སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་བཅུ་གསུམ་པ། ཉིན་རེ་བཞིན་དུ་སྤྱོད་པའི་ལས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་བཅུ་གསུམ་པ། ཉིན་རེ་བཞིན་དུ་སྤྱོད་པའི་ལས་བསྟན་པ།

གཉིས་པ་གསོ་བར་བྱ་བའི་གཉེན་པོ་བཤད་པ་ལ་བཞི་སྟེ། བྱ་བ་སྤྱོད་ལམ་གྱི་གནས། འཚོ་བ་ཟས་ཀྱི་གནས། སྦྱོར་བ་སྨན་གྱི་གནས། ཆ་བྱད་དཔྱད་ཀྱི་གནས་བཤད་པའོ། །དང་པོ་ནི། འདི་ལ་བྱ་བ་སྤྱོད་ལམ་གྱི་གནས་ཞེས་བྱ་བའི་རྒྱུ་མཚན་ནི། ཚེ་རིང་བར་འདོད་པ་རྣམས་ཀྱིས་ལུས་ཀྱི་རྩོལ་བ་ལ་སོགས་པའི་སྒོ་ནས་སྤྱད་པར་བྱ་བའམ། སྤྱད་པར་བྱ་བ་མ་ཡིན་པའི་སྤང་བླང་ཞིབ་ཏུ་འཆད་པས་ན་དེ་སྐད་ཅེས་བྱ་བ་ཡིན་ནོ། །འདི་ལ་གཉིས། ཇི་ལྟར་ཞུས་པའི་ཚུལ་དང༌། ལན་དངོས་སོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཞུས་པ་ལས་ཞེས་པའི་བར་གྱིས་བསྟན་ཏེ། གནས་གསུམ་པ་འཕེལ་འགྲིབ་ནད་ཀྱི་གནས་ལས་ཐ་མལ་ནད་མེད་ཀྱི་དབྱེ་བ་བཤད་ཟིན་པའི་རྗེས་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཞེས་མཚམས་སྦྱར་ནས། ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་མཚན་ནས་བོས་ཏེ། གནས་བཞི་པ་བྱ་བ་སྤྱོད་ལམ་གྱི་གནས་ལ་བདག་ཅག་རྣམས་ཇི་ལྟར་བསླབ་པར་བགྱི་ཞེས་འདྲི་ན། འཚོ་མཛད་སྨན་པའི་རྒྱལ་པོས་གསལ་བར་བཤད་དུ་གསོལ་ཞེས་ཞུས་པ་ལས་ཞེས་པའོ། །གཉིས་པ་ལན་དངོས་བཤད་པ་ལ་གཉིས་ཏེ། ཉོན་ཅིག་པར་གདམས་ནས་མདོར་བསྟན་པ་དང༌། དེ་དག་རྒྱས་པར་བཤད་པའོ། །དང་པོ་ནི། སྟོན་པས་ཞེས་པ་ནས་སྤྱོད་པ་གསུམ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་བྱ་བ་སྤྱོད་ལམ་གྱི་གནས་ཞུས་པའི་ལན་དུ་སྟོན་པས་གསུངས་པ། དེ་ཡང་ཀྱེ་དྲང་སྲོང་ཆེན་པོ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌། ངས་བཤད་པར་བྱའོ་ཞེས་གདམས་ནས། ལན་དངོས་ནི། བཤད་མ་ཐག་པའི་ནད་དེ་རྣམས་གསོ་བར་བྱེད་པའི་གཉེན་པོ་ལ་རྣམ་པ་བཞི་ཡོད་པའི་ནང་ནས་དང་པོ་བྱ་བ་སྤྱོད་ལམ་གྱི་གནས་ལ་ཁྱོད་རྣམས་བསླབ་པར་བྱ་བ་ཡིན་པ་དེའི་ཚེ་ན་ཉིན་རེ་རྒྱུན་དུ་སྤྱོད་པ་དང༌། དུས་སུ་སྤྱོད་པ། གནས་སྐབས་སུ་སྤྱོད་པ་ཞེས་བྱ་བ་དང༌། རྣམ་པ་གསུམ་དུ་ཡིད་ལ་ངེས་ཤིང་ཤེས་པར་བྱ་དགོས་སོ། །ཞེས་པའོ། །གཉིས་པ་དེ་དག་རྒྱས་པར་བཤད་པ་ལ་གསུམ། རྒྱུན་སྤྱོད། དུས་སྤྱོད། གནས་སྐབས་ཀྱི་སྤྱོད་པ་བཤད་པའོ། །དང་པོ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ལ་གཉིས། མདོར་བསྟན་པ། རྒྱས་པར་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ལ་གཉིས། སྤྱིའི་དོན་དང༌། ཚིག་གི་དོན་ནོ། དང་པོ་ནི། ཟླ་ཟེར་ལས། གང་གི་ཕྱིར་ཚེ་རིང་བར་འདོད་པའི་སྐྱེས་བུས་གཙོ་ཆེར་ཚེ་ལ་ཕན་པ་གང་ཡིན་པ་དེ་དང་པོར་ཀུན་ཏུ་བསྟེན་པར་བྱ་ལ། དེའི་རྗེས་ལ་ནི་ཚེ་ལ་ཕན་པ་གཞན་གང་དག་ཡོད་པ་བསྟེན་པར་བྱ་བ་ཡིན་ནོ། །དེ་བས་ན་དང་པོར་རེ་ཞིག་ཀུན་ཏུ་སྤྱོད་པ་གཙོ་བོར་བསྲུང་བར་བྱའོ། །དེ་ཡང་གང་གི་ཕྱིར་ཀུན་ཏུ་སྤྱོད་པ་ལས་ཚེ་རིང་བ་འཐོབ་པར་འགྱུར་བས་ན་ཀུན་ཏུ་སྤྱོད་པ་ཡིན་ནོ། གང་འདིར་མཚན་མོའི་སྤྱོད་པ་དག་ཀྱང་བཤད་ཡོད་མོད་ཀྱི། འོན་ཀྱང་གཙོ་བོར་གྱུར་པས་ལེའུ་འདི་ལས་ཉིན་མོའི་སྤྱོད་པ་ཞེས་བསྟན་པ་ཡིན་ནོ། །དེ་བས་ན་འདི་ལ་ཉིན་རེའི་སྤྱོད་པ་ཞེས་བཤད་དོ། །གཞུང་འདི་ལས་ནི་ཚེ་རྐྱང་བར་བྱ་བའི་རང་བཞིན་ཅན་སྟོན་ལ། དེའང་རྣམ་པ་གཉིས་ཏེ་ཐ་མལ་པར་བདེ་བར་གནས་པའི་འཇུག་པ་དང༌། ནད་པའི་འཇུག་པའོ། །ཞེས་དང༌། དེ་ལྟ་བུའི་སྤྱོད་པ་དེ་སྐྱེས་བུ་གང་ཞིག་ཀུན་ཏུ་སྤྱོད་པར་བྱེད་པ་དེ་ནི་ཚེ་ལ་སོགས་པ་འཐོབ་པར་འགྱུར་རོ། །དེ་ལ་ཚེ་ནི་སྲོག་གོ། །ནད་མེད་པ་ནི་བདེ་བར་གནས་པའོ། །དབང་ཕྱུག་ནི་འབྱོར་པ་དང་ལྡན་པའོ། །གྲགས་པ་ནི་སྙན་པས་ཀུན་ཏུ་ཁྱབ་པའོ། །འཇིག་རྟེན་རྟོགས་པ་ནི་མི་ཟད་པའི་གནས་ཐོབ་ཅིང་མི་འཇིགས་པའི་དངོས་པོ་མ་ལུས་པ་འཐོབ་པར་འགྱུར་རོ། །ཞེས་དང༌། དེ་ལ་རེ་ཞིག་དུས་སུ་སྤྱོད་པ་ལ་སོགས་པའི་ཆོ་ག་འདི་ནི་ཁམས་མཉམ་པ་བདེ་བར་གནས་པ་ལས་བརྩམས་ཏེ་ཐམས་ཅད་ངེས་པར་བཤད་པ་ཡིན་ནོ། །ཞེས་བཤད་པ་ལྟར་རྟོགས་པར་བྱའོ། །གཉིས་པ་ཚིག་གི་དོན་ནི། དེ་ལས་ཞེས་པ་ནས་དམ་པའོ་ཞཻས་པའི་བར་གྱིས་བསྟན་ཏེ། བྱ་བ་སྤྱོད་ལམ་གྱི་གནས་དེ་ལས་དང་པོ་ཉིན་རེ་བཞིན་གནས་སྐབས་རྒྱུན་དུ་སྤྱོད་པའི་ལས་དེ་ལའང་རྣམ་པ་གསུམ་དུ་ཡོད་དེ། ཚེ་ཡུན་རིང་དུ་བསྲིང་ཞིང་བརྐྱང་བའི་སྤྱོད་པ་དང༌། འཇིག་རྟེན་མི་ཆོས་ཀྱི་སྤྱོད་པ་དང༌། དམ་པ་ལྷ་ཆོས་ཀྱི་སྤྱོད་པའོ།།

གཉིས་པ་རྒྱས་པར་བཤད་པ་ལ་གསུམ། ཚེ་བསྲིང་ཐབས། མིའི་ཆོས་ལུགས། ལྷའི་ཆོས་ལུགས་སོ། །དང་པོ་ལ་གསུམ། སྤྱིར་བཤད་པ་དང༌། བྱེ་བྲག་ཏུ་བཤད་པ། མཇུག་བསྡུ་བའོ། །དང་པོ་ལ་གཉིས། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། འཚོ་བའི་མདོའི་ཚིགས་སུ་བཅད་པ་ལས། བག་ཡོད་སྤྱོད་ལམ་ཅན་དག་རིང་དུ་འཚོ་ཕྱིར་ཡང་བསྟན་པ། །མེད་སྨྲ་ཅི་ཡང་ཆོས་དང་རིག་པ་གཞན་དག་གསུམ་ལ་འཛེམས། །སྔར་བྱས་ནང་ནུབ་བསམ་ཞིང་སྐྱོན་དོར་ཕྱིན་ཆད་འཆབ་སེམས་བྱ། །བྱེད་པ་གང་ལའང་རྡུལ་མེད་རང་ཉམས་མེད་ཅིང་འདོད་ཆེན་སྤངས། །ང་རྒྱལ་ལོང་འཆོས་སྤྱི་བརྟོལ་ཆེ་མིན་ཤེད་དམན་ཞུམ་མི་བྱ། །སྡིག་གྲོགས་སྤངས་ཤིང་དགེ་བཤེས་བསྟེན་ཏེ་གཏོང་ཕོད་དགེ་བཅུ་སྤྱད། །གསོང་དེས་ཚུལ་ཆགས་གཞན་ལ་གནོད་མིན་མི་ལ་བྱམས་པར་བྱ། །ལྷ་དང་རྒྱལ་པོ་ཉེར་བསམས་ལུང་མཉན་ཡིད་དང་མཐུན་པར་སྒྲུབ། །རྒྱལ་པོའི་སྲས་དང་རྨ་ནི་ཆུང་ཡང་མི་བརྙས་བག་ཆེར་བྱ། །སྤྱོད་ལམ་སྒྱུ་མས་མི་བསླུ་བཀའ་ཁྲིམས་ཡུལ་ལུགས་བསྲུངས། །གཞན་གྱི་དཔྱད་སྐྱོན་མི་བརྗོད་གཏོགས་འདོད་གཏུམ་ཆོས་འགྲན་མི་བྱ། །དགེ་སློང་སློབ་དཔོན་ཕ་མའི་གོང་དུ་མི་འགྲོ་སྲིད་ཞུ་བསྐྱེད། །དགེ་སྦྱོང་དྲང་སྲོང་སྲོག་ཆགས་ཡ་མཚན་གཉེན་གཏོང་སྤྲུལ་མི་གཙེ། །མ་གཏོགས་ཤིང་ཆེན་མཆོད་རྟེན་དྲུང་དང་ལམ་མདོ་ཕུག་སྟོང་དང༌། །སེམས་ཅན་མང་དུ་བསད་པའི་ས་དང་དུར་ཁྲོད་ཉལ་མི་བྱ། །གཉན་པའི་མཚོ་དང་ཆུ་མིག་བཟང་པོར་མི་བཀྲུ་མི་བཤལ་ཏེ། །རྡོ་ཤིང་དགོན་པའི་ཤིང་ཆེན་མི་གཅད་ཕ་བོང་གཞོམ་མི་བྱ། །མཆོད་རྟེན་རྒྱལ་མཚན་ཨཱརྱའི་གྲིབ་མ་མལ་མི་འགོང་ཞིང༌། །མི་རོ་གཏོར་མ་ཡ་རྟགས་ཧོམ་ཁུང་ཐལ་ཁུང་གཅག་མི་བྱ། །ནམ་མཁའ་བན་བུན་ཉི་མ་ཕྱེད་དང་དམར་ཐག་ཆད་པའི་ཚེ། །མི་ཟ་མི་འཐུང་ཡི་གེ་ཀློག་མིན་ཉལ་པོ་ལ་དད་སྤངས། །ཉི་མ་ལ་སོགས་འོད་ཟེར་ཕྲ་རགས་མི་རིང་རིང་མི་བལྟ། །ལྷ་ཁང་སྒོར་མི་ཉལ་ཏེ་རི་སྣ་གྲོག་སྣར་གནས་མི་བྱ། །ཡ་མཚན་ཤེས་གྲགས་མི་བསྟེན་བུད་མེད་ངག་མི་ཉན། །བུད་མེད་རྒན་མི་སྤྱད་དེ་རྩལ་བཀན་སྨྲ་འགྲོས་དུབ་མི་བྱ། །གད་མོ་ཆེ་ཞིང་རིང་དུ་རྒོད་དང་ངུད་མོ་དྲག་པོ་སྤང༌། །རྟག་ཏུ་མི་འདུག་རིང་དུ་མི་འགྲེང་ཅི་ནུས་རན་པར་བཅག །སྦྲིད་པ་ལུད་པ་ཁུ་ཆུ་མཆིལ་མ་སྣབས་འཕྱེན་བཤང་གཅི་གཡལ། །མི་དགག་མི་བསྒྲུབ་བཀྲེས་སྐོམ་ནད་གཉིད་དགག་མིན་མྱུར་དུ་བསལ། །ཉལ་པོ་སྒྲེགས་པ་ལུད་པ་ལ་སོགས་ཚེ་ལུས་མཇིང་མི་གཅུ། །གླལ་དང་ཁ་དགབ་སྦྲིད་པ་སྨྲ་ཚེ་ཧ་ཅང་ཁ་མི་བགྲད། །སེན་མོ་རིང་དུ་མི་གཞག་བྲེགས་ཏེ་ཕན་ཚུན་དྲུད་མི་བྱ། །མགོ་ལུས་ལག་པ་མི་བརྡབ་མགོ་ཡང་དྲག་ཏུ་མི་སྦྲུག་སྟེ། །དོན་མེད་ས་མི་འགྲེ་ཞིང་ལག་པ་མི་བརྡབ་མཆུ་མི་འདྲི། །མི་ནུས་བཞིན་དུ་ལྕི་མི་འདེགས་ཏེ་མྱ་ངན་མནན་མི་བྱ། །དཔྱིད་དང་དབྱར་སྟོད་སྟོན་ནི་ཕྱུགས་མར་དུས་གཞན་ཏིལ་མར་གྱིས། །རྟག་ཏུ་མགོ་དང་རྐང་མཐིལ་བཀུ་ཞིང་བར་བར་ལུས་ཀྱང་བཀུ། །སྟོན་དཔྱིད་མ་ཡིན་དུས་གཞན་སྣ་དང་རྣ་བར་ཏིལ་མར་བླུག །སྐྱེར་བའི་ཁ་སྟང་ཟིལ་དག་གིས་བར་བར་མིག་ཀྱང་བསྐུ། །རྟག་ཏུ་ལུས་ཀྱི་བྱི་དོར་བྱ་ཞིང་སྨན་སྔགས་རིན་ཅེན་གདགས། །བསེར་བུ་དྲག་པོ་རོ་ཡི་དྲི་དང་དུད་པས་འཕོག་མི་བྱ། །ཆུ་ཚས་མགོ་ལུས་མི་བཀྲུ་བཀྲུ་སྨན་སྐྱུག་སྨན་བཏང་བ་དང༌། །ཆམ་པ་མ་ཞུས་བཏབ་སྟེ་མགོ་ལུས་མི་བཀྲུ་སྣུམ་མི་བསྐུ། །སྐྱ་རེངས་ཤར་ནས་ཙོག་པུར་འདུག་སྟེ་དེ་རིང་ཅི་བྱ་བསམས། །ལངས་ནས་སོ་ཤིང་བཅའ་ཞིང་ཁ་ཡི་སྐྱོན་བསལ་ལག་གདོང་བཀྲུ། །དེ་ནས་སྨན་མཆོག་ཨ་རུ་ར་ནི་རྟག་ཟོས་བདུད་རྩི་ཡིན། །ལུག་གི་མར་མིན་མར་གསར་ཞུན་མར་རྒས་སྲ་ཚེ་རིང་སྟེ། །འདི་ལ་སོགས་པ་ལུས་དང་ཚེ་ལ་ཕན་པའི་སྨན་ཟོས་ནས། །བྱུག་པ་རྒྱན་དང་གོས་ཀྱིས་ཤིན་ཏུ་མཛེས་བྱས་ལྷ་ཡང་མཆོད། །དེ་ནས་སྲི་ཞུའི་གནས་དང་འཁོར་ལ་སྙན་བརྗོད་འཛུམ་བསྟན་ནས། །རྗེ་དཔོན་ལས་དང་བདག་གཞན་དོན་ལ་ནན་ཏན་བརྩོན་འགྲུས་བསྐྱེད། །ཅེས་པས་རྒྱུན་སྤྱོད་དུས་སྤྱོད་སོགས་གོ་རིམ་མ་ངེས་པར་བསྡུས་པའི་ཚུལ་གྱིས་གསུངས་ལ། གོ་རིམ་དེ་བཞིན་དུ་བརྒྱད་པ་རྩ་འགྲེལ་ལས་རྒྱས་པར་བཤད་དེ། སློབ་དཔོན་གྱིས། བདེར་གནས་ཚེ་ནི་བསྲུང་བའི་ཕྱིར། །ཡུད་ཙམ་ཚངས་ཕྱིར་གནས་དེར་ལངས། །ཞེས་དང༌།

ཟླ་ཟེར་ལས། བདེ་བར་གནས་ཤིང་ནད་མེད་པ་ལ་དགའ་བ་དེས་ནི་ཚད་ཅི་ཙམ་དུ་འོས་པའི་སྲོག་བསྲུང་བའི་ཕྱིར་ཚངས་པའི་ཡུད་ཙམ་ན་ལྡང་ཞིང་ལང་བར་བྱའོ། །དེ་ལ་ཡུད་ཙམ་ནི་ཆུ་ཚོད་གཉིས་སོ། །ཚངས་པ་ནི་མྱ་ངན་ལས་འདས་པ་ལ་བྱ་ལ། དེའི་དོན་དུ་འདོན་པ་ལ་སོགས་པའང་ཚངས་པ་ཞེས་བྱའོ། །ཞེས་བྱ་བ་དང༌། ཚངས་པའི་ཡུད་ཙམ་ནི། ཡུད་ཙམ་ཚངས་ཕྱིར་ཏེ། ཐུན་ཐ་མའི་ཆུ་ཚོད་གཉིས་སོ། །འདི་ནི་བདེ་བར་གནས་པའི་འཇུག་པའི་དབང་དུ་བྱས་པ་ཡིན་པར་ཤེས་པར་བྱའོ། ཞེས་དང༌། གོང་དུ་འཚོ་བའི་མདོར། སྐྱ་རེངས་ཤར་ནས་ཙོག་པུར་འདུག་སྟེ་དེ་རིང་ཅི་བྱ་བསམ།།ཞེས་བྱ་བའི་དོན་ཉིད་ནད་ཅེད་པ་དང༌། ཡུན་རིང་དུ་གནས་པར་འདོད་པ་རྣམས་ཀྱིས་ཉིན་རེ་བཞིན་སྔ་དྲོའི་ཐོག་མ་ཉིད་དུ་བྱ་ཞིང༌། དེ་ནས་རིམ་པས་ཁྲུས་གཙང་སྦྲ་སོ་ཤིང་བཅའ་བ་ལ་སོགས་པ་རྒྱས་པར་ཟླ་ཟེར་ལས་བྱུང་བ་ལྟར་དཔྱད་པར་བྱའོ། །འདིར་སྐབས་དོན་ལ་སྔ་རབས་པ་རྣམས་ན་རེ། སྔོན་རྒྱ་གར་ལྷོ་ཕྱོགས་ན་རྒྱལ་ཕྲན་ཞིང་ལ་གླང་པོ་ཆེ་སྤོས་ཟར་བྱ་བ་སྤོས་ཟ་བ་ཞིག་ཡོད་པ་ལ། དེ་མཚོ་ལ་རྩྭ་ཉབ་པས་ལྕི་བ་མཚོ་ནང་དུ་སོང་བས་ཀླུ་བྲོས་ནས་མཚོ་བསྐམས་པས་ཆར་ཆད་དེ་ཡུལ་ཕྱོགས་དེར་ཐན་པ་ཆེན་པོ་བྱུང་བ་ལ། པྲ་སེ་ན་ལ་པྲ་བརྟགས་པས་འདི་ལྟར་ལན་འདུག་པས་ཀླུ་དེ་བཀུག་ན་ཕན་ཟེར་ནས་གང་གིས་ཁུགས་པྲ་བརྟགས་པས། རིག་སྔགས་གྲུབ་པའི་རྣལ་འབྱོར་བ་ཞིག་ཡོད་པ་དེས་བཀུག་ན་ཁུགས་ཟེར་ཏེ། རྣལ་འབྱོར་པ་དེ་འགུགས་སུ་བཅུག་པས་ཀླུ་ཁུགས་ཏེ་ཆར་བབས་སྐད། དེ་ལ་དོགས་པ་ཅི་ཡོད་ན། སྨན་ཟོས་པའི་ལྕི་བ་ལ་ཀླུ་བྲོས་པའི་ནུས་པ་བྱུང༌། རིག་སྔགས་གྲུབ་པ་ལ་ཀླུ་ཁུགས་པའི་ནུས་པ་བྱུང༌། ཀླུའི་གཙུག་ན་རིན་པོ་ཆེ་ཡོད་པ་ལ་ཆར་པ་དང་འབབ་པའི་ནུས་པ་བྱུང་འདུག་པ་བཞིན་དུ། འདིར་ཡང་སྨན་མཆོག་ནི་ནད་དང་གདོན་གྱིས་མི་ཚུགས་བསྲུང་བའི་སྨན་བཅིང༌། རིན་པོ་ཆེ་གསེར་དངུལ་ཟངས་ལྕགས་གཡུ་མུ་ཏིག་དུང་བྱུ་རུ་བརྒྱད་གཙུག་ཏུ་བཅིངས། གྲུབ་པའི་སྔགས་ནི་ཡི་དམ་གྱི་བསྙེན་པ་སྐྱེལ་བའམ་བསྲུང་པའི་སྔགས་ཟབ་མོ་བཅིང༌། དེ་ལ་ནད་གདོན་གྱིས་མི་ཚུགས་པའི་ནུས་པ་འབྱུང་ངོ༌། །ཞེས་ཟེར་ཡང༌། འདི་ནི་ཁར་འགྲོ་བ་ལ་ལྟག་རྩ་བསྐོར་བ་དང་འདྲ་སྟེ། དོན་མེད་པའི་གནས་སུ་རྣམ་པར་འཁྱམས་པའོ། །འོ་ན་ཇི་ལྟར་ཞེ་ན། འཕགས་པ་ཀླུ་སྒྲུབ་ཀྱིས། རྟག་ཏུ་ལུས་ཀྱི་བྱི་དོར་བྱ་ཞིང་སྨན་སྔགས་རིན་ཅེན་བཅང༌། །ཞེས་པ་དང༌། སློབ་དཔོན་གྱིས། རིན་ཅེན་གྲུབ་པའི་གསང་སྔགས་དང༌། །སྨན་ཆེན་རྟག་ཏུ་བཅང་བར་བྱ། །ཞེས་པའི་དོན་ལ།

ཟླ་ཟེར་ལས། རིན་པོ་ཆེ་ནི་མར་གད་དང༌། པདྨ་རཱ་ག་དང༌། བཻ་ཌཱུརྱ་དང༌། གསེར་ས་ལེ་སྦྲམ་དང༌། རྡོ་རྗེ་ལ་སོགས་པའོ། །གྲུབ་པའི་གསང་སྔགས་ནི་རབ་ཏུ་གྲུབ་པར་གྲགས་ཤིང་མཐུ་མངོན་དུ་སྣང་བའི་གསང་སྔགས་འཇིག་རྟེན་པ་དང་བསྟན་བཅོས་ལས་གྲགས་པའོ། །སྨན་ཆེན་པོ་ནི་ལཱཀྵ་དང༌། །གུ་ཧཱ་དང༌། ཡཀྵ་མུ་ར་དང༌། ཛཱ་ཏི་ལ་དང༌། ཤུ་དག་དང༌། ཡུངས་དཀར་ལ་སོགས་པའོ། །རིན་པོ་ཆེ་དང་གསང་སྔགས་དང་སྨན་དེ་དག་ནི་མགོ་དང་མགུལ་དང་དཔུང་པ་ལ་བཏགས་ཏེ་བཅང་བར་བྱའོ། །ཞེས་པ་དང༌། རྒྱུད་ཆུང་བདུད་རྩིའི་སྙིང་པོར་ཡང༌། དགོས་འདོད་འབྱུང་བའི་རིན་ཅེན་དང༌། །འཕྲལ་དུ་ཡིད་ཆེས་གྲུབ་པའི་སྔགས། །སྨན་རྣམས་ཚང་བར་བཏགས་གཅེས་བསྟེན། །ཞེས་བཤད་པའི་ཕྱིར། ཡང༌། ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤང༌། །ཞེས་སོགས་རྐང་པ་གསུམ་གྱི་དོན་ལ་སྔ་རབས་པ་རྣམས་ན་རེ། ནད་བསྐྱེད་པའི་རྐྱེན་གསུམ་ཡོད་པའི་སྐྱེ་མཆེད་ལའང་དུས་དབང་པོ་སྤྱོད་ལམ་གསུམ་ཡོད་པའི་དུས་དམན་ལྷག་ལོག་པ་ལ་སོགས་པ་སྤོང་དུ་མི་བཏུབ་པས། དབང་པོ་དམན་ལྷག་ལོག་པ་སྤོང་བར་བྱེད་པ་ལས། ལྕེ་ལ་སོགས་པའི་དབང་པོ་ལ་གནོད་དེ་ནད་ལ་གནོད་པའི་ཟས་ཟ་བ་དང་ཕན་པ་མི་ཟ་བ་ལ་སོགས་པ་དམནཔ་དང་ལོག་པ་སྤངས། རབ་ཏུ་ཉམས་བདེ་བའི་ལྷག་པ་སྤོང་བའོ། །སྤྱོད་ལམ་དམན་ལྷག་ལོག་པ་སྤོང་བ་ནི། །ལུས་ངག་ཡིད་ཀྱི་ལས་གསུམ་ཡང་དག་བསྟེན། །ཞེས་པ་སྟེ། ཡང་དག་བསྟེན་པ་ནི་དབང་པོ་དང་སྤྱོད་ལམ་ལུས་ངག་ཡིད་གསུམ་ཡང་དག་སྤྱོད་པ་གསུམ་བསྟེན་པར་བྱེད་པའོ། ནད་སློང་བའི་རྐྱེན་གཉིས་ཏེ། ནད་གསོག་པའི་རྒྱུ་དང༌། ནད་སློང་བའི་རྐྱེན་གཉིས་པོ་དེ་སྤོང་བའོ། །དེ་ལྟར་ནད་ཀྱི་རྐྱེན་སྤངས་པས་རྒྱུ་ཡོད་ཀྱང་འབྲས་བུ་འབྱིན་མི་ནུས་ཏེ། ས་བོན་ཡོད་ཀྱང་རླན་དྲོད་མེད་ན་མི་སྐྱེ་བ་ལྟར་ལུས་ལ་ནད་མི་འབྱུང་བར་འགྱུར་རོ། །ཞེས་ཟེར་རོ། །དེ་ལ་ནད་སློང་རྐྱེན་གཉིས་ཀྱི་འདོད་ཚུལ་མི་འཐད་དེ། ནད་གསོག་པའི་རྒྱུ་དང་དེ་སློང་བའི་རྐྱེན་མཐའ་དག་སྤོང་མི་ནུས་པའི་ཕྱིར། དབང་པོ་དང་སྤྱོད་ལམ་དམན་ལྷག་ལོག་པའི་ཐ་སྙད་འདིར་སྦྱོར་བ་ཡང་རྣམ་པར་འཁྱམས་པ་ཡིན་ཏེ། ནད་སློང་རྐྱེན་གྱི་སྐབས་དང་ཟློས་པའི་སྐྱོན་ཡོད་ཅིང༌། གཞུང་ཚིག་ཉིད་ཀྱི་ཚད་མས་གསལ་བའི་ཕྱིར། དེ་ལྟར་ཡང༌། སློབ་དཔོན་གྱིས། ལུས་ངག་ཡིད་ཀྱི་སྤྱོད་པ་ནི། །སྔ་ནས་ངལ་ལས་བཟློག་པར་བྱ། །ཞེས་དང༌། ལུས་ཀྱི་ལས་སམ་ངག་གི་སྨྲ་བའི་སེམས་ཀྱི་བསམ་པའི་ལས་ཅི་བྱེད་ཀྱང་རུང་སྟེ། ངལ་བར་མ་གྱུར་པར་ཚོད་བཟུང་སྟེ་སྔ་ནས་ཐོངས་ཤིག་ཅེས་པ་དང༌། ཟླ་ཟེར་ལས། ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ཞེས་བྱ་བ་ལ། ལས་སུ་བྱ་བ་ནི་སྔ་ནས་ཏེ་ངལ་བར་མ་གྱུར་པའི་དང་པོ་ཉིད་ནས་བཟློག་པར་བྱ་སྟེ། ཇི་ཙམ་གྱིས་ཤིན་ཏུ་དུབ་པར་མ་གྱུར་པ་དེ་ཙམ་ན་བཤོལ་བར་བྱའོ། །དེས་ནི་འདི་སྐད་སྟོན་པ་ཡིན་ཏེ། ལུས་ངག་དང་ཡིད་ཀྱི་འགྲོ་བ་དང༌། བཀླག་པ་དང་སེམས་པ་ལ་སོགས་པའི་ལས་རྣམས་ནི་ཇི་སྲིད་ཤིན་ཏུ་དུབ་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །ཞེས་པ་དང༌། དབང་པོ་གཟིར་བ་ཡི་བྱ་ཞིང༌། །འདི་རབ་ཉམས་བདེར་བྱ་བའང་མིན། །ཞེས་དང༌། དབང་པོ་རྣམས་གཟིར་ཞིང་གནོད་པར་ཡང་མི་བྱ། ཧ་ཅང་ཡང་ལོངས་སྤྱོད་ཅིང་ཉམས་ཤིང་རངས་སུ་ཡང་མི་བྱའོ། །ཞེས་དང༌། དབང་པོ་སྟེ་ལྕེ་ལ་སོགས་པ་ཁ་ཟས་ཤིན་ཏུ་ངན་པ་ལ་སོགས་པས་གནོད་ཅིང་གཟེར་བ་ཡང་མི་བྱ་ལ། ཡང་དབང་པོ་འདི་དག་ལོངས་སྤྱོད་ཀྱི་བདེ་བ་ལ་འབད་པས་བཙས་ནས་བསྟེན་ཞིང་རབ་ཏུ་བདེ་བའི་ཉམས་རངས་སུ་ཡང་མི་བྱའོ། །ཞེས་བཤད་པ་རྣམས་མ་ཐོས་པར་ཟད་དོ། །ཡང་ཁ་ཅིག་ན་རེ། སློང་རྐྱེན་གཉིས་ནི། ནད་སློང་རྐྱེན་ལ་ཐུན་མོང་ཁྱད་པར་གཉིས། ཞེས་པའི་དོན་གཉིས་པོ་དེ་ཡིན་ཞེས་ཟེར་བ་ཡང་མི་འཐད་དེ། ཐུན་མོང་གི་སློང་རྐྱེན། འབྱུང་བའི་དུས་དང་གདོན་དུག་མི་འཕྲོད་ཟས། །གསོ་བ་ལོག་དང་ལས་ངན་སད་ལས་འབྱུང༌། །ཞེས་པ་དེ་རྣམས་ཕལ་ཆེར་སྤོང་མི་ནུས་པའི་ཕྱིར། དེས་ནས་འདི་སྐབས་ཀྱི་སློང་རྐྱེན་གཉིས་ནི། རྒྱུད་ཆུང་བ་དང་བརྒྱད་པ་རྩ་འགྲེལ་སོགས་ལས་མི་གསལ་ཡང༌། ནད་སློང་བའི་རྐྱེན་བྱེད་པར་གཙོ་ཆེ་ཞིང་རང་རང་གི་སྤོང་བར་ནུས་པ་ཞིག་ཅི་ནས་དགོས་པར་བསྟན་པས། ཉེས་པ་གསུམ་མམ་ཚ་གྲང་གཉིས་དང་མི་མཐུན་པའི་ཟས་དང་སྤྱོད་ལམ་ལ་བྱའོ།།

གཉིས་པ་ཚིག་གི་དོན་ནི། དང་པོ་ཞེས་པ་ནས་ཉམས་བདེར་མིན་ཞེས་པའི་བར་གྱིས་བསྟན་ཏེ། ཉིན་རེ་རྒྱུན་དུ་སྤྱོད་པའི་ལས་ལ་རྣམ་པ་གསུམ་ཡོད་པའི་དང་པོ་ཚེ་བསྲིང་ཞིང་ཡུན་རིང་དུ་བརྐྱང་བའི་སྤྱོད་ལམ་ནི་བདེ་བར་འདོད་པ་ཀུན་གྱིས་འདི་ལྟར་སྤྱོད་པར་བྱ་སྟེ། དེ་ལའང་འཇིག་རྟེན་འདིར་དུས་རྟག་ཏུ་ལུས་ལ་ནད་མེད་པར་བདེ་བའི་ངང་དུ་གནས་པར་འདོད་ཅིང་ཚེ་ཡང་རིང་པོར་བསྲིང་བའི་ཕྱིར་དུ་སྨན་གྱི་མཆོག་གྲུབ་པ་དངུལ་ཆུའི་རིལ་བུ་དང༌། ཨ་རུ་ར་རྣམ་པར་རྒྱལ་བ་དང༌། རིན་པོ་ཆེ་ཚ་གྲང་གི་རིལ་བུ་དང༌། དབང་པོ་རིལ་བུ་དང༌། ཤུ་དག་དང༌། ཡུངས་དཀར་དང༌། གུ་གུལ་ལ་སོགས་པ་རྣམས་དཔུང་པ་གཡོན་ལ་བཏགས་ཤིང༌། རིན་པོ་ཆེ་རྡོ་རྗེ་ཕ་ལམ་དང༌། བཻ་ཌཱུ་དང༌། པདྨ་རཱ་ག་དང༌། ཨི་ནི་ལ་དང༌། མར་གད་དང༌། དཀར་ཕྲ་མེན་ལ་སོགས་པ་རྣམས་གསེར་གྱི་པ་ཏྲའི་ནང་དུ་བཅུག་པ་སྤྱི་བོར་གདགས་སོ། །རབ་ཏུ་གྲུབ་པར་གྲགས་ཤིང་ནུས་པ་མངོན་སུམ་དུ་འགྱུར་བ་རྣམས་ཀྱི་དོན་གཉིས་བསྒྲུབ་པའི་གསང་སྔགས་དང་རིག་སྔགས་དང་གཟུགས་སྔགས་ལ་སོགས་པའི་བསྲུང་བ་མགུལ་དུ་གདགས་ཤིང་དེ་རྣམས་མ་དོར་བར་བཅང་བར་བྱའོ། །གཞན་ཡང་ནད་སློང་བར་བྱེད་པའི་རྐྱེན་རྣམས་ཀྱི་གཙོ་བོར་གྱུར་པ་ཟས་མི་མཐུན་པ་དང་སྤྱོད་ལམ་མི་མཐུན་པ་གཉིས་དྲན་ཤེས་བཞིན་པའི་ངང་ནས་དུས་རྟག་ཏུ་སྤང་བར་བྱའོ། །དེ་བཞིན་དུ་ལུས་ཀྱི་ལས་འགྲོ་བ་དང༌། ངག་གི་ལས་སྨྲ་བ་དང༌། ཡིད་ཀྱི་ལས་བསམ་པ་གསུམ་པོ་ངལ་ཞིང་དུབ་པར་གྱུར་པའི་ཉེས་པ་ཡོངས་སུ་སྤང་ཞིང་ལས་དེ་ལྟ་བུས་ཇི་སྲིད་མི་ངལ་ཙམ་ནི་ཡང་དག་པ་བསྟེན་པར་བྱའོ། །ལྕེ་ལ་སོགས་པའི་དབང་པོ་རྣམས་རང་རང་གི་ཡུལ་རྣམས་ལ་ལོངས་མི་སྤྱོད་པའམ། ཡང་ན་ཡུལ་ངན་པ་དང་མ་རུངས་པ་ལ་སྤྱད་པས་ཡོངས་སུ་མནར་ཏེ་ཉམ་ཐག་པར་གྱུར་པ་དང༌། ཡང་ན་རང་རང་གི་ཡུལ་ལ་ཧ་ཅང་ལོངས་སྤྱད་པས་ཉམས་བདེ་དྲགས་པ་མ་ཡིན་པར་གནས་པར་བྱའོ།།

གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་བདུན་ཏེ། འགྲོ་འདུག གཉིད་ལོག་ཐབས། ཉལ་བའི་སྤང་བླང༌། བསྐུ་བྱུག་བྱ་བ། ཁྲུས་ཀྱི་བླང་དོར། མིག་སྨན། སྐྱེལ་མ་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། གདུགས་དཀར་ལྷམ་དང་ལྡན་པར་ནི། །གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ། །མཚན་མོ་དོན་ཆེན་དག་ལ་ནི། །དབྱིག་ཐོགས་མགོ་དཀྲི་གྲོགས་ལྡན་བྱ། །མཆོད་རྟེན་མཆོད་བྱ་རྒྱལ་མཚན་དང༌། །མི་ཤེས་དྲི་མ་ཐལ་ཕུབ་དང༌། །མི་གཙང་གསེག་བོང་གཏོར་མ་དང༌། །ཁྲུས་བྱས་པ་ནི་འགམ་མི་བྱ། །ཆུ་བར་རྐྱལ་ཏེ་མི་འགྲོ་ཞིང༌། །མེ་ཆེན་ཕུང་པོར་འགྲོ་མི་བྱ། །ཐེ་ཚོམ་བཅས་པའི་གྲུ་ཤིང་ལ། །བཞོན་པ་མི་བསྲུན་བཞིན་མི་འཛེག །སྦྲིད་པ་གད་མོ་གླལ་བ་ལ། །ཁ་ནི་གདང་བར་མི་བྱའོ། །སྣ་ནི་བྲུ་བར་མི་བྱ་ཞིང༌། །དོན་མེད་ས་རིས་མི་བྱའོ། །ལུས་ཀྱི་ཡན་ལག་མི་གཅུ་ཞིང༌། །ཙོག་ཙོག་པོར་ཡང་འདུག་མི་བྱ། །ལུས་ངག་ཡིད་ཀྱི་སྤྱོད་པ་ནི། །སྔ་ནས་ལས་ལ་བཟློག་པར་བྱ། །པུས་འགྲེང་ཡུན་རིང་མི་གནས་ཤིང༌། །མཚན་མོ་ཤིང་དྲུང་བསྟེན་མི་བྱ། །སུམ་མདོ་མཆོད་རྟེན་དྲུང་བཞི་མདོ། །ལྷ་ཡི་ཁང་པའང་དེ་བཞིན་ནོ། །གསོད་ས་འབྲོག་སྟོང་ཁང་སྟོང་དང༌། །དུར་ཁྲོད་དུ་ནི་ཉིན་མོའང་མིན། །རྣམ་ཀུན་ཉི་མ་ལ་མི་བལྟ། །མགོ་ཡིས་ཁུར་ནི་བཀུར་མི་བྱ། །ཤིན་ཏུ་ཕྲ་དང་འཚེར་བ་དང༌། །མི་གཙང་མི་སྡུག་རྒྱུན་མི་བལྟ། །ཆང་འཚོང་བ་དང་སྦྱོར་བ་དང༌། །སྦྱིན་དང་ལེན་པ་སྤྱད་མི་བྱ། མདུན་གྱི་བསེར་བུ་ཉི་ཚན་རྡུལ། །བ་མོ་དང་ནི་རླུང་འཚུབ་དང༌། །སྦྲིད་པ་སྒྲེག་པ་ལུད་པ་ཟས། །གཉིད་ལོག་ཉལ་པོ་གཅུ་མི་བྱ། །གད་གའི་གྲིབ་མ་རྒྱལ་པོ་སྡང༌། །སྦྲུལ་གདུག་གཅན་གཟན་རྭ་ཅན་དང༌། །དུས་མཚམས་དག་ཏུ་ཟན་བཟའ་དང༌། །བུད་མེད་ཉལ་ཀློག་སེམས་ལས་དང༌། །དགྲ་པོ་ནར་མའི་ཟན་ཚོགས་འདུས། །སྨད་འཚོང་ཚོང་པའི་ཟས་དག་དང༌། །ལུས་དང་མཆུ་དང་སེམས་སྒྲ་འབྱིན། །ལག་པ་སྐྲ་ནི་སྤྲུག་པ་དང༌། །ཆུ་མི་མཆོད་བྱའི་བར་དུ་འགྲོ། །རོ་བསྲེག་ལ་བརྟེན་དུད་པ་དང༌། །ཆང་སོགས་ཆགས་དང་བུད་མེད་ལ། །ཡིད་རྟོན་རང་དབང་གྱུར་པ་སྤང༌། །ཞེས་བཤད་ཅིང༌། རྟོགས་པ་སླ་བས་འགྲེལ་ཚིག་ནི་མ་བགྲངས་སོ། །གཉིས་པ་ཚིག་གི་དོན་ནི། ཐེ་ཚོམ་ཞེས་པ་ནས་གྲོགས་ལྡན་བྱ་ཞེས་པའི་བར་གྱིས་བསྟན་ཏེ། བདེ་ཞིང་ཚེ་བསྲིང་བར་འདོད་པའི་སྐྱེས་བུ་རྣམས་ཀྱིས་འགྲོ་འདུག་གི་སྤྱོད་པ་ནི། ཆུ་ལ་བྱིང་བ་ལ་སོགས་པའི་ཐེ་ཚོམ་དང་བཅས་པའི་གྲུ་ལ་འཇུག་པའམ། རྒྱུད་མི་བསྲུན་པ་དང་ལྡན་པའི་བཞོན་པ་རྟ་གླང་མ་དུལ་བ་ལ་སོགས་པ་ཞོན་པ་དང༌། རྐུན་པོ་ལ་སོགས་པས་སེམས་ཅན་གསོད་པའི་ས་ཕྱོགས་སུ་འགྲོ་བ་དང༌། ཆུ་ཆེན་པོའི་ངོགས་སུ་འགྲོ་བའམ་བརྒལ་ཞིང་རྐྱལ་བར་བྱེད་པ་དང༌། མེ་ཡི་ཕུང་པོ་ཆེན་པོ་དང་ཉེ་བར་འགྲོ་ཞིང་གནས་པ་དང༌། གད་པ་སྟེ་གཡང་ཆེན་པོའི་རྩེའམ་རྩ་བ་དང༌། ཤིང་སྡོང་གི་རྩེར་རིམ་པ་བཞིན་དུ་དབྱར་དང་དགུན་གྱི་ཚེ་འཛེག་ཅིང་འགྲོ་བ་རྣམས་འབད་པས་སྤང་བར་བྱ་ཞིང༌། མདོར་ན་ཕྱོགས་གཅིག་འདྲ་བར་སྡོད་ན་ཡང་ས་ལེགས་པར་བརྟག་པ་དང༌། གང་དུ་འགྲོ་ནའང་ལམ་ལ་ཞིབ་ཏུ་བརྟག་སྟེ་ཐེ་ཚོམ་དང་བཅས་ནས་འགྲོ་འདུག་སྤང་བར་བྱ་དགོས་ལ། ཁྱད་པར་དུ་མཚན་མོའི་དུས་སུ་ཕྱོགས་ཐམས་ཅད་དུ་འགྲོ་བར་མི་བྱ་ཞིང༌། ཉེས་དམིགས་དང་བྲལ་བའི་གནས་སུ་གནས་པར་བྱ་ཞིང༌། གལ་ཏེ་དོན་ཆེན་པོ་དང་ལྡན་པས་ཅི་ནས་ཀྱང་འགྲོ་དགོས་པའི་ཚེ་ལྷམ་ལ་སོགས་པ་ལུས་ཀྱི་ཡོ་བྱད་བགོས་ནས་དབྱུག་པ་ལ་སོགས་པ་ལག་ཏུ་ཐོགས་པའི་གྲོགས་གཞན་དང་ལྡན་པར་བྱས་ཏེ་འགྲོ་བར་བྱའོ།།

