །གཉིས་པ་ནད་སྤྱང་བའི་ཁྲུས་ནི། དན་དྲ(ཁྲ)། ཐར་ནུ། དུར་བྱིད། བྱང་པ། རྒྱམ་ཚ། རྒྱ་ཚ། རྒྱ་མཚོ་གསེར་གྱི་བྱེ་མ། མིའི་ཉྭ་ཤ་རྣམས་གཏང་ངོ་། །རྗེས་གཞན་དང་མཐུན་ནོ། །གསུམ་པ་དཔའ་བོ་བདུད་རྩི་འཆེ་མེད་ཀྱི་སྦྱོར་བ་ནི། བཙན་དུག་སྲན་མ་འབྲིང་པོ་ཙམ་གཉིས་བྱིས་པའི་ཆུ་ལ་སྦྱངས་ལ། རྒྱ་ཚ། ལྡུམ་བུ་རེ་རལ། ཨ་རུ་ར་ཞོ་བཞི། ཤུགས་པ་ཚེར་མ་ཅན་གྱི་ལོ་མ་ཉིས་འགྱུར་གཏང་། དེ་རྣམས་ཞིབ་པར་བཏགས་ལ་རིལ་བུ་སྲན་མ་འབྲིང་པོ་ཙམ་གྲིབ་མ་ལ་སྐམས་ལ། མི་དར་མ་ལ་བདུན། རྒན་པ་ལ་ལྔ་། བྱིས་པ་ལ་གསུམ། རྒན་དྲག་པ་དང་། གཞོན་དྲགས་པ་དང་། ཚད་རོ་ཅན་ལ་མི་གཏང་ངོ་། །སྨན་པའི་ལག་ཉམས་ཀྱིས་བཙལ་བ་ནི། མཛུབ་མོའི་འོག་ན་སྲན་མ་ལྟ་བུ་སྲ་ལ་འདྲིལ་བ་དང་། ཚེར་མ་ཟུག་པ་ལ་མནན་པ་ལྟར་ན་ཀ་རེ་པ་དང་། གྲང་བའི་ནང་ན་ཚ་བ་དོང་ནང་གི་མེ་ལྟ་བུ་དང་། སྙི་བའི་ནང་ན་སྲ་བ་ཆུ་ནང་གི་རྡོ་ལྟ་བུ་དང་། འཇམ་པའི་ནང་ན་རྩུབ་པ་དར་ནང་གི་ཚེར་མ་ལྟ་བུར་འོང་ངོ་། །སྐྱིལ་ཡོད་ན་བག་སྤུ་ཆག་པ་འདྲ་བ་ཅིག་འོང་བས་དེ་ལ་ཐོག་ཏུ་མེ་བྱ། སྤྱིར་དང་པོ་སྨན་བཏང་བས་སྐྲངས་ཞི་ནས་ལྷག་མ་ཞི་དཀའ་ན་བསྲེག ཡང་ཞི་རུ་མ་འདོད་ན་གཉན་སྦྱང་བྱ། ཞི་སླ་ན་སྨན་སྦྱོར་བྱས་པས་ཆོག བསྲེགས་མི་དགོས་ཐུབ་ན། སྐྲངས་པ་འདུལ་དུ་འགྲོ། འཆི་བའི་རྟགས་ནི་སྐྲངས་པ་ཕྱོགས་མེད་དུ་འགྲོ་ས་དང་། སྐྲངས་པ་གྱེན་ལ་འགྲོ་བ་དང་། སྐྲངས་པ་ལ་ཁྲག་གི་ཆུ་བུར་སྔོན་པོ་འོང་བ་དང་། བཅོས་ཀ་ཅི་བྱས་ཀྱང་རྡུགས་པ་དང་། གློ་ཆུང་ལུ་བ་དང་། སྐད་འགག་ཅིང་ཙི་ཙི་ཟེར་ན་དོན་སྣོད་ལ་སོང་བ་ཡིན་པས། ཕོ་བ་ལྷན་ཞབས་སུ་ན་ཞིང་ཟུག་མི་ཆོག་ན་འཆི་རྟགས་ཡིན་ནོ། །འདི་ལ་བྱེར་ཞུད་མི་འོང་སྟེ། རྒྱ་ལ་བྱུང་ན་རྟ་བོན་པོ་དང་། གུ་གུལ་ནག་པོ། ར་ཐུག་གི་སྤྲེའུ་དུད་པས་བདུག་གོ། ཡང་བརྟག་པའི་