སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་གསུམ་པ། འཁྲུལ་གཞི་བསལ་བ་ཚ་གྲང་གལ་མདོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.08.2011
མན་ངག་རྒྱུད། >> ལེའུ་བཅུ་གསུམ་པ། འཁྲུལ་གཞི་བསལ་བ་ཚ་གྲང་གལ་མདོ།

 ལེའུ་བཅུ་གསུམ་པ་ཚ་གྲང་གལ་མདོ་བསྟན་པ་ལ་གཉིས། བསླབ་པར་ཞུས་པ་དང༌། དེའི་ལན་ནོ། །དང་པོ་བསླབ་པར་ཞུས་པ་ནི། དེ་ནས་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དེའང་ཚ་བ་སྤྱི་བཅོས་བསྟན་པའི་རྗེས་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ལ། དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ནད་ལ་རྣམ་པའི་སྒོ་ནས་དཔག་ཏུ་མེད་པར་བསྟན་པ་དང༌། གྲངས་ཀྱིས་ཕྱེས་པ་སྟོང་དང་ཉིས་བརྒྱ་སོགས་སུ་བཤད་ཀྱང༌། མདོར་བསྡུས་ན་ཚ་བ་དང་གྲང་བ་གཉིས་སུ་མ་འདུས་པའི་ནད་མེད་ཀྱང༌། དེ་གཉིས་པོ་ཚ་གྲང་ནོར་བར་བཅོས་པ་ཚ་བ་ལ་གྲང་བར་བཟུང་ནས་དྲོད་ཀྱིས་བཅོས་པ་དང༌། གྲང་བ་ལ་ཚ་བར་བཟུང་ནས་བསིལ་གྱིས་བཅོས་པ་ན་རང་གཞན་གྱི་འཚོ་བའི་རྟེན་སྲོག་ཅེས་པ་དེ་འདོར་བའམ་འགགས། དེ་འགགས་ན་དབང་པོ་ཐམས་ཅད་འགགས་ནས་འཆི་བ་སྟེ་སྡུད་པར། དཔེར་ན་སྲོག་གི་དབང་པོ་འགགས་ན་དབང་པོ་གཞན། །ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་འགགས་པར་འགྱུར། །ཞེས་པ་ལྟར་འགྱུར་བས། དེའི་སླད་དུ་ཚ་གྲང་གཉིས་པོ་དེའི་ངེས་པ་ངོས་བཟུང་བ་དང༌། དེ་ལ་འཁྲུལ་སོ་ཇི་ལྟར་བསལ་བ་འགྲོ་བ་རྣམས་ཀྱི་སྲོག་ཡུན་རིང་དུ་འཚོ་བར་མཛད་པ་སྨན་པའི་རྒྱལ་པོས་བཤད་དུ་གསོལ། ཞེས་སོ། །གཉིས་པ་དེའི་ལན་བསྟན་པ་ལ་གསུམ། མཚམས་སྦྱོར་བ་དང༌། གཞུང་བཤད་པ། ལེའུའི་མཚན་བསྟན་པའོ།།

        དང་པོ་མཚམས་སྦྱོར་བ་ནི། དེ་སྐད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ཚིག་གོང་དུ་བསྟན་པ་དེ་སྐད་ཞུས་པའི་དོན་ཚ་གྲང་འཁྲུལ་སོ་བསལ་ནས། གཞན་སྲོག་བསྟན་པར་བྱེད་པའི་ཐབས་ལ་ལན་གྱི་ཚུལ་དུ་གསུངས་སོ། །གཉིས་པ་གཞུང་དོན་བཤད་པ་ལ་གསུམ། སྤྱིའི་དོན་བསྟན་པ་དང༌། གཞུང་གི་ཚིག་དོན་བཤད་པ་དང༌། ཉམས་ལྡན་ཚིགས་སུ་བཅད་པའོ། །དང་པོ་སྤྱིའི་དོན་བསྟན་པ་ལ་གཉིས། རྟགས་དང་ངོ་བོའི་རྣམ་དབྱེ་བཤད་པ། དེས་མཚོན་པའི་ཤེས་བྱེད་དོ། །དང་པོ་རྟགས་དང་ངོ་བོའི་རྣམ་དབྱེ་བཤད་པ་ནི། རྟགས་དང་ངོ་བོ་ཕྱོགས་མཐུན་དེ་ལ་མཚན་ཉིད་ཅེས་བྱ་ལ། དེ་ཡང་མཚན་མ་ནི་གནས་བརྒྱད་ཆེན་མོའི་རྩ་བར། མཚན་མ་ནི་མཚོན་པར་ནུས་པ་སྟེ། ཕོ་དབང་གིས་ཕོ་མཚོན་པར་ནུས་པ་ལྟ་བུའོ། །ཞེས་པ་དེ་དང༌། དེ་ཁོ་ན་ཉིད་ཅེས་པ་དངོས་པོའི་གནས་ལུགས་ཏེ། དེ་ཉིད་སྒྲ་བསྡུས་པས་མཚན་ཉིད་ཅེས་བྱ། མཚན་མ་རྟགས་དང་ཉིད་དོ་ཁོ་ན་ལ་འཇུག་གོ །དེའི་ཁྱད་པར་བརྗོད་ན་ངོ་བོ་ནི་མཚན་ཉིད་དང་ལྡན་པའི་དངོས་པོ་སྟེ། གསལ་དྭངས་ཚ་བའི་མཚན་ཉིད་ཅན་ཉི་མ་ལྟ་བུའོ། །རྟགས་ནི་མཚན་ཉིད་ཚ་བའི་རྟགས་དྲོ་བ། མཚན་ཉིད་གསལ་དྭངས་ཀྱི་རྟགས་སྣང་བ་ལྟ་བུ་དེ་ལ་ཡོད་པའི་ཆོས་སམ་རྟགས་དེ་མངོན་སུམ་གྱིས་རྟོགས་པར་བྱའོ། །དེ་ཡུལ་ལ་ཞུགས་པ་དོན་བྱེད་ནུས་པའི་རྟགས་དྲོད་ཀྱིས་རྟགས་སྨིན་པ་དང་སྐམས་པ་སོགས་དང༌། སྣང་བའི་རྟགས་ཡུལ་གྱིས་བྱེ་བྲག་ཕྱེད་པ་སོགས་རྗེས་དཔག་གིས་བརྟག་བྱའོ། གཉིས་པ་དེས་མཚོན་པའི་ཤེས་བྱེད་ནི་དེ་ལ་འདིར། མཚན་ཉིད་སྙོམས་པ་ནད་མེད་ཀྱི་རྟགས་ངོ་། །ཐང་ལས་ལྷག་པ་འཕེལ་རྟགས་ངོ་། །ཐང་ལས་ཆད་པ་འབྲི་བའི་རྟགས་ངོ་རྣམས། རྟགས་ཅན་ངོ་བོའི་མཚན་ཤས་ཆེ་ཆུང་དང་འབྲེལ་བའི་རྟགས་ངེས་པར་སྟོན་པ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ཏེ། དཔེར་ན། སྙོམས་པའི་ལས་བྱེད་པ་ལ་བཤད་རྒྱུད་དུ། མཁྲིས་ལས་བཀྲེས་སྐོམ་ཟས་ལེན་འཇུ་བ་དང༌། །ལུས་དྲོད་མདངས་གསལ་སྙིང་དཔའ་བློ་བརྟན་བྱེད། །ཅེས་དང༌། མི་སྙོམས་པའི་ལས་བྱེད་པ་ནི། མཁྲིས་ཚད་ཀྱི་མཚན་ཉིད་བདུན་ལྡན་ཞིག །ཐང་ངམ་ཚད་ལས་ལྷག་པས་གདོང་སྣུམ་པ་སོགས་རང་རྟགས་བསྟན་ནོ། །ཚ་བ་སྤྱི་བཅོས་སུ། སྤྱི་ཕྱིར་མཁྲིས་པ་སྣུམ་བཅས་རྣོ་ཞིང་ཚ། །ཡང་ཞིང་དྲི་མནམ་འཁྲུ་ཞིང་གཤེར་བ་སྟེ། །ཐང་ལས་ལྷག་པས་ཚ་བའི་རྟགས་སུ་སྟོན། །གདོང་སྣུམ་མྱུར་སྨིན་དྲོད་ཆེ་ཟློག་ཁ་ཡང༌། །དྲི་ཆེ་འཁྲུ་ཞིང་གཏར་ཁྲག་ལུད་པ་སླ། །དེ་རྟགས་འབྱུང་ཕྱིར་ཚ་བར་ཤེས་པར་བྱ། །ཞེས་དང༌། ཚད་ལས་ཚད་པ་ཟད་པའི་རྟགས་ནི་བཤད་རྒྱུད་དུ། མཁྲིས་ཟད་དྲོད་མདོག་ཉམས་པས་གྲང་དང་ནག །ཅེས་པ་ལྟར་རོ། །རྟགས་དང་རྟགས་ཅན་འབྲེལ་བ་དེ་ཉིད་ཇི་ལྟ་བ་བཞིན་རྟོགས་པར་བྱེད་པ་ལ། བརྟག་པའམ་ངོས་འཛིན་ཞེས་བྱ་སྟེ། འདས་པའི་རྟགས་སློང་བ་རྒྱུ་ལ་བརྟག་པ། ད་ལྟར་ཕྱི་རྟགས་ཉིད་རྟགས་ལ་བརྟག་པ། མ་འོངས་པའི་རྟགས་ཕན་གནོད་གོམས་པ་ལ་བརྟག་པ་སྟེ་བྱ་ར་བ་ལྟ་བུའོ། །དེ་དག་ལ་འཁྲུལ་བ་ནི་ངོ་བོ་ལ་འཁྲུལ་བ་མཐོ་ཡོར་ལ་མིར་འཁྲུལ་བ་ལྟ་བུ། རྟགས་ལ་འཁྲུལ་བ་དུ་བ་རླངས་པར་འཁྲུལ་བ་ལྟ་བུའོ། །འདྲ་སྣང་ལ་འཁྲུལ་བ་ཐག་པ་ལ་སྦྲུལ་དུ་འཁྲུལ་བ་ལྟ་བུའོ། །དེ་ཡང་རྐྱེན་གྱི་དབང་གིས་འདྲ་མིན་ཞིག་ལ། འཁྲུལ་བར་འགྱུར་བ་སྟེ་ལྷ་ཡིན་ཡང་འདྲེ་ལྟར་དུ་སྣང་བ་དང༌། འདྲེ་ཡིན་ཡང་ལྷ་ལྟར་དུ་སྣང་བ་ལྟར། ཚ་བ་ཡིན་ཡང་གྲང་བ་ལྟར་དུ་སྣང་བ་དང༌། གྲང་བ་ཡིན་ཡང་ཚ་བ་ལྟར་དུ་སྣང་བ་འདི་ལ་འདྲ་སྣང་བླུ་བྲིད་ཀྱི་འཕྲང་ཞེས་བྱ་ལ། དེ་ལྟ་བུའི་གནད་འགག་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཐབས་ལ་འཁྲུལ་གཞི་བསལ་བ་ཚ་གྲང་གལ་མདོ་ཞེས་བྱའོ།།

