སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་གསུམ་པ། འཁྲུལ་གཞི་གསལ་བ་ཚ་གྲང་གལ་མདོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་བཅུ་གསུམ་པ། འཁྲུལ་གཞི་གསལ་བ་ཚ་གྲང་གལ་མདོ།



ལེའུ་བཅུ་གསུམ་པ། འཁྲུལ་གཞི་གསལ་བ་ཚ་གྲང་གལ་མདོ། 

དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས། །ཚ་གྲང་གཉིས་སུ་མ་འདུས་ནད་མེད་ཀྱང༌། །ཚ་གྲང་ནོར་བར་བཅོས་ན་གཞན་སྲོག་འདོར། །དེ་ཡི་ངོས་བཟུང་འཁྲུལ་སོ་ཅི་ལྟར་བསལ། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་ལ་ལན་གསུངས་པ། །ཚ་གྲང་འཁྲུལ་གཞི་གལ་འགག་རྣམ་བཞི་སྟེ། །རྟགས་དང་ངོ་བོ་གཉིས་ཀ་ཚ་བ་དང༌། །རྟགས་དང་ངོ་བོ་གཉིས་ཀ་གྲང་བ་དང༌། །ཕྱི་རྟགས་ཚ་ཡང་ངོ་བོ་གྲང་བ་དང༌། །ངོ་བོ་ཚ་ཡང་ཕྱི་རྟགས་གྲང་བ་ཡིན། །རྒྱུ་རྐྱེན་ཡུལ་དུས་རང་བཞིན་ན་ཚོད་དང༌། །གནས་ས་ཉིན་ཞག་ཟས་ཟོས་གོམས་པ་ཆུ། །འདི་བཅུའི་སྒོ་ནས་འཁྲུལ་མེད་ངོ་ཡིས་བཟུང༌། །མཁྲིས་པ་སྐྱེད་པའི་སློང་རྒྱུ་དེས་བསྐྱེད་ནས། །སྐམ་ས་ཚ་གདུང་ཡུལ་དུས་སོས་ཀ་སྟོན། །དར་མ་མཁྲིས་ཤས་ཆེ་དང་བར་ན་གནས། །ཉིན་དགུང་མཚན་དགུང་ཞུ་དུས་ན་བ་དང༌། །ཁ་ཟས་དྲོད་བཅུད་ཡུན་དུ་བསྲིངས་བསྟེན་པས། །ཆུ་དམར་སྐ་ལ་དྲི་དུགས་ཀུ་ཡ་མཐུག །དེ་ལ་མཁྲིས་པ་འཕེལ་བའི་རྟགས་བྱུང་ན། །རྟགས་དང་ངོ་བོ་གཉིས་ཀ་ཚ་བ་ཡིན། །དེ་ལ་བད་རླུང་འཕེལ་བའི་རྟགས་ཡོད་ན། །ཕྱི་རྟགས་གྲང་ཡང་ངོ་བོ་ཚ་བར་གནས། །བད་རླུང་སྐྱེད་པའི་སློང་རྒྱུ་བསྟེན་པ་དང༌། །ངད་ཅན་བསེར་བུ་རླན་ཅན་དབྱར་དགུན་དུས། །རྒས་དང་བྱིས་པ་བད་རླུང་ཆེ་བ་དང༌། །སྟོད་སྨད་གནས་ཤིང་ཉིན་ཞག་ཐོག་མཐར་ན། །ཟོས་ཐོག་ཞུ་རྗེས་དུས་ན་ལྡང་བ་དང༌། །བཅུད་མེད་བསིལ་ཟས་རྒྱུན་དུ་བསྟེན་པ་ཡིས། །ཆུ་སྔོ་དྲི་རླངས་ཆུང་ལ་ཀུ་ཡ་སྲབ། །དེ་ལ་བད་རླུང་འཕེལ་བའི་རྟགས་བྱུང་ན། །རྟགས་དང་ངོ་བོ་གཉིས་ཀ་གྲང་བ་ཡིན། །དེ་ལ་མཁྲིས་པ་འཕེལ་བའི་རྟགས་ཡོད་ན། །ཕྱི་རྟགས་ཚ་ཡང་ངོ་བོ་གྲང་བར་གནས། །གལ་ཏེ་དེ་དག་ཕན་ཚུན་འདྲེས་གྱུར་ན། །ཚ་གྲང་འདྲེས་པས་ལྟར་སྣང་ནད་འབྱུང་སྟེ། །ཚ་བ་གྲང་བ་ལྟ་བུར་སྣང་བ་དང༌། །གྲང་བ་ཚ་བ་ལྟར་སྣང་གང་ཡང་རུང༌། །ནད་གཞི་རྟགས་དང་བཅོས་ཐབས་གོམས་པ་དང༌། །བཅོས་སྐྱེད་ལྟར་སྣང་ལྔ་ཡིས་འཁྲུལ་སོ་བསལ། །དང་པོ་ནད་གཞི་མིང་གི་ལྟར་སྣང་ནི། །དྭངས་མ་མ་ཞུ་ཚ་བ་བད་སྨུག་དང༌། །ཚ་སྐྲན་ཚ་ཆུ་ཚ་བའི་ཆུ་འགགས་དང༌། །མ་ཞུ་གླང་ཐབས་བད་ཀན་དམུ་སྐྲན་དང༌། །ཆུ་འགགས་ཞེས་པའི་མིང་ལ་བརྟེན་བྱས་ནས། །དྲོད་ཀྱིས་བཅོས་པས་ཚ་བས་དེ་སྲོག་འདོར། །དབྱིག་དུག་རྡོ་དུག་དུག་མིང་ལ་བརྟེན་ནས། །བསིལ་གྱིས་བཅོས་པས་གྲང་བས་སྲོག་འདོར་བྱེད། །དེ་ཕྱིར་ལྟར་སྣང་མིང་ལ་མི་བརྟེན་པར། །ཚ་གྲང་འཁྲུལ་སོ་རྟགས་ཀྱིས་བསལ་བར་བྱ། །དེ་ཡང་རྟགས་ལ་ལྟར་སྣང་འབྱུང་སྲིད་དེ། །རླུང་གིས་ཁ་དང་ལྕེ་སྐམ་གཟེར་བ་དང་། །མི་འགྱུར་བད་ཀན་སྟོད་གཟེར་ཆེན་པོ་དང༌། །མཁྲིས་པ་རླུང་གིས་བུས་པའི་མགོ་ནད་དང༌། །མ་ཞུས་མཁྲིས་ཡུལ་ཕྲོགས་པའི་མིག་སེར་དང༌། །ཚད་གཞུག་རླུང་གིས་བུས་པའི་སྟོངས་ཚད་རྣམས། །ངོ་བོ་གྲང་ཡང་ཕྱི་རྟགས་ཚ་བར་འཁྲུལ། །རྟགས་ཀྱི་རྗེས་འབྲངས་གསོ་བ་ལོག་པར་འགྲོ། །བསིལ་གྱིས་བཅོས་པས་གྲང་བས་སྲོག་འདོར་བྱེད། །ཕོ་མཁལ་སྙིང་ལ་ཚ་བ་གབ་པ་ནི། །ཕོ་བ་ཟས་འཇུ་བྱེད་པའི་གཞི་ཡིན་པས། །དེ་ཕྱིར་གནས་དེར་ཚ་བའི་ནད་ཞུགས་ན། །འཇུ་བྱེད་མེ་དེས་ལོག་པའི་ལས་བྱེད་པས། །གཟེར་རྫིང་མི་འཇུ་སྒྲེག་སོགས་གྲང་རྟགས་འབྱུང་། །མཁལ་མ་བད་ཀན་གྲང་བའི་གཞི་ཡིན་པས། །ཚད་ནད་ཞུགས་ཀྱང་དྲོས་ན་ཕན་པ་དང་། །ཆུ་སྲི་གྲང་ན་ནར་མངོན་གྲང་རྟགས་སྟོན། །སྙིང་ནི་རླུང་དང་བད་ཀན་གཞི་ཡིན་པས། །དེ་ཕྱིར་སེམས་འཕྱོ་བརྗེད་ངས་གཉིད་མེད་ཅིང༌། །སྨྱོ་འབོག་འདར་བ་ལ་སོགས་འབྱུང་བས་ན། །ཕོ་མཁལ་སྙིང་གི་ཚ་བ་གྲང་རླུང་འདྲ། །ངོ་བོ་ཚ་ཡང་ཕྱི་རྟགས་གྲང་བར་འཁྲུལ། །གཞན་ཡང་གཉིད་ཡེར་སྐྱུག་དང་རུས་ཚིགས་ན། །གཡལ་འདར་སྨྱོ་ལབ་སྐྱིགས་བུས་བཏབ་པ་རྣམས། །ཚ་བ་ཡིན་ཡང་གྲང་བའི་རྟགས་ལྟར་སྣང༌། །རྟགས་ལ་བརྟེན་ན་གསོ་བ་ལོག་པར་འགྲོ། །དྲོད་ཀྱིས་