ཐབས་ལུགས་གཅིག་ལ། མདོག་ལ་བརྟག་པ་ནི། ཕལ་ཆེར་སྨུག་པོ་འོང་། དམར་ལྷོང་ལྷོང་བ་འོང་། ཉི་ཟེར་ལ་རྟ་རྔ་བཀལ་བ་འདྲ་བ་དང་། ཆེ་ཕྱུགས་ཀྱི་ལོང་ཀའི་རྩ་འདྲ་བ་ཡིན། །སྐྲངས་པ་ལ་ཆུ་འོང་ན་ཡང་དཀར་པོ་ཡིན། ཆུ་སེར་ནག་པོའམ་དུད་ཁུ་བྱུང་ན་ནག་པོ་ཡིན། སྤྱིར་ཆང་འཐུངས་ན་བྲ་མོ་ཡང་ནག་པོར་འགྱུར་ཏེ་འཆི། གཉིད་བུ་རྐུན་མ་ཞེས་བྱ་བ་ལ་ལྷོག་རོ་ཡང་མི་འབྱུང་སྟེ། འབྱུང་བ་ནམ་མཁའི་རིགས་ཡིན་པས་ཕྱི་ནས་ནན་འབྱོར་དྲགས་ན་རང་བཞིན་གྱིས་འབྲོས་སོ། །རྩ་བའི་རྩ་ཤིན་ཏུ་གཉན་པ་ཡིན་ཏེ། དེ་ནི་གཉིད་པོ་ཆེའི་རིགས་ཡིན་ནོ། །སྐྱེས་པའི་གཡས་སུ་གཟུང་བ་དང་། བུད་མེད་ཀྱི་གཡོན་དུ་བཟུང་ན་གཉན་ནོ། །འཆི་རྟགས་ནི་དབུགས་སྣ་ཐུང་བ་དང་། རྔམ་པ་ཆེ་བ་དང་། ཟས་ཡི་ག་མི་འོང་བ་དང་། སྐོམ་དད་ཆེ་བ་དང་། ནན་དང་། སྨན་བྱས་ཀྱང་སྐྲངས་པ་རྡོ་ལྟ་བུ་འཇུ་རུ་མི་འདོད་པ་དང་། འདུགས་གཅིག་ཏུ་མི་ཚུགས་ནས་གཞན་དུ་འགྲོ་སྙིང་འདོད་པ་དང་། མིག་རྩ་རྒོད་ན་འཆི་འོ། །འཚོ་རྟགས་ནི་རྩ་དང་ཆུ་གཉིས་ཀ་མི་འཚལ། དོང་ག་བདེ་ཞིང་སྐོམ་དད་ཆེ་ན་འཚོའོ། །མྱུར་དུ་སྐྲངས་པ་ལ་མཁྲིས་པ་སྐྱགས་པ་དང་། ཟས་ཡི་གར་མི་འོང་བ་དང་། མོད་ལ་རྡོ་ལྟར་སྐྲངས་ནས་དམར་ཞིང་ཁྲག་འཛག་པ་དང་། མོད་ལ་ཆུ་རྐྱལ་བུས་པ་ལྟར་འོང་བ་དང་། གོང་ལྟར་མནན་ཡང་བེམ་བེམ་བྱེད་པ་དང་། སྨྲེ་སྔགས་འདོན་ན་མི་བཟང་སྟེ་གསོ་བར་དཀའོ། །སྐྲངས་པ་མེད་ཅིང་ན་ཚ་ཆེ་ལ་མནན་ན་འོག་ནས་འཕར་ཞིང་འཁྱུག་ན་ཚ་ལྷོག་ནག་པོ་སྡོམ་པ་ཡིན་ནོ། །ཡང་ལག་མཐིལ་མེའི་འཁོར་ལོ་ལ་ཞུགས་ནས་གཉན་པ་ཡིན་པས་མེ་བཙའ་བྱ། བག་ཕྱེའི་འོལ་སྐོམ་དང་། བཙན་དུག་སྦྱར་ལ་གཏང་ངོ་། །དེའི་སྟེང་དུ་ཕྱིང་པས་ཐེམས་བྱའོ། །ཡང་རྐང་མཐིལ་རྩའི་འཁོར་ལོ་ལ་བྱུང་ན་གཉན་པས་བཙན་དུག་དང་། བག་ཕྱེ་སླད་ལ་སྦྱར་བ་དེའི་སྟེང་དུ་ཕྱིང་པ་གཏང་བ་ཐག་པས་དམ་དུ་བསྡམ་མོ། །སྐྲངས་པའི་མགོ་གང་བྱུང་བུག་པ་གཏོད་དོ། །ཤ་གཉན་དང་། རྩ་གཉན་ལ་ཞུགས་ན་ཉེན་ཆེ་སྟེ། རྩེ་མགོ་དང་། དོན་སྣོད་ཀྱི་རྩ་ཐམས་ཅད་ཉེན་ཆེའོ། །ཤ་དང་རུས་པའི་བར་དུ་ཞུགས་ན་དཀར་ལ་འཚེར་བ་འོང་། ཤ་ལ་ཞུགས་ན་སྐྲངས་པ་ཆེ། པགས་པ་ལ་ཞུགས་ན་འབྲོས་སྐྱེན། སྒྱི་ལ་ཞུགས་ན་གྲོད་པར་ཆུ་བླུགས་པ་དང་འདྲ་སྟེ། མཆོངས་ཤིང་འབྲོས་ཏེ་གསོ་དཀའོ། །ཁོང་སྨན་མ་གཏང་བའི་གོང་དུ་སྐྱེར་པའི་བར་ཤུན་གྱི་ཐང་གཏང་ངོ་། །ཁོང་ཚད་ཤིན་ཏུ་ཆེ་བར་སྐྱེས་ན་བཟང་དྲུག་བསིལ་གསུམ་གཏང་ངོ་། །ཁོང་སྨན་གླ་རྩི། གུར་གུམ། ཤིང་ཀུན་གསུམ། རུ་རྟ། བྲག་ཞུན་གསུམ། ཨ་རུ་ར་། དོམ་མཁྲིས། རྒྱ་ཚ་གསུམ། སྒོག་སྐྱ་མགོ་བསྡུས་རིལ་བུ་བྱས། འཁོར་གསུམ་གཏང་ན་ཤི་བ་བཟློག ཅེས་པས་ནད་ཀྱི་བབ་དང་སྦྱར་ལ་གཏང་ངོ་། །ཕྱིའི་བྱུག་པའི་སྨན་ལ་གཉིས་ཏེ། སྨན་ནན་དང་། ངན་ནན་ནོ། །སྨན་ནན་ནི། སྟག་ཤ་བ། སྦྲུ་བ། ཐར་ནུ། ར་དུག་པ། དྷ་དུ་ར། ཆུ་རྩ། དུད་པ། ཁྱེའུ་ལོ་བརྒྱད་པའི་དྲི་ཆུ་ལ་སྦྱར་ལ་བྱུག་གོ། ཉ་བཞི་ལ་བྱུང་ན་སྨན་བྱུགས་པའི་སྟེང་དུ་བའི་ལྕི་བ་དྲོད་མ་ཡལ་བར་གླན། དེའི་སྟེང་དུ་དཀྲིས་མ་བྱའོ། །ངན་ནན་ནི། ཁྱི་ནག་པོའི་སོ། ཕག་པའི་རིལ་མ། སྤྱང་ཀིའི་སོ། བྱ་ཕུག་རོན་གྱི་བྲུན། ར་དུག་བརྡུངས་པའི་ཕྱེ་མ། བ་ལྕི། མིའི་དྲི་ཆེན་། དྲི་ཆུ། རྐོ་མོའི་ས་མྱག་རྣམས་བྱིས་པའི་ཆུས་སྦྱར་ནས་བྱུགས་ན་མི་ཐུབ་པ་མེད་དོ། །རྨ་དང་ཆུ་བུར་གྱི་སྟེང་དུ་སྨན་མི་བསྐུ་བར་བཞག ཆུ་བུར་ལ་རེ་ལྕག་བསྲེགས་པའི་ཐལ་བ་སྐམ་རྩིར་གདབ། ཆུ་རྩ་དང་། ངན་མཁྲིས་སྣ་ཚོགས་ཞོ་དང་སྦྱར་ནས་བྱུག་ན་སྐམ་རྩིའི་མཆོག་ཡིན་ནོ། །ཡན་ལག་གི་དང་པོ་མགོ་ལ་ཞུགས་ན་སྐྲ་བྲེག་ལ། ར་དུག་པ། བོང་ང་ནག་པོ། སྦྱར་(སྤྱང་)ཚེར་བ། དྷ་དུ་ར། སྟག་ཤ་བའི་ནན་བྱ། རྩའི་རྒྱལ་པོ་རྩེའུ་ཆུང་ལ་ཞུགས་ན་སྙིང་ལ་འབྲོས་པས་བླ་འཆོལ་ཡང་ཡང་འོང་སྟེ། དེ་ལ་ཁོང་སྨན་མྱུར་དུ་གཏང་། ཕྱེ་ནས་ནན་སྦྱོར། ཞག་འགའ་མི་བྱའོ། །གྲེ་བ་ལ་ཞུགས་ན་ཏིག་གུ་ལམ་ཁར་སྐྱེས་དང་། གཡུ་ལྡུམ་དང་། གསེར་ལྡུམ། མཆོང་ལྡུམ་དང་། རྒྱ་ཚ་རྣམས་སྦྱར་ནས་དངོས་པོ་ལ་བྱུག་ན་ཐུབ་ངེས་སོ། །ཡང་ན་སེར་པོ་གསུམ་ཞེས་བྱ་སྟེ། ཡུང་བ། ཤུ་དག དུ་བ་སེར་པོ། རྒྱ་ཚ་རྣམས་ཞིབ་པར་བྱས་ལ། དངོས་པོ་ལ་བུས་ན་ཐེ་ཚོམ་མེད་དོ། །སྤྱིར་གཉན་རིགས་གང་ཡིན་ཡང་སྤྱོད་ལམ་དང་ཟས་སྤྱོད་ནི། རྟ་མི་ཞོན། ཆུ་མི་བརྒལ། བུད་མེད་དང་མི་ཉལ། མེ་ཚད་དང་། ཉི་མ་དང་། ཉིན་མོའི་གཉིད་སྤང་། མི་ནུས་པའི་ངལ་དུབ་དང་། དྲག་ཤུལ་སྤང་། ཟས་ཤ་ཆང་དང་། བུ་རམ་དང་། སྣུམ་བག་དང་། དཀར་དང་། ཚ་དང་། སྲན་མ་དང་། སྒོ་ང་སྤང་ངོ་། དྲུས་ཐུག་དང་། མར་བཏུལ་བའི་ཞུན་མར་དང་། སྐོམ་དུ་ཆུ་བསྡུས་གཏང་ངོ་། །རང་བསྲུང་བ་ནི། གླ་རྩི་ཤིང་ཀུན་ཤུ་དག་གསུམ། རུ་རྟ་གུ་གུལ་མུ་ཟི་གསུམ། ལུས་ལ་བཅང་ན་བསྲུང་བའི་མཆོག ཅེས་དང་། ཡང་ན་ནག་པོ་དགུ་སྦྱོར་གྱི་བསྲུང་བ་ནི། བཙན་དུག་ཐར་ནུ་སྤྲུ་བ་གསུམ། ར་དུག་རི་ཤོ་མུ་ཟི་གསུམ། བྲག་སྤོས་མཚལ་བསྲེགས་ཕག་སྣ་གསུམ། གག་ལྷོག་བསྲུང་བའི་གདམས་པའོ། །ཡང་གྲེ་བའི་སྨན་ལུགས་གཅིག་ནི། གག་མཐོང་སྐྱུགས་ཞེས་བྱ་སྟེ། ཐར་ནུ་འོ་མར་བཏུལ་བ་དང་། སྟག་ཤ་བ་ད་། ཆུ་རྩ་དང་། དོམ་མཁྲིས་ཏེ། དེ་མེད་ན་ཕྱི་བའི་མཁྲིས་པ་ཆེ་བར་གཏང་ངོ་། །ཨ་རུ་ར། དབྱི་མོང་། རྒྱ་ཚ་བག་ཙམ་ཅིག་ཞིབ་པར་བྱས་ལ་སྦུ་གུས་གཏང་ངོ་། །དེའི་རྗེས་ལ་ཆན་ཚོགས་གཏང་ངོ་། །མདོར་ན་འུབས་ཀྱིས་བསྡུས་ན་ལུས་པོ་སེར་ཁྱེར་ལ་མགོ་བོ་དང་ཚིགས་གཞི་ན་རུ་འོང་། རུས་པ་ལ་ཞུགས་ནན་ཀར་ཀར་འོང་། རྩ་ལ་ཞུགས་ན་ཚ་བྲིང་བྲིང་འོང་། ཤ་ལ་ཞུགས་ན་ན་བེམ་བེམ་འོང་། སྐྱི་ལ་ཞུགས་ན་རྩེ་ལྷན་ལྷན་འོང་། དེ་ཐམས་ཅད་ཁོང་སྨན་འདིས་ཆོག