        གཉིས་པ་གཞུང་གི་ཚིག་དོན་བཤད་པ་ལ། གསུང་རབ་སྤྱི་ནས་སྦྱང་གཞི་སེམས་ཉིད་གསལ་སྟོང་ཟུང་འཇུག །སྦྱོང་བྱེད་ཐེག་ཆེན་རྡོ་རྗེའི་རྣལ་འབྱོར། སྦྱང་བྱ་གློ་བུར་འཁྲུལ་བའི་དྲི་མ། སྦྱངས་འབྲས་དྲི་བྲལ་ཆོས་སྐུ་མངོན་གྱུར། ཞེས་པ་ལྟར། འདིར་ཡང་གཞི་སྦྱང་གཞི་ཚ་གྲང་རྟགས་དང་ངོ་བོ། སྦྱོང་བྱེད་ངོས་འཛིན་བརྟག་ཐབས་རྣམ་བཅུ། སྦྱང་བྱ་ལྟར་སྣང་ལྔའི་འཁྲུལ་སོ། །སྦྱངས་འབྲས་མ་ནོར་ཇི་བཞིན་རྟོགས་ཚུལ་ལོ། །དང་པོ་སྦྱང་གཞི་རྟགས་དང་ངོ་བོ་ནི། ཚ་གྲང་ཞེས་རྐང་པ་ལྔས་བསྟན་ཏེ། སྤྱིར་འགྲོ་བའི་ལུས་དང་དེའི་ཁམས་ནད་དང་རླུང་སེམས་གཉིས་མེད་རྣམས་འབྱུང་བ་ལྔས་བསྐྱེད་ཅིང༌། ཁམས་གཅིག་ལའང་ལྔ་གས་ཁྱབ་ཀྱང་ཤས་ཆེ་ཆུང་གི་ནམ་མཁའ་སྤྱི་ཁྱབ་ཏུ་བྱས་ནས། མེ་ཁམས་ལ་ཚ་བ་ས་ཆུ་རླུང་གི་ཁམས་ལ་གྲང་བ་ཞེས་ཐ་སྙད་བྱས་པའི་ལུས་གནས་ཀུན་གྱི་འདུས་པ་ཚ་བ་དང་གྲང་བ་གཉིས་ཀྱི་འཁྲུལ་བའི་གཞི་དོ་གལ་ཆེ་བའི་གནད་འགག་རྣམ་པ་བཞི་ཡིན་ཏེ། དེ་ཡང་རྟགས་དང་ངོ་བོ་གཉིས་ཀ་ཚ་བ་དང༌། རྟགས་དང་ངོ་བོ་གཉིས་ཀ་གྲང་བ་དང༌། ཕྱི་རྟགས་ཚ་བར་སྟོན་ཡང་ངོ་བོ་གྲང་བར་གནས་པ་དང༌། ངོ་བོ་ཚ་བར་གནས་ཀྱང་ཕྱི་རྟགས་གྲང་བར་སྟོན་པ་སྟེ་མུ་བཞིའོ། །གཉིས་པ་སྦྱོང་བྱེད་ངོས་འཛིན་བརྟག་ཐབས་རྣམ་བཅུ་ལ་གཉིས། ངོས་འཛིན་བརྟག་ཐབས་ཀྱི་རྣམ་གྲངས་བསྟན་པ། དེ་བཅུ་ཡུལ་ལ་སྦྱར་བའོ། །དང་པོ་ངོས་འཛིན་བརྟག་ཐབས་ཀྱི་རྣམ་གྲངས་བསྟན་པ་ནི། རྒྱུ་རྐྱེན་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཞེས་པའི་རྒྱུ་རྐྱེན་ནི།  སྤྱིར་རྒྱུ་ལ་སྤྱིའི་རྒྱུ་མ་རིག་པ་རིང་རྒྱུ་དུག་གསུམ། ཉེས་རྒྱུའི་དངོས་རྒྱུ་ཉེས་གསུམ། རྐྱེན་སྐྱེ་མཆེད། གསོག་ལྡང་སློང་རྐྱེན། དུས་གདོན་ཟས་སྤྱོད་གཞི་སོགས་བཤད་ཀྱང༌། འདིར། ནད་ཀུན་རྒྱུ་ལས་རྐྱེན་གྱིས་བསླངས་ལས་བྱུང༌། ཞེས་པ་ལྟར། སློང་རྒྱུ་དེ་ལ་རྒྱུ་རྐྱེན་དུ་བཞག་པའི་སློང་རྒྱུའམ་སློང་རྐྱེན་དང༌། ཕྱི་ནང་གི་རྟེན་འབྲེལ་གྱི་ངེས་པ་ཅན་སྡོད་པའི་ཡུལ་དང༌། ཉི་མས་བགྲོད་པའི་དབང་གིས་ཕྱིས་འབྱུང་སྐྱེ་འབྲི་བྱེད་པ་ལྟར། ནང་གི་འབྱུང་ཁམས་ཀྱང་སྐྱེ་འབྲི་བྱེད་ཅིང་གསོག་ལྡང་ཞི་བའི་ངེས་པ་ཅན་ནམ་ཟླའི་དུས་དང༌། ཁུ་ཁྲག་མངལ་གནས་ཟས་དང་སྤྱོད་ལམ་གྱིས། །ཉེས་པ་ལྷག་འགྱུར་རང་བཞིན་བདུན་དུ་འགྱུར། །ཞེས་པའི་ཐོག་མ་ནས་དེའི་རང་བཞིན་དུ་ཡོད་པའི་རང་བཞིན་དང༌། རྒས་པ་རླུང་མི་དར་མ་མཁྲིས་པའི་མི། །བྱིས་པ་བད་ཀན་མི་ཡིན་ན་སོས་གཉན། །ཞེས་པ་ལྟར། རྒན་བྱིས་དར་མ་ཉེས་གསུམ་ཤས་ཆེ་ཆུང་ཅན་ན་སོའི་ཚོད་དང༌། གནས་ས་ལུས་ཁྱབ་གྱུར་ཀྱང་སྙིང་ག་དང༌། །ལྟེ་བའི་འོག་བར་སྟེང་ན་མས་རིམ་གནས། །ཞེས་ཉེས་གསུམ་གྱི་ཁམས་ཤས་ཆེ་བར་སོ་སོར་འཛིན་པའི་གནས་དང༌། དགོང་དང་ཐོ་རངས་རླུང༌། ཉིན་དགུང་མཚན་དགུང་མཁྲིས་པ། སྲོད་དང་སྔ་དྲོ་བད་ཀན་ལྡང་བ་སྟེ། ཉིན་ཞག་གི་ལྡང་དུས་དང༌། དང་པོ་རོ་དྲུག་ཟས་སྐོམ་གང་ཟོས་པ། །བད་ཀན་མྱག་བྱེད་དག་གིས་མྱག་པར་བྱེད། །རོ་མངར་ལྦུ་བ་ཅན་གྱུར་བད་ཀན་བསྐྱེད། །བར་དུ་མཁྲིས་པ་འཇུ་བྱེད་ཀྱིས་བཞུས་པས། རྣམ་པར་ཚ་བས་ཟས་རོ་སྐྱུར་མཁྲིས་པ་བསྐྱེད། །ཐ་མར་མེ་མཉམ་རླུང་གིས་དྭངས་སྙིགས་ཕྱེ། ཁ་བར་གྱུར་ཏེ་དེ་ཡིས་རླུང་བསྐྱེད་འགྱུར། །ཞེས་པའི་ཞུ་དུས་དེ་ཟས་ཟོས་དང༌། ཟས་སྤྱོད་དང་སྨན་ཡུན་དུ་བསྟེན་པའི་འདྲིས་ཤིང་གོམས་པ་དང༌། ཚ་གྲང་གི་ལ་ཤན་དབྱེ་ནུས་ཤིང་གསལ་བ་ཁམས་ཀྱི་ཟག་པ་ཆུ་སྟེ་འདི་བཅུའི་སྒོ་ནས་ཚ་གྲང་འཁྲུལ་བ་མེད་པར་ངོ་ཡིས་བཟུང༌། ཞེས་སོ།།

        གཉིས་པ་དེ་བཅུ་ཡུལ་དང་སྦྱར་བ་ལ་གཉིས། ཚ་བ་དང་སྦྱར་བ། གྲང་བ་དང་སྦྱར་བའོ། །དང་པོ་ཚ་བ་དང་སྦྱར་བ་ལ་གསུམ། སྔར་རྗེས་དཔྱད་པའི་བརྟག་པ་དགུ་བསྟན་པ། ད་ལྟ་ཆུ་ལ་འཆར་བའི་རྟགས་བསྟན་པ། ནད་རྟགས་གཞན་དང་སྦྱར་ནས་ངོས་བཟུང་བའོ། །དང་པོ་སྔར་རྗེས་དཔྱད་པའི་བརྟག་པ་དགུ་བསྟན་པ་ནི། མཁྲིས་པ་ཞེས་རྐང་པ་ལྔས་བསྟན་ཏེ། ཞེས་མཁྲིས་པ་ཆེར་བསྐྱེད་པར་བྱེད་པའི་སློང་རྒྱུ་རྐྱེན་ལྟར་སྣང་ཡང་སློང་བའི་རྒྱུར་རུང་སྟེ། དཔེར་ན་རྐྱེན་སེམས་བསྐྱེད་པ་སོགས་བསགས་སྦྱང་གི་རྐྱེན་སངས་རྒྱས་ཀྱི་རྒྱུ་ཡིན་པ་ལྟར་རོ། །དེས་ན་སློང་རྒྱུའམ་སློང་རྐྱེན་བཤད་རྒྱུད་དུ། ཚ་བའི་རོ་དང་རྣོ་ཚ་སྣུམ་བསྟེན་དྲགས། །རྒྱུད་ལ་ཞེ་སྡང་དྲག་པོ་སྐྱེས་པ་དང༌། །མི་ཐེག་ཁུར་དང་ས་སྲན་བརྐོས་པ་དང༌། །གཞུ་སྲན་བཀང་དང་འཛིང་ཀ་བཀྱེ་བ་དང༌། །བང་དང་འགྲོ་ལས་དག་གིས་ཉེན་པ་དང༌། །རྟ་ཡིས་བརྡབས་དང་གཡང་ལ་ལྷུང་བ་དང༌། །འཐིབས་འོག་ཆུད་དང་རྡོ་དབྱུག་བརྡུངས་པ་དང༌། །ཤ་མར་བུ་རམ་ཆང་སོགས་བཟའ་བཏུང་དྲགས། །རྐྱེན་དེ་རྣམས་ཀྱིས་མཁྲིས་ཚད་སློང་བར་བྱེད། །ཅེས་གསུངས་པས། རྒྱུ་དེས་བསྐྱེད་ནས་ན་བ་དང༌། སྐམ་ས་ཚ་གདུང་ཆེ་བ་མཁྲིས་པའི་ཡུལ་དང༌། དུས་སོ་ཀའི་ས་གའི་ཟླ་བ་དང༌། སྣྲོན་གྱི་ཟླ་བ། སྟོན་ཁྲུམས་སྟོད་ཀྱི་ཟླ་བ་དང༌། ཐ་སྐར་གྱི་ཟླ་བ་དང༌། ན་ཚོད་བཅུ་དྲུག་ནས་བདུན་ཅུའི་བར་དར་མ་ཞེས་བཤད་རྒྱུད་དུ་བཤད་ཀྱང༌། དེ་ནི་ཚེ་ལོ་བརྒྱ་པ་ལ་དགོངས་པ་འདྲ་ཞིང༌། འདིར་བཅུ་དྲུག་ཕན་ལ་རྩ་རླུང་ཐིག་ལེའི་ཁམས་རྣམས་རྫོགས་པས་དར་མར་བྱེད། དེ་ནས་ལྔ་བཅུ་ཙམ་ལ་རྩ་བའི་རླུང་ལྔའི་སྟོབས་ཉམས་པས་རྒད་པོར་འགྱུར་བས་དེ་བར་གྱི་དར་མ་ཁྲག་མཁྲིས་ཆེ་བ་དང༌། རང་བཞིན་བདུན་ལས། མཁྲིས་པའི་རང་བཞིན་སྐོམ་དད་བཀྲེས་ཤས་ཆེ། །སྐྲ་ལུས་མདོག་སེར་བློ་རྣོ་བ་ང་རྒྱལ་ཆེ། །རྔུལ་ཆེ་དྲི་ང་ཚེ་ནོར་ལུས་བོངས་འབྲིང༌། །མངར་ཁ་བསྐ་བསིལ་ཟས་ལ་སྲེད་པ་སྟེ། །སྟག་སྤྲེ་གནོད་སྦྱིན་མཚན་ཉིད་ལྡན་པ་ཡིན། །ཞེས་གསུངས་པ་ལྟར་མཁྲིས་ཤས་ཆེ་བ་དང༌། ནད་ཀྱི་གནས་སྙིང་ག་མན་ལྟེ་འོག་ཡན་གྱི་བར་དུ་གནས་པ་དང༌། ཉིན་ཞག་ཕྱི་ནང་གི་མེ་དྲོད་འཕེལ་བའི་དུས། ཉིན་གུང་མཚན་གུང་ལྡང་བ་དང༌། ཟས་ཟོས་རྣམ་པར་ཚ་བ་རོ་སྐྱུར་མཁྲིས་པ་བསྐྱེད་ཅེས་པའི་ཞུ་དུས་ན་བ་དང༌། གོམས་པ་ཤ་མར་བུ་རམ་ཆང་རྙིང་སོགས་ཁ་ཟས་དྲོད་བཅུད་ཡུན་དུ་བསྲིངས་ནས་བསྟེན་པས་སོ།།