གཉིས་པ་གཉིད་ལོག་ཐབས་བསྟན་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་གི་དོན་ནོ། །སློབ་དཔོན་གྱིས། བདེ་སྡུག་སྦོམ་སྐེམ་སྟོབས་ཆེ་ཆུང༌། །བུད་མེད་ལ་ཕོད་མི་ཕོད་དང༌། །ཤེས་དང་མི་ཤེས་འཚོ་དང་འཆི། །གཉིད་ལ་རག་ནི་ལས་པ་ཡིན། །དུས་མིན་ཧ་ཅང་ཐལ་ཆེས་དང༌། །གཉིད་ནི་ཀུན་ཏུ་འགགས་པ་དག །བདེ་དང་ཚེ་ནི་ཉམས་བྱེད་དེ། །དུས་མཚན་གཉིས་པ་ལྟ་བུ་མིན། །མཚན་མོ་གཉིད་ནི་མ་ལོག་རྩུབ། །ཉིན་མོ་གཉིད་ལོག་སྣུམ་ལྕིར་འགྱུར། །ཙོག་པུར་འདུག་སྟེ་ཡུར་བ་དག མི་རྩུབ་བད་ཀན་མེད་པར་འགྱུར། །སོ་ག་རླུང་འཕེལ་སྟོབས་འཕྲོག་དུས། །རྩུབ་ཅིང་མཚན་མོ་ཐུང་བས་ན། །ཉིན་པར་གཉིད་ཕན་གཞན་དག་ཏུ། །དེ་ནི་བད་ཀན་མཁྲིས་པ་བསྐྱེད། །སྨྲ་མང་བཞོན་དང་ལམ་གྱིས་དུབ། །ར་རོ་བུད་མེད་བསྟེན་ཁུར་ལས། །ཁྲོས་དང་མྱ་ངན་འཇིགས་པས་དུག །སྐྱིགས་བུ་དབུགས་མི་བདེ་ཚད་འཁྲུ། །རྒན་དང་བྱིས་པ་ཉམས་སྟོབས་ཟད། །གློ་རྡོལ་སྐེམ་དང་གཟེར་གྱིས་ནོན། །ཟས་མ་ཞུ་དང་བཅོམ་དང་སྨྱོ། །ཉིན་པར་གཉིད་ལོག་རིས་མ་གཏོགས། །འདི་དག་དེ་བཞིན་ལུས་ཟུངས་འཇོམས། །བད་ཀན་སྐྱེ་ཞིང་ལུས་བརྟན་འགྱུར། །ཚིལ་ཆེས་བད་ཀན་མང་དང་སྣུམ། །རྟག་ཟ་ཉིན་པར་གཉིད་མ་ལོག །དུག་གིས་ཕོག་དང་ལྐོག་ནད་ཅན། །མཚན་མོ་ནམ་ཡང་གཉིད་མ་ལོག །དུས་མིན་གཉིད་ལོག་རྨོངས་བག་དང༌། །རིམས་བསྐྱེད་རྨུགས་ཤིང་ཆམ་པས་འདེབས། །མགོ་ན་སྐྲངས་ཤིང་རློན་སྒྱིད་སྐྱུར། །རྩ་ཡི་རྒྱུན་འགགས་མེ་དྲོད་ཉམས། །དེ་ལ་སྨྱུང་དང་དྲོད་སྨན་དང༌། རྔུལ་དབྱུང་སྣ་སྨན་བཏང་བ་དག །གཉིད་ཆེས་གྱུར་ལ་སྐྱུག་སྨན་རྣོ། །མིག་སྨན་རྣོ་དང་སྣ་སྨན་དང༌། །སྨྱུང་བ་སེམས་ལས་བུད་མེད་བསྟེན། །མྱ་ངན་འཇིགས་དང་ཁྲོས་པ་སྦྱར། །འདི་དག་གཉིད་ཀྱིས་གཉིད་དྲགས་དང༌། །འཇིགས་ཤིང་བད་ཀན་རབ་ཟད་བྱེད། །གཉིད་ཡར་བ་ཡི་ཡན་ལག་སྙོམས། །ཀླད་པ་ལྕི་ཞིང་གླལ་འོང་ལ། །མི་གསལ་ན་ཞིང་མགོ་འཁོར་དང༌། །ཟས་མི་འཇུ་བས་རླུང་བསྐྱེད་ནད། །དེ་བས་མཚན་མོ་དུས་བཞིན་དུ། །ཅི་བདེར་གཉིད་ནི་ལོག་པར་བྱ། །མ་གོམས་གཉིད་ཀྱིས་མ་ལོག་ན། །ནང་པར་མ་ཟོས་ཕྱེད་གཉིད་ལོག །གཉིད་ཡར་གྱུར་ན་འོ་མ་དང༌། །ཆང་དང་ཤ་ཁུ་ཞོ་རྣམས་བཏུང༌། །ལུས་བསྐུ་དྲིལ་དང་ཁྲུས་བྱ་ཞིང༌། །མགོ་བསྐུ་རྣ་བ་མིག་དགང་བྱ། །ན་ཆུང་ལག་ངར་གྱིས་འཁྱུད་དང༌། །སེམས་བདེ་བྱ་བ་ཟིན་པ་དང༌། །ཡིད་དང་རྗེས་མཐུན་ཡུལ་ལྡན་པ། །ཅི་འདོད་གཉིད་འོང་བདེ་བར་བསྐྱེད། །ཉལ་པོའི་བདེ་ལ་སེམས་མ་ཆགས། །ཚངས་པར་སྤྱོད་པ་ལ་དགའ་བ། །ཆོག་ཤེས་པ་ཡི་མགུ་བའི་གཉིད། །རང་གི་དུས་ལས་འདའ་མི་བྱེད། །ཅེས་འགྲེལ་པ་དང་བཅས་པ་རྒྱས་པར་བཤད་དོ།།

གཉིས་པ་ཚིག་གི་དོན་ནི། མཚན་ཉིད་ཅེས་པ་ནས་སྣུམ་གྱིས་དགང་ཞེས་པའི་བར་གྱིས་བསྟན་ཏེ། མི་གང་ཞིག་མཚན་མོའི་དུས་སུ་གཉིད་མ་ལོག་པ་ནི་རྩུབ་ཅིང་རླུང་བསྐྱེད་པའི་ཕྱིར་ཅི་བདེ་བར་གཉིད་ལོག་པར་བྱའོ། །གལ་ཏེ་མཚན་མོ་གཉིད་མ་ལོག་པ་དེའི་ཚེ་ནང་བར་ཟས་མ་ཟོས་པར་སྨྱུང་བར་བྱས་ལ། གཉིད་མ་ལོག་པ་དེའི་ཡུན་གྱི་ཕྱེད་ཙམ་དུ་གཉིད་ལོག་པར་བྱའོ། །ཞེས་པ་དེ་ལྟ་བུ་ནི་ཀུན་ལ་སྤྱིར་བཏང་བ་ཡིན་ལ། དམིགས་བསལ་དུ་ཆང་གིས་ར་རོ་བ་དང༌། སྟོབས་ཟད་པ་དང༌། མྱ་ངན་གྱིས་ནོན་པ་དང༌། རྩོལ་བས་དུབ་པ་དང༌། སྨྲ་བ་ཤིན་ཏུ་མང་བ་དང༌། རྒས་པ་དང༌། འཇིགས་ཤིང་སྐྲག་པའི་མི་རྣམས་ལ་ནི། ནམ་ཟླ་སོ་གའི་ཚེ་རྩུབ་ཅིང་ཡང་བའི་དུས་དང༌། མཚན་མོ་ཐུང་བ་ཡིན་པས་ན་ལུས་ཀྱི་སྟོབས་དང་གཟི་མདངས་འཕྲོག་ཅིང་རླུང་འཕེལ་བར་འགྱུར་བའི་ཕྱིར། ཉིན་པར་གཉིད་ཅུང་ཟད་རེ་ལོག་ན་སྣུམ་ཞིང་ལྕི་བར་འགྱུར་བས་ཕན་ཏེ་རླུང་འཇོམས་ཤིང་སྟོབས་འཕེལ་བར་བྱེད་པས་དེ་ལྟར་ཤེས་པར་བྱའོ། དེ་ལྟ་བུ་མ་ཡིན་པའི་གཞན་དུ་ཉིན་པར་གཉིད་ལོག་པ་གང་ཡིན་པ་དེ་ནི། བད་ཀན་ལྷག་པར་བསྐྱེད་ཅིང་སྐྱ་སོབ་ཏུ་སྐྲངས་པ་དང༌། ཤེས་པ་རྨོངས་བག་ཏུ་འགྱུར་ཞིང་མགོ་བོ་ན་ལ་སྒྱིད་པ་སྐྱུར་བ་དང༌། ཆམ་པ་དང་རིམས་ལ་སོགས་པའི་ནད་ཀྱིས་འདེབས་པར་འགྱུར་བའི་ཕྱིར་འབད་པས་སྤང་བར་བྱའོ། །གཞན་ཡང་གང་ཞིག་གཉིད་འཕེལ་ཏེ། ཆེ་དྲགས་པ་དེའི་ཚེ་སྐྱུག་བཏང་ཞིང་སྨྱུང་བར་བྱ་བ་དང༌། བུད་མེད་བསྟེན་ཏེ་འཁྲིག་པ་ལ་སོགས་བྱས་ན་ཕན་ཏེ་གཉིད་སྲབ་ཏུ་འགྱུར་རོ། །དེ་བཞིན་དུ་ཧ་ཅང་གཉིད་ཡར་ཏེ་མི་འབྱུང་བ་དེའི་ཚེ་ན་འོ་མ་དྲོན་མོ་དང༌། ཞོ་དང་ཆང་དང་ཤ་ཁུ་དང་ལ་སོགས་པ་དྲོ་ཞིང་བཅུད་པའི་བཟའ་བཏུང་དང༌། ཏིལ་མར་ལ་སོགས་པས་མགོ་བོ་བསྐུ་ཞིང་རྣ་བའང་སྣུམ་ཅུང་ཟད་བསྲོས་པས་དགང་བར་བྱས་ན་ཕན་ཏེ་གཉིད་ལེགས་པར་འབྱུང་བར་འགྱུར་རོ། །གསུམ་པ་ཉལ་པོའི་སྤང་བླང་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སྙིང་པོ་བསྡུས་པ་ལས། ཉལ་པོའི་ཆོས་ནི་སྤང་བྱ་བ། །བཀན་མིན་ཟླ་མཚན་ལྡན་པ་དང༌། །ཡིད་དུ་མི་འོང་མི་སྡུག་སྤྱོད། །མངལ་ནི་སྐྱོན་གྱིས་ཁྱབ་པ་དང༌། །རབ་སྦོམ་སྐེམ་དང་བཅས་པ་དང༌། །སྦྲུམ་མ་གཞན་གྱི་བུད་མེད་དང༌། །རིགས་གཞན་སྐྱེ་གནས་མི་མཐུན་དང༌། །བླ་མ་ལྷ་དང་རྒྱལ་པོའི་གནས། །མཆོད་རྟེན་དུར་ཁྲོད་གསོད་གནས་དང༌། །བསྟི་ས་ལམ་གྱི་བཞི་མདོ་ཆུ། །དུས་ཚིགས་ཉིན་མོ་ཡན་ལག་མིན། །སྙིང་ག་མགོ་བོར་བརྡེག་བྱ་སྤང༌། །འགྲངས་ཆེས་ལྟོགས་དང་བརྟན་བྲལ་དང༌། །ཡན་ལག་མི་བདེར་གནས་དང་སྐོམ། བྱིས་པ་རྒས་དང་ཤུགས་ཞན་ཉན། །ནད་པ་ཡིས་ཀྱང་འཁྲིག་པ་སྤང༌། །དགུན་དུས་རོ་ཙ་བྱས་དྲགས་ཚེ། །འདོད་པས་འདོད་པ་བསྟེན་པར་བྱ། །དཔྱིད་སྟོན་ཞག་ནི་གཉིས་གཉིས་ནས། །སོ་ག་དབྱར་ཚེ་ཟླ་ཕྱེད་ཅིང༌། །གཞན་དུ་བུད་མེད་ལ་ཞུགས་ན། །མགོ་འཁོར་ངལ་དང་བརླ་མཐུ་དང༌། སྟོབས་དང་ལུས་ཟུངས་དབང་པོ་ཉམས། །དུས་མིན་འཆི་བར་བྱེད་པ་ཡིན། །བུད་མེད་དག་ལ་ལེགས་གདམས་ན། །དྲན་དང་ཡིད་གཞུང་ནད་མེད་ཚེ། །དབང་པོ་བརྟས་ཤིང་གྲགས་སྟོབས་རྣམས། །ལྷག་པར་འཕེལ་ཞིང་རྒས་སྲར་འགྱུར། །ཞེས་དང༌། བསྡུས་པ་ལས། ཚེ་འདོད་སྐྱེས་བུ་བུད་མེད་ཀྱི། །བཅུ་དྲུག་ལོན་པ་ཚུན་ཆད་དང༌། །བདུན་ཅུ་ལོན་པ་ཕན་ཆད་ནི། །ཀུན་སྦྱོར་བྱ་བར་མི་རིགས་སོ། །རབ་གཞོན་མ་རྫོགས་ལུས་ཟུངས་ཀུན། །བུད་མེད་ལ་ནི་ཟད་འགྱུར་ཏེ། །ལྟེང་ཀ་ཆུང་ངུའི་ཆུ་བཞིན་དུ། །མོད་ལ་ཉེ་བར་བསྐམ་པར་འགྱུར། །དཔེར་ན་ཤིང་ནི་བསྐམ་འགྱུར་ཞིང༌། །འབུས་ཟོས་རྣམ་པར་དེངས་པ་ནི། །རེག་ན་མྱུར་དུ་འཇིག་པར་འགྱུར། །རྒན་པོ་བུད་མེད་བསྟེན་དེ་བཞིན། །ཤུགས་བཀག་གྱུར་པ་དག་གིས་ཀྱང༌། །གཅིན་དང་རྡེའུ་འཕེལ་བ་དང༌། །རབ་རིབ་ལ་སོགས་ནད་བསྐྱེད་ཅིང༌། །དབང་པོ་བཅོམ་པ་ཐོབ་པར་འགྱུར། །ཞེས་བཤད་ཅིང༌། ཟླ་ཟེར་ལས་ཀྱང་ཞིབ་ཏུ་འབྱུང་ངོ༌།།

