སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་བཅུ་གསུམ་པ། རྒྱུན་དུ་སྤྱོད་པ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་བཅུ་གསུམ་པ། རྒྱུན་དུ་སྤྱོད་པ་བསྟན་པ 

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྕལ་(བསྩལ་)པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །བྱ་བ་སྤྱོད་ལམ་གནས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས། སྟོན་པས་གསུངས་པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཉོན། །ནད་ལ་གསོ་བར་བྱེད་པའི་གཉེན་པོ་ཡི། །བྱ་བ་སྤྱོད་ལམ་གནས་ལ་བསླབ་པར་བྱ། །རྒྱུན་ལམ་དུས་སྤྱོད་གནས་སྐབས་སྤྱོད་པ་གསུམ། །དེ་ལ་ཉིན་རེ་རྒྱུན་དུ་སྤྱོད་པའི་ལས། །ཚེ་རྐྱང་(བརྐྱང་)འཇིག་རྟེན་པ་དང་དམ་པའོ། །

དང་པོ་ཚེ་བརྐྱང་པ་ཡི་སྤྱོད་ལམ་ནི། །རྟག་ཏུ་བདེ་གནས་འདོད་(ཅིང་)ཚེ་བསྲིང་ཕྱིར། །སྨན་མཆོག་རིན་ཆེན་གྲུབ་པའི་གསང་སྔགས་བཅང༌། །ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤང༌། །ལུས་ངག་ཡིད་གསུམ་ཉེས་སྤང་ཡང་དག་བསྟན(བསྟེན)། །ལྕེ་སོགས་དབང་པོ་གཟེར་དང་ཉམས་བདེར་མིན། །ཐེ་ཚོམ་གྲུ་འམ་མི་སྲུན་གཞོན་པ་དང༌། །བསོད་(གསོད་)ས་ཆུ་ཆེན་མེ་ཡི་ཕུང་པོ་དང༌། །གད་སྡོང་ཤིང་རྩེར་དབྱར་དགུན་འཛེག་འགྲོ་སྤང༌། །སྡོད་ནས་(ན་)ས་བརྟག་འགྲོ་ནས་(ན་)ལམ་བརྟག་བྱ། །མཚན་མོ་དོན་ཆེར་དབྱུག་ཐོག་(ཐོགས་)གྲོགས་ལྡན་བྱ། །མཚན་གཉིད་མ་ལོག་རྩུབ་པས་ཅི་བདེར་ལོག །མ་ལོག་ནང་པར་སྙུང་(སྨྱུང་)བྱ་ཕྱེད་གཉིད་ལོག །ར་རོ་སྟོབས་ཟད་མྱ་ངན་རྩོལ་བས་དུབ། །སྨྲ་མང་རྒས་དང་འཇིག་(འཇིགས་)པའི་མི་རྣམས་ལ། །སོ་ཀ་རྩུབ་ཅིང་མཚན་མོ་ཐུང་བས་ན། །ལུས་ཀྱི་སྟོབས་འཕྲོག་རླུང་འཕེལ་འགྱུར་བའི་ཕྱིར། །ཉིན་པར་གཉིད་ལོག་སྣུམ་ལྕིར་འགྱུར་བས་ཕན། །གཞན་དུ་ཉིན་གཉིད་བད་ཀན་བསྐྱེད་ཅིང་སྐྲངས། །རྨོངས་བག་མགོ་ན་སྒྱིད་སྐྱུར་རིམ་(རིམས་)འདེབས་འགྱུར། །གཉིད་འཕེལ་སྐྱུགས་དང་རྨྱུང་(སྨྱུང་)བྱ་བུ་(བུད་)མེད་བསྟན(བསྟེན)། །གཉིད་ཡེར་འོ་མ་ཞོ་ཆང་ཤ་ཁུ་བཏུང༌། །མགོ་བོར་བསྐུལ་(བསྐུ་)ཞིང་རྣ་བ་སྣུམ་གྱིས་དགང༌། །ཉལ་པོ་སྐྱེ་གནས་མི་མཐུན་བདག་པ་(པོ་)ཅན། །མི་སྡུག་སྦྲུམ་མ་ཤུགས་གཞན་(ཞན་)ཉེན་པ་དང༌། །ཟླ་མཚན་ལྡན་དུས་བཀན་བྱེད་འཁྲིག་པ་སྤང༌། །དགུན་དུས་རོ་ཙས་དྲེགས་(དྲགས་)ཚེ་བཀག་པ་མེད། །སྟོན་དཔྱིད་ཞག་གཉིས་དབྱར་བས་(སོས་)ཟླ་ཕྱེད་སྤྱད། །གཞན་དུ་བུ་(བུད་)མེད་ལ་ཞུགས་དབང་པོ་ཉམས། །མགོ་འཁོར་དུས་མིན་འཆི་བར་བྱེད་པ་ཡིན། །རྟག་ཏུ་བསྐུ་བྱུག་སྤྱོད་བྱེད་རྒན་ངལ་རླུང༌། །འཇོམས་བྱེད་མགོ་རྐང་རྣ་བ་ལ་བརྟེན་(བསྟེན་)བྱ། །ལུས་ཡང་ཚིལ་འབྲི་སྐབས་ཕྱེད་མེ་དྲོད་བསྐྱེད། །མཁྲེགས་དང་ལས་ནུས་ཡང་དག་རྩོལ་སྤྱད་འབྱུང༌། །ཐལ་དྲགས་བཟློག་པ་དེ་ལས་མ་རུངས་འགྱུར། །རྒན་བྱིས་རླུང་མཁྲིས་ནད་ཅན་དེ་སྤང་བྱ། །སྟོབས་ལྡན་སྣུམ་ཟ་དགུན་དང་དཔྱིད་དུས་དང༌། །བད་ཀན་ཅན་གྱིས་ཙམ་(རྩོལ་)བཅག་བསྟན་(བསྟེན་)པར་བྱ། །དྲིས་(དྲིལ་)ཕྱིས་བད་ཀན་སེལ་ཞིང་ཚིལ་འཇུ་བྱེད། །ལྤགས་(པགས་)གསལ་ཡན་ལག་བརྟན་པར་བྱེད་པའི་མཆོག །ཁྲུས་ནི་རོ་ཙ་དྲོད་སྟོབས་ཚེ་མདངས་བསྐྱེད། །གཡའ་ལ་དྲི་མ་སྙོམས་སྐོལ་(སྐོམ་)ལུས་ཚ་སེལ། །ཆུ་དྲོན་མགོ་བཀྲུས་སྐྲ་མིག་སྟོབས་ཕྲོག་(འཕྲོག་)ཡིན། །ཚད་འཁྲུ་ལྟོ་སྦོས་ཆམ་པ་མ་ཞུ་དང༌། །སྣ་མིག་ནད་ཅན་ཟོས་མ་ཐོག་ལ་སྤང༌། །མིག་ནི་མེ་ཡི་རང་བཞིན་བད་ཀན་འཇིགས(འཇིག)།མཆི་མ་འཛག་ཟགས་ཕྱིར་མིག་སྨན་སྐྱེར་ཁནྟ(ཁཎྜ)། །རྟག་ཏུ་ཞག་བདུན་ལོན་ཅིང་ཉིན་རེ་བླུག །གློ་བུར་ནད་ལྔའི་དགྲ་ལ་སྐྱེལ་མ་བསྟན(བསྟེན)། །རྟག་ཏུ་གཅིག་ལ་མ་ཡིན་ཀུན་སྙོམས་སྤྱོད། །དེ་ལྟར་བདག་ནི་ཉིན་མཚན་གནས་འགྲོ་གང་། །རྟག་ཏུ་དྲན་པ་ཉེས་(ཉེར་)འཇོག་སྡུག་བསྔལ་བསྲིད(བསྲིང་)། །

འཇིག་རྟེན་མི་ཆོས་སྤྱོད་པ་ཡོན་ཏན་ཀུན་གྱི་གཞི། །ཆད་དོན་བཙན་པར་བྱ་ཞིང་ཚིག་རྗེས་དོན་གྱིས་བསབ། །ངན་ལས་ཆད་ཀྱང་བཟློག་ཅིང་བཟང་ལས་བཤོལ་ཡང་རྕལ། །གཞིག་པ་སྔོན་ལ་བཏང་ཞིང་ཕྱིས་ཀྱི་ལེགས་འབེན་བཅའ། །ཟེར་དགུ་བདེན་པར་མི་བཟུང་ལེགས་པར་དཔྱད་ལ་བཟུང༌། །སྨྲ་དགུ་བསམ་ལ་སྨྲ་ཞིང་རང་གི་མདོའ་(མདོ་)ཚིག་སྡོམ། །བུད་མེད་ངག་ལ་མི་ཉན་སྦད་(རྦད་)ཁ་ལྕི་བར་བྱ། །བྱམས་ལྟོས་མི་ལ་ཚིག་དྲན་(དྲོན་)མི་གཞུགས་(གཞུག་)ལྷུག་པར་སྨྲ། །བཅང་ལ་བརླིང་ཞིང་ཕྲལ་དུ་འགྲོགས་པ་བདེ་བར་བྱ། །དགྲ་བོ་ཡེན་(ཡན་)པར་མི་བཏང་རང་རང་ཐབས་ཀྱིས་འདུལ། །ཉེ་འཁོར་ཤ་ཆས་(ཚས་)བསྐྱང་ཞིང་སྔར་དྲིན་མིག་རིང་བལྟ། །སློབ་དཔོན་ཕ་ཁུ་ལས་(ལ་)སོགས་རྒས་རིམ་ཕུད་དུ་ཁུར། །ཡུལ་མི་མཛའ་བཤེས་འགྲོགས་དགོས་རྣམས་དང་བློ་སེམས་བསྟུན། །སོ་ནམ་ཞིབ་ཏིག་བྱ་ཞིང་དགོས་དུས་རྩུབ་པར་སྤྱོད། །མི་བདེན་ཕ་ང་(ཕམ་)ངོས་བླང་ཞིང་རྒྱལ་ན་ཚོད་ཛིན་བྱ། །མཁས་ན་དྲེགས་པ་ཅུང་(སྐྱུང་)ཞིང་ཕྱུགས་ནས་(ཕྱུག་ན་)ཆོག་ཤེས་བྱ། །མི་ཕྲན་(བྲན་)ཁྱད་དུ་མི་བསད་(གསོད་)མཐོ་ལ་ཕྲག་དོག་སྤང༌། །མི་ངན་བསྟན་(བསྟེན་)གཞི་མ་(མི་)བྱ་བན་བོན་དགྲར་མི་བསླང༌། །གཞན་གྱི་ནོར་ལ་མ་རྔམ་ལ་ཡོགས་སྣ་(མནའ་)ལ་འཛེམ། །མི་འགྱོད་རྟགས་(རྡོག་)གཏད་བྱ་ཞིང་ངན་ལ་དབང་མི་བསྐུར། །སེམས་ཀྱི་སྟོབས་དྲང་ངང་(རིང་)ཡངས་(ཤིང་)གཞི་བསྐྱེད་ལ། །ལས་རྣམ་ཕལ་ཆེར་ཟླ་ཚེ་(ཚོད་)བླང་བ་གཅེས། །དེ་འདྲ་གཅིག་པུར་སྐྱེས་ཀྱང་གཞན་ལ་དབང་མི་འཆོར། །བྲན་གྱི་ལུས་ཀྱང་སྐྱེ་བོ་མང་པོའི་དཔོན་དུ་འགྱུར། །