        གཉིས་པ་ད་ལྟ་ཆུ་ལ་འཆར་བའི་རྟགས་བསྟན་པ་ནི། ཆུ་དམར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ད་ལྟ་མཚན་ཉིད་དང་འབྲེལ་བའི་རྟགས་ཏེ་ཆུ་དམར་བ་ནི་ཁྲག་འཕེལ་བས་མཁྲིས་པ་རྒྱས་ཚད་པ་བསླ་བ་སྟེ། རྟེན་བརྟེན་པ་གཉིས་ཀ་འཕེལ་བའི་རྟགས་སོ། །བསྐ་བ་ནི་དྲོད་ཀྱིས་ཆུ་ཁམས་བྲི་ནས་གར་བར་བྱས་པ་ཡིན་ལ། དྲི་དུགས་པ་ནི། ཚ་རྣོས་ལུས་ཟུངས་འདྲུལ་ཞིང་དྲི་མནམ་པའི་ཆ་འཕེལ་བའོ། །ཀུ་ཡ་མཐུག་པ་ནི། ཁྲག་མཁྲིས་སྟོབས་སུ་གྱུར་པ་དངོས་ཀྱི་རྟགས་སོ། །གསུམ་པ་ནད་རྟགས་གཞན་དང་སྦྱར་ནས་ངོས་བཟུང་བ་ནི། དེ་ལ་ཞེས་རྐང་པ་བཞིས་བསྟན་ཏེ། ཞེས་བཤད་མ་ཐག་པ་དེ་བཅུ་ཚོགས་པ་དེ་ལ་མཁྲིས་པ་འཕེལ་བའི་རྟགས་སྤྱིར། མཁྲིས་པ་འཕེལ་བས་བཤང་གཅི་པགས་མིག་སེར། །བཀྲེས་སྐོམ་ལུས་ཚ་གཉིད་ཆུང་འཁྲུ་བར་བྱེད། །ཅེས་དང༌། ཁྱད་པར་དུ་ནི། ཚ་བའི་རྩ་ནི་མགྱོགས་རྒྱས་གྲིམས་ལ་འཕར། །ཆུ་མདོག་དམར་སེར་དྲི་དུགས་རླངས་པ་ཆེ། །མགོ་ན་ཤ་ཚ་ཁ་རོ་སྐྱུར་ལ་ཁ། །ལྕེ་སྟེང་བད་ཀན་ཆེ་ལ་སྣ་སྒོ་སྐམ། །མིག་སྤྲིན་དམར་སེར་གཟེར་བ་གཅིག་ཏུ་འདྲིལ། །ལུད་པ་དམར་སེར་ཚ་བྲོ་སྐོམ་དད་ཆེ། ཁྲག་མཁྲིས་འཁྲུ་སྐྱུགས་རྔུལ་ཆེ་དྲི་མ་མནམ། །ནུབ་གཉིད་ཆུང་ལ་ཉིན་པར་གཉིད་མི་ཐུབ། །ཁ་དོག་དམར་སེར་སྨིན་དང་འདྲུལ་བར་བྱེད། །དེ་དག་མཁྲིས་པའི་མེ་དྲོད་འཕེལ་རྟགས་ཡིན། །ཞེས་པ་དེ་རྣམས་བྱུང་ན། ཕྱི་རུ་སྣང་བའི་རྟགས་དང༌། རྟགས་ཅན་རང་གི་ངོ་བོ་གཉིས་ཀ་ཚ་བ་ཡིན་ནོ། །གལ་ཏེ་བཅུ་པོ་དེ་ལ་བད་ཀན་འཕེལ་རྟགས་སྤྱིར། བད་ཀན་འཕེལ་བས་དྲོད་མེད་འཇུ་སྟོབས་ཆུང༌། །མཆིལ་མང་ལུད་པ་གཉིད་ཆེ་དབུགས་མི་བདེ། །ལུས་ལྕི་མདོག་དཀར་ཁོང་སྙོམས་ཡན་ལག་ལྷོད། །ཅེས་པ་དང༌། ཁྱད་པར་དུ། བད་ཀན་འཁྲུགས་རྟགས་རྩ་ནི་བྱིང་རྒུད་དལ། །ཁ་མངལ་ལྕེ་སྙིལ་སྐྱ་ལ་མིག་དཀར་སྐྲངས། །སྣབས་ལུད་མང་ཞིང་མགོ་ཐོམ་ལུས་སེམས་ལྕི། །མཁལ་རྐེད་ན་ཞིང་ལུས་སྤོ་ལྦ་བ་སྐྱེ། །རྩམ་པ་བད་ཀན་སྐྱུག་ཅིང་འཁྲུ་བ་དང༌། །དྲན་པ་མི་གསལ་གཉིད་ཆེ་སྒྱིད་པ་སྐྱུར། །གཡའ་མཁྲང་ཚིགས་དམ་ཤ་རྒྱས་ལས་མཐའ་རིང༌། །ནམ་ཞོད་སྲོད་དང་སྔ་དྲོ་ཟོས་ཐོག་ལྡང༌། །ཞེས་པ་དང༌། རླུང་འཕེལ་བའི་སྤྱི་རྟགས། དེ་རྟགས་རླུང་འཕེལ་སྐེམ་ནག་དྲོད་ལ་དགའ། །ལུས་འདར་ལྟོ་བ་སྦོ་ཞིང་བཤང་བ་སྲི། །སྨྲ་མང་མགོ་འཁོར་སྟོབས་ཉིད་དབང་པོ་ཉམས། །ཞེས་པ་དང༌། ཁྱད་པར་དུ། འཁྲུགས་རྟགས་རླུང་གི་རྩ་ནི་སྟོང་ལ་རྐྱལ། །ཆུ་ནི་ཆུ་འདྲ་དྭངས་ལ་ལོག་རྗེས་སླ། །འགྲོ་འདོད་ཤུས་འདེབས་ཤེས་པ་ཡང་ལ་འཕྱོ། །མགོ་བོ་གཟི་འཁོར་རྣ་བ་འུར་ལ་འཁྲོག །ལྕེ་སྐམ་དམར་རྩུབ་ཁ་རོ་བསྐ་བ་བྲོ། །གཟེར་འཕོ་གྲང་འདར་མགུལ་རྒྱབ་ཟུག་དང་སྙོམ། །རེངས་འཁུམས་བྱེ་ཆག་འབྱིན་དང་དཀྲིས་སྙམ་བྱེད། །འགུལ་ན་ཟུག་ཆེ་སྤུ་རྩེ་ཕྲུམ་སེར་ཁྱེར། །གཉིད་མེད་གཡལ་འདར་བརྐྱང་འདོད་ཚིག་པ་ཟ། །དཔྱི་རྐེད་རུས་ཚིགས་མ་ལུས་བརྡུངས་སྙམ་བྱེད། །ལྟག་པ་བྲང་དང་མུར་འགྲམ་ཟུག་ཅིང་གཟེར། །རླུང་གསང་རྣམས་ནི་ཁ་བྱེ་མནན་ན་ན། །སྟོང་སྐྱུགས་བྱེད་ཅིང་ཐོ་རངས་ལྦུ་སོག་ལུ། །སྦོ་འཁྲོག་དགོང་དང་ཐོ་རངས་ཞུ་རྗེས་ན། །ཞེས་པ་རྣམས་འབྱུང་ཞིང་ཡོད་ཀྱང་མ་ངེས་པ་འདྲར་སྣང་ཡིན་ལ། ཕྱི་རྟགས་བད་རླུང་འཕེལ་བ་ལྟར་གྲང་བར་སྣང་ཡང་ནད་ཀྱི་ངོ་བོ་ཚ་བར་གནས་པ་ཡིན་ཏེ་སྦས་པའི་མེ་ལྟར་རོ། །དེས་ན་བཅུ་པོ་འདི་ངེས་པ་ཅན་དང༌། གཞན་འདྲ་སྣང་དུ་བལྟའོ།།

        གཉིས་པ་གྲང་བ་དང་སྦྱར་བ་ལའང་གསུམ། སྔར་རྗེས་དཔྱད་པའི་རྟགས་དགུ་བསྟན་པ། ད་ལྟ་ཆུ་ལ་འཆར་བའི་རྟགས་བསྟན་པ། ནད་རྟགས་གཞན་དང་སྦྱར་ནས་ངོས་གཟུང་བའོ། །དང་པོ་སྔར་རྗེས་དཔྱད་པའི་རྟགས་དགུ་བསྟན་པ་ནི། བད་རླུང་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དེ་ཡང་རླུང་ལ་ཡན་ལག་བརྒྱད་པར། ཟུང་དུ་འཇུག་པ་རླུང་གི་མཆོག །ཅེས་དང༌། འདིར་ནི་རླུང་ནི་ཚ་གྲང་གཉིས་ཀའི་ཁྱབ་བྱེད་དེ། ཞེས་ཚ་གྲང་གཉིས་ཀར་ཁྱབ་པར་བཤད་པ་ནི་བྱེད་པ་ལ་དགོངས་པ་ཡིན་ལ། འདིར་བད་རླུང་ཕྱོགས་མཐུན་གྲང་བར་བཤད་པ་ནི་ངོ་བོ་ལ་དགོངས་པ་སྟེ། མཚན་ཉིད་གྲང་ཞིང་སྲ་བ་དང༌། གཉེན་པོ་དྲོད་བཅུད་ཀྱིས་སེལ་བ་སོགས་ལས་ཤེས་པར་བྱའོ།  །བད་ཀན་དང་རླུང་བསྐྱེད་པའི་སློང་རྒྱུ་ནི། གཞུང་དུ།

        དེ་རྐྱེན་ཁ་དང་ཡང་རྩུབ་བསྟེན་དྲགས་དང༌། །ཆགས་པས་དུབ་དང་ལྟོ་ཆག་གཉིད་ཆག་དང༌། །ལྟོ་སྟོང་ལུས་ངག་བྱ་བ་དྲག་ཤུལ་དང༌། །ཁྲག་མང་ཟགས་དང་འཁྲུ་སྐྱུག་དྲག་པོས་བཏབ། །གསེར་བུས་བུས་དང་ག་ཆད་ངུས་པ་དང༌། །མྱ་ངན་སེམས་ལས་ཁ་ཡི་ལས་ཆེས་དང༌། །བཅུད་མེད་ཁ་ཟས་ཡེན་ལ་གཏད་པ་དང༌། །ཤུགས་བཀག་པ་དང་ནན་གྱིས་བཙིར་བ་ཡིས། །ཞེས་སོ། །རླུང་མཚན་ཉིན་བདུན་ལྡན་ཐ་མལ་དུ་གནས་པ་དེ་རྣམས་ཀྱིས་བསྐྱེད་ཅིང་སློང་བར་སློང་རྒྱུའོ། །དེ་བཞིན་དུ་བད་ཀན་གྱི་སློང་རྒྱུའམ་གཞུང་དུ། སློང་རྐྱེན་ཁ་མངར་ལྕི་བསིལ་སྣུམ་བསྟེན་དྲགས། །འགྲངས་རྗེས་དལ་བར་འདུག་དང་ཉིན་གཉིད་ལོག །རླན་སྟེང་ཉལ་དང་ཆུར་ཞུགས་གོས་སྲབ་འཁྱགས། །གྲོ་སྲན་གསར་ཐོག་སེར་ཅན་སུངས་པ་དང༌། །ར་རྐོམ་ཤ་རིད་ཚིལ་བུ་འབྲུ་མར་དང༌། །རྩི་མར་རུལ་བ་ལོ་བཤུར་ལ་ཕུག་རས། །རི་སྒོག་ལ་སོགས་རྗེན་ཟས་མཐའ་དག་དང༌། །མ་ཚོས་ཚིག་དང་ཁེངས་པོ་ཆུ་བསྲེས་དང༌། །བ་རའི་འོ་མ་ཞོ་དར་ཆུ་གྲང་ཇ། །བཟའ་བཏུང་ཆེས་ཏེ་ཚད་ལས་འདས་པའམ། །སྔ་མ་མ་ཞུ་ཕྱི་མ་ཟོས་པ་ཡི། །རྐྱེན་དེ་རྣམས་ཀྱིས་བད་ཀན་གྲང་ནད་སློང༌། །ཞེས་པ་སོགས་བད་ཀན་བསྐྱེད་པའི་སློང་རྒྱུ་སྟེ། འདིར་ཕྱོགས་གཅིག་ཏུ་བད་རླུང་བསྐྱེད་པའི་སློང་རྒྱུ་བསྟེན་པ་དང༌། གྲང་ངད་ཅན་དང་རླུང་བསེར་བུ་ཅན་རླུང་གི་གནས། བརླན་ཅན་བད་ཀན་གྱི་ཡུལ་དང༌། དབྱར་ཆུ་སྟོད་དང་གྲོ་བཞིན་གྱི་ཟླ་བ་རླུང་གི་དུས་དང༌། དགུན་སྨིན་དྲུག་མགོ་རྒྱལ་མཆུའི་ཟླ་བ་བད་ཀན་གསོག་པའི་དུས་དང༌། ན་ཚོད་ལྔ་བཅུ་ཡན་རྒས་པ་རླུང་དང༌། བཅུ་དྲུག་མན་བྱིས་པ་བད་ཀན་གྱི་གནས་སྐབས་དང༌། རང་བཞིན་རླུང་དང་བད་ཀན་ཤས་ཆེ་བ། །དེ་ལས་རླུང་གིས་བསྐྱེད་པའི་མི་རྣམས་ནི། །དབྱིབས་དགུར་ཤ་སྐེམ་མདོག་སྔོ་སྨྲ་བ་མང༌། །གྲང་ལྷགས་མི་བཟོད་འགྲོ་ཚེ་སྒྲ་དང་བཅས། །ནོར་ཆུང་ཚེ་ཐུང་གཉིས་སྲབ་ལུས་བོངས་ཆུང༌། །གླུ་དང་རྒོད་དང་འཐབ་མོ་མདའ་ལ་དགའ། །མངར་སྐྱུར་ཁ་ཚྭའི་རོ་ལ་སྲེད་པ་སྟེ། །བྱ་རྒོད་ཁྭ་ཝའི་མཚན་ཉིད་ལྡན་པ་ཡིན། །ཞེས་པ་དང༌།

        བད་ཀན་གྱི་རང་བཞིན་ཤས་ཆེ་བ་ལ། བད་ཀན་རང་བཞིན་ཅན་ནི་ལུས་བསིལ་ཞིང༌། །རུས་ཚིགས་མི་མངོན་ཤ་རྒྱས་ཁ་དོག་དཀར། །དབྱིབས་དགྱེ་བཀྲེས་སྐོམས་ཉོན་མོངས་ཐན་པ་བཟོད། །ལུས་ཆེ་ཚེ་རིང་ནོར་མང་གཉིད་མཐུག་ཅིང༌། །ཞེ་སྡང་འདམ་རིང་རང་བཞིན་ངང་རྒྱུད་བཟང༌། །ཚ་སྐྱུར་བསྐ་རྩུབ་ཟས་ལ་སྲེད་པ་སྟེ། །སེངྒེ་ཁྱུ་མཆོག་མཚན་ཉིད་ལྡན་པ་ཡིན། །ཞེས་དེ་ཤས་ཆེ་བ་སྟེ། བད་རླུང་ཤས་ཆེ་བ་དང༌། བད་ཀན་སྙིང་ག་ཡན་སྟོད་ན་གནས་རླུང་ལྟེ་འོག་མན་སྨད་ན་གནས་དེར་གནས་ཤིང་ཉིན་ཞག་གི་ཐོག་མ་སྔ་དྲོ་དང༌། སྲོད་བད་ཀན། ཐ་མ་དགོང་དང་ཐོ་རངས་རླུང་གི་དུས་ན་ན་བ་དང༌། ཟས་ཟོས་ཐོག་བད་ཀན་ཞུ་རྗེས་རླུང་གི་དུས་ན་ལྡང་བ་དང༌། གོམས་པ་སྔོ་དང་བྲ་བོ་གཡེར་མ་སོགས་བཅུད་མེད་བསིལ་ཟས་ཡུན་དུ་བསྟེན་པ་ཡིས། གཉིས་པ་ད་ལྟ་ཆུ་ལ་བལྟ་བའི་རྟགས་བསྟན་པ་ནི། ཆུ་སྔོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཆུ་སྔོ་བ་ནི་དྲོད་ཆུང་བས་མ་བསྒྱུར་བར་རང་མདོག་སྔོ་བའོ། །དྲི་དང་རླངས་པ་ཆུང་བ་ནི་གྲང་བའི་ཁམས་འཕེལ་བའོ། ཀུ་ཡ་སྲབ་པ་ནི། ཁྲག་མཁྲིས་ཤས་ཆུང་ཞིང་གྲང་བའི་ཁམས་འཕེལ་བའོ།།

