སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་གཉིས་པ། སྔོ་སྦྱོར་གྱི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.09.2011
ཕྱི་མ་རྒྱུད། >> ལེའུ་བཅུ་གཉིས་པ། སྔོ་སྦྱོར་གྱི་སྡེ་ཚན་བསྟན་པ།

ཞི་བྱེད་བཅུ་པ་སྔོ་སྦྱོར་གྱི་ལེའུ་བསྟན་པ་ལ་གསུམ། དྲི་བས་མཚམས་སྦྱར་བ་ལན་གྱིས་རྒྱས་པར་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཡང་ཞེས་པ་ནས་ཞུས་པ་ལས་ཞེས་པའི་བར་ཚིགས་བཅད་ཕྱེད་དང་གསུམ་གྱིས་བསྟན་ཏེ། ཞི་བྱེད་དགུ་པ་རིན་པོ་ཆེའི་སྦྱོར་བ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས། ཡང་གསུང་ལས་སྤྲུལ་པའི་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་སྟོན་པ་ལ་ཕྱག་དང་བསྐོར་བ་བྱས་ཏེ་འདི་སྐད་ཅེས་ཞུས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། སྔོན་དུ་ཞི་བྱེད་ཀྱི་སྦྱོར་བ་ཐང་ནས་སྨན་ཆང་གི་སྡེའི་བར་བརྒྱད་དང་རིན་པོ་ཆེའི་སྦྱོར་བ་རྣམས་གསུངས་པས་གསོ་བར་བྱ་བའི་ནད་བཞི་བརྒྱ་རྩ་བཞི་ལ་མི་སེལ་བ་གང་ཡང་མེད་མོད་ཀྱང་ནམ་ཞིག་ལྔ་བརྒྱ་ཐ་མ་སྟེ་སྙིགས་མ་ལྔ་བདོ་བའི་དུས་སུ་སླེབ་ཙམ་ན། དབུལ་པོའི་ནད་པ་རྣམས་ཀྱིས་བླུ་མི་ཐེག་ཅིང༌། མཐའ་འཁོབ་བོད་ཀྱི་ཡུལ་དུ་བཙལ་བས་རྙེད་པར་དཀའ་ལ་ཐག་རིང་གི་ཡུལ་དུ་བཙལ་ན་ཡུན་དུ་འགོར་བས། དེ་འཚོལ་རིང་ནད་པ་འཆོར་བའི་ཉེན་དུ་འགྱུར་བ་དེའི་ཕྱིར་ས་ལས་སྐྱེས་པའི་སྔོ་རྣམས་ཀུན་སྐྱེས་ཚད་མཐོང་ཚད་ལྟ་བུ་སྨན་དུ་སྦྱར་བའི་ཐབས་དབུལ་པོའི་ནད་པ་རྣམས་ཀྱི་དོན་དུ་ཞུ་བས་འཚོ་མཛད་སྨན་པའི་རྒྱལ་པོ་ཁྱོད་ཀྱིས་ལེགས་པར་བཤད་དུ་གསོལ་ཞེས་ཞུས་པ་ལས་ཞེས་སོ། །གཉིས་པ་ལན་གྱིས་རྒྱས་པར་བཤད་པ་ལ་གསུམ། སྔོ་སྦྱོར་མེད་ཐབས་མེད་པའི་དཔེ་དོན་དང་བཅས་ཏེ་བསྟན་པ། ནུས་པའི་ལོག་རྟོག་བསལ་བ། ཆོ་གའི་ཁྱད་པར་བ་དང་བཅས་ཏེ་བསྟན་པའོ། །དང་པོ་ནི། སྟོན་པས་ཞེས་པ་ནས་སྦྱོར་བ་བསྟན་ཞེས་པའི་བར་ཚིགས་བཅད་གསུམ་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལྟར་ཡང་དྲོང་སྲོང་ཡིད་ལས་སྐྱེས་ཀྱིས་དེ་སྐད་ཅེས་ཞུས་པའི་ལན་དུ། སྟོན་པས་གསུངས་པ་ཀྱེ་མ་ཤིན་ཏུ་ལེགས་སོ་ལེགས་སོ། །དྲང་སྲོང་ཡིད་ལས་སྐྱེས་ཁྱོད་ཀྱིས་ཞུས་པའི་གཏམ་དེ་ནི་ཤིན་ཏུ་བདེན་པ་ཡིན་པས་ལྔ་བརྒྱ་དུས་ཀྱི་ཐ་མར་སླེབས་པའི་ཚེ། ས་ལ་སྐྱེས་ཚད་དང་མིག་གིས་མཐོང་ཚད་ལྟ་བུ་སྨན་དུ་མ་ཁོལ་ན་གཞན་ནུས་ལྡན་གྱི་རྩི་སྨན་རིན་པོ་ཆེ་སོགས་དཀོན་པས་བཙལ་དུ་ག་ལ་རྙེད་དེ། དཔེར་ན། ལྷ་དང་ཀླུའི་ནོར་བུ་རིན་པོ་ཆེ་དགོས་འདོད་ཐམས་ཅད་འབྱུང་བ་སོགས་ཡོན་ཏན་དུ་མ་དང་ལྡན་ཀྱང་ལག་ཏུ་མི་ལོན་པ་དང་འདྲ་ཞིང་རྙེད་པར་དཀའ་ལ་གལ་ཏེ་རྙེད་ཀྱང་དབུལ་པོའི་ནད་པས་ཅི་ལ་ཐེག་པས། དཔེར་མཚོན་ན་ཟོང་མེད་པའི་མི་ཚོང་དུས་སུ་འཁྱམས་པ་དང་འདྲ་བར་དོན་མེད་དོ། །དེ་ལྟ་བས་ན་ཡུལ་མཐའ་འཁོབ་ཀྱི་དབུལ་པོའི་ནད་རྣམས་བསལ་བའི་ཕྱིར། བྱམས་པའི་སེམས་ཀྱིས་སྔོའི་སྦྱོར་བ་སྟན་པར་བྱའོ་ཞེས་པའོ། །གཉིས་པ་ནུས་པའི་ལོག་རྟོག་བསལ་བ་ནི། འོན་ཀྱང་སོགས་ཚིགས་བཅད་བྱེད་དེ། འོན་ཀྱང་ནུས་པ་རྩི་དང་རིན་པོ་ཆེའི་སྨན་དེ་རྣམས་ལས་སྔོརང་ཆེ་བ་ཡིན་ཏེ་དཔེར་ན། བསིལ་བའི་ནུས་པའི་སྒོ་ནས། ག་བུར་ཉིད་ཀྱང་ཟིལ་གྱིས་གནོན་པར་ནུས་པའི་སྔོ་ཡང་ཡོད་དོ་ཞེས་པའོ། །གསུམ་པ་ཆོ་ག་ཁྱད་པར་བ་དགོས་ཚུལ་བསྟན་པ་ལ། མདོར་བསྟན་རྒྱས་བཤད་གཉིས་ཀྱི་དང་པོ་ནི། སྔོ་མི་སྐྱེ་བའི་ཞེས་པ་ནས་སྦྱར་བའོ་ཞེས་པའི་བར་ཚིགས་བཅད་གཅིག་གིས་བསྟན་ཏེ། དེ་ལྟར་སྔོ་མི་སྐྱེ་བའི་ཡུལ་ནི་གཅིག་ཀྱང་མེད་མོད་དེ་ལའང་ནུས་པ་ཁྱད་པར་ཅན་འབྱུང་བའི་ཕྱིར། གཅེས་པའི་ཡན་ལག་བདུན་དང་ལྡན་པ་དགོས་ཏེ། སྐྱེ་སར་སྐྱེས་པ་དང༌། དུས་སུ་བཏུས་པ། སྐམ་སྲེད་ལེགས་པ། སོ་མ་རྙིང་པ། དུག་འདོན་པ། འཇམ་བཙལ་བ། འཕྲོད་པ་སྦྱར་བ་དང་བདུན་ཡོད་དོ་ཞེས་པའོ། །འདིར་མདོར་བསྟན་ལ། དུག་འདོན་ས་བཅད་ལྔ་པར་ཡོད་ཀྱང་རྒྱས་བཤད་སྐབས་སུ་གསུམ་པར་བྱུང་བ་སྔ་མ་འདིར་ཚིགས་བཅད་ཀྱི་དབང་ལས་ཡིན་ནམ་སྙམ་མོ། །གཉིས་པ་རྒྱས་པར་བཤད་པ་ལ། སྤྱིའི་དོན་ཚིག་དོན་གཉིས་ཀྱི་དང་པོ་ནི། ཟླ་ཟེར་ལས། ས་ཕྱོགས་སྐམ་ཞིང་ཆ་མཉམ་པ། །གཞི་མཉམ་གཙང་ཞིང་ས་གཞི་བཟང༌། །དུར་ཁྲོད་ཤིང་ཆེན་ལྷ་གནས་དང༌། གཡང་ས་གྲོག་མ་ཅན་མ་གཏོགས། །འཇམ་ཞིང་ཆུ་ནི་གཡས་ནས་འབབ། །འཇག་མ་དུར་བ་དབལ་ལྡན་པ། །ཐོང་ལྕགས་ཀྱིས་ནི་མ་བསྣད་པ། །ལྗོན་ཤིང་གྲིབ་མས་མ་འཕོག་པ། །ཁ་དོག་བཅུད་ལ་སོགས་དང་ལྡན། །སྨན་སྐྱེས་པ་ནི་བསྔགས་པ་ཡིན། །འབུས་མ་ཟོས་ཤིང་མེས་མ་ཚིག །འབྱུང་བ་སོགས་ཀྱིས་གནོད་མ་གྱུར། །ཉི་གྲིབ་ཆུ་ལ་སོགས་མ་ཉེན། །ཇི་བཞིན་དུས་སུ་བསྟེན་གྱུར་པ། །རྩ་བ་ཆེ་ཞིང་གཏིང་དུ་ཟུག །བྱང་གི་ཕྱོགས་སུ་བསྟེན་པ་བཟང༌། །ཞེས་བྱ་བ་ལ་སྨན་སྐྱེ་བའི་ས་ཕྱོགས་སྐམ་སར་གྱུར་ཅིང་བརླན་གྱི་ཤས་ཆུང་བ། དྲོ་གྲང་གི་ཆ་མཉམ་པ་གཞི་མཉམ་ཞིང་མཐོ་དམན་མེད་པ་གཙང་ཞིང་དག་པས་གཞི་བཟང་བ་སྟེ། སྣུམ་ཞིང་མདངས་དང་ལྡན་པ་དང་གནག་པ་དང༌། གསེར་གྱི་མདོག་ཅན་ལ་རོ་མངར་བའི་ས་ཡོད་པ་དང༌། དེ་བཞིན་དུ་དུར་ཁྲོད་ལ་སོགས་པ་མ་ཡིན་པའི་ས་ཕྱོགས་དང༌། མཆོད་རྟེན་ནམ་ཤིང་ཆེན་ཏེ་གྲོང་གི་ཕྱི་རོལ་ན་ཤིང་ཆེན་པོ་གཅིག་པུར་གནས་པ་དང༌། ལྷ་ཁང་སྟེ་ལྷ་རྣམས་ཀྱི་གནས་སུ་བྱས་པའི་ཁང་པ་