གཉིས་པ་ཚིག་གི་དོན་ནི། ཉལ་པོ་ཞེས་པ་ནས་བྱེད་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། སྐྱེ་བོ་གང་ཞིག་ཉལ་པོ་སྤྱོད་པར་འདོད་པ་དེ་དག་གིས་ཀྱང་རང་རང་དང་རིས་མི་མཐུན་པའམ་སྐྱེ་གནས་མི་མཐུན་པ་དུད་འགྲོ་ལ་སོགས་པ་རྣམས་དང༌། བུད་མེད་ཡིན་ཡང་གཞན་གྱི་བདག་པོ་ཅན་དང༌། གཟུགས་ངན་ཞིང་སྙིང་དུ་མི་སྡུག་པ་དང༌། སྦྲུམ་མ་དང་ཤིན་ཏུ་རིད་པས་ཤུགས་ཞན་པ་དང་རབ་ཏུ་ཉེན་པ་དང༌། ཟླ་མཚན་ལྡན་པའི་དུས་རྣམས་སུ་བུད་མེད་ལ་བཀན་ཞིང་འཁྲིག་པ་བྱེད་པ་ཡོངས་སུ་སྤང་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཚེ་ལ་བར་དུ་གཅོད་ཅིང་སྟོབས་དང་མདངས་ལྷག་པར་དུ་ཟད་པ་སོགས་མི་ཤིས་པ་སྣ་ཚོགས་འབྱུང་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བུ་མ་ཡིན་པའི་བུད་མེད་ལ་དགུན་གྱི་དུས་སུ་སྐྱེས་པ་གང་ཞིག་རོ་ཙ་བས་ཁུ་བ་ཆེར་འཕེལ་ཏེ་དྲེགས་པ་དང་ལྡན་པ་དེའི་ཚེ་ཡང་ནས་ཡང་དུ་སྤྱོད་ཀྱང་བཀག་པ་མེད་ཅིང་དེ་བཞིན་དུ་སྟོན་དཔྱིད་ཀྱི་དུས་སུ་ཞག་གཉིས་གཉིས་ཀྱི་བར་དང༌། དབྱར་སོས་ཀྱི་དུས་སུ་ཟླ་བ་ཕྱེད་ཀྱི་བར་དུ་སྤྱད་པར་བྱའོ། །དེ་ལྟ་མ་ཡིན་པའི་གནས་སྐབས་གཞན་དུ་བུད་མེད་ལ་ཞུགས་པ་ན་མིག་ལ་སོགས་པའི་དབང་པོ་རྣམས་ཉམས་ཤིང་མགོ་བོ་འཁོར་བ་སོགས་ཀྱི་ནད་མི་བཟད་པས་བཏབ་ནས་དུས་མ་ཡིན་པར་འཆི་བར་བྱེད་པ་ཡིན་པས་ན་དྲན་བཞིན་དུ་སྤང་བར་བྱའོ། །བཞི་པ་བསྐུ་བྱུག་བྱེད་ཚུལ་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། རྟག་ཏུ་བསྐུ་བྱུག་སྤྱོད་བྱེད་ན། །དེ་ནི་རྒས་ངལ་རླུང་འཇོམས་ཡིན། །མིག་གསལ་ལུས་རྒྱས་ཚེ་འཕེལ་ཞིང༌། །གཉིད་འོང་པགས་འཇམ་བརྟས་བྱེད་ཡིན། །དེ་ནི་མགོ་དང་རྣ་བ་དང༌།  །རྐེད་པ་ཁྱད་པར་དུག་ཏུ་བསྟེན། །བད་ཀན་སྐྱ་དང་མ་ཞུ་དང༌།  །བསྐུ་སྨན་སོགས་བཏང་བསྐུ་བྱུག་སྤང༌། །ཡང་ཞིང་ལུས་ནི་ནུས་པ་དང༌། །མེ་ཡི་དྲོད་བསྐྱེད་ཚིལ་འབྲི་ལ། །ལུས་ཀྱི་སྐབས་ཕྱེད་མཁྲེགས་པ་ཉིད། །རྩོལ་བ་ལས་ནི་འབྱུང་བར་འགྱུར། །རླུང་མཁྲིས་ནད་ཅན་བྱིས་པ་དང༌། །རྒས་ཤིང་འཁོགས་པས་དེ་སྤང་བྱ། །སྟོབས་ལྡན་སྣུམ་བག་ཟ་བ་དང༌། །གྲང་བའི་དུས་དང་དཔྱིད་དུས་དང༌། །ནུས་ལྡན་དག་གིས་དེ་བསྟེན་བྱ། །དེ་ལས་གཞན་ཚེ་དལ་བ་ཉིད། །དེ་བྱས་ཅི་བདེར་ལུས་དག་ནི། །ཀུན་ནས་ཡོངས་སུ་མཉེ་བར་བྱ། །རྩོལ་བ་དེ་བྱས་ཟིན་ནས་ནི། །བདེ་བར་ལུས་ཀུན་གནས་པར་བྱ། །ཤིན་ཏུ་རྩོལ་བས་ལུད་པ་དང༌། །སྐོམ་དང་གཅོང་ནད་མི་དྲན་མུན། །ཁྲག་དང་མཁྲིས་རྒྱས་ངལ་དང་དུབ། རིམས་དང་རློན་པ་འབྱུང་བར་འགྱུར། །རྩོལ་བ་མི་ཉལ་ལམ་བུད་མེད། །བག་དང་སྨྲ་སོགས་ཤུགས་འབྱིན་པ། །སེང་གེས་གླང་པོ་དྲངས་པ་བཞིན། །ཤིན་ཏུ་དྲེགས་པས་མ་རུངས་འགྱུར། །དྲིལ་ཕྱིས་བད་ཀན་སེལ་བ་དང༌། །ཚིལ་ནི་རབ་ཏུ་ཞུ་བྱེད་ཅིང༌། །ཡན་ལག་བརྟན་པར་བྱེད་པ་དང༌། །པགས་མདོག་གསལ་བར་བྱེད་པའི་མཆོག །ཅེས་འགྲེལ་པ་དང་བཅས་པས་རྒྱས་པར་བཤད་དོ།།

གཉིས་པ་ཚིག་གི་དོན་ནི། རྟག་ཏུ་ཞེས་པ་ནས་བྱེད་པའི་མཆོག་ཅེས་པའི་བར་གྱིས་བསྟན་ཏེ། མི་གང་ཞིང་དུས་རྟག་ཏུ་ལུས་ལ་སྣུམ་བསྐུ་ཞིང་བྱུག་པ་དང༌། མཉེ་བའི་ཆོ་ག་ལེགས་པར་སྤྱོད་པར་བྱེད་པ་དེ་ནི་རྒས་པ་ལས་བསྲིང་ཞིང་འབད་པས་ངལ་བ་དང་རླུང་གི་ནད་འཇོམས་པར་བྱེད་པ་ཡིན་ཞིང༌། བྱེ་བྲག་ཏུ་མགོ་བོ་དང་རྐང་པ་དང་རྣ་བ་ལ་སྐབས་སྐབས་སུ་སྣུམ་བསྟེན་པར་བྱ་སྟེ། དེས་ནི་ལུས་ཡང་ཞིང་ཚིལ་འབྲི་བ་དང༌། ལུས་ཀྱི་སྐབས་ཕྱེ་བས་སྐྱེ་མཆེད་གཙང་ཞིང་མེ་དྲོད་ལྷག་པར་དུ་སྐྱེད་པར་བྱེད་དོ། །ལུས་མཁྲེགས་ཤིང་ལུས་ངག་ཡིད་ཀྱི་ལས་ནུས་པ་སོགས་ཡང་དག་པའི་རྩོལ་བ་སྤྱོད་པ་ལས་འབྱུང་བར་འགྱུར་རོ། །འོན་ཀྱང་རྩོལ་སྤྱད་དེ་ཧ་ཅང་ཡང་ཐལ་དྲགས་ན་ལོག་པའི་སྐྱོན་དུ་འགྱུར་བས་གོང་གི་ཡོན་ཏན་དེ་རྣམས་ལས་གཞན་དུ་གྱུར་ནས་ལུས་མ་རུངས་པར་འགྱུར་ཞིང་དམིགས་བསལ་དུ་རྒན་པོ་དང་བྱིས་པ་དང་རླུང་གི་ནད་དང་མཁྲིས་པའི་ནད་དང༌། དེ་གཉིས་ཀ་ལྡན་པའི་ནད་ཅན་གྱི་མི་རྣམས་ཀྱི་རྩོལ་སྤྱད་དེ་ལྷག་པར་དུ་ཡང་སྤང་བར་བྱའོ། །བྱིས་པ་སོགས་མ་ཡིན་པའི་མི་སྟོབས་དང་ལྡན་ཞིང་ཁ་ཟས་སྣུམ་བག་ཤས་ཆེར་ཟ་བ་རྣམས་ཀྱིས་དགུན་དང་དཔྱིད་ཀའི་དུས་སུ་རྩོལ་སྤྱད་བྱ་ཞིང༌། ལྷག་པར་དུ་དེ་དང་མཐུན་པའི་བད་ཀན་གྱི་མིས་ནི་རྩོལ་སྤྱད་འབད་པས་བསྟེན་པར་བྱའོ། །དེ་ལྟར་བསྐུ་བྱུག་རྩོལ་བཅག་བྱས་པའི་རྗེས་སུ་སྲན་ཕྱེ་ལ་སོགས་པ་སྐམ་པའི་རྫས་ཀྱིས་འཕུར་ཏེ་སླར་ཡང་དྲིལ་ཞིང་ཕྱིས་པས་ནི་བད་ཀན་སེལ་ཞིང་ཚིལ་འཇུ་བར་བྱེད་པ་དང༌། པགས་པའི་མདོག་དངས་ཤིང་གསལ་ལ་ཡན་ལག་རྣམས་ཀྱང་བརྟན་ཞིང་མཉེན་པར་བྱེད་པའི་མཆོག་ཡིན་པར་ཤེས་པར་བྱའོ། །ལྔ་པ་ཁྲུས་ཀྱི་བླང་དོར་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། ཁྲུས་ནི་དྲོད་བསྐྱེད་རོ་ཙ་དང༌། །ཚེ་དང་མདངས་དང་སྟོབས་རབ་བསྐྱེད། །གཡའ་དང་དྲི་མ་ངལ་དང་རྔུལ། །སྙོམ་སྐོམ་ལུས་ཚ་མི་ཤིས་སེལ། །ཆུ་དྲོན་གྱིས་ནི་ལུས་ཀྱི་སྨད། །བླུགས་ཤིང་བཀྲུ་བ་སྟོབས་བསྐྱེད་ཡིན། །དེ་ཉིད་མགོར་བླུག་ཁྲུས་བྱས་ན། །སྐྲ་དང་མིག་གི་སྟོབས་འཕྲོག་ཡིན། །ཁྲུས་ནི་འགྲམ་ཆགས་མིག་ནད་དང༌། །རྣ་བའི་ནད་དང་ཚད་པས་འཁྲུ། །ལྟོ་སྦོས་ཆམ་པ་མ་ཞུ་དང༌། །ཟོས་མ་ཐག་པ་རྣམས་ལ་དམད། །ཅེས་བཤད་དོ། །གཉིས་པ་ཚིག་གི་དོན་ནི། ཁྲུས་ནི་ཞེས་པ་ནས་ཟོས་མ་ཐག་ལ་སྤང་ཞེས་པའི་བར་གྱིས་བསྟན་ཏེ། གང་ཞིག་ཆུ་དྲོན་གྱིས་ལུས་ཀྱི་ཆ་ཤས་ཕལ་ཆེར་ཡང་ནས་ཡང་དུ་འཁྲུ་བར་བྱེད་པ་དེས་ནི་རོ་ཙ་བ་དང་དྲོད་དང་སྟོབས་དང་གཟི་མདངས་རྣམས་བསྐྱེད་ཅིང་པགས་པ་གཡའ་ཞིང་རྡུལ་བ་དང༌། དྲི་ང་ཞིང་སྐོམ་པ་སྟེ་དབང་པོ་རྣམས་ཡུལ་འཛིན་མི་ནུས་པ་དང༌། སྐོམ་པ་དང་ལུས་ཚ་བ་རྣམས་སེལ་བར་བྱེད་པ་ཡིན་ནོ། །འོན་ཀྱང་ཆུ་དྲོན་གྱིས་མགོ་བོ་བཀྲུས་ན་སྐྲ་དང་མིག་ལ་ལྷག་པར་དུ་གནོད་ཅིང་ལུས་ཀྱི་སྟོབས་འཕྲོག་པར་བྱེད་ལ། ཁྱད་པར་དུ་ཚད་པས་འཁྲུ་བ་དང་ལྟོ་བ་སྦོས་པ་དང་ཆམ་པ་དང་མ་ཞུ་བས་བཏབ་པ་དང་སྣ་ནད་ཅན་དང་མིག་ནད་ཅན་དང་ཟས་ཟོས་མ་ཐག་པ་རྣམས་ལ་ནི་མགོ་བོར་མ་ཟད་ལུས་ཀུན་ལ་ཁྲུས་བྱ་བ་སྤང་བར་བཤད་དོ། །དྲུག་པ་མིག་སྨན་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང་ཚིག་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། རྟག་ཏུ་མིག་སྨན་སྐྱེར་ཁཎྜ། །མིག་ལ་ཕན་པས་དེ་ཕྱིར་བསྟེན། །དེ་ནི་མེ་ཡི་རང་བཞིན་ཏེ། །ལྷག་པར་བད་ཀན་ལ་འཇིགས་པས། །མཆི་མ་འཛག་ཕྱིར་སྐྱེར་ཁཎྜ། །ཞག་བདུན་བཞིན་ནི་བླུག་པར་བྱ། །དེ་ནས་སྣ་སྨན་མཁུར་བཀང་དོར། །དུད་པ་སོ་རྩི་བསྟེན་པར་བྱ། །སོ་རྩི་གློ་འགྲམས་མཁྲིས་པ་ཁྲག །རྩུབ་པས་མིག་ནི་ན་བ་དང༌། །དུག་གིས་བརྒྱལ་ཞིང་ཆང་ནད་གཟེར། །ལུས་བསྐམས་གྱུར་ན་གནོད་པ་ཡིན། །ཞེས་བཤད་དོ།།

གཉིས་པ་ཚིག་གི་དོན་ནི། མིག་ནི་ཞེས་པ་ནས་ཉིན་རེ་བླུག་ཅེས་པའི་བར་གྱིས་བསྟན་ཏེ། དབང་པོ་རྣམས་ཀྱི་ནང་ནས་མིག་ཅེས་བྱ་བ་ནི། མེའི་རང་བཞིན་དུ་གནས་པ་དེ་ཉིད་བད་ཀན་ཚིམ་བྱེད་ས་ཆུའི་རང་བཞིན་ཅན་ལ་ལྷག་པར་འཇིག་སྟེ་ཆོས་མི་མཐུན་པའི་ཕྱིར་ན་བད་ཀན་དེ་དག་ཕྱིར་དབྱུང་ཞིང་མཆི་མའི་ཚུལ་དུ་འཛག་པར་བྱ་བའི་ཕྱིར་དུ་མིག་སྨན་སྐྱེར་ཁ་ཞེས་བྱ་བ་དགུན་ལ་སོགས་པའི་དུས་རྟག་ཏུ་ཞག་བདུན་བདུན་ལོན་པའི་ཚེ་ཉི་མ་རེ་རེ་བླུག་པར་བྱའོ། །དེ་ལ་སོགས་པའི་ཕན་ཡོན་ཡང༌། བསྡུས་པ་ལས། མིག་སྨན་སྣ་སྨན་མཁུར་སྨན་དོར། །དུད་པ་རྔུབ་པར་བྱ་བ་དང༌། །དུ་བ་སོ་རྩི་དོར་བ་ཡིས། །རིམ་གྱིས་བད་ཀན་རླུང་ལས་རྒྱལ། །ཞེས་ཀྱང་བཤད། བདུན་པ་སྐྱེལ་མ་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། སྔ་རབས་པ་རྣམས་ན་རེ། གློ་བུར་དུ་སྲོག་གཅོད་པར་བྱེད་པ་ནད་ཀྱི་ཇག་པ་ནི། སྣ་ཁྲག་ཤོར་བ། གག་པ། ཆུ་འགགས་པ། སྲིན་ནད། ཉྭ་ལོག་སྟེ་ལྔ་ནི་ནམ་འོང་ཆ་མེད་པ་བྱུང་ན་ལོང་མི་འོང་བས། མི་འབྱུང་བར་བསྲུང་བའམ། བྱུང་ན་གསོ་ཐབས་སྨན་སྐྱེལ་མ་ལྟ་བུར་མི་འབྲལ་བར་བྱ་ཞེས་པའོ། །ཞེས་དང༌། ཡང་ཁ་ཅིག་ན་རེ། གློ་བུར་བའི་ནད་སྣ་ཁྲག་འཛག་པ། གྲེ་འགགས། ཆུ་འགགས། གླང་ཐབས། གཟའ་ནད་རྣམས་གློ་བུར་བའི་ནད་ལྔ་ཞེས་གྲགས་ཏེ། དེའི་དགྲ་ལ་སྐྱེལ་མ་བསྟེན་པ་སྟེ། དེ་དང་དེའི་གཉེན་པོར་གྱུར་པའི་སྨན་སྦྱོར་བསྟེན་པར་བྱ་ཞེས་པའོ། །ཞེས་དང༌། སློབ་དཔོན་གྱིས། འབྱུང་པོ་དུག་དང་རླུང་དང་མེ། །མཚོན་རྨས་ཆག་གྲུམ་སོགས་བྱུང་དང༌། །འདོད་ཆགས་ཞེ་སྡང་འཇིགས་སོགས་དང༌། །དེ་ནི་གློ་བུར་ནད་ཅེས་བྱ། ཞེས་གསུངས་པ་ལ་འདོད་པ་དག་ཀྱང་སྣང་མོད། འདི་ནི་གློ་བུར་ནད་ལྔ་ཞེས་པའི་དོན་མ་ཡིན་པར་ལྷན་ཅིག་སྐྱེས་པ་དང་གློ་བུར་བའི་ནད་ཅེས་པའི་གློ་བུར་བའི་ནད་ཀྱི་དོན་ཡིན་ཏེ། འགྲེལ་པ་ཟླ་ཟེར་ལས། ནད་འདི་དག་ནི་གློ་བུར་བ་ཞེས་བྱ་སྟེ། དེའང་གང་འབྱུང་པོས་མཐོང་ཞིང་ཟིན་པ་དང༌། དུག་གིས་རེག་ཅིང་ཟིན་པ་དང༌། གནོད་པའི་རླུང་དང༌། མེ་དང་མཚོན་གྱིས་རྨས་པ་དང༌། རྡོ་ལ་སོགས་པས་ཡན་ལག་ཆག་གྲུམ་དུ་གྱུར་ཞིང་ཉེ་བར་བཅོམ་པ་ལ་སོགས་པ་ལས་བྱུང་བར་གྱུར་པ་གང་ཡིན་པ་དང༌། དེ་བཞིན་དུ་འདོད་ཆགས་དང་ཞེ་སྡང་དང་འཇིགས་པ་དང་ཁོང་ཁྲོ་བ་དང་མི་བཟོད་པ་དང༌། རྐམ་ཆགས་ལ་སོགས་པ་ཡིད་ཀྱི་ནད་དུ་གྱུར་པ་གང་དག་ཡིན་པ་སྟེ། དེ་དག་ཀྱང་གློ་བུར་བའི་ནད་ཅེས་བྱ་བ་ཡིན་པར་ཤེས་པར་བྱའོ། །ཞེས་དང༌། ལྷན་ཅིག་སྐྱེས་པ་ནི་ལུས་ལས་བྱུང་ཞིང་ལྷན་ཅིག་སྐྱེས་པའོ། །གློ་བུར་བ་ནི་འབྱུང་པོ་ལ་སོགས་པ་དང་འབྲེལ་བ་ལས་སྐྱེས་པའོ། །ཞེས་བྱ་བ་ལ་སོགས་པ་བཤད་པའི་ཕྱིར་མི་འཐད་ལ། འདོད་པ་གཞན་དག་ཀྱང་རང་བཟོ་འབའ་ཞིག་ཏུ་ཟད་དེ། རྒྱུད་ཆུང་ལས། གློ་བུར་ནད་ལྔ་གག་པ་ཕོ་ལོག་དང༌། །ཉྭ་ལོག་ལྷོག་པ་སྣ་ཁྲག་སྐྱེལ་མ་བསྟེན། །ཞེས་བྱ་བ་ལ་སོགས་པ་ཡིད་ཆེས་ཀྱི་ཁུངས་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་རོ། །གཉིས་པ་ཚིག་དོན་ནི། གློ་བུར་ཞེས་སོགས་རྐང་པ་གཅིག་སྟེ། ལྷན་ཅིག་སྐྱེས་པའི་ནད་ཀྱི་ཟླས་ཕྱེ་བའི་གློ་བུར་གྱི་ནད་ལས་གཞན་དུ་གྱུར་ཅིང་ལྷག་པར་ཡང་སྲོག་ལ་རྣམ་པར་འཚེ་བའི་གློ་བུར་གྱི་ནད་གག་པ་དང༌། ཕོ་ལོག་དང༌། ཉྭ་ལོག་དང༌། ལྷོག་པ་དང༌། སྣ་ཁྲག་མང་དུ་ཤོར་བ་སྟེ། དེ་ལྔ་པོའི་དགྲ་བོ་མི་བཟད་པ་ལུས་སྲོག་གི་གཤེད་དུ་ནམ་ཡོང་ཆ་མེད་དེའི་ཕྱིར་སོ་སོའི་གཉེན་པོ་གཞུང་དང་མན་ངག་ཟབ་མོ་ལས་ཇི་ལྟར་འབྱུང་བའི་སྨན་དཔྱད་རྣམས་དགྲ་བོ་ལ་སྐྱེལ་མའི་ཚུལ་དུ་ལུས་ལ་རྟག་པར་བསྟེན་ཞིང་བཅང་བར་བྱའོ།།

གསུམ་པ་མཇུག་བསྡུ་བ་ལའང་གཉིས་ཏེ། སྤྱི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས་དེ་ལྟར་བདག་ནི་ཉིན་མཚན་དུ། །ཇི་ལྟ་བུར་ནི་གནས་འགྲོ་ཞེས། །རྟག་ཏུ་དྲན་པ་ཉེར་འཇོག་པ། །སྡུག་བསྔལ་སྣོད་དུ་མི་འགྱུར་རོ། །ཞེས་དང༌། ཟླ་ཟེར་ལས། དེ་ལྟར་གནས་པའི་གནས་སྐབས་ཉིད་ན་བདག་ནི་ཉིན་མོ་དང་མཚན་མོ་རྟག་ཏུ་ཅི་ཆོས་ལ་སོགས་པའི་བྱ་བ་དང་ལྡན་ནམ་འོན་ཏེ་ཆོས་དང་མི་ལྡན་པར་འགྲོ་ཞིང་དུས་འདའ་བ་ཡིན་ཞེས་དེ་ལྟར་རྟག་ཏུ་དྲན་པ་ཉེ་བར་འཇོག་ཅིང་ལུས་ཐམས་ཅད་དུ་ཡིད་ལ་བྱེད་པ་དག་ནི་སྡུག་བསྔལ་གྱི་སྣོད་དུ་མི་འགྱུར་གྱི། འཇིག་རྟེན་འདི་དང་གཞན་ཀུན་ཏུ་དགའ་བ་ཉིད་དུ་འགྱུར་རོ། །ཞེས་གསལ་བར་བཤད་པ་ཡིན་ནོ། །གཉིས་པ་ཚིག་གི་དོན་ནི། རྟག་ཏུ་ཞེས་པ་ནས་སྡུག་བསྔལ་བསྲིང་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་བཤད་ཟིན་པ་དང་འཆད་འགྱུར་གྱི་བྱ་བ་ཐམས་ཅད་ཀྱང་དུས་དང་རྣམ་པ་ཐམས་ཅད་དུ་བྱ་བ་སྣ་གཅིག་ལ་མ་ཡིན་པར་དོན་འདི་དག་ཀུན་ལ་སྤང་བླང་སྙོམ་ཞིང་རིས་མེད་པར་སྤྱད་པར་བྱ་ཞིང༌། དེ་ཡང་གནས་སྐབས་དེ་ལྟར་གྱི་ཚེ་ནའང་བདག་ནི་ཉིན་མོ་དང་མཚན་མོ་ཀུན་ཏུ་དམ་པའི་ཆོས་སམ་དམ་པའི་ཆོས་མ་ཡིན་པའམ་འོན་ཏེ་འདི་ལྟར་བཤད་ཅིང་འབྱུང་བའི་བྱ་བས་དུས་འདའ་ཞིང་གནས་སམ་འགྲོ་བར་བྱ་ཞེས་དུས་རྟག་ཏུ་དྲན་པ་ཉེ་བར་འཇོག་ཅིང་ཡིད་ལ་རྣམ་པ་ཀུན་ཏུ་བྱེད་པ་དེ་ལྟ་བུ་ནི་འཇིག་རྟེན་འདི་དང་གཞན་རྣམས་སུ་ཡང་སྡུག་བསྔལ་གྱི་སྣོད་དུ་མི་འགྱུར་ཏེ། སྡུག་བསྔལ་རིང་དུ་བསྲིང་ཞིང་བདེ་བའི་རང་བཞིན་ལོངས་སྤྱོད་པར་འགྱུར་བ་ཡིན་ནོ། །གཉིས་པ་འཇིག་རྟེན་མི་ཆོས་ཀྱི་རྣམ་པར་གཞག་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ཕན་ཡོན་བསྟན་པའོ། །དང་པོ་ནི། འཇིག་རྟེན་ཞེས་སོགས་རྐང་པ་གཅིག་སྟེ། སྐྱེ་བོའམ་བཙུན་པར་གྱུར་པ་ཐམས་ཅད་ཀྱིས་ཀྱང་འཇིག་རྟེན་ལ་ཡོངས་སུ་གྲགས་པའི་མིའི་ཆོས་ལུགས་བཟང་པོ་དུས་རྟག་ཏུ་སྤྱོད་ཅིང་ཉམས་སུ་ལེན་པ་དེ་ནི་ཆོས་དང་འཇིག་རྟེན་གཉིས་ཀྱིས་བསྡུས་པའི་ཡོན་ཏན་དང༌། དགེ་ལེགས་ཀུན་ཐོགས་མེད་དུ་འབྱུང་བའི་གཞི་ཉིད་ཡིན་པས་ན་ཚུལ་དེ་མཁས་པ་རྣམས་ཀྱི་རྗེས་སུ་འབྲངས་ཏེ་ལེགས་པར་སྤྱད་པར་བྱའོ།།

གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། བློ་ལྡན་སྤྱོད་པ་ཐམས་ཅད་ལ། །འཇིག་རྟེན་ཉིད་ནི་སློབ་དཔོན་ཡིན། །དེ་བས་འཇིག་རྟེན་པ་ཡི་དོན། །རྟོགས་པར་བྱེད་པས་དེ་ཉིད་བྱ། །ཞེས་དང༌། མདོར་ན་མི་མཛངས་པས་ཅི་བྱའོ་ཅོག་གི་སློབ་དཔོན་ནི་འཇིག་རྟེན་ཉིད་ཡིན་ནོ། །དེ་ལྟ་བས་ན་འཇིག་རྟེན་པའི་དོན་གྱི་སྲིད་ལ་སེམས་ཤིང་རྟོགས་པས་ན་འཇིག་རྟེན་དང་མཐུན་པར་བྱའོ། །ཞེས་དང༌། ཟླ་ཟེར་ལས། བློ་དང་ལྡན་ཞིང་ཤེས་རབ་དང་ལྡན་པས་སྤྱོད་པ་ཐམས་ཅད་དེ་བྱ་བ་ཐམས་ཅད་ལ་འཇིག་རྟེན་ཉིད་ཅེས་བྱ་བ་འཇིག་རྟེན་པ་དམ་པ་ཉིད་སློབ་དཔོན་ཡིན་ཏེ་རྗེས་སུ་སྟོན་པ་ཡིན་ནོ། །དེ་བས་ན་ཞེས་པ་གཏན་ཚིགས་དེའི་ཕྱིར་གང་འཇིག་རྟེན་པའི་དོན་རྟོགས་པར་བྱེད་ཅིང་སོ་སོར་རྟོགས་པ་མངོན་དུ་གཏོང་བས་བླང་བར་བྱ་བ་དང་སྤང་བར་བྱ་བའི་ཚུལ་གྱིས་ལེགས་པ་དང་ཉེས་པ་དག་གི་བྱེ་བྲག་ཤེས་པ་རྣམས་ཀྱིས་འཇིག་རྟེན་པ་དམ་པ་དག་གི་སྤྱོད་པ་དེ་ཉིད་རྗེས་སུ་སྤྱད་པར་བྱ་ཞིང་བསླབ་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་བཤད་ཅིང༌། དབུ་མ་བཞི་བརྒྱ་པ་ལས། འཇིག་རྟེན་ཚུལ་ལུགས་གང་དང་གང༌། །དེ་དང་དེ་ལ་ཆོས་རྗེས་འཇུག །དེ་ཡི་ཕྱིར་ན་ཆོས་ལས་ཀྱང༌། །འཇིག་རྟེན་སྟོབས་ལྡན་ལྟ་བུར་སྣང༌། །ཞེས་པ་དང༌། ཤེས་རབ་བརྒྱ་པ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་འགྲོ་བ་ཐག་མི་རིང༌། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་ཡོད། །ཅེས་པ་དང༌། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། རིགས་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང༌། །འཇིག་རྟེན་བྱ་བ་ཀུན་ནས་ལེགས་བསྒྲུབ་པ། །དམ་པ་རྣམས་ཀྱི་སྤྱོད་ཚུལ་ཅི་འདྲ་ཞིག །བཤད་པ་འདི་ནི་ལེགས་བཤད་རིན་ཅེན་གཏེར། །ཞེས་དང༌། འཇིག་རྟེན་བྱ་བ་ལེགས་ཤེས་ན། །དེ་ཡི་དམ་པའི་ཆོས་ལུགས་འགྲུབ། །དེས་ན་ཆོས་ལུགས་སྤྱོད་པ་དེ། །བྱང་ཆུབ་སེམས་དཔའི་རྣམ་ཐར་ཡིན། །ཞེས་གསུངས་པ་ལེགས་འདོད་རྣམས་ཀྱིས་ཐོག་མ་ཉིད་དུ་མིའི་ཆོས་ལུགས་ཁོ་ན་དོན་དུ་གཉེར་བར་བྱ་ཞིང༌། དེ་ཡང་རྒྱས་པར་ཤེས་རབ་བརྒྱ་པ་དང༌། སྐྱེ་བོ་གསོ་ཐིགས། བཤེས་སྤྲིང༌། རིན་ཅེན་འཕྲེང་བ་ལ་སོགས་པ་གཏམ་གྱི་ཚོགས་རྣམས་དང༌། ས་སྐྱ་ལེགས་བཤད། མི་ཆོས་གནད་འཕྲེང༌། ཏེ་ནེའི་གསུང་སྒྲོས་ལ་སོགས་པ་རྣམས་ལས་འབྱུང་བ་ལྟར་རྟོགས་ཤིང་དཔྱད་པར་བྱའོ། །གཉིས་པ་ཚིག་གི་དོན་ནི། འཆད་དོན་ཞེས་པ་ནས་བླང་པ་གཅེས་ཞེས་པའི་བར་གྱིས་བསྟན་ཏེ། འཇིག་རྟེན་ལ་ཡོངས་སུ་གྲགས་པའི་མིའི་ཆོས་ལུགས་ལེགས་པར་སྤྱོད་པར་འདོད་པ་རྣམས་ཀྱིས་ཕན་ཚུན་གང་དང་གཏམ་གྱི་མདོ་དོན་འཆད་ཅིང་ཁས་བླངས་པ་དེ་ཉིད་རྡོ་ལ་རི་མོ་བྲིས་པ་ལྟར་དོན་བཙན་པར་བྱ་ཞིང་སྔོན་སྨྲས་པའི་ཚིག་གི་རྗེས་ཀྱང་དོན་གྱིས་བསླབ་པར་བྱ་སྟེ། དེ་ཡང་ངན་པའི་ལས་ཏེ་འཇིག་རྟེན་དུ་དམད་པར་འོས་པའི་བྱ་བ་ནི་བྱེད་པར་ཆད་ཟིན་ཀྱང་ཐབས་ཀྱིས་བཟློག་པར་བྱ་ཞིང༌། བཟང་པོའི་ལས་བསྔགས་པར་འོས་པ་རྣམས་མི་བྱེད་པར་གཞན་གྱིས་བཤོལ་བར་བྱེད་ན་ཡང་འབད་པས་བརྩམ་པར་བྱའོ། །གཞན་ཡང་འཇིག་རྟེན་ལ་གྲགས་པའི་བྱ་བ་གང་རྩོམ་ཡང་བསམ་གཞིག་ཞིབ་མོ་ཞིག་སྔོན་ལ་བཏང་ཞིང༌། ཚེ་འདི་གཙོ་བོར་ཕྱིས་ཀྱི་ལེགས་འཕེན་ཉིད་བཅའ་བར་བྱའོ། །ཟེར་དགུ་སྟེ་གཞན་གྱི་ཟེར་རོ་ཅོག་ལ་བདེན་པར་མི་གཟུང་བར་ལེགས་པར་བརྟགས་ཤིང་དཔྱད། དེ་བདེན་པའི་ངེས་པ་ཐོབ་ནས་དོན་དུ་བཟུང་ཞིང༌། རང་ཉིད་ཀྱིས་ཀྱང་སྨྲ་དགུ་ཐམས་ཅད་རེ་རེ་ནས་བསམས་ལ་སྨྲ་ཞིང་དེ་ཡང་རང་གི་མདོ་དོན་ཉིད་གཙོ་བོར་གདམ་པར་བྱའོ། །ཁྱད་པར་དུ་བུད་མེད་ཀྱི་ངག་ནི་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་དེ་ལ་མི་ཉན་ཞིང་རང་གི་གཏམ་ཉིད་ཀྱང་སྦད་ཁ་ལྕི་བར་བྱའོ། །རང་ལ་ལྷག་པར་བྱམས་ཤིང་སྐྱོང་བའི་མི་དང་རེ་ལྟོས་བཅས་པའི་མི་ལ་ཚིག་གི་དྲོན་མི་གཞུག་པར་ཚིག་དོན་ལྷུག་པར་སྨྲ་ཞིང་ལུས་ངག་ཡིད་གསུམ་ག་ཡང་བརྟན་ལ་བརླིང་ཞིང་ཟབ་པ་དང༌། འཕྲལ་ལ་ཀུན་དང་འགྲོགས་པ་བདེ་བར་བྱའོ། །རང་ལ་གནོད་པར་བྱེད་པའི་དགྲ་བོ་དག་ཡན་པར་གཉའ་རེངས་སུ་མི་གཏང་སྟེ་འདམ་རིང་ཞེས་པ་ཡིད་ལ་བཞག་སྟེ་ཐབས་མཁས་ཀྱི་སྒོ་ནས་འདུལ་ཞིང༌། ཤ་རུས་ཀྱི་ཉེ་བ་དང་འཁོར་བྲན་གཡོག་ལ་སོགས་པ་རྣམས་ནི་ཤ་ཚས་ལེགས་པར་བསྐྱང་ཞིང་རང་ལ་སྔར་དྲིན་ཡོད་པའི་མི་ལ་གུས་པ་དང་བཅས་པའི་སྒོ་ནས་མིག་རིང་དུ་བལྟ་སྟེ་མི་བརྗེད་པའི་དྲིན་དུ་གཟོ་བར་བྱའོ། །རང་རང་གི་སློབ་དཔོན་དང༌། ཕ་མ་དང༌། ཁུ་བོ་ལ་སོགས་པ་བཀུར་བར་འོས་པའི་རྒན་རིམ་ཕུ་དུད་གུས་པས་ཁུར་ཞིང་ཡུལ་གྱི་མི་རང་གི་མཛའ་བཤེས་སམ་འོན་ཏེ་དུས་རྟག་ཏུ་འགྲོགས་དགོས་རྣམས་དང་བློ་སེམས་ལྷག་པར་དུ་བསྟུན་པར་བྱའོ། །སོ་ནམ་ལ་སོགས་པ་ནོར་གྱི་གསོག་འཇོག་ཆུང་ངུ་ནས་ཤིན་ཏུ་ཞིབ་མོར་བྱ་ཞིང་དེ་ཡང་སྦྱིན་པ་ལ་སོགས་པ་ལོངས་སྤྱོད་དགོས་པའི་དུས་སུ་སེར་སྣ་མེད་པར་རྩིང་པོར་སྤྱོད་པར་བྱའོ།།