        གསུམ་པ་ནད་རྟགས་གཞན་དང་སྦྱར་ནས་བཤད་པ་ནི། དེ་ལ་ཞེས་རྐང་པ་བཞིས་བསྟན་ཏེ། གོང་དུ་བསྟན་པ་བཅུ་པོ་དེ་ཚོགས་པ་དེ་ལ། བད་ཀན་རང་གནས་འཕེལ་བའི་རྟགས་དང༌། བད་ཀན་འཕེལ་བས་མཆིལ་མ་འབྱར་བག་མང་སོགས་དང༌། གཞན་གནས་སུ་སླེབ་རྟགས། བད་ཀན་འཁྲུགས་རྟགས་རྩ་ནི་བྱིང་ལ་གུད། སོགས་དང༌། རླུང་རང་གནས་སུ་འཕེལ་རྟགས། དེ་རྟགས་རླུང་འཕེལ་སོགས་དང༌། གཞན་གནས་སུ་སླེབ་རྟགས། འཁྲུགས་རྟགས་རླུང་གི་རྩ་ནི་སྟོང་ལ་རྐྱལ་སོགས། བད་རླུང་འཕེལ་བའི་རྟགས་བྱུང་ན། རྟགས་དང་ངོ་བོ་གཉིས་ཀ་གྲང་བ་ཡིན་ལ། དེ་ལ་མཁྲིས་པ་འཕེལ་བའི་ཚད་རྟགས་ཡོད་ཀྱང་ཕྱི་རྟགས་ཚ་བ་ལྟར་སྣང་ཡང་ངོ་བོ་གྲང་བར་གནས་པའི་རླངས་པ་ལྟར་ཡིན་ནོ། །གསུམ་པ་སྦྱང་བྱ་ལྟར་སྣང་གི་འཁྲུལ་སོ་བསལ་བ་ལ་གསུམ། ལྟར་སྣང་འབྱུང་བའི་རྒྱུ་མཚན་བསྟན་པ། ལྟར་སྣང་གི་ངོ་བོ་མདོར་བསྟན་པ། དེའི་བསལ་ཐབས་རྒྱས་པར་བཤད་པའོ། །དང་པོ་ལྟར་སྣང་འབྱུང་བའི་རྒྱུ་མཚན་བསྟན་པ་ནི། གལ་ཏེ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྟགས་དང་ངོ་བོའི་རྣམ་དབྱེ་གོང་དུ་བསྟན་པ་ལྟར་འོང་རིགས་ཀྱང་གལ་ཏེ་རྒྱུ་མཚན་སོགས་གོང་གི་བརྟག་པ་བཅུ་པོ་དེ་དག་ཕན་ཚུན་འདྲེས་པར་གྱུར་ན། རྒྱུ་དང་འབྲས་བུའི་ཚུལ་དུ་ཚ་བ་དང་གྲང་བ་འདྲེས་པས་ཡིན་པ་ལ་མིན་པ་དང༌། མ་ཡིན་པ་ལ་ཡིན་པ་ལྟར་དུ་སྣང་བའི་ནད་སྣ་ཚོགས་འབྱུང་སྟེ། དེ་ཡང་ལུས་འདི་ལ་འབྱུང་བ་ལྔའི་ཁམས་ཉེས་གསུམ་གྱི་མཚན་ཉིད་ཉི་ཤུ་རྣམས། ཟུངས་དང་དྲི་མ་ཙན་དན་དང་དྲིའི་ཚུལ་དུ་ལ་ལ་ཤས་ཆེ་བར་གནས། ལ་ལ་རྒྱས་འགྱུར་བག་ཉལ་གྱི་ཚུལ་དུ་གནས་པ་ལ། རྒྱུ་རྐྱེན་སོགས་བཅུ་པོ་དེ་དག་འདྲེས་ཤིང་འཁྲུགས་པས། ཉེས་པ་རང་གི་འཕེལ་ཟད་འཁྲུགས་པ་དང༌། གནས་ཀྱི་དབང་གིས་བསྒྱུར་ནས་ངོ་བོའི་འཕེལ་འགྲིབ་དང༌། དེའི་རྟགས་སོགས་དུ་མར་འགྱུར། དཔེར་ན་ཆུ་ལ་གཟུགས་མདོག་དུ་མར་བསྒྱུར་བ་དང༌། འཁྱགས་པ་གོང་བུར་འདྲིལ་བ་དང༌། གཞན་བསིལ་བར་བྱེད་པ་དང༌། དྲོས་ན་གཞན་ཚོས་པར་ནུས་པ་དང༌། རླངས་པ་གཡོ་བ་སོགས་དུ་མར་ཚོགས་བྱེད་པ་ལྟར་རོ། །གཉིས་པ་ལྟར་སྣང་གི་ངོ་བོ་མདོར་བསྟན་པ་ནི། ཚ་བ་ཞེས་རྐང་པ་བཞིས་བསྟན་ཏེ། ངོ་བོ་ཚ་བ་ཡིན་པ་ལ་རྟགས་གྲང་བ་ལྟར་དུ་སྣང་བ་དང༌། ངོ་བོ་གྲང་བ་ཡིན་པ་ལ་རྟགས་ཚ་བ་ལྟར་དུ་སྣང་བ་གང་ཡང་རུང་སྟེ། འཁྲུལ་སོ་ནད་ཀྱི་ལྟར་སྣང་དང༌། རྟགས་ཀྱི་ལྟར་སྣང་དང༌། བཅོས་ཐབས་ཀྱི་ལྟར་སྣང་དང༌། གོམས་པའི་ལྟར་སྣང་དང༌། བཅོས་བསྐྱེད་ཀྱི་ལྟར་སྣང་སྟེ། འདི་ལྔས་འཁྲུལ་སོའི་སོ་མཚམས་བསལ་བར་བྱའོ། །ཞེས་སོ།།

        གསུམ་པ་དེའི་བསལ་ཐབས་རྒྱས་པར་བཤད་པ་ལའང་ལྔ་སྟེ། འཁྲུལ་སོའི་ལྟར་སྣང་དང༌། རྟགས་ཀྱི་ལྟར་སྣང་དང༌། བཅོས་ཐབས་ཀྱི་ལྟར་སྣང་དང༌། གོམས་པའི་ལྟར་སྣང་དང༌། བཅོས་བསྐྱེད་ཀྱི་ལྟར་སྣང་དང་ལྔའོ། །དང་པོ་འཁྲུལ་སོའི་ལྟར་སྣང་ལ་གསུམ། ཚ་བ་གྲང་བའི་མིང་ལྟར་དུ་སྣང་བ་ལ་དྲོད་ཀྱིས་བཅོས་པའི་སྐྱོན་དང༌། གྲང་བ་ཚ་བའི་མིང་ལྟར་དུ་སྣང་བ་ལ་བསིལ་གྱིས་བཅོས་པའི་སྐྱོན་དང༌། མིང་གི་འཁྲུལ་སོ་རྟགས་ཀྱིས་བསལ་བར་གདམས་པའོ། །དང་པོ་ཚ་བ་ལ་གྲང་བའི་མིང་ལྟར་དུ་སྣང་བ་ལ་དྲོད་ཀྱིས་བཅོས་པའི་སྐྱོན་ནི། དང་པོ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། འཁྲུལ་སོ་ལྔའི་དང་པོ་ནད་གཞི་དང༌། དེའི་མིང་གི་ལྟར་སྣང་ནི། ནད་གཞི་དྭངས་མ་མ་ཞུ་བ། ཅིའི་ཕྱིར་དྭངས་མ་མཆིན་གནས་མཁྲིས་ལྡན་ཚ། ཞེས་པ་དང༌། ཚ་བའི་གླང་ཐབས་འདུས་པ་ཡིན་པ་དང༌། ཁྲག་ཚད་རྒྱས་དུས་ཀྱི་བད་ཀན་སྨུག་པོ་དང༌། ཚ་སྐྲན་དང་ཚ་ཆུ་དང་ཚ་བས་ཆུ་འགགས་པ་རྣམས་ལ་མཚན་ཉིད་མ་ཕྱེད་པར་མིང་གི་ལྟར་སྣང༌། དྭངས་སྙིགས་མ་ཕྱེད་བར་དྭངས་མ་མ་ཞུ་བ་ལའང་མ་ཞུ་བ་ཡིན། ཚ་གླང་ལའང་ཚ་གྲང་མ་ཕྱེད་པར་གླང་ཐབས་ཡིན། བད་ཀན་སྐྱ་སྨུག་མ་ཕྱེད་པར་བད་ཀན་ཡིན། ཆུ་ཚ་གྲང་མ་ཕྱེད་པར་དམུ་ཆུ་ཡིན། སྐྲན་ཚ་གྲང་མ་བྱེད་པར་སྐྲན་ཡིན། ཆུ་འགགས་ཚ་གྲང་མ་ཕྱེད་པར་ཆུ་འགགས་ཡིན། ཞེས་བྱ་བའི་མིང་ཙམ་ལ་བརྟེན་བྱས་ནས། དྲོད་ཀྱིས་བཅོས་པས་ཚ་བ་ལ་ཚ་བ་བསྣན་པ་ལྟར་སོང་བས་དྲོད་ཀྱི་རྟེན་གནོད་བྱ་འདྲུལ་ནས་ནད་པ་དེ་ཡི་བརྟེན་པ་སྲོག་ཕྱིར་འདོར་བར་བྱེད་དོ། །གཉིས་པ་གྲང་བ་ཚ་བའི་མིང་ལྟར་སྣང་བ་ལ་བསིལ་གྱིས་བཅོས་པའི་སྐྱོན་ནི། དབྱིག་དུག་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དུག་རིགས་རྣམས་ཀྱི་ནང་ནས། རྡོ་དུག་དང་དབྱིག་དུག་ལ་འོག་ཏུ། རིན་ཅེན་རྡོ་ལས་སྦྱར་བ་གྲང་བར་འགྱུར། ཅེས་པ་ལྟར་ཡིན་པ་ལ། དུག་ཡིན་ཞེས་མིང་ཙམ་ལ་ཚ་བར་བཟུང་ནས་བསིལ་གྱིས་བཅོས་པས་བསིལ་ལ་བསིལ་མནན་པས། གནོད་བྱ་ལ་དྲོད་རྒྱས་འགྱུར་ཙམ་ཡང་མེད་པར་བྱས་ཏེ་གྲང་བས་སྲོག་འདོར་བར་བྱེད་དོ།།