དང༌། གཡང་ས་སྟེ་གད་ཁ་དང༌། གྲོག་མ་ཅན་གྱི་ས་ལས་སྐྱེས་པ་མ་གཏོགས་པ། འཇམ་ཞིང་ས་ཕྱོགས་རྩུབ་ཤས་མེད་པ་དང༌། ཆུ་གཡས་ཕྱོགས་ནས་འབབ་པ་དང༌། དེ་བཟིན་དུ་འཇག་མ་དང་དཱུར་བའི་ནེའུ་གསིང་གིས་ཁྱབ་ཅིང་གདལ་བ་དང༌། དེ་བཞིན་དུ་གཤོལ་གྱི་ཐོང་ལྕགས་ཀྱིས་རྨས་ཤིང་བསྣད་པར་མ་གྱུར་པ་དང༌། ལྗོན་ཤིང་གི་གྲིབ་མས་ཁེབས་པར་མ་གྱུར་པ་དང༌། གཞན་ཡང་སྦྲུལ་ལ་སོགས་པ་གདུག་པས་འཕོག་པར་མ་གྱུར་པ་དང༌། དེ་ལྟ་བུའི་ས་ཕྱོགས་སུ་སྐྱེས་པར་གྱུར་བའི་སྨན་ནི་བསྔགས་ཤིང་ཤིས་པ་ཡིན་པར་བཤད་དོ།།

        ཡང་སྨན་དེ་ཡང་སྲིན་བུ་རྣམས་ཀྱིས་མ་ཟོས་ཤིང་མ་རྨས་པ་དང༌། ནགས་ཀྱི་མེས་མ་ཚིག་པ་དང༌། གྲང་ལྷགས་ལ་སོགས་པ་འབྱུང་བའི་གནོད་པ་རྣམས་ཀྱིས་གནོད་པར་མ་གྱུར་པ་དང༌། ཉི་མ་དང་གྲིབ་མ་དང་ཆུ་ལ་སོགས་པས་མ་ཉེན་ཞིང་གནོད་པར་མ་གྱུར་པའི་སྨན་དེ་དུས་ཇི་ལྟ་བ་བཞིན་དུ་བཏུས་པ་དང༌། རྩ་བ་ཆེ་ཞིང་སའི་གཏིང་དུ་ཟུག་པ་དང༌། བྱང་གི་ཕྱོགས་ན་གནས་པ་གང་ཡིན་པ་དེ་བཟང་ངོ༌། །དེ་ནས་དགེ་བ་ལ་སྤྱོད་ཅིང༌། །དད་ལྡན་གཙང་སྦྲ་སྨྱུང་བ་བྱས། །སྨན་ནི་ལེགས་པར་གནས་པ་བཏུ། །འོ་མར་བཅས་པ་དུས་སུ་སྦྱར། །བུ་རམ་མར་དང་སྦྲང་རྩི་དང༌། །པི་པི་ལིང་དང་བྱི་ཏང་ཀ། །འབྲུ་རྣམས་མ་གཏོགས་འོ་མ་མེད། །ལོ་གཅིག་འདས་པར་མ་གྱུར་སྦྱར། །ཞེས་བྱ་བ་ལས་དེ་ནས་ཞེས་བྱ་བ་ནི་བཀྲ་ཤིས་པའི་དོན་ཏེ་དེ་ལྟར་སྨན་བཏུ་བ་དེ་ཡང་སྨན་པ་དགེ་བ་ལ་སྤྱོད་ཅིང་གནས་པ་དང༌། དད་པ་དང་ལྡན་ཞིང་ངང་ཚུལ་བཟང་བ་དང༌། ཁྲུས་དང་གཙང་སྦྲ་བྱས་པ་དང༌། སྨྱུང་བ་བྱས་པས་སྨན་ལེགས་པར་གནས་ཤིང་འདུག་པ་བཏུ་ཞིང་བླང་བར་བྱ་ལ། བཏུས་ནས་ཀྱང་ཡོན་ཏན་དང་ལྡན་ཞིང་དེ་དང་འཚམ་པའི་སྣོད་དུ་བཅུག་ལ། དུས་སུ་འོ་མ་དང་བཅས་པ་སྦྱར་བར་བྱ་ལ། འོ་མ་མེད་པའི་སྨན་ནི་ལོ་གཅིག་འདས་པར་མ་གྱུར་པ་སྤྱད་པར་བྱ་སྟེ། དེ་ལས་བུ་རམ་ལ་སོགས་པ་ནི་མ་གཏོགས་ཏེ། དེ་དག་ནི་རྙིང་པ་ཉིད་བཟང་བ་ཡིན་ནོ། །ཞེས་དང༌། གདགས་སྲིབས་སྐྱེ་ཡུལ་གྱི་ཁྱད་པར་ཡང་དེ་ནིད་ལས། གངས་ཅན་འབིགས་བྱེད་རི་ཡིས་ནི། །ས་གཞི་ཕལ་ཆེར་ཁྱབ་པ་ཡིན། །དེ་ལས་དང་པོ་བསིལ་ཞིང་ཕན། །འབིགས་བྱེད་སྨན་ནི་མེའི་རང་བཞིན། །ཞེས་བྱ་བ་ལས་རི་བོ་གངས་ཅན་དང༌། རི་བོ་འབིགས་བྱེད་གཉིས་ཀྱི་རང་བཞིན་གྱིས་ས་གཞི་འདི་ཕལ་ཆེར་ཁྱབ་པ་ཡིན་ལ། དེ་གཉིས་ཀྱི་ནང་ནས་དང་པོ་རི་ཁ་བ་ཅན་ལས་སྐྱེས་པའི་སྨན་རྣམས་ནི་རང་བཞིན་བསིལ་ཞིང་ཕན་པ་ཡིན་ཏེ། དེ་ནི་ཞི་ཞིང་གྲང་བའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །འབིགས་བྱེད་ཀྱི་རིའི་རང་བཞིན་ནི་དྲོ་བ་ཡིན་པའི་ཕྱིར་མེའི་རང་བཞིན་ཅན་ཡིན་པར་ཤེས་པར་བྱའོ། །ཞེས་སོགས་གསུངས་པས་ཀྱང་ཤེས་པར་ནུས་སོ། །གཉིས་པ་ཚིག་གི་དོན་ལ་བདུན་གྱི་དང་པོ་ནི། སྐྱེས་སོགས་ཚིགས་བཅད་གཅིག་སྟེ། སྔོ་སྐྱེས་པའི་ས་ནི། ས་ཕྱོགས་གཙང་ཞིང་ཉམས་དགའ་བ། བུདྡྷ་སྟེ་སངས་རྒྱས་ཀྱི་ཞབས་ཀྱིས་བཅགས་ཤིང༌། བཀྲ་ཤིས་ཀྱི་ཡོན་ཏན། དགེ་བ་བཅུ་ལ་སོགས་པ་དང་ལྡན་ཞིང༌། ས་གཞི་གཤིན་པ་ཚྭ་སྒོ་སོགས་མེད་པ། གངས་ཅན་དེ་སྲིབས་ཀྱི་རི་ལ་བསིལ་སྨན་དང༌། འབིགས་བྱེད་ཅེས་པ་གདགས་ཀྱི་རི་ངོས་སུ་དྲོད་སྨན་སྐྱེས་པ་དེ་ནི་བསིལ་དྲོད་རང་རང་གི་གནས་སུ་སྐྱེས་པའི་ཕྱིར་གདགས་སྲིབས་གོ་མ་ལྡོག་པར་བཟང་ལ། དེ་ཡང་ཉི་ཟླའི་འོད་འཕོག་པ་ཚ་བ་སིལ་གྱི་ནུས་པ་སྟོབས་དང་ལྡན་པ་དེ་འདྲ་བར་སྐྱེས་པ་ནི་སྐྱེ་སར་སྐྱེས་པ་ཞེས་བྱ་སྟེ་ཡོན་ཏན་མཆོག་ཏུ་གྱུར་པ་ཡིན་ནོ་ཞེས་པའོ། །རྟོགས་དཔྱོད་དང་ལྡན་པ་དག །དེ་ལྟ་ན་བོད་འདི་ཐ་སྙད་རྣམ་འཇོག་གི་སྐབས་སངས་རྒྱས་སྤྲུལ་པའི་སྐུ་ཉིད་ཀྱིས་དངོས་སུ་ཞབས་ཀྱིས་མ་བཅགས་པར་གྲགས་པས་ནོངས་སོ་ཞེ་ན་སྐྱོན་མེད་དེ། སྟོན་པ་མ་ག་དྷ་རྡོ་རྗེའི་སྙིང་པོར་མངོན་པར་རྫོགས་པར་སངས་རྒྱས་ནས་བདུན་ཕྲག་གཉིས་པ་ལ་དབང་སྒྱུར་གྱི་གནས་སུ་རྡོ་རྗེ་སྙིང་པོས་ས་བཅུ་པ་དང༌། སྟོན་པས་རྣམ་སྣང་མངོན་བྱང་གི་རྒྱུད་གསུངས། སྤྲུལ་པའི་སྐུས་ནི་སྟོང་གསུམ་ཞབས་ཀྱིས་བཅགས་སོ་ཞེས་འབྱུང་བས་སོ། །ཞེས་སྨོས་ཀྱང་རུང་མོད། འོན་ཀྱང་དངོས་བསྟན་ནི། གཙོ་བོར་སངས་རྒྱས་སྤྲུལ་པའི་སྐུས་མཛད་པ་བཅུ་གཉིས་ཀྱི་ཚུལ་སོགས་གང་དུ་བསྟན་པ་རྣམས་དང༌། གཞན་ཡང་རྒྱ་བོད་ཀྱི་སྐྱེས་ཆེན་པཎ་གྲུབ་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་ཞབས་ཀྱིས་བཅགས་པ། གདོད་ནས་གྲུབ་པའི་གནས་ཆེན་རྣམས་སུ་སྐྱེས་པ་མཆོག་ཏུ་གྱུར་ཞིང་བཟང་བ་ཡིན་ཞེས་བསྟན་པ་ཡིན་ཏེ། དེ་ལྟར་མིན་ན་གོང་གི་རིག་པ་དེ་ལ་སྟོང་གསུམ་གྱི་སྨན་ཐམས་ཅད་བཟང་བར་ཐལ་བའི་སྐྱོན་འཇུག་པའི་ཕྱིར་རོ།།

        གཉིས་པ་དུས་སུ་བཏུས་པ་ནི། །བཏུ་དུས་སོགས་ཚིགས་བཅད་བཞི་དང་རྐང་པ་གཅིག་གིས་བསྟན་ཏེ། སྔོ་སྨན་དེ་དག་བཏུ་བའི་དུས་ནི། རྩ་བ་ཡལ་ག་སྡོང་པོ་གསུམ་དང་ལྡན་པ་ནི་སྡོང་བོའི་རིགས་ཡིན་པས་ན། རུས་པ་དང༌། རྩ་དང་ཤའི་ནད་སེལ་ཕྱིར་དེ་རྣམས་སྟོན་ཀ་རྩི་ཏོག་བསྐམས་པའི་དུས་སུ་བཏུ་བར་བསྔགས་ལ། ལོ་མ་དང་ཞོ་ནི་བཅད་མཚམས་ནས་འཛག་པའི་ནུ་ཞོའི་འོ་མ་དང༌། མྱུ་གུ་གསུམ་ནི་ལོ་མའི་རིགས་ཡིན་པས་སྣོད་དྲུག་དང་རྐང་དང་ལྷ་བའི་ནད་སེལ་བས། དབྱར་གུང་འདབ་རྒྱས་ཆར་གྱི་དུས་སུ་བཏུ་བར་བསྔགས་སོ། །མེ་ཏོག་འབྲས་བུ་རྩེ་མོ་གསུམ་ནི། འབྲས་བུའི་རིགས་ཡིན་པས་མིག་སོགས་དབང་པོ་དང་དོན་ལྔ་མགོ་བོ་རྣམས་ཀྱི་ནད་སེལ་བས་སྟོན་ཀ་སྐྱི་སེར་ལངས་ཤིང་འབྲས་དྲུག་སྨིན་པའི་དུས་སུ་བཏུ་བར་བསྔགས་སོ། །སྐོགས་པ། བར་ཤུན། ཚི་བ་ཞེས་པ་ཐང་ཆུའི་རིགས་རྣམ་པ་གསུམ་ནི་ཤུན་པའི་རིགས་ཡིན་པས་པགས་པ་དང་རྒྱུས་པ་ཡན་ལག་གི་ནད་སེལ་བ་དེ་རྣམས་ནི། སྔོ་ཤིང་ཁ་འབུས་པ་དཔྱིད་ཀྱི་དུས་སུ་བཏུ་བར་བསྔགས་སོ། །གཞན་ཡང་བཤལ་སྨན་རྣམས་ནི་སྔོ་ཤིང་ཁ་འབུས་མེ་རླུང་གི་ནུས་པ་གྱེན་དུ་འདྲེན་པའི་དུས་སོ་ག་བཏུ་ཞིང༌། ཁྱད་པར་སྤྱིའི་དུས་ནི་ཟླ་བ་ཡར་ངོའི་དུས་བཟང་པོ་བདུད་རྩི་སྦྱོར་བ་སོགས་གཟའ་སྐར་ཕུན་སུམ་ཚོགས་པ་ལ། གྲོང་པའི་ཆོས་ཀྱིས་མ་གོས་པ་གཙང་མའི་བྱིས་པ། མིང་བཀྲ་ལེགས་པ་ཁྲུས་བྱས་རྒྱན་གོས་ཀྱིས་མཛེས་པར་བརྒྱན་ཏེ་སྨན་བླའི་གཟུངས་སྔགས་དང༌། རྟེན་འབྲེལ་སྙིང་པོ་སོགས་བཟླ་ཞིང་བཏུ་བར་བྱ་བ་ཡིན་ནོ་ཞེས་པའོ། །གསུམ་པ་དུག་འདོན་པ་ནི། དུག་དང་ཕྲལ་བ་སོགས་རྐང་པ་དྲུག་སྟེ། སྔོན་སྨན་དེ་དག་བཏུས་པས་མི་ཆོག་པར་དུག་དང་ཕྲལ་བ་གལ་ཆེ་བས། དེ་ཡང་རྩ་བའི་སྨན་ལ་རྩ་བ་དང་དེ་གའི་བར་ཤུན་ལྟ་བུ་དང༌། སྡོང་པོའི་སྨན་ལ་དེའི་ནང་གི་རྐང་སྐྱ་གསོབ་དེ་དུག་ཡིན་ལ། དེ་བཞིན་དུ་ཡལ་གའི་སྨན་ལ། དེའི་ཚིགས་པ་དེ་དང༌། ངར་པ་ལ་ལོ་མའི་རྐང་ངམ་ཡུ་བ། མེ་ཏོག་གི་སྨན་གྱི་རིགས་ལ་དེའི་གོས་ཏེ། མེ་ཏོག་གི་གང་བུའི་པགས་པ་དང༌། འབྲས་བུའི་སྨན་ལ་དེ་གའི་ནང་གི་རུས་པ་དེ་ལྟ་བུའི་དུག་ཡིན་ལ། དེ་ཡང་ཞོ་དང་རྐང་དང༌། ཚི་བ་ཞེས་པ་གསུམ་ལ་དུག་མེད་དེ། པགས་པའི་ཕྱིའི་དྲེག་པ་ནི། པགས་པའི་སྨན་གྱི་དུག་ཡིན་ལ། དེ་བཞིན་དུ་ཤ་གདན་བར་ཤུན་གྱི་དུག་ཡིན་པས་ན་དུག་དེ་རྣམས་ལེགས་པར་ཕྲལ་ན་སྔོའི་སྨན་འཇམ་ཞིང་འཇུ་སླ་བ་ཡིན་ལ། གོང་དུ་སྨོས་པའི་དུག་དེ་རྣམསཀྱིས་དངོས་སུ་སྲོག་འཕྲོག་པར་བྱེད་པ་ལྟ་བུ་མ་ཡིན་ཀྱང༌། སྨན་དེ་རྣམས་རྩུབ་ཅིང་འཇུ་དཀའ་བའི་སྐྱོན་དུ་འགྱུར་བ་ཡིན་ནོ། །ཞེས་པའོ། །བཞི་པ་སྐམ་སྲེད་ནི། སྐམ་སྲེད་ཚིགས་བཅད་གཅིག་དང་རྐང་པ་གཅིག་སྟེ། སྔོ་ཡི་སྨན་དེ་དག་བཏུས་ནས་སྐམ་སྲེད་གལ་ཆེ་བས་སྨན་གང་ཡིན་ཡང་བཏུས་པའི་དུས་དེ་མ་ཐག་བརྡུང་ཞིང་ཁུ་བ་མ་ཕྱུངས་པར་རྨ་ཕབ་ལ། བསིལ་སྨན་རྣམས་གྲིབ་མ་དང་ལྷགས་པས་སྐམ་ཞིང༌། དྲོད་སྨན་རྣམས་མེ་དང་ཉི་མས་ལེགས་པར་སྐེམ་ལ། དེ་ཡང་དྲོད་སྨན་རྣམས་རླུང་བསིར་བུས་མ་ཞིག་པ་དང༌། བསིལ་སྨན་རྣམས་མེ་དང་ཉི་མས་མ་གདུངས་པ་བསིལ་དྲོད་ཐམས་ཅད་ལ་དུ་བ་མ་ཕོག་པ་དང༌། སྨན་གཞན་གྱི་དྲི་མས་མ་གོས་པ། རང་རང་གི་ནུས་པ་དང་ལྡན་པ་ལ་ཡོན་ཏན་དཔག་ཏུ་མེད་དོ་ཞེས་པའོ།།

        ལྔ་པ་སོ་མ་རྙིངས་པ་ནི། སོ་མ་སོགས་ཚིགས་ཕྱེད་ཀྱིས་བསྟན་ཏེ། དེ་ཡང་སོ་མ་རྙིངས་པ་སྟེ་སྔོ་སྨན་དེ་དག་བཏུས་ནས་ལོ་དུས་མ་ལོན་པ་ཞིག་ངེས་པར་དགོས་ལ། ལོ་དུས་འདས་ན་ནུས་པ་འཆོར་བའི་ཕྱིར་ལོ་དུས་སུ་རྙིང་པ་དོར་ཞིང༌། གསར་པ་སྤོ་བ་སྟེ་བསྒྲུབ་པར་བྱའོ་ཞེས་པའི་དོན་ཏོ། དྲུག་པ་འཇམ་བཙལ་བ་ནི། འཇམ་བཙལ་སོགས་ཚིགས་བཅད་གཉིས་དང་རྐང་པ་གསུམ་གྱིས་བསྟན་སྟེ། དེ་ལྟར་འཇམ་བཙལ་བ་གསུམ་དུ་ཡོད་པ་སྦྱོར་བའི་སྒོ་ནས་འཇམ་བཙལ་བ་དང༌། ཁ་འཛིན་གྱི་སྒོ་ནས་འཇམ་བཙལ་བ་དང༌། གཉེན་པོའི་སྒོ་ནས་འཇམ་བཙལ་བ་དང་གསུམ་དུ་ཡོད་པའི་སྦྱོར་བས་འཇམ་བཙལ་བའི་ཐབས་སུ་སྨན་རིགས་མཐུན་མང་པོ་སྣ་སྤྲད་དེ་གཏོང་བ་དང༌། ཁ་འཛིན་གྱིས་འཇམ་བཙལ་བ་ནི། ཕོ་བ་དོན་སྣོད་རྣམས་གང་ལ་བབས་པའི་ཁ་འཛིན་གྱི་སྨན་དང་བཅས་ཏེ་བསྟེན་པ་དང༌། གཉེན་པོས་འཇམ་བཙལ་བ་སྔོ་རྣམས་ཐམས་ཅད་ནུས་པ་རྩུབ་པས་ལུས་ཀྱི་རླུང་འབུད་པ་དང