དེ་ནས་དམ་པའི་ལྷ་ཆོས་སྤྱོད་པ་ནི། །སེམས་ཅན་ཐམས་ཅད་བདེ་བ་འདོད་པའི་ཕྱིར། །རྩོམ་པ་ཀུན་ལ་འཇུག་ཀྱང་ཆོས་མེད་ན། །བདེ་ཉིད་སྡུག་བསྔལ་གནོན་ཕྱིར་ཆོས་ལ་འབད། །དགེ་བའི་བཤེས་གཉན་(གཉེན་)བསྟན་(བསྟེན་)ཅིང་གཅིག་ཤོས་རིང་དུ་སྤང་། །སྐྱབས་གནས་དཀོན་མཆོག་གསུམ་ལ་བློ་གཏད་ལ། །སྲོག་གཅོད་སྐུ་(རྐུ་)དང་ལོག་པར་གཡེམ་པ་དང༌། །རྫུན་དང་ངག་འཁྱལ་ཚིག་རྩུབ་དབྱེན་སྦྱོར་དང༌། །བརྣབས་སེམས་གནོད་སེམས་ལྟ་བ་ཕྱིན་ཅི་ལོག །སྡིག་པའི་ལས་བཅུ་ལུས་ངག་ཡིད་ཀྱིས་སྤང༌། །མྱ་ངན་ནད་ཕོངས་སྡུག་ལ་ནུས་ཕན་གདག(གདགས)། །འབུ་སྲིན་སོགས་ཀུན་རྟག་ཏུ་རང་འདྲར་བལྟ། །བསླུ་མེད་ངེས་པས་འཛུམ་ཞིང་དྲང་པོར་སྨྲ། །གནོད་བརྩོན་དགྲ་ལ་ཕན་གདག་(གདགས་)གཙོར་བྱས་ཏེ། །བྱམས་པས་བྱང་ཆུབ་མཆོག་ཏུ་སེམས་གཉིས་བསྐྱེད། །ལུས་ངག་ཡིད་དུལ་ཕངས་མེད་གཏོང་སེམས་ལྡན། །གཞན་གྱི་ནོར་ལ་རང་གི་འདྲར་སེམས་པས། །དེ་དག་དམ་པའི་སྤྱོད་པ་མཐར་ཐུག་གོ །ཞེས་གསུངས་སོ། །

གསོ་བྱེད་དཔྱད་འབུམ་ཁྲ་བོ་ལས་ཉིན་རེ་བཞིན་རྒྱུན་དུ་སྤྱོད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།




མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 12:54 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།