        གསུམ་པ་མིང་གི་འཁྲུལ་སོ་རྟགས་ཀྱིས་བསལ་བ་ནི། དེ་ཕྱིར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྒྱུ་མཚན་དེའི་ཕྱིར་ལྟར་སྣང་ཙམ་གྱི་མིང་ལ་མི་བརྟེན་པར་ཚ་གྲང་གི་འཁྲུལ་སོ་རྟགས་ཀྱིས་བསལ་བར་བྱ་སྟེ། དུ་བ་ལ་མེ་ལྟར་རྟགས་ལ་བརྟེན་ནས་རྟོགས་པར་འགྱུར་བས་སོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱི་བཀའ་བསླུ་བ་མེད་པ་ཆོས་བཅུ་པའི་མདོ་ལས། དུ་བ་ལ་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུ་བཞིན་དུ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་ཚད་མ་དག་ལས་ཤེས། །ཞེས་དང༌། བཤད་རྒྱུད་དུ། མེ་དང་དུ་བ་ཇི་བཞིན་དུ། །ནད་ཀྱི་ངོས་ནི་རྟགས་ལ་བཟུང༌། །ཞེས་དང༌། གང་ན་མེ་ཡོད་ན་དུ་བ་ཡོད་པས་ཁྱབ། དཔེར་ན་དུ་ལྡན་ལ་ལ་ཆོས་ཅན། མེ་ཡོད་དེ་དུ་བ་ཡོད་པའི་ཕྱིར། ཞེས་སོགས་རྒྱ་ཆེར་གསུངས་པ་ལས་ཀྱང་རྟོགས་པར་འགྱུར་རོ། །གཉིས་པ་རྟགས་ཀྱི་ལྟར་སྣང་བཤད་པ་ལ་གསུམ། རྟགས་ལའང་ལྟར་སྣང་འབྱུང་བར་བསྟན་པ། ལྟར་སྣང་དངོས་བསྟན་པ། རྟགས་ཀྱི་འཁྲུལ་སོ་བཅོས་ཀྱིས་བསལ་བར་གདམས་པའོ། །དང་པོ་རྟགས་ལའང་ལྟར་སྣང་འབྱུང་བར་བསྟན་པ་ནི། དེ་ཡང་ཞེས་རྐང་པ་གཅིག་གིས་བསྟན་ཏེ། མིང་གི་ལྟར་སྣང་འཁྲུལ་སོ་རྟགས་ཀྱིས་བསལ་བ་དེ་ལའང་རྟགས་རང་ལ་ངོ་བོ་དང་འགལ་བའི་ལྟར་སྣང་གི་འཁྲུལ་སོ་འབྱུང་སྲིད་དེ། གང་ཞེ་ན། གཉིས་པ་ལྟར་སྣང་དངོས་བསྟན་པ་ལ་གཉིས། ངོ་བོ་གྲང་བ་ཡིན་ཡང་རྟགས་ཚ་བ་ལྟར་དུ་སྣང་བའི་འཁྲུལ་སོ་དང༌། ངོ་བོ་ཚ་བ་ཡིན་ཡང་རྟགས་གྲང་བ་ལྟར་དུ་སྣང་བའི་འཁྲུལ་སོའོ། །དང་པོ་ངོ་བོ་གྲང་བ་ཡིན་ཡང་རྟགས་ཚ་བ་ལྟར་སྣང་བའི་འཁྲུལ་སོ་བཤད་པ་ལའང་གཉིས། འཁྲུལ་གཞི་དང༌། འཁྲུལ་འབྲས་སོ། །དང་པོ་འཁྲུལ་གཞི་ནི། རླུང་གི་ཞེས་རྐང་པ་དྲུག་གིས་བསྟན་ཏེ། རླུང་གི་མཚན་ཉིད་ཡང་གཡོས་ཁྲག་ཚད་སྐྱེ་བས་ཁ་དང་ལྕེ་སྐམ་པ་དང༌། རྩུབ་གཡོས་རླུང་གསང་དུ་གཟེར་འཕོ་བ་དང༌། མི་འགྱུར་མི་འཕོ་བའི་བད་ཀན་ལྷེན་གཟེར་རམ་སྟོད་གཟེར་ཆེན་པོ་དང༌། མཁྲིས་ཚད་མེ་ལྟ་བུའམ། ཆུ་ཚན་ལྟ་བུ་རླུང་གིས་ཆེར་བུས་པའི་དྲོད་རླངས་ཀྱིས་མགོ་ན་བ་དང༌། མ་ཞུ་བ་དྭངས་སྙིགས་འདྲེས་པས་རྩ་ལམ་བཀག་ཅིང་མཁྲིས་ཡུལ་འཕྲོགས་པའི་མིག་སེར་དང༌། ཚད་པ་རྒྱས་རྗེས་སམ་ཚད་མཇུག་རླུང་གིས་བུས་པའི་སྟོང་ཚད་རྣམས་ངོ་བོ་རླུང་དང་བད་ཀན་ཡིན་པས་གྲང་ཡང༌། ཕྱི་རྟགས་ཚ་བར་འཁྲུལ་བར་བྱེད་དོ། །གཉིས་པ་འཁྲུལ་འབྲས་བཤད་པ་ནི། རྟགས་ཀྱི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་ངོ་བོ་བད་རླུང་དུ་མ་རྟོགས་པ་ལྟར་སྣང་གི་རྟགས། ཁ་ལྕེ་སྐམ་པ་གཟེར་བ་མགོ་ན་བ་མིག་སེར་བ་དྲོད་ཆེ་བ་སོགས་ཀྱི་རྗེས་སུ་འབྲངས་ནས་ཚད་པར་བཟུང་ན་དེའི་གསོ་བའང་ལོག་འགྲོ་སྟེ། གཉེན་པོ་བསིལ་གྱིས་བཅོས་པས་དངོས་གཞིའི་བད་རླུང་ཆེར་བསྐྱེད་ནས་གྲང་བས་འཚོ་བའི་རྟེན་སྲོག་འདོར་བར་བྱེད་དོ། །སྲོག་འདོར་ཞེས་པའི་སྲོག་ནི་སྤྱིར་རང་རང་འཚོ་ཞིང་འཛིན་པའི་ཁམས་དེ་སྲོག་ཡིན་ལ། འདིར་རླུང་སེམས་དབྱེར་མེད་ཀྱི་ཆ་དེ་ལ་སྲོག་ཅེས་བྱ། དེ་ཡང་རྩ་བ་དང་ཡན་ལག་གི་རླུང་སྲོག་འཛིན་དང་ཀླུ་ནམ་མཁའི་ཁམས་གྱེན་རྒྱུ་དང་གཙང་བ་མེ། ཁྱབ་བྱེད་དང་ལྷ་སྦྱིན་ཆུ། མེ་མཉམ་དང་རུས་སྦལ་རླུང༌། ཟུར་སེལ་དང་ནོར་ལས་རྒྱལ་བ་ས་ཁམས་ཏེ། འབྱུང་བ་ལྔའི་རང་བཞིན་ལས། གནོད་བྱ་གནོད་བྱེད་དབང་པོ་དབང་ཤེས་རྣམས་རྟེན་འབྲེལ་གྱི་ཚུལ་དུ་གྲུབ་སྟེ།

        བཤད་རྒྱུད་དུ། ས་ལས་ཤ་དང་རུས་པ་སྣ་དྲི་བསྐྱེད། །ཆུ་ལས་ཁྲག་དང་ལྕེ་རོ་བརླན་པ་བསྐྱེད། །མེ་ལས་དྲོད་དང་མདོག་གསལ་མིག་གཟུགས་བསྐྱེད། །རླུང་ལས་དབུགས་དང་པགས་པ་རེག་བྱ་བསྐྱེད། །མཁའ་ལས་བུ་ག་རྣ་བ་སྒྲ་བསྐྱེད་འགྱུར། །གོམས་པས་བྱ་བ་ལས་འཇུག་སྣང་བ་མཆེད། །རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པས་ལུས་སུ་གྲུབ། །ཅེས་དང༌། ཁྱད་པར་སྲོག་འཛིན་རླུང་དེ་སྤྱི་བོར་གནས། །ཞེས་སོགས་དང༌། དུས་འཁོར་ལས། ལུས་འདི་ལ་ནི་ཁམས་ཀྱི་ཚོགས་རྣམས་མཐའ་དག་རོ་དྲུག་ཟོས་ཤིང་འཐུང་བ་དག་ལས་བྱུང་གྱུར་པ། །རོ་དྲུག་དག་ཀྱང་འབྱུང་བ་ལས་རྟེན་འབྱུང་བ་དག་ཀྱང་ངེས་པར་ནམ་མཁའི་ཁམས་ལས་སོ། །ལུས་དང་ཡེ་ཤེས་རོ་མཉམ་བསྲེས་པ་དག་ལ་རབ་གསལ་འགྱུར་མེད་བརྟག་པར་ཡང་ནི་འགྱུར་བ་སྟེ། ཞེས་དང༌། སྲོག་ཅེས་བྱ་བ་གཅིག་པུའི་རླུང་ནི་རྣམ་བཅུར་འགྱུར་ཏེ་སྤྱི་བོའི་རྩ་བ་དག་དང་མདུན་དུ་ལ། ཞེས་སོགས་གསུངས་སོ། །དེའི་རྟེན་གཙོ་བོར་གྱུར་པ་གཉན་པའི་གནད་རྣམས་དང༌། ཚེའི་རྩ་དང༌། ཆ་ཤས་ནད་གཞི་ལུས་ཟུངས་དྲི་མ་ཐམས་ཅད་ལ་ཁྱབ་པ། ཙན་དན་དང་དྲི་ལྟ་བུར་གནས་པ་ལས། རོ་ནུས་སྤྱོད་ལམ་གྱིས་བྱེད་པས། ནད་ཟུངས་དྲི་མ་མཉམ་པར་གནས་ན་ནད་མེད་བདེ་བར་འཚོ་ཞིང༌། འཕེལ་ཟད་འཁྲུགས་པས་ནད་དང༌། ཐམས་ཅད་ཚ་བའི་སྟོབས་སུ་གྱུར་ནས་གྲང་བའི་ཁམས་ཟད་པ་དང༌། ཐམས་ཅད་གྲང་བའི་སྟོབས་སུ་གྱུར་ནས་དྲོད་ཀྱི་ཁམས་ཟད་པ་དང༌། རླུང་གི་སྲོག་རྟེན་ཆད་པ་སོགས་གཅིག་གཤེད་གཅིག་གིས་བྱས་ནས་བག་ལ་ཉལ་རྒྱས་གྱུར་ཙམ་ཡང་མེད་པ་རྩ་བ་ཆད་པའི་ཤིང་དང་ཤིང་ཚིག་པའི་སོལ་བ་དང༌། སྣུམ་ཟད་པའི་མར་མེ་ལྟར་གྱུར་ན་བརྟེན་པ་སྲོག་དེ་འདོར་བར་བྱེད་དོ། །གཉིས་པ་ངོ་བོ་ཚ་བ་ཡིན་ཡང་རྟགས་གྲང་བ་ལྟར་དུ་སྣང་བའི་འཁྲུལ་སོ་བཤད་པ་ལ་གཉིས། འཁྲུལ་གཞི་དང༌། འཁྲུལ་འབྲས་སོ། །དང་པོ་འཁྲུལ་གཞི་ལ་གཉིས། གབ་ཚད་གྲང་བ་ལྟར་དུ་སྣང་བའི་འཁྲུལ་སོ་དང༌། བླ་གཉན་ཕྲན་བུའི་འཁྲུལ་སོའོ། །དང་པོ་གབ་ཚད་གྲང་བ་ལྟར་དུ་སྣང་བའི་འཁྲུལ་སོ་བཤད་པ་ལའང་གསུམ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་མདོར་བསྟན་ནི། ཕོ་མཁལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་གནས་ངེས་པ་ཅན་ཕོ་བ་དང་མཁལ་མ་དང་སྙིང་སྟེ་དེ་རྣམས་ལ་ཚ་བ་གབ་པའི་གནས་སུ་བསྟན་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལའང་གསུམ་སྟེ། ཕོ་བར་གབ་པའི་འཁྲུལ་གཞི། མཁལ་མར་གབ་པའི་འཁྲུལ་གཞི། སྙིང་དུ་གབ་པའི་འཁྲུལ་གཞིའོ། །དང་པོ་ཕོ་བར་གབ་པའི་འཁྲུལ་གཞི་ནི། ཕོ་བ་ཞེས་རྐང་པ་བཞིས་བསྟན་ཏེ། མིད་པའི་མར་སྣ་དང་ཟངས་ཚགས་ལུག་གུ་མགོའི་བར་གྱི་ཕོ་བའི་ཡུལ་དེ་ནི། ཟས་འཇུ་ཞིང་སྨིན་པར་བྱེད་པའི་གཞི་རྟེན་ཡིན་པས་རྒྱུ་མཚན་དེའི་ཕྱིར་ཕོ་བའི་གནས་དེར་ཚ་བའི་ནད་ཞུགས་ན། འཇུ་བྱེད་ཀྱི་མེ་དེས་མཐུན་པའི་ལས། མེ་དྲོད་ཅེས་བྱ་འཇུ་བའི་གཞི་ཡིན་ཏེ། ཞེས་སོགས་དང༌། དེ་ཡི་ནད་མེད་བརྩོན་དང་གཟི་མདངས་དང༌། །ཚེ་གནས་ལུས་ཟུངས་མེ་དྲོད་སྟོབས་འཕེལ་བྱེད། །ཅེས་པ་དེ་མི་བྱེད་པར། དེ་ལས་ལོག་པའི་མི་འཇུ་བ་སོགས་ཕྱིན་ཅི་ལོག་པའི་ལས་བྱེད། །དེའི་ཤུགས་ཀྱིས། རླུང་མེ་མཉམ་དང༌། བད་ཀན་མྱག་བྱེད་ཀྱང་ལོག་པའི་ལས་བྱེད་པས། གཟེར་བ་དང༌། རྫིང་བ་དང༌། མི་འཇུ་བ་དང༌། སྒྲེག་པ་དང་སོགས་ཁོངས་ནས་སྦོས་པ་སྐྱུག་པ། འགྱིངས་པ། བཤལ་བ་སོགས་གྲང་བའི་རྟགས་འབྱུང་སྟེ། ཕོ་བའི་མེ་དྲོད་གསུམ་ནི་རང་གི་ཚད་ལས་ལྷག་ནའང་མི་འཇུ། ཆད་ནའང་མི་འཇུ་བའི་དོན་ནོ།

        གཉིས་པ་མཁལ་མར་གབ་པའི་འཁྲུལ་གཞི་བཤད་པ་ནི། མཁལ་མ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཚ་གྲང་སོགས་ནི་ལུས་སྤྱི་ལ་ཁྱབ་ཀྱང་གང་ཤས་ཆེ་བའི་གནས་དེར། དེ་མཐུན་རོ་ནུས་ཀྱི་མཚན་ཉིད་ལྷན་དུ་གནས་པ་ལས། མཁལ་མ་ས་ཆུའི་རང་བཞིན་ཅན་རོ་མངར་བ་དེ་མཐུན་གྱི་ནུས་པ་སྣུམ་ལྕི་འཇམ་བརྟན་སོགས་ཀྱི་རང་བཞིན་ལས་བད་ཀན་ལྷན་ཅིག་བརྟེན་པ་ས་ཆུའི་ཡུལ་ལམ་གནས་ཡིན་པས། ཚད་པ་ཞུགས་ཀྱང་གནས་ཀྱི་དབང་གིས་དྲོ་ན་ཕན་པ་དང༌། ཆུ་སྲི་གྲང་ན་ན་བར་མངོན་པ་སོགས་གྲང་བའི་རྟགས་སྟོན་ནོ། །གསུམ་པ་སྙིང་ལ་གབ་པའི་འཁྲུལ་གཞི་ནི། སྙིང་ནི་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། སྙིང་ནི་རླུང་དང་བད་ཀན་གྱི་གཞི་ཡིན་པས་ཏེ། སྤྱིར་རོ་ནུས་མཚན་ཉིད་ལྷན་ཅིག་གནས་ཡིན་ལ། དམིགས་བསལ་དུ། བད་ཀན་མྱོང་བྱེད་ལྕེ་ལ་གནས་སྙིང་དང་འབྲེལ། རླུང་ཁྱབ་བྱེད་སྙིང་རང་ལ་གནས་སོ། །དེའི་ཕྱིར་ཚད་ནད་ཞུགས་ཀྱང་སེམས་མི་བརྟན་པར་འཕྱོའོ། །གཉིད་མེད་ཅིང་བརྗེད་ངས་ཆེ་བ་དང༌། དྲན་ཤེས་མེད་པར་སྨྱོ་བ་དང༌། དབང་པོ་ཉམས་པ་བརྒྱལ་ལམ་འབོགས། འདར་བ་ལ་སོགས་པའི་ཁོངས་ནས་གཞན་ཡང་རླུང་རྟགས་དུ་མ་འབྱུང་བས་དེས་ནའོ། །གསུམ་པ་མཇུག་བསྡུ་བ་བཤད་པ་ནི། ཕོ་མཁལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཕོ་བར་བད་མཁྲིས་རླུང་གསུམ་ཀ་བརྟན་ཅིང་འཇུ་བའི་གཞི་ཡིན་པ་དང༌། མཁལ་མ་བད་ཀན་གྱི་གནས་དང༌། སྙིང་རླུང་གི་གནས་ཡིན་པས། དེའི་ཚ་བའང་གྲང་རླུང་འདྲ་སྟེ་ངོ་བོ་ཚ་ཡང་ཕྱི་རྟགས་གྲང་བར་འཁྲུལ་དུ་འཇུག་གོ གཉིས་པ་བླ་གཉན་ཕྲན་བུའི་འཁྲུལ་སོ་བཤད་པ་ནི། གཞན་ཡང་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། གབ་ཚད་གསུམ་དུ་མ་ཟད་གཞན་ཡང་ཚ་བས་གཉིད་ཡེར་བ་ཁྲག་མཁྲིས་ཀྱིས་སྐྱུག་པ་དང༌། ཚད་པ་རུས་ལ་ཞེན་ན་རུས་ཚིགས་ན་བ། ཚད་པ་རྩ་ལ་ཞུགས་པས་གཡལ་མང་ཞིང་འདར་བ་དང༌། ཚ་བ་སྙིང་སྲོག་ལ་ཞུགས་པས་སྨྱོ་ལབ་ལབ་པ་དང༌། མཚན་ཉིད་མཆིན་ཚད་ཀྱི་སྐྱིགས་བུས་བཏབ་པ་རྣམས་ངོ་བོ་ཚ་བ་ཡིན་ཡང་གྲང་བའི་རྟགས་ལྟར་སྣང་ངོ༌། །གསུམ་པ་ནི། རྟགས་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྟགས་གྲང་བ་ལྟར་སྣང་བ་ལ་བརྟེན་ནས། གསོ་བ་དྲོད་ཀྱིས་བཅོས་པས་ལོག་པར་འགྲོ། ཚད་པ་དྲོད་ཀྱིས་བཅོས་པས་ཐམས་ཅད་དེའི་སྟོབས་སུ་གྱུར་ནས་ཚ་བས་བསྲེགས་ནས་སྲོག་འདོར་བར་བྱེད་དེ། ཚ་བ་སྤྱི་བཅོས་སུ། ཚ་བའི་རྒྱུ་མཚན་གནོད་བྱ་བསྲེག་པ་སྟེ། །གནོད་བྱ་ལུས་ཟུངས་བདུན་དང་དྲི་མ་གསུམ། །འདི་དག་ཐལ་བར་བསྲེག་པ་མ་ཡིན་ཡང༌། །ཚ་བའི་དྲོད་ཀྱིས་འདྲུལ་བས་སྲོག་འདོར་བྱེད། །དེ་ཕྱིར་བསྲེག་ཅེས་བྱ་བར་བཤད་པ་ཡིན། །ཞེས་གསུངས་པ་ལྟར་རོ།།

        གསུམ་པ་རྟགས་ཀྱི་འཁྲུལ་སོ་བཅོས་ཀྱིས་བསལ་བར་གདམས་པ་ནི། དེ་ཕྱིར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ལྟར་སྣང་ཁོ་ནའི་རྗེས་སུ་འབྲངས་ན་སྲོག་འདོར་བས་དེའི་ཕྱིར། ལྟར་སྣང་རྟགས་ལ་མི་བརྟེན་པར། བཅོས་ཐབས་འཕྲོད་མི་འཕྲོད་ཀྱིས་འཁྲུལ་སོ་བསལ་ཏེ། རྟགས་ཇི་ལྟར་སྣང་ཡང་བཅོས་འཕྲོད་མི་འཕྲོད་ལ་རག་ལས་སོ། །འཕྲོད་མི་འཕྲོད་ཀྱི་དོན་ནི་འདོད་པ་དང་མཐུན་པའི་སྐབས་དོན་གྲུབ་མི་གྲུབ་ལ་བྱའོ། །གསུམ་པ་བཅོས་ཀྱི་ལྟར་སྣང་བཤད་པ་ལ་གསུམ། བཅོས་པ་ལའང་ལྟར་སྣང་འབྱུང་བར་བསྟན་པ་དང༌། ལྟར་སྣང་དངོས། བཅོས་ཀྱི་ལྟར་སྣང་འཁྲུལ་སོ་གོམས་པས་བསལ་བ་གདམས་པའོ། །དང་པོ་བཅོས་པ་ལའང་ལྟར་སྣང་འབྱུང་བར་བཤད་པ་ནི། དེ་ཡང་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། རྟགས་ཀྱི་འཁྲུལ་སོ་བཅོས་ཀྱིས་བསལ་བ་དེ་ལའང༌། དང་པོར་འཕྲོད་འཕྲོད་འདྲ་ལ་རྗེས་སུ་མི་འཕྲོད་པ་དང༌། དང་པོར་མི་འཕྲོད་འདྲ་ལ་རྗེས་སུ་འཕྲོད་པར་བསལ་བ་ཡི། བཅོས་འཕྲོད་པ་མི་འཕྲོད་པ་ལྟར་དུ་སྣང་བ་དང༌། མི་འཕྲོད་པ་འཕྲོད་པ་ལྟར་དུ་སྣང་བའི་བཅོས་པའི་བསླུ་བྲིད་ལྟར་སྣང་ཞེས་བྱ་བ་འབྱུང་སྲིད་དེ། ཞེས་སོ། །གཉིས་པ་ལྟར་སྣང་དངོས་ལ་གསུམ། འཁྲུལ་ཚུལ་བསྟན་པ་དང༌། དེའི་ངེས་པ་འགོད་པ་དང༌། འཁྲུལ་འབྲས་སོ། །དང་པོ་འཁྲུལ་ཚུལ་བསྟན་པ་ལ་གཉིས། ཚ་བའི་བཅོས་ཀྱི་ལྟར་སྣང་འཁྲུལ་སོ། གྲང་བའི་བཅོས་ཀྱི་ལྟར་སྣང་འཁྲུལ་སོའོ། །དང་པོ་ཚ་བའི་བཅོས་ཀྱི་ལྟར་སྣང་འཁྲུལ་སོ་ནི། ཚ་བ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། གབ་ཚད་སོགས་ངོ་བོ་ཚ་བ་ཡིན་ཡང་ཕྱི་རྟགས་གྲང་བ་ལྟར་དུ་སྣང་བ་ལ། ཟས་སྤྱོད་སྨན་དཔྱད་བསིལ་སྦྱོར་ངོ་བོ་གཏིང་ཚད་ལ་འཕྲོད་ཀྱང་འཕྲལ་དུ་གྲང་བ་ལ་ཕོག་པས་མི་འཕྲོད་འདྲ། དྲོད་སྦྱོར་ཕུགས་སུ་གཏིང་ཚད་བསྐྱེད་པས་གནོད་ཀྱང་འཕྲལ་དུ་གྲང་བ་སེལ་བས་འཕྲོད་པ་ལྟར་དུ་སྣང་ངོ༌། །ཞེས་སོ། །གཉིས་པ་གྲང་བའི་བཅོས་ཀྱི་ལྟར་སྣང་འཁྲུལ་སོ་ནི། གྲང་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རླུང་གིས་ཁ་དང་ལྕེ་སྐམ་གཟེར་བ་དང༌། ཞེས་པ་སོགས་སོ། །ངོ་བོ་གྲང་བ་ཡིན་ཡང་ཕྱི་རྟགས་ཚ་བའི་རྟགས་ཅན་རྣམས་ནི་སྔ་མ་དེ་ལས་གོ་བཟློག་པ་སྟེ། དྲོད་སྦྱོར་འཕྲོད་ཀྱང་འཕྲལ་དུ་མི་འཕྲོད་འདྲ། བསིལ་སྦྱོར་གནོད་ཀྱང་འཕྲལ་དུ་འཕྲོད་པ་ལྟར་སྣང་ངོ༌། །གཉིས་པ་དེའི་ངེས་པ་འགོད་པ་ནི། དེ་ཡང་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། འཕྲོད་མི་འཕྲོད་ཀྱི་ལྟར་སྣང་དེ་ཡང༌། སྨན་གྱི་ནུས་སྟོབས་ཡོན་ཏན་དང་ནད་ཀྱི་མཚན་ཉིད་འཐབས་པས་འབྱུང་བ་རེ་ཞིག་འཁྲུགས་པ་ལྟར་སོང་བས་མི་འཕྲོད་པ་འདྲ་ལ། ཡུན་བསྲིངས་ན་སྨན་རྒྱལ་ཏེ་འཕྲོད་པ་དང༌། ཡང་ངོ་བོ་ཚ་གྲང་གང་ཡིན་གྱི་མཚན་ཉིད་ཅན་ཡིན་ཡང༌། སྡོང་ཟླ་དང་གནས་ཀྱི་དབང་གིས་མཚན་ཉིད་འདྲེས་པ་ལྟར་རྟགས་ཀྱང་འདྲེས་པར་སྟོན་པས། དངོས་པོ་སྡོང་ཟླའི་སྟོབས་སུ་གྱུར་ནས་མི་འཕྲོད་པ་འདྲ་སྟེ། དཔེར་ན་གབ་ཚད་ལ་བསིལ་བསྟེན་པས། དང་པོ་བད་རླུང་ལ་ཕོག་མི་འཕྲོད་འདྲ། བར་དུ་གྲང་བ་ཐལ་ནས་ཕན་གནོད་མེད། །མཇུག་ཏུ་གཏིང་ཚད་སླེབས་པས་ཕན་པར་ཚོར། །ཞེས་པ་ལྟར་རོ། །ངོ་བོ་དེ་མ་ཡིན་པ་ལྟར་དུ་སྣང་བའི་ཕྱི་རྟགས་ཀྱི་མགོ་མནན་ནས་འཕྲོད་པ་འདྲ་སྟེ། གབ་ཚད་གྲང་བའི་མགོ་ཕུར་དྲོད་ཀྱིས་བཤུ། ཞེས་པ་ལྟར་རོ། །དེས་ན་ཅིས་ཀྱང་སྔོན་ལ་ལྟར་སྣང་གསལ། རྗེས་སུ་ངོ་བོ་ལ་སླེབ་པར་བྱ་སྟེ། ལྟར་སྣང་ཁོ་ནའི་བཅོས་མི་བྱའོ། གསུམ་པ་འཁྲུལ་འབྲས་བཤད་པ་ནི། ལྟར་སྣང་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ལྟར་སྣང་བསླུ་བྲིད་ཀྱི་རྗེས་སུ་འབྲངས་ན་ངོ་བོ་འཕེལ་ཏེ་སྲོག་ལ་རྒོལ་བར་བྱེད་དོ།།