ཐར་ནུ་གཡང་སར་བརྐོས་པ་འོ་མའི་ནང་དུ་བཙོ། འོ་མ་ཐར་ནུ་ལ་ཐིམ་པ་དང་། ཉིན་གཅིག་ཉི་མ་ལ་སྐེམས། དེ་ལ་གྲིབ་སྐམ་བྱས་ལ། ཆུ་རྩ་རྐང་གཅིག་པ་གཡང་སར་བརྐོས་པ་གྲིབ་སྐམ་བྱས་ལ། སྲང་ལ་ཆ་མཉམ་ལ་རྩི་བཞིན་བཏགས་ཏེ་གྲི་རྩེ་རེ་ལྕེ་ཐོག་ཏུ་བཞག་ལ། ཆུས་ཕུལ་ལ་གཏང་ངོ་། །དེ་ནས་དྲོད་ལ་བསྒོར་ཏེ་སྐྱུག་དུ་མ་བཅུག་པས་ཅུང་ཟད་ནས་འཁྲུའོ། །འཁྲུ་རུ་མ་འདོད་ན་གྲི་རྩེ་ཕྱེད་བསྣན་ལ་གཏང་ངོ་། །རང་ངམ་གཞན་སྲུང་བར་བྱེད་ན་རས་ཀྱི་ཁུད་དུ་ཕུར་ལ་སྣས། དྲི་མནམ་དེས་རོ་ཁུར་ཡང་མི་འགོས་སོ། །སྨན་མ་ཞུ་བར་ཕོ་བ་ན་ན་ཡོས་དུག་བྱ། མལ་ཆས་གཏིབ་བོ། །སྒལ་ཚིགས་གཟེར་ཞིང་ན་ན་རླུང་གཟེར་ཡིན་པས་བསྐུ་མཉེ་བྱ། ཁ་ཟས་དང་སྤྱོད་ལམ་གོང་དང་འདྲ་འོ། །ཡང་ན་མེ་ཏོག་ལུག་རུ་དམར་པོའི་རྩ་བ་དུས་སུ་བརྐོས་པ་དང་། སྟག་ཤ་བ་གཉིས་ཞིབ་པར་བཏགས་ལ། ཆད་སྒོ་ང་གང་ལ་སྦྱར་ལ་ཁོང་དུ་གཏང་ངོ་། །དེ་ནི་ཆང་ལ་ཁ་དྲངས་ནས་གསོད་པ་ཡིན་ཏེ། ལྷོག་པ་ཁོང་གསོད་ཀྱི་མན་ངག་གོ། ཕྱི་རུ་འོ་མ་ལ་སྦྱར་ལ་བྱུག་གོ། སྲུང་བ་བྱེད་པ་ལ་ལུས་ལ་གདགས། ཁོང་དུ་ཡང་གཏང་ངོ་། །ཉམ་ང་མེད་པའི་གསོ་དཔྱད་ཡིན་ནོ། །སྣ་ནས་ཆུ་སེར་དཀར་པོ་བྱུང་ན་ཀླད་པ་ལ་སོང་བ་ཡིན་ནོ། །ཁའམ། སྣ་ནས་ཆུ་སེར་དམར་པོ་བྱུང་ན་མཆིན་པ་ལ་སོང་བ་ཡིན་ནོ། །སྣ་ནས་ཆུ་སེར་རིའུའི་གཅིན་འདྲ་བ་བྱུང་ན་མི་སོས་སོ། །ཁ་དང་སྣ་ནས་ཤེ་རུལ་བྱུང་ན་ཡང་ངན་ནོ། །ཁ་ནས་བྱུང་ན་བག་དྲག་ལག་པ་འདར་ཞིང་རྔམ་པ་རུང་རུང་བྱེད་ན་སྙིང་ལ་སོང་བ་ཡིན། གློ་བ་རྫོངས་པ་སྙམ་བྱེད་ནས་མཆན་ཁུང་དུ་ཟུག་ན་གློ་བ་ལ་སོང་བ་ཡིན་ནོ། །ཅི་ལྟར་བཅོས་ཀྱང་སྐྱེད་མེད་པར་ཁ་སོ་ལ་དྲེག་པ་ཆགས་ཤིང་ལྕེ་ལ་བད་སེར་པོའམ། དཀར་པོ་ཆེ་བ་དང