བཅོས་ན་ཚ་བས་སྲོག་འདོར་བྱེད། །དེ་ཕྱིར་ལྟར་སྣང་རྟགས་ལ་མི་བརྟེན་པར། །བཅོས་ཐབས་འཕྲོད་མི་འཕྲོད་ཀྱིས་འཁྲུལ་སོ་བསལ། །དེ་ཡང་འཕྲོད་འཕྲོད་འདྲ་ལ་མི་འཕྲོད་དང༌། །མི་འཕྲོད་འདྲ་ལ་འཕྲོད་པར་བསལ་བ་ཡི། །བཅོས་སྐྱེད་ལྟར་སྣང་ཞེས་བྱ་འབྱུང་སྲིད་དེ། །ཚ་བ་གྲང་བའི་རྟགས་ལྟར་སྣང་བ་ལ། །བསིལ་སྦྱོར་འཕྲོད་ཀྱང་འཕྲལ་དུ་མི་འཕྲོད་འདྲ། །དྲོད་སྦྱོར་གནོད་ཀྱང་འཕྲལ་དུ་འཕྲོད་ལྟར་སྣང༌། །གྲང་བ་ཚ་བའི་རྟགས་ཅན་དེ་ལས་ལྡོག །དེ་ཡང་སྨན་ནད་འཐབ་པས་མི་འཕྲོད་འདྲ། །ལྟར་སྣང་རྟགས་ཀྱིས་མགོ་མནན་འཕྲོད་པ་འདྲ། །ལྟར་སྣང་རྗེས་སུ་འབྲངས་ན་སྲོག་ལ་རྒོལ། །དེ་ཕྱིར་ལྟར་སྣང་བཅོས་ལ་མི་བརྟེན་པར། །གོམས་པ་ཡུན་དུ་བསྲིངས་པས་རྟོགས་པར་འགྱུར། །དེ་ཡང་ནད་པའི་རྟོག་པ་ཞེན་ཕྱོགས་ཀྱིས། །གནོད་ཀྱང་ཕན་ནམ་སྙམ་དུ་རྟོག་པ་དང་། །ཕན་ཀྱང་གནོད་སྙམ་ལྟར་སྣང་འབྱུང་སྲིད་པས། །ནད་པའི་ཡིད་རྟོག་མ་ཡིན་འཕྲོད་མི་འཕྲོད། །རྩ་ཆུ་བཅོས་སྐྱེད་དག་གིས་འཁྲུལ་སོ་བསལ། །དེ་ལའང་བཅོས་སྐྱེད་ལྟར་སྣང་བཞི་ཡོད་དེ། །ཕྱི་རྟགས་ལོག་ལ་ངོ་བོ་མ་ལོག་དང༌། །ངོ་བོ་ལོག་ལ་ཕྱི་རྟགས་མ་ལོག་པ། །རྟགས་དང་ངོ་བོ་གཉིས་ཀ་མ་ལོག་དང༌། །རྟགས་དང་ངོ་བོ་གཉིས་ཀ་ལོག་པའོ། །དང་པོ་བད་ཀན་ཅན་གྱི་ཚ་བ་ལ། །བསིལ་སྦྱོར་གཏུགས་པས་གཏིང་ཚད་མ་ཐོན་ཀྱང༌། །ཕོ་བའི་མེ་ཤི་གྲང་རྟགས་སྟོན་པར་བྱེད། །གྲང་བ་རྒན་པོ་གཏིང་ནས་འཁར་བ་ལ། །མེ་བཞི་ལུས་ལ་ཡུན་དུ་བསྟེན་བྱས་པས། །དྲོད་ཀྱི་རླངས་པས་རྩ་སྦུབས་ཀུན་ཁྱབ་སྟེ། །མགོ་ན་རྩ་རྒྱུག་ཆུ་མདོག་དམར་ལ་སོགས། །ངོ་བོ་གྲང་ཡང་རྟགས་ཀུན་ཚ་བར་སྟོན། །དེ་ཡང་གྲང་བ་རྒན་པོ་ཚ་བ་འདྲ། །ཚ་བ་རྒན་པོ་གྲང་བ་འདྲ་བས་ན། །འདྲ་འདྲ་ནོར་ནས་ཚ་གྲང་ནོར་ཉེན་ཡོད། །དེ་ཕྱིར་རྟགས་ཀྱིས་ངོ་གླན་གཏིང་ནད་གདོན། །གཉིས་པ་འོག་འགྲིམས་རྐུན་བུའི་ནད་གསུམ་སྟེ། །གྲང་བའི་ནད་ལ་དྲོད་སྦྱོར་བསྟེན་དྲགས་ན། །གནས་དུས་རང་བཞིན་ཚ་བའི་རྐྱེན་ཕྲད་པས། །ཁྲག་མཁྲིས་ཚ་བ་འཕེལ་བའི་རྐྱེན་བྱས་ཏེ། །ཚ་བ་གྲང་བའི་འོག་འགྲིམས་རྐུན་བུར་སྐྱེ། །འོག་འགྲིམས་མ་ཚོར་དྲོད་སྦྱོར་བསྟེན་པ་ཡིས། །མེ་འབར་ཤིང་བསྣན་བཞིན་དུ་ལུས་ཟུངས་བསྲེག །དེ་ལ་ཆུ་བཞི་བརྩོན་བྱས་མྱུར་དུ་ཟློག །ཚ་བའི་ནད་ལ་བསིལ་སྦྱོར་བསྟེན་དྲགས་ན། །གནས་དུས་རང་བཞིན་གྲང་བའི་རྐྱེན་ཕྲད་པས། །བད་རླུང་གྲང་བ་འཕེལ་བའི་རྐྱེན་བྱས་ཏེ། །གྲང་བ་ཚ་བའི་འོག་འགྲིམས་རྐུན་བུར་སྐྱེ། །འོག་འགྲིམས་མ་ཚོར་བསིལ་སྦྱོར་བསྟེན་པ་ཡིས། །ཕོ་བའི་མེ་ཤི་སྐྲན་དང་དམུ་ཆུར་འགྱུར། །དེ་ལ་མེ་བཞི་བརྩོན་བྱས་མྱུར་དུ་ཟློག །གཞན་ཡང་ཚ་བའི་ནད་ལ་བསིལ་གཏུགས་པས། །གནས་དུས་རང་བཞིན་རླུང་གི་རྐྱེན་ཕྲད་དེ། །ཐོར་བུའི་རླུང་སྐྱེས་ཚ་བའི་ལྷག་མ་བུས། །ལུས་ལ་མེ་བཏང་འདྲ་ཞིང་ཁ་ལྕེ་སྐམ། །དབུགས་ཐུང་རྩ་རྒོད་གཟེར་འབྱུང་སྐོམ་དད་ཆེ། །དེ་ནི་རླུང་གིས་ཚ་བའི་འོག་འགྲིམས་ཡིན། །འོག་འགྲིམས་མ་ཚོར་བསིལ་སྦྱོར་བསྟེན་པ་ཡིས། །མེ་ལ་རླུང་བསྐྱོད་བཞིན་དེ་བུད་ཤིང་བསྲེག །དེ་ཕྱིར་ཟས་ཀྱིས་ངོ་གླན་ཚད་ལྷག་གདོན། །རྟགས་དང་ངོ་བོ་གཉིས་ཀ་མ་ལོག་ན། །སྦྱོར་བ་དམན་ཅིང་ལོག་པས་བསྐྱེད་ཅིང་བསྒྱུར། །གཉིས་ཀ་ལོག་ན་དེ་ལ་འཁྲུལ་སོ་མེད། །ནད་གཞིའི་ལྟར་སྣང་འཁྲུལ་སོ་རྟགས་ཀྱིས་བསལ། །རྟགས་ཀྱི་ལྟར་སྣང་འཁྲུལ་སོ་བཅོས་ཀྱིས་བསལ། །བཅོས་ཀྱི་ལྟར་སྣང་འཁྲུལ་སོ་གོམས་པས་བསལ། །གོམས་པའི་ལྟར་སྣང་འཁྲུལ་སོ་སྐྱེད་ཀྱིས་བསལ། །བཅོས་སྐྱེད་ལྟར་སྣང་འཁྲུལ་སོ་ཆུ་ཡིས་བསལ། །ཆུ་མདོག་ལྟར་སྣང་འཁྲུལ་སོ་ཀུ་ཡས་བསལ། །དེ་ལ་ནོར་བ་ནམ་ཡང་འབྱུང་མི་སྲིད། །དེ་དག་ལྟར་སྣང་ལྔ་ཕྲུགས་ཞེས་བྱ་སྟེ། །འཁྲུལ་མེད་ཚ་གྲང་གནད་ཀྱི་གལ་མདོ་ཡིན། །དེ་ལྟར་མན་ངག་ལྡན་པས་རྟོགས་འགྱུར་གྱི། །དཀྱུས་ཙམ་འཛིན་པ་རྣམས་ཀྱིས་ཤེས་མི་འགྱུར།  །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འཁྲུལ་གཞི་བསལ་བ་ཚ་གྲང་གལ་མདོའི་ལེའུ་སྟེ་བཅུ་གསུམ་པའོ།། །།



མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 3:26 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།