        གསུམ་པ་བཅོས་ཀྱི་ལྟར་སྣང་འཁྲུལ་སོ་གོམས་པས་བསལ་བར་གདམས་པ་ནི། ཕྱིར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། བཅོས་པའི་ལྟར་སྣང་དེ་ལྟར་འབྱུང་བའི་རྒྱུ་མཚན་དེའི་ཕྱིར། ལྟར་སྣང་གི་བཅོས་ལ་མི་བརྟེན་ཞིང་ཡིད་མི་རྟོན་པར་གོམས་པ་ཡུན་དུ་བསྲིངས་པས་རྟོགས་པར་འགྱུར་ཏེ། གང་ལའང་ལན་རེ་ཙམ་མིན་པར་ཡུན་བསྲིངས་པས་དོན་སྟོན་ཞིང་བསྒྲུབ་བྱ་འགྲུབ་པར་འགྱུར་བའོ། །བཞི་པ་གོམས་པའི་ལྟར་སྣང་བཤད་པ་ལ་གཉིས། ཕན་གནོད་རྟོགས་པར་འགྱུར་བ་ལའང་ལྟར་སྣང་འཁྲུལ་སོ་འབྱུང་སྲིད་པར་བསྟན་པ། གོམས་པའི་འཁྲུལ་སོ་བཅོས་སྐྱེད་ཀྱིས་བསལ་བར་གདམས་པའོ། །དང་པོ་ཕན་གནོད་རྟོགས་པར་འགྱུར་བ་ལའང་ལྟར་སྣང་གི་འཁྲུལ་སོ་བཤད་པ་ནི། དེ་ཡང་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། བཅོས་ཀྱི་ལྟར་སྣང་འཁྲུལ་སོ་བཅོས་ཏེ་ཡུན་དུ་གོམས་པས་བསལ་བ་དེ་ལའང༌། ནད་པའི་སྐྱོ་མ་སྔ་བཙན་རྟོགས་པའི་ཞེན་ཕྱོགས་ཀྱི་གནོད་པ་ལ་ཡང་ཕན་ནོ་ཞེས་དང༌། ཕན་པ་ལ་གནོད་དོ་ཞེས་པའི་གནོད་པ་ཕན་པ་ལྟར་དུ་སྣང་བ་དང༌། ཕན་པ་གནོད་པ་ལྟར་དུ་སྣང་བའི་ལྟར་སྣང་འབྱུང་སྲིད་པས་སོ། །སྲིད་ཅེས་པ་ཐམས་ཅད་ཕལ་ཆེར་རྟགས་དང་ངོ་བོ་མཐུན་པར་འབྱུང་ལ། འདིར་བཤད་པ་ལྟར་ངོ་བོ་དང་རྟགས་མི་མཐུན་པའང་སྲིད་པས་དེའི་ཕྱིར། འཁྲུལ་སོ་བསལ་བ་འདི་གལ་ཆེ་བའི་མདོ་འགག་གོ་ཞེས་འདོམས་པར་བྱའོ། །གཉིས་པ་གོམས་པའི་འཁྲུལ་སོ་བཅོས་ཀྱིས་བསལ་བར་གདམས་པ་ནི། ནད་པའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ནད་པའི་ལྟར་སྣང་ཡིད་རྟོག་མ་ཡིན་པར་བཅོས་འཕྲོད་དང་མི་འཕྲོད་སྨན་པས་རེག་པ་རྩ་མཐོང་བ་ཆུ་བདེ་སྐྱེད་དག་གིས་འཁྲུལ་སོ་བསལ་བར་བྱའོ། །ལྔ་པ་བཅོས་སྐྱེད་ཀྱི་འཁྲུལ་སོ་བསལ་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་མདོར་བསྟན་ནི། དེ་ལའང་ཞེས་རྐང་པ་ལྔས་བསྟན་ཏེ། གོམས་པའི་ལྟར་སྣང་འཁྲུལ་སོ་བཅོས་བསྐྱེད་ཀྱིས་བསལ་བ་དེ་ལ། བཅོས་བསྐྱེད་ཀྱི་ལྟར་སྣང་འཁྲུལ་སོ་བཞི་ཡོད་དེ། གང་ཞེ་ན། ཕྱི་རྟགས་ལོག་ལ་ངོ་བོ་མ་ལོག་པ་དང༌། ངོ་བོ་ལོག་ལ་ཕྱི་རྟགས་མ་ལོག་པ་དང༌། རྟགས་དང་ངོ་བོ་གཉིས་ཀ་མ་ལོག་པ་དང༌། རྟགས་དང་ངོ་བོ་གཉིས་ཀ་ལོག་པའོ། །ཞེས་པས། ཕྱིའི་རྟགས་དང་པོ་དེ་ལས་གཞན་དུ་བཟློག་པ་ལྟར་དུ་སྣང་ལ་ངོ་བོ་མ་ལོག་པ་སྔར་མལ་དུ་གནས་པ་དང༌། ངོ་བོ་དང་པོ་ལས་གཞན་དུ་ལོག་པ་ཕྱི་རྟགས་མ་ལོག་པ་སྔར་མལ་དུ་གནས་པ་ལྟར་དུ་སྣང་བ་དང༌། རྟགས་དང་ངོ་བོ་གཉིས་ཀ་གཞན་དུ་མ་ལོག་པ་རང་ལུགས་སུ་གནས་པ་དང༌། རྟགས་དང་ངོ་བོ་གཉིས་ཀ་གཞན་དུ་ལོག་པ་དང་མུ་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་ཕྱིའི་རྟགས་དང་པོ་དེ་ལས་གཞན་དུ་ལོག་པ་ལྟར་སྣང་ལ། ངོ་བོ་མ་ལོག་པར་སྔར་མལ་དུ་གནས་པ་ལ་གཉིས། ཚ་བ་དང༌། གྲང་བའོ། །དང་པོ་ཚ་བ་ནི། དང་པོ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དང་པོ་ཡུལ་དུས་ན་ཚོད་རང་བཞིན་སོགས་བད་ཀན་ཅན་གྱིས་ཚ་བ་ལ་ཟས་ཡེན་ལ་གཏད་པ། སྤྱོད་ལམ་བསིལ་བར་སྡོད་པ་སྨན་ག་བུར་སོགས་བསྟེན་པ་དཔྱད་གཏར་བཤལ་སོགས་གཉེན་པོ་བསིལ་བའི་སྦྱོར་བ་བསྟེན་ཞིང་ཡུན་དུ་གཏུགས་པས། གྲོགས་བད་རླུང་འཕེལ་བས་ངོ་བོ་མ་ལོག་པས་གཏིང་ཚད་མ་ཐོན་ཀྱང་བསིལ་གྱིས་ཕོ་བའི་མེ་དྲོད་ཤི་ནས་རྩ་དལ་ཆུ་སྔོ་ཟས་མི་འཇུ་བ་སོགས་རྟགས་ལོག་པས་གྲང་བ་ལྟར་དུ་སྣང་བའི་རྟགས་སྟོན་པར་བྱེད་དོ།།

        གཉིས་པ་གྲང་བ་ནི། གྲང་བ་ཞེས་རྐང་པ་ལྔས་བསྟན་ཏེ། གྲང་བ་ཡུན་དུ་ལོག་པའི་རྒད་པོ་གཏིང་དུ་འཁར་ཞིང་ཞེན་པ་ལ། དྲོད་བཅུད་ཟས་མེ་གནས་གོས་དྲོ་བ་སྤྱོད་ལམ་གྱི་མེ། དྲོད་དགུ་སྦྱོར་བ་སྨན་གྱི་མེ། མེ་བཙའ་དཔྱད་མེ་སྟེ་མེ་བཞི་པོ་ལུས་ལ་ཡུན་དུ་བསྟེན་པར་བྱས་པས། དྲོད་ཀྱི་རླངས་པས་རྩའི་སྦུབས་ཀུན་ཏུ་ཁྱབ་སྟེ། ཕྱི་རྟགས་མགོ་ན་རྩ་མྱུར་དུ་རྒྱུག་ཆུ་མདོག་དམར་ལ་སོགས་པའི་ཁོངས་ནས་ཚད་རྟགས་ཐམས་ཅད་སྟོན་ཏེ་དེ་ནི་ངོ་བོ་མ་ལོག་པ་གྲང་བར་བསྡད་ནའང༌། ཕྱིའི་རྟགས་ལོག་སྟེ་ཚ་བ་ལྟར་དུ་སྣང་བའི་ཕྱིར། རྟགས་ཀུན་ཚ་བར་སྟོན་པར་བྱེད་དོ། །གཉིས་པ་ནི། དེ་ཡང་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཕྱི་རྟགས་ལ་ངོ་བོ་མ་ལོག་པ་དེ་ལའང༌། ཚ་བ་ཡུན་དུ་ལོན་པའི་རྒད་པོ་བསིལ་བསྲིངས་ཏེ་བསྟེན་པ་ནི་གྲང་བ་དང་འདྲ། གྲང་བ་ཡུལ་འདས་ཀྱི་རྒད་པོ་དྲོད་བསྲིངས་ནས་བསྟན་པ་ནི་ཚ་བ་འདྲ་བས་ན། ལྟར་སྣང་གི་འདྲ་འདྲ་གཉིས་པོ་དེ་ནོར་ན་ཚ་གྲང་འཁྲུལ་ཉེན་ཡོད་དེ་འཁྲུལ་པའོ། གསུམ་པ་ནི། དེ་ཕྱིར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྒྱུ་མཚན་གོང་དུ་བརྗོད་པ་དེའི་ཕྱིར། ལྟར་སྣང་གི་ཕྱི་རྟགས་གང་བྱུང་དེ་ཉིད་ཀྱིས་ངོ་གླན་ཙམ་གྱི་འཕྲལ་བཅོས་བྱ་ཞིང་གཏིང་གི་ནད་ངོ་བོ་སྟེ་གདོན་པའམ་འདོན་པར་བྱེད་དགོས་ཏེ། ཚ་བ་གྲང་བའི་ལྟར་སྣང་ཙམ་ལ་སེ་འབྲུ་ལྔ་པ་སྐུ་མཉེ་གསུར་དུད་ཙམ་གྱིས་རྟགས་ཀྱི་ངོ་གླན། གཏིང་ཚད་ལ་བསིལ་འཇམ་བསྟེན། གྲང་བ་ཚ་བའི་ལྟར་སྣང་ཅན་ལ་ཅུ་གང་བདེ་བྱེད་འབྲས་དང་ཆག་རྩེ། བསིལ་སར་དལ་བར་སྡོད་པ་ཙམ་གྱི་རྟགས་ཀྱི་ངོ་གླན། དྲོད་ཀྱི་ནད་དངོས་གདོན་ནོ། །གཞན་ཡང་སྟོབས་ཆུང་ན་བྲིད་དེ་བཅོས་པ་སྟོབས་མཉམ་ན་ཕྱིང་དྲིལ་ལམ་ལྟག་པ་སྤྲད་དེ་བཅོས་སོ། །གཉིས་པ་ངོ་བོ་དང་པོ་ལས་གཞན་དུ་ལོག་ལ་ཕྱིའི་རྟགས་མ་ལོག་པ་སྔར་མལ་དུ་གནས་པ་ལྟར་དུ་སྣང་བ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་བཤད་དོ། །དང་པོ་ནི། གཉིས་པ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་མ་ཚོར་འོག་ཏུ་འགྲིམས་པ་རྐུན་བུའི་ནད་གྲང་བ། ཚ་བ། རླུང་དང་གསུམ་ཡོད་དེ། ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལའང་གསུམ། རྐུན་བུའི་ནད་གྲང་བ། ཚ་བ། རླུང་དང་གསུམ་མོ། །དང་པོ་གྲང་བ་ལ་གསུམ། རྐུན་བུ་སྐྱེ་ཚུལ། དེའི་སྐྱོན་བཟློག་ཐབས་སོ། །དང་པོ་རྐུན་བུ་སྐྱེ་ཚུལ་ནི། གྲང་བའི་ཞེས་རྐང་པ་བཞིས་བསྟན་ཏེ། བད་ཀན་གྲང་བའི་ནད་ལ་གཉེན་པོ་མེ་བཞི་སོགས་དྲོད་ཀྱི་སྦྱོར་བ་ཧ་ཅང་བསྟེན་དྲགས་ན། ཕྱི་ནང་གི་གནས་རིང་ཉེའི་དུས་ལུས་ཁམས་ཀྱི་རང་བཞིན་ཚ་བའི་རྐྱེན་ནི། གནས་སྐམ་ས་ཚ་གདུང་ཅན་དུས་སྟོན་དཔྱིད་ཚ་དུས། རང་བཞིན་ཁྲག་མཁྲིས་ཤས་ཆེ་རྣམས་འཕྲད་པས། ཁྲག་མཁྲིས་ཚ་བ་འཕེལ་བའི་རྐྱེན་བྱས་ཏེ། ངོ་བོ་ཚ་བར་ལོག་ཀྱང་ཕྱི་རྟགས་གྲང་བའི་འོག་ཏུ་འགྲིམས་ནས་ཚ་བ་མ་ཚོར་བར་རྐུན་བུར་སྐྱེའོ། །

        གཉིས་པ་དེའི་སྐྱོན་བཤད་པ་ནི། འོག་འགྲིམས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ངོ་བོ་ཚ་བ་ཕྱི་རྟགས་གྲང་བའི་འོག་ཏུ་འགྲིམས་པ་མ་ཚོར་བར་ལྟར་སྣང་ལ་འཁྲུལ་ནས་གྲང་བར་ཡོད་བསམས། དྲོད་སྦྱོར་བསྟེན་པ་ཡིས་མེ་འབར་བ་ལ་ཤིང་བསྣན་ན་ཆེར་འབར་བ་བཞིན། ཚ་བ་ལ་དྲོད་སྦྱོར་མནན་པས་ལུས་ཟུངས་བསྲེག་པར་བྱེད་དོ། །གསུམ་པ་བཟློག་ཐབས་བཤད་པ་ནི། དེ་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བྱ་རས་ནམ་ཚོར་བའི་དུས་སུ་དེ་ལ་ཟས་སྤྱོད་སྨན་དཔྱད་ཆུ་བཞི་བརྩོན་པར་བྱས་པ་ལ་བརྟེན་ནས་མྱུར་དུ་བཟློག་དགོས་སོ། །གཉིས་པ་ཚ་བ་ལའང་གསུམ། རྐུན་བུ་སྐྱེ་ཚུལ། དེའི་སྐྱོན། བཟློག་ཐབས་སོ། །དང་པོ་རྐུན་བུ་སྐྱེ་ཚུལ་ནི། ཚ་བའི་ཞེས་རྐང་པ་བཞིས་བསྟན་ཏེ། ཁྲག་མཁྲིས་ཚ་བའི་ནད་ལ་བཅོས་བསིལ་སྦྱོར་བསྟེན་ཧ་ཅང་དྲགས་ན། ཕྱི་ནང་གི་གནས་རླན་ཅན་གྲང་བ། ཉེ་རིང་གི་དུས་དབྱར་དཔྱིད་ཉིན་ཞིག་གི་ཐོག་མཐའ། རང་བཞིན་གྲང་རླུང་ཤས་ཆེ་བ་སོགས་གྲང་བའི་རྐྱེན་དང་འཕྲད་པས། བསིལ་སྦྱོར་དང་རྐྱེན་རྣམས་འདོམས་པས་ངོ་བོ་ཚ་བ་གྲང་བར་ལོག་ཅིང་བད་རླུང་གྲང་བ་འཕེལ་བའི་རྐྱེན་བྱས་ཏེ་ངོ་བོ་གྲང་བ་ཕྱི་རྟགས་ཚ་བའི་འོག་ཏུ་འགྲིམས་ནས་རྐུན་བུར་སྐྱེའོ། །གཉིས་པ་དེའི་སྐྱོན་ནི། འོག་འགྲིམས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཕྱི་རྟགས་ཚད་པ་ལྟར་དུ་སྣང་བའི་འོག་ཏུ་གྲང་བ་འགྲིམས་པ་མ་ཚོར་བར། ད་དུང་བསིལ་སྦྱོར་བསྟེན་པ་ཡིས་ཕོ་བའི་མེ་ཤི་ནས་གྲང་སྐྲན་དང་དམུ་ཆུར་འགྱུར་རོ། །གསུམ་པ་བཟློག་ཐབས་བཤད་པ་ནི། དེ་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གསུམ་པ་རླུང་ལ་གསུམ། འོག་འགྲིམས་སྐྱེ་ཚུལ། དེའི་སྐྱོན། བཟློག་ཐབས་སོ། དང་པོ་འོག་འགྲིམས་སྐྱེ་ཚུལ་ནི། གཞན་ཡང་ཞེས་རྐང་པ་དྲུག་གིས་བསྟན་ཏེ། ཚ་གྲང་དུ་མ་ཟད་གཞན་ཡང་རང་གི་རྟགས་ངོ་བོ་འགལ་བ་ཡང་ཡོད་དེ། ཚ་བའི་ནད་ལ་བསིལ་ཡུན་དུ་གཏུགས་པས། ཐོར་བུའི་རླུང་སྐྱེས་ནས་དེས་ཚ་བའི་ལྷག་མ་བུས་པས་སོ། །གཉིས་པ་དེའི་སྐྱོན་ནི། འོག་འགྲིམས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ལུས་ལ་མེ་བཏང་བ་དང་འདྲ་བར་ཚད་པ་སྐྱེ་ཞིང་ཟུག་གཟེར་སྐྱེ་བ་དེ་ནི་རླུང་གི་ཕྱི་རྟགས་ཚ་བའི་འོག་ཏུ་འགྲིམས་པ་ཡིན་ནོ། །གསུམ་པ་བཟློག་ཐབས་བཤད་པ་ནི། དེ་ཕྱིར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྒྱུ་མཚན་དེའི་ཕྱིར་ཟས་ཀྱིས་ངོ་གླན་ནི་དཔེར་ན་གཅིག་གིས་གཅིག་ལ་གནོད་སྐྱེལ་བའི་ཚེ། དེའི་གྲོགས་ཞིག་གིས་ངོ་བླངས་ན་ཅུང་ཟད་ཅིག་དེའི་ངོ་ལ་བདེ་བར་འཇོག གཞན་ཐབས་དུ་མས་གནོད་པ་བྱེད་པ་ལྟར། ཐོར་བུའི་རླུང་ལ་ཟས་དྲོད་བཅུད་བག་ཙམ་གྱི་ངོ་གླན། གཞན་ཐབས་དུ་མས་ཚད་ལྷག་གདོན་ནོ། །མདོར་བསྟན་དུ་ཉེས་པ་གསུམ་གྱི་སྒོ་ནས་ངོ་བོ་ལོག་ལ་རྟགས་མ་ལོག་པ་གསུམ་དུ་བཞག་ཀྱང་ཕྱི་མ་འདི། ཕྱི་རྟགས་ལྟར་སྣང་རླུང་དང་ངོ་བོ་ཚད་པར་བཞག་པས་ན་ཡ་གཉིས་སུ་བཤད་ཅིང་བཅོས་པའི་ཚེ་གང་ཤས་ཆེ་བ་དེ་ལ་ངོ་བོར་བྱ་དགོས་སོ།།

        གསུམ་པ་ནི། རྟགས་དང་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། བཅོས་ཡུན་དུ་བསྲིངས་ཀྱང་ཕྱི་རྟགས་དང་ངོ་བོ་གཉིས་ཀ་དང་པོ་ཚ་གྲང་གང་ཡིན་དེ་ལས་གཞན་དུ་མ་ལོག་པར་སྔར་ལུགས་སུ་བསྡད་འདུག་ན་གཉེན་པོའི་སྦྱོར་བ་དམན་པའམ་ཚ་གྲང་ལོག་པ་ཡིན་པས། དམན་ནས་ནད་མ་ཞི་བར་འདུག་ན་གཉེན་པོ་ཆེར་བསྐྱེད་ཅིང༌། ལོག་ནས་ནད་སྟོབས་སྐྱེད་འདུག་ན་སྔ་མའི་བཅོས་དེ་ཚ་གྲང་བསྒྱུར་ཏེ་སྔ་མ་དྲོད་ཡིན་ན་རྗེས་མ་བསིལ་བསྒྱུར་བ་ལྟ་བུའོ། །བཞི་པ་ནི། གཉིས་ཀ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཞེས་བཅོས་གོམས་པ་ལས་ཕྱི་རྟགས་ངོ་བོ་གཉིས་ཀ་དང་པོ་ཚ་གྲང་རླུང་གང་རིགས་འཕེལ་བའི་ནད་དེ་ལོག་ནས། བསིལ་བསྟེན་པས་ཚད་པ་དང་ཚ་རྟགས་བྲི། དྲོད་བསྟེན་པས་གྲང་བ་དང་གྲང་རྟགས་བྲི། བཅུད་བསྟེན་པས་རླུང་དང་རླུང་རྟགས་བྲི་ན་དེ་ལ་འཁྲུལ་སོ་མེད་དེ་རྟགས་དང་ངོ་བོ་ཕྱོགས་གཅིག་ཏུ་སོང་བས་སོ། །བཞི་པ་སྦྱང་འབྲས་མ་ནོར་ཇི་བཞིན་རྟོགས་ཚུལ་བཤད་པ་ལ་གསུམ། འཁྲུལ་སོ་རིམ་པར་བསལ་བས་ནར་བ་མི་སྲིད་པར་བསྟན་པ་དང༌། འདི་ཉིད་གཅེས་པར་གདམས་པ། རྟོགས་མི་རྟོགས་ཀྱི་ཁྱད་པར་བསྟན་པའོ། །དང་པོ་འཁྲུལ་སོ་རིམ་པར་བསལ་བས་ནོར་བ་མི་སྲིད་པར་བསྟན་པ་ནི། ནད་གཞི་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། འདི་དག་ཀྱང་སྔ་མའི་འཁྲུལ་སོ་ཕྱི་མས་བསལ་བ་སྟེ་རིམ་པ་བཞིན། ནད་གཞིའི་མིང་གི་ལྟར་སྣང་འཁྲུལ་སོ་རྟགས་ཀྱིས་བསལ། རྟགས་ཀྱི་ལྟར་སྣང་འཁྲུལ་སོ་བཅོས་པས་བསལ། བཅོས་ཀྱི་ལྟར་སྣང་འཁྲུལ་སོ་ཡུན་དུ་གོམས་པས་བསལ། གོམས་པའི་ལྟར་སྣང་འཁྲུལ་སོ་བཅོས་བསྐྱེད་ཀྱིས་བསལ། བཅོས་བསྐྱེད་ཀྱི་ལྟར་སྣང་འཁྲུལ་སོ་ཆུ་ཡིས་བསལ། མཇུག་དོན་དུ། བལྟ་བའི་ཆུ་ལ་ཚ་གྲང་མཐོང་བས་བསལ། ཞེས་སོ། །ཆུ་མདོག་གི་ལྟར་སྣང་འཁྲུལ་སོ་ཀུ་ཡས་བསལ་ཏེ། ཕྱི་རྒྱུད་དུ། ཀུ་ཡ་ཁྲག་མཁྲིས་གནས་ནས་འབྱུང་བའི་ཕྱིར། །ལུས་ལ་ཚ་གྲང་གང་ཡོད་ཆུ་ལ་གསལ། །དཔེར་ན་ཚོང་པས་ཚོང་འདུས་གཏམ་བརྗོད་བཞིན། །ཞེས་སོ། །འཁྲུལ་སོ་ཞེས་པ་དག་ཉེན་ཆེ་ས་ལ་སོ་ཀ་དང་དགྲ་སོ་ཞེས་པ་ལྟར། འདི་རྣམས་ལ་ལྟར་སྣང་འཁྲུལ་བའི་ཉེན་ཆེ་བས་ན་འཁྲུལ་སོའོ། །དེ་ལྟར་རིམ་པས་ཤེས་ཤིང་འདྲིས་པ་དེ་ལ་ནོར་བ་ནམ་ཡང་འབྱུང་མི་སྲིད་དོ། །ཞེས་སོ། །གཉིས་པ་འདི་ཉིད་གཅེས་པར་གདམས་པ་ནི། དེ་དག་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གོང་དུ་བཤད་པ་དེ་དག་ལ་ལྟར་སྣང་ལྔ་ནད་པ་གཅིག་གིས་ཐོག་ཏུ་གང་ལ་གང་དགོས་སྤྲུག་པའི་ཐབས་ཞེས་བྱ་སྟེ། འཁྲུལ་པ་མེད་པར་ཚ་གྲང་ངེས་པར་བྱེད་པའི་གནད་གལ་ཆེ་བའི་མདོ་འགག་ཡིན་ནོ། །ཞེས་སོ། །གསུམ་པ་རྟོགས་མི་རྟོགས་ཀྱི་ཁྱད་པར་བསྟན་པ་ནི། དེ་ལྟར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གོང་དུ་བསྟན་པ་དེ་ལྟར་ཉེ་བར་གདམས་པའི་མན་ངག་འདི་དང་ལྡན་པས་ནད་ཀྱི་གནད་ཀྱི་ཚང་ལེགས་པར་ཇི་བཞིན་རྟོགས་པར་འགྱུར་གྱི། སྤྱིར་བཏང་དཀྱུས་མ་ཙམ་འཛིན་པའི་འཚོ་བྱེད་རྣམས་ཀྱིས་འོལ་སྤྱི་ཙམ་ལས་ངེས་གསང་འདི་ལྟ་བུ་རྟོགས་པར་མི་འགྱུར། ཅེས་སོ། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འཁྲུལ་གཞི་བསལ་བ་ཚ་གྲང་གལ་མདོའི་ལེའུ་སྟེ་བཅུ་གསུམ་པའོ། །ཞེས་སོ། །གསུམ་པ་ཉམས་ལྡན་ཚིགས་སུ་བཅད་པ་ནི།

        འདིར་སྨྲས་པ། གཞུང་འགྲེལ་ཉི་ཟླའི་འོད་དང་རྣམ་དཔྱོད་བློ་གྲོས་མིག་ཡངས་པ། །དུས་ཀྱི་མུན་པས་མ་བསྐལ་རྨོངས་པའི་སྒྲིབ་བྱེད་བྲལ་བ་འདི། །དངོས་གནས་འཇིག་རྟེན་གསལ་དང་ནོར་འཁྲུལ་མུན་པ་འགོག་བྱེད་ཉིད། །རྒྱལ་བས་བྱིན་གྱིས་བརླབས་དང་རིང་ནས་གོམས་པས་རྙེད་པ་ཡིན། །སྨན་པའི་དེད་དཔོན་མཆོག་ཏུ་ཁས་འཆེ་ཞིང༌། །བསྙེན་བཀུར་ནོར་བུ་འདོད་པས་གསོ་དཔྱད་ཀྱི། གྲུ་རྫིང་ཞུགས་ཀྱང་འཁྲུལ་སོའི་རླུང་ཤུགས་ཀྱིས། །ལྟར་སྣང་སྲིན་པོའི་གླིང་དུ་འཕྱུགས་པ་མང༌། །དམ་པའི་རྣམ་སྤྲུལ་འགྲོ་བའི་དོན་བརྩོན་པ། །གཞུང་གི་ལུས་རྒྱས་རྣམ་བཤད་རྒྱན་གྱིས་སྤྲས། །ཕན་བདེའི་གནས་སུ་བགྲོད་པའི་བཱུ་ལ་ཧ། །དོན་ཆེར་མགྲོན་ལ་བྱིན་གྱིས་ད་ལོངས་ཤིག །མཁའ་སྤྱོད་ངང་གིས་འགྲུབ་པའི་པོ་ཏྰ་ལར། །བདེ་ལྡན་འཇིག་རྟེན་དབང་ཕྱུག་ཕོ་བྲང་ཆེར། །ཆོས་སྤྱོད་བཅུ་ཡི་ལམ་དུ་མངོན་ཕྱོགས་པའི། །འཚོ་ཐབས་མཁན་དེས་གཞན་ལའང་འདོམས་ཕྱིར་བྲིས

མཐའ་མའི་འདོན་ཐེངས་།: 29.08.2011 ཉིན། 11:17 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།