་། ལྕེའི་གཞུང་ནག་པོ་ལ་ལྕེ་རྩུབ་ཅིང་སྐམ་ན་མི་སོས་པས་སྤང་ངོ་། །དེ་རྣམས་ལ་ཡང་སྨན་གཏང་ན་ནད་མི་འཕེལ་ལོ། །ཡང་ཕྱིའི་ལུམས་ལུགས་གཅིག་ལ། ཁྱི་ལུད་ཡག་མ། ཕག་པའི་རིལ་མ། རམས་སྒོག་སྐྱ། གུ་གུལ་ནག་པོ། མིའི་ཤི་སྐྲ། ཁྱི་བལ། ཡུགས་ས་མོའི་དོར་མ་བསྲེགས་པའི་གཞོབ། མི་ཁྲག་དང་། དུས་འགྲོའི་ཀླད་པ་གང་རྙེད་ལ་སྦྱར་ནས་ཞག་གསུམ་ལུམས་བྱས་ན་སྐྲངས་ནད་ཐམས་ཅད་འཇོམས་སོ། །ཡང་གྲེ་བའི་འབུད་སྨན་ལུགས་གཅིག་ལ་ཤུ་དག ཨ་རུ་ར། སྒ་དང་། དུད་པ། ཚ་ལ་རྣམས་སྦྱར་ནས་བུས་ན། གྲེ་གག་སེལ་ངེས་པའོ། །སྐྱེས་པ་ཕོ་དར་མོ་དར་བསྲེགས་པའི་རུས་པ་བསྣན་ཡང་བཟང་ངོ་། །དང་པོ་ཐར་ནུ་འདུལ་བའི་ཐབས་ནི། དང་པོ་གཏུམ་ཙ་ན་ཞོ་བོ་རུ་མི་གཞུག་པར་གཏུབས་ལ་ཆང་ངམ། ཆུས་ནུབ་པར་བྱས་ལ་ནང་དུ་ར་ཤ་ཁམ་ཆེ་བ་ཅིག་བཅུག་ལ་བཙོ། ཆང་ངམ་འོ་མ་ལ་ཐིམ་པ་དང་། ར་ཤ་འོག་ཏུ་གཞུག ཆུ་ཐག་ཆོད་པ་དང་། ར་ཤ་ས་འོག་ཏུ་སྦ། དེ་ནས་ཐར་ནུ་སྐུད་པ་ལ་བརྒྱས་ལ་གྲིབ་སྐམ་བྱའོ། །ནད་ཨོལ་མདུད་པ་ལ་བྱུང་ན་བྱང་བ་ལ་གཤོག་པ་མེད་པདང་། རེ་ལྕག་པ། ཤ་ཆེན་རྣམས་ཁོང་སྨན་གྱི་འཕྲོད་དུ་གཏང་ངོ་། །དེས་སོས་པར་འགྱུར་རོ། །ཡང་གྲེ་བའི་སྨན་ལུགས་གཅིག་ལ། ར་དུག་པ་ཆ་གཅིག ཨ་རུ་ཆ་གཉིས། ཁྲོན་བུ། ལྡུམ་བུ་རེ་རལ། མཁན་པའི་ལོ་མ་གསུམ་ར་དུག་པ་ཙམ་རེ་རེ། གླ་རྩི་འབྱོར་པ་གཅིག རྒྱ་ཚ། སྦལ་པ་རྔ་མ་ཅན་གྱི་རོ། ཤ་ཆེན་རྣམས་སྦྱར་ལ་མི་དར་མ་ལ་གྲི་རྩེ་གང་གཏང་། ལུས་སྦྲིད་ལ་ཟུག་ཆེ་ན་ཡང་ཨ་ར་རུའི་བསྡུད་ཐང་གཏང་ངོ་། །འདི་ནད་སྨན་ཟབ་ལ་ལེགས་སོ། །གསོ་དཔྱད་བདུད་རྩིའི་ཐིགས་པ་ལས། གག་ལྷོག་གསོ་བའི་གདམས་ངག གཉན་ནད་འཇོམ་པའི་ཧ་ལ་ཞེས་བྱ་བའི་ལེའུ་རྫོགས་སོ། །ས་མཱ་པྟ་མི་ཐི།། །།
མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 11:26 AM
<< སྔ་མ།