གཞན་ཡང་ཕན་ཚུན་དུ་བྱ་བ་གང་ལའང་རང་ཉིད་མི་བདེན་པའི་ཆ་མཐོང་ནས་ཕམ་ངོ་བླངས་ཤིང་རྒྱལ་བར་ཤེས་ན་དེ་ཙམ་ལ་ཆོ་ག་ཚོད་ཟིན་པ་དང༌། མཁས་པའི་བློ་གྲོས་དང་ལྡན་ན་ང་རྒྱལ་དང་དྲེགས་པ་སྐྱུང་ཞིང༌། ལོངས་སྤྱོད་ཀྱིས་ཕྱུག་པར་གྱུར་ན་དེ་ཙམ་གྱིས་ཆོག་ཤེས་པར་བྱའོ། །རང་ལས་དམན་པའི་མི་བྲན་རྣམས་ཁྱད་དུ་མི་གསད་ཅིང་མཐོ་བ་རྣམས་ལ་ཕྲག་དོག་སྤང་བ་དང༌། དེ་བཞིན་དུ་མི་ངན་པར་གྲགས་པའམ་འོན་ཏེ་མ་བརྟགས་པའི་མི་རྣམས་འཁོར་དུ་བསྟེན་རྫི་མི་བྱ་ཞིང་བན་བོན་ལ་སོགས་པ་མཐུ་གཏད་པ་རྣམས་དགྲར་ཡང་མི་བསླང་ལ་གཉེན་དུ་ཡང་མི་བྱ་སྟེ་བཏང་སྙོམས་སུ་བྱའོ། །རང་ཉིད་དབུལ་བར་གྱུར་ཀྱང་གཞན་གྱི་ནོར་ལ་མི་རློམ་ཞིང༌། གཞན་ལ་གནོད་པའི་ལ་ཡོག་དང་མནའ་སྐྱེལ་དགག་རྣམས་ལ་འབད་པས་འཛེམ་པ་དང༌། བྱ་བ་གང་ལའང་ཕྱིས་མི་འགྱོད་པའི་རྡོག་གཏད་དང་ལྡན་པར་བྱ་ཞིང༌། རང་ལས་ངན་པའམ་འོན་ཏེ་མི་ངན་རྣམས་ལ་དབང་མི་བསྐུར་བར་རང་ཉིད་དབང་དང་ལྡན་པར་བྱའོ། །མདོར་ན་སེམས་ཀྱི་སྟོབས་ཤིན་ཏུ་དྲང་ཞིང༌། ངང་རྒྱུད་རིང་ལ། ཁོང་ཡངས་ཤིང་བློ་རྒྱའི་གཞི་ཆེར་བསྐྱེད་ལ་བརྩམ་པར་བྱ་བའི་ལས་རྣམས་ཕལ་ཆེར་ཟླ་ཚོད་ཀྱི་དུས་སུ་ཡང་ཉམས་སུ་བླང་བར་གཅེས་པ་ཡིན་ནོ། །

གསུམ་པ་ཕན་ཡོན་བསྟན་པ་ནི། དེ་འདྲ་ཞེས་པ་ནས་དཔོན་དུ་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། བཤད་མ་ཐག་པའི་བྱ་བ་དེ་ལྟར་སྤྱོད་པའི་གང་ཟག་དེ་འདྲ་བ་གང་ཡིན་པ་དེ་ནི་རང་ཉིད་གཅིག་པུར་སྐྱེས་ཀྱང་གཞན་ལ་དབང་མི་འཆོར་ཞིང༌། བྲན་གཡོག་གི་ལུས་སུ་གྱུར་ཀྱང་སྐྱེ་བོ་མང་པོའི་དཔོན་དུ་འགྱུར་བ་ལ་ཐེ་ཚོམ་ཅི་ཡང་མེད་དེ་གདོན་མི་ཟ་བར་སྙན་གྲགས་དང་བཅས་ཏེ་འཐོབ་པར་འགྱུར་རོ། །གསུམ་པ་དམ་པ་ལྷ་ཆོས་ཀྱི་རྣམ་པར་གཞག་པ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སྔ་རབས་པ་རྣམས་ན་རེ། གསོ་བ་རིག་པའི་སྨན་དཔྱད་བྱེད་པ་ལ་ཆོས་ཀྱི་སྤྱོད་པ་སྟོན་པ་འདི་དགོས་པ་ཅི་ཡོད་ཅེ་ན། གསོ་བ་རིག་པའི་སྨན་དཔྱད་ཀྱང་བདེ་བ་ཙམ་འཚོལ་བའི་ཐབས་ཡིན་ཏེ། དེ་བས་ཀྱང་བདེ་བ་རང་ཅིག་འདོད་ན་ཆོས་མེད་པར་མི་འབྱུང་བ་འདུག་པས་ཆོས་ལ་བསླབ་པར་བྱ་དགོས་ཏེ། སེམས་ཅན་ཐམས་ཅད་བདེ་བ་འདོད་པའི་ཕྱིར་ལས་དང་པོ་སོ་ནམ་དུས་བཞིའམ་ཡོན་ཏན་རིགས་དུ་མ་ཞིག་ལ་རྩོམ་ཞིང་འདུག་ཀྱང༌། ཆོས་མེད་ན་བདེ་བ་ལྟར་སྣང་ཡང་སྡུག་བསྔལ་གྱི་སྣོན་མ་ལས་མི་འདུག་པའི་ཕྱིར། ཆོས་ལ་སྤྱོད་ཅིག་ཅེས་གདམས་པའོ། །ཞེས་ཟེར་རོ། །འདིས་ནི་གསོ་བ་རིག་པའི་བསྟན་པ་རྨ་ཕབ་པ་ཡིན་ཏེ། གསོ་བ་རིག་པ་དམ་པའི་ཆོས་མ་ཡིན་པར་བཤད་པའི་ཕྱིར་དང༌། རིག་གནས་འདི་ཉིད་བདེ་བ་ཙམ་འཚོལ་བའི་ཐབས་ལས་མ་ཡིན་ལ། བདེ་བ་ཙམ་དེ་ཡང་སྡུག་བསྔལ་གྱི་སྣོན་མ་ཡིན་པའི་ཕྱིར། དེ་བས་ན་རང་ཉིད་ཀྱིས་གཞུང་གི་དོན་བཞིན་ཉམས་སུ་མི་ལེན་པ་ཁོ་ན་རྩིས་སུ་བྱས་ནས་གསོ་བ་རིག་པའི་བསྟན་པ་གང་ཟག་དང་བཅས་པ་ལ་ལོག་པར་བལྟས་པས་མཚམས་མེད་པའི་ལས་བསགས་པ་ཡིན་ནོ། །གཞན་དུ་ན། རྗེ་བཙུན་བྱམས་པས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་བས་གཞན་དག་ཚར་བཅད་པ་དང་རྗེས་བཟུང་དང༌། །རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་དང༌། འདུལ་བ་ལུང་ལས། འཚོ་བྱེད་གཞོན་ནུས་གསོས་ཞེས་བྱ་བ་གསོ་བ་རིག་པ་ཁོ་ན་ལ་བརྟེན་ནས་དགྲ་བཅོམ་པ་ཐོབ་པར་བཤད་པ་དང༌། འདི་ཉིད་དུའང༌། ཆོས་དང་ནོར་དང་བདེ་བ་བསྒྲུབ་པར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །ཞེས་དང༌། མཐར་ཐུག་འབྲས་བུ་གཡོ་སྒྱུ་འདོད་པ་རྣམས། །སྤངས་ནས་ནད་པ་གསོ་བ་ལ་འཇུག་པ། །བླ་མེད་སངས་རྒྱས་ས་ལ་བགྲོད་འགྱུར་ཞེས། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་ཤིང༌། རྒྱས་པར་ཆོས་འབྱུང་དུ་བཤད་ཟིན་ཏོ། །འདིའི་སྐབས་དོན་ལྷ་རྗེ་གཅིག་པོར་མ་ཟད་བདེ་བ་འདོད་པ་ཀུན་གྱིས་སྤྱད་པར་བྱ་བ་ཡིན་ཏེ། སློབ་དཔོན་གྱིས། སེམས་ཅན་ཐམས་ཅད་བདེ་འདོད་ཕྱིར། །རྩོམ་པ་ཀུན་ལ་འཇུག་པར་འདོད། །བདེ་བ་ཆོས་མེད་པར་མ་ཡིན། །དེ་བས་ཆོས་ལ་བརྩོན་པར་བྱ། །ཞེས་དང༌། ཟླ་ཟེར་ལས། སེམས་ཅན་ཐམས་ཅད་དེ་སྲོག་ཆགས་ཀུན་གྱི་རྩོམ་པའི་བྱ་བ་མ་ལུས་པ་ཀུན་ནི་བདེ་བ་འདོད་ཅིང་བསྒྲུབ་པར་བྱ་བའི་ཕྱིར་བྱེད་པར་འདོད་པ་ཡིན་ནོ། །བདེ་བ་ཞེས་བྱ་བ་ནི་སྡུག་བསྔལ་དང་བྲལ་བའོ། །དེ་ནི་ཆོས་མེད་པར་མ་ཡིན་ཞེས་བྱ་བ་ནི་ཆོས་མེད་ཅིང་ཆོས་སྤངས་ལ་ཆོས་ལས་གཞན་པར་སྤྱད་པ་ལས་འབྱུང་བར་མི་འགྱུར་རོ། །རྒྱུ་འདི་བས་ན་ཆོས་གཙོ་བོར་བྱ་ཞིང༌། ཆོས་ལ་བརྩོན་པར་བྱའོ། །དེས་ནི་འདི་སྐད་སྟོན་པར་འགྱུར་ཏེ། བྱ་བ་ལ་སོགས་པ་རྩོམ་པ་གང་དང་གང་བྱེད་པ་དེ་དང་དེ་ནི་ཆོས་རྩ་བར་བྱས་ནས་བྱའོ་ཞེས་བྱ་བའི་དོན་ཏོ། །ཞེས་བཤད་པའི་ཕྱིར་ལྷ་རྗེ་གཅིག་པུ་ལ་སྦྱོར་བ་ཡང་རྣམ་པར་འཁྱམས་པ་ཡིན་ནོ། །གཉིས་པ་ཚིག་གི་དོན་ནི། དེ་ནས་ཞེས་པ་ནས་ཆོས་ལ་འབད་ཅེས་པའི་བར་གྱིས་བསྟན་ཏེ། འཇིག་རྟེན་ཆོས་ཀྱི་སྤྱོད་པ་བཤད་ཟིན་པ་དེ་ནས་དམ་པ་ལྷ་ཆོས་ཀྱི་སྤྱད་པ་སྤྱོད་པའི་ཚུལ་བཤད་པ་ནི་འགྲོ་བ་མི་ཡི་ལུས་ཅན་གྱིས་སེམས་ཅན་ཐམས་ཅད་བདེ་བ་ཐོབ་པར་འདོད་པའི་ཕྱིར་དུ་འཇིག་རྟེན་གྱི་བྱ་བ་སོ་ནམ་དང་ཚོང་ལ་སོགས་སྣ་ཚོགས་པའི་རྩོམ་པ་ཀུན་ལ་འབད་པས་འཇུག་ཅིང་དོན་དུ་གཉེར་མོད་དུ་ཟིན་ཀྱང༌། ལུང་རྟོགས་ཀྱིས་བསྡུས་པའི་དམ་པའི་ཆོས་ཉམས་སུ་བླང་བ་མེད་ན་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་པ་ཚེ་འདིའི་བདེ་བ་དེ་ཉིད་ནི་མ་འོངས་པ་ན་ཉམས་སུ་མྱོང་འགྱུར་གྱི་སྡུག་བསྔལ་ཆེན་པོའི་རྒྱུའམ་འགྱུར་བའི་སྡུག་བསྔལ་ཞེས་བྱ་ཡིན་པའི་ཕྱིར་ན། འདི་ཕྱི་གཏན་གྱི་བདེ་བ་ཐོབ་པར་འདོད་པ་རྣམས་ཀྱིས་དམ་པའི་ཆོས་ལ་རབ་ཏུ་འབད་པར་བྱའོ།།

གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། མོས་པས་དགེ་བའི་བཤེས་གཉེན་བསྟེན། །ཅིག་ཤོས་རིང་དུ་སྤང་བར་བྱ། །འཚེ་དང་རྐུ་དང་འདོད་ལོག་སྤྱོད། །ཕྲ་མ་ངག་རྩུབ་རྫུན་ཚིག་དང༌། མི་འབྲེལ་སྨྲ་དང་གནོད་སེམས་དང༌། །བརྣབ་སེམས་ལྟ་བ་ཕྱིན་ཅི་ལོག །དེ་ལྟར་སྡིག་པའི་ལས་ལམ་བཅུ། །ལུས་ངག་ཡིད་ཀྱིས་སྤང་བར་བྱ། །འཕོང་པ་ནད་པ་མྱ་ངན་གཟིར། །ཅི་ནུས་པར་ནི་ཕན་གདགས་བྱ། །འབུ་སྲིན་གྲོག་སྤུར་དག་ལ་ཡང༌། །རང་དང་འདྲ་བར་རྟག་ཏུ་བལྟ། །ལྷ་དང་དགེ་སློང་བྲམ་ཟེ་དང༌། །སྨན་པ་རྒན་རྒྱལ་མགྲོན་འོངས་མཆོད། །སློང་བ་རྒྱབ་ཀྱིས་ཕྱོགས་མི་བྱ། །བརྙས་པར་མི་བྱ་ཚར་མི་གཅད། །གནོད་པར་བྱེད་བརྩོན་དགྲ་གཞན་ལའང༌། །ཕན་གདགས་པ་ནི་གཙོ་ཆེར་བྱ། །འབྱོར་དང་རྒུད་ལའང་ཡིད་གཅིག་བྱ། །རྒྱུ་ལ་ཕྲག་དོག་འབྲས་བུར་སྨིན། །དུས་སུ་ཕན་དང་རན་པར་སྨྲ། །བསླུ་བ་མེད་ཅིང་ངེས་པར་བྱ། །བཞིན་འཛུམ་གསོང་བོར་སྨྲ་བ་དང༌། །སྤྱོད་པ་བཟང་ཞིང་སྙིང་རྗེ་འཇམ། །གཅིག་པུ་བདེ་མིན་ཐམས་ཅད་ལ། །ཡིད་མི་རྟོན་ཞིང་དོགས་མི་བྱ། །སུ་ཡང་བདག་གི་དགྲ་ཡིན་དང༌། །བདག་ནི་སུའི་འང་དགྲར་གྱུར་དང༌། །བརྙས་དང་བདག་ལ་གཙོ་བོ་ནི། །མི་བྱམས་ཞེས་ནི་སྨྲ་མི་བྱ། །འགྲོ་བའི་བསམ་པ་ཤེས་ནས་ནི། །གང་ཞིག་ཇི་ལྟར་ཡོངས་མགུ་བ། །དེ་ལ་དེ་བཞིན་རྗེས་འཇུག་ཅིང༌། །གཞན་དག་དགའ་བྱེད་མཛངས་པ་ཡིན། །ཞེས་དང༌། ཚོམས་གསུམ་མེད་པའི་རྩོམ་པ་ལ། །མི་བསྟེན་དེ་དང་འགལ་མི་བྱ། །ཞེས་གསུངས་པའི་དོན་ཕལ་ཆེར་རྟོགས་པར་སླ་ལ། ཚོམས་གསུམ་ཞེས་སོགས་ཀྱི་དོན་ནི། ཟླ་ཟེར་ལས། ཚོམས་གསུམ་ནི་ཆོས་དང་ནོར་དང་ལོངས་སྤྱོད་ཅེས་བྱ་བ་ཡིན་ཏེ། བཞི་པ་ཐར་པ་ནི་ཆོས་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ། །དེ་ལྟ་བུའི་སྡེ་ཚོམས་གསུམ་མེད་ཅིང་སྟོང་པའི་རྩོམ་པ་དེ་སྤྱོད་པའི་འབད་པ་ལ་བརྟེན་པར་མི་བྱ་ཞིང་གནས་པར་མི་བྱ་ཡི། ཅི་ནས་ཆོས་ལ་སོགས་པ་དང་མི་འགལ་བའི་བྱ་བ་གང་ཡིན་པ་དེ་བྱ་ཞིང༌། སྡེ་ཚོམས་གསུམ་པོ་དང་མི་འགལ་བ་ཉིད་དུ་སྐྱེས་བུས་བསྟེན་པར་བྱའོ། །དེ་ཡང་ཆོས་ལ་ཀུན་ཏུ་བསྟེན་པ་ན་ཅི་ནས་ཀྱང་ནོར་དང་ལོངས་སྤྱོད་དང་འགལ་བར་མི་འགྱུར་བ་དེ་ལྟར་བྱ་ལ། ནོར་ལ་བརྟེན་པ་ནའང་ཆོས་དང་འགལ་པར་མི་བྱ་ཞིང༌། ལོངས་སྤྱོད་ལ་བརྟེན་པ་ནའང་ནོར་དང་ཆོས་དང་འགལ་བར་མི་བྱའོ། །ཞེས་དང༌། མེ་ལོང་ལས་ཀྱང༌། སྡེ་བཞིའི་འབྲས་བུའི་དབང་གྱུར་ཉིད། །ཅེས་དང༌། འཇམ་དབྱངས་གྲགས་པ་དང་རཏྣ་ཤྲཱིའི་འགྲེལ་པ་ལ་སོགས་པར། ནོར་དང་ལོངས་སྤྱོད་དང་ཆོས་དང་ཐར་པ་སྟེ་སྡེ་བཞི་པོ་དེ་དག་གང་རུང་གི་འབྲས་བུའི་དབང་དུ་བྱས་པའི་བྱ་བ་ལས་གཞན་དུ་གྱུར་པ་རྩམ་ཞིང་ཉམས་སུ་བླང་བར་མི་བྱའོ། །ཞེས་བཤད་པ་དང་མཐུན་པར་ཉམས་སུ་བླང་བར་བྱ་སྟེ། དེ་འདྲ་བ་ནི་སྡེ་སྣོད་གསུམ་གྱི་སྤྱོད་པ་མདོར་བསྡུས་པའི་ཚུལ་དུ་གསུངས་པ་ཡིན་ནོ།།

གཉིས་པ་ཚིག་གི་དོན་ནི། མོས་པས་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། འགྲོ་བ་མིའི་ལུས་ཅན་སྤྱི་དང་བྱེ་བྲག་ཏུ་སྨན་པ་རྣམས་ཀྱིས་དམ་པའི་ལྷ་ཆོས་ཀྱི་སྤྱོད་པ་དག་ཀྱང་འདི་ལྟར་ཉམས་སུ་བླང་བར་བྱ་དགོས་ཏེ། དེ་ཡང་ཡིད་དང་བ་དང་རབ་ཏུ་མོས་པའི་སྒོ་ནས་ཐོག་མ་ཉིད་དུ་དགེ་བའི་ལམ་སྟོན་ཅིང་མཐོ་རིས་དང་ཐར་པའི་གྲོགས་བྱེད་ནུས་པའི་བཤེས་གཉེན་བསྟེན་ཏེ། ཆོས་ཉན་པ་དང་བསྙེན་ཅིང་བཀུར་བ་ལ་སོགས་པས་མཆོད་པར་བྱ་ཡི། དགེ་བའི་བཤེས་གཉེན་བསྟེན་པའི་ཅིག་ཤོས་མི་དགེ་བའི་བཤེས་གཉེན་ཏེ་སྡིག་པ་དང་ངན་སོང་གི་གནས་ལ་སྦྱོར་བར་བྱེད་པ་གང་ཡིན་པ་རྣམས་ནི་རིང་དུ་སྤང་བར་བྱའོ། །དེས་ན་དགེ་བའི་བཤེས་གཉེན་དེས་གདམས་པའི་སྙིང་པོ་ལ་ལུས་ཀྱི་སྒོ་ནས་གཞན་གྱི་སྲོག་གཅོད་པ། གཞན་གྱི་ནོར་འཕྲོག་ཅིང་རྐུ་བ། ལོག་པར་གཡེམ་པ་སྟེ་ཆུང་མ་ལས་གཞན་དུ་གྱུར་པའི་བུད་མེད་ལ་སྤྱོད་པ་གསུམ་དང༌། ངག་གི་སྒོ་ནས་མི་བདེན་པར་སྨྲ་བ་རྫུན་དང༌། དགོས་པ་མེད་བཞིན་དུ་འབྲེལ་མེད་སྨྲ་བ་ངག་འཆལ་བ་དང༌། ཁྲོས་ཏེ་གཞན་ལ་གནད་དུ་འཛུགས་པ་ཚིག་རྩུབ་དང༌། ཕྲ་མས་མཛའ་བར་སོ་སོར་འབྱེད་པ་དབྱེན་སྦྱོར་བཞི་དང༌། ཡིད་ཀྱི་སྒོ་ནས་གཞན་གྱི་རྫས་ལ་རེ་བ་བརྣབ་སེམས་དང༌། སེམས་ཅན་ལ་སྡང་བར་འཛིན་པའི་གནོད་སེམས་དང༌། ལས་རྒྱུ་འབྲས་དང་འཇིག་རྟེན་ཕ་རོལ་ལ་སོགས་པ་མེད་པར་འཛིན་པ་ལྟ་བ་ཕྱིན་ཅི་ལོག་པ་སྟེ་གསུམ་དང་བཅས་པས་སྡིག་པའི་ལས་མི་དགེ་བ་བཅུ་པོ་དེ་ནི་ལུས་ངག་ཡིད་ཀྱིས་དམ་བཅས་ཏེ་འབད་པས་སྤང་བར་བྱའོ། །གཞན་ཡང་འགྲོ་བ་གང་ལུས་སེམས་མྱ་ངན་གྱིས་རབ་ཏུ་གཟིར་བ་དང༌། ཉམ་ཐག་པའི་ཟུག་རྔུས་གཙེས་པའི་ནད་པ་དང༌། ཟས་གོས་དང་བྲལ་བས་འཕོངས་པར་གྱུར་པ་སྟེ། དེ་ལྟར་སྡུག་བསྔལ་དང་ལྡན་པ་དེ་རྣམས་ལ་ལྷག་པར་ཡང་མྱ་ངན་སེལ་བ་དང༌། གསོ་དཔྱད་དང་སྦྱིན་པ་ཅི་ནུས་པའི་སྒོ་ནས་འབད་པས་ཕན་གདགས་པར་བྱའོ། །དེ་བཞིན་དུ་འབུ་སྲིན་གྲོག་སྤུར་ལ་སོགས་པ་སྲོག་ཆགས་ཕྲ་མོ་ཀུན་ལ་ཡང་དུས་རྟག་ཏུ་རང་ཉིད་དང་འདྲ་བར་བལྟ་བར་བྱའོ། །རང་ཉིད་སྲོག་ལ་གཅེས་པར་འཛིན་ཞིང་བདེ་བར་འདོད། སྡུག་བསྔལ་མི་འདོད་པ་ལྟར་སྲོག་ཆགས་ཕྲ་མོ་དེ་རྣམས་ཀྱང༌། དེ་ལྟར་འདོད་པ་འབའ་ཞིག་ཡིན་པ་དེའི་ཕྱིར་ན་གཅེས་སྤྲས་སུ་བསྐྱང་བར་བྱའོ། །དེ་ལྟར་མ་ཡིན་པ་ནང་མི་ཕན་ཚུན་རྣམས་ལའང་བསླུ་བ་མེད་པ་བདེན་པར་སྨྲ་བ་དང༌། དེས་པས་བཞིན་འཛུམ་ཞིང་དྲང་པོར་མི་བསླུ་བར་སྨྲ་བ་དང༌། རང་ཉིད་ལ་གནོད་པར་བརྩོན་པའི་དགྲ་བོ་ལའང་འཁོན་དུ་མི་འཛིན་པར་ཅི་ནུས་ཀྱིས་ཕན་གདགས་པ་གཙོ་བོར་བྱ་དགོས་ན་གཞན་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཕྱོགས་རིས་མེད་པའི་སེམས་ཅན་ཐམས་ཅད་ལ་རབ་ཏུ་བྱམས་པའི་སྒོ་ནས་བྱང་ཆུབ་མཆོག་གི་སེམས་གཉིས་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་ཞེ་ཐག་པ་ནས་སྨོན་པའི་སྨོན་པ་སེམས་བསྐྱེད་དང༌། དེའི་ཆེད་དུ་གཞན་ལ་ཕན་ཅི་ཐོགས་སུ་འཇུག་པའི་འཇུག་པ་སེམས་བསྐྱེད་གཉིས་པོ་ཆོ་ག་བཞིན་དུ་བླང་ཞིང་མ་ཉམས་པར་བསྲུང་བ་དང༌། ལུས་ངག་ཡིད་གསུམ་ག་དུལ་ཞིང་ནོར་ལ་ཕངས་མེད་གཏོང་བའི་སེམས་དང་ལྡན་པར་བྱེད་པ་སྟེ། མདོར་ན་གཞན་རྣམས་ཀྱི་དོན་ལའང་རང་ཁོ་ནའི་དོན་དང་འདྲ་ཞིང་ཁྱད་པར་མེད་པར་སེམས་པས་དུས་རྟག་ཏུ་ཉམས་སུ་ལེན་པ་དེ་དག་ནི་སྐྱེས་བུ་དམ་པ་རྣམས་ཀྱི་སྤྱོད་པ་མཐར་ཐུག་པ་ཡིན་པས་ན་ཐར་འདོད་ཀུན་གྱིས་ཉམས་སུ་བླང་བར་བྱའོ། །ཞེས་གསུངས་པ་ཡིན་ནོ།

བྱང་ཆུབ་ཀྱི་སེམས་ཉིད་བསྐྱེད་པའི་ཕན་ཡོན་ནི། སྤྱོད་འཇུག་ལས། དེང་ནས་བརྩམས་ཏེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཚོགས། །ནམ་མཁའ་མཉམ་པ་དུ་མ་ཞིག །རྒྱུན་མི་འཆད་པ་འབྱུང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པས་ནན་ཏན་དུ་བྱའོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ཉིན་རེ་བཞིན་དུ་སྤྱོད་པའི་ལས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ། །ཞེས་པའི་དོན་ཏོ།། །།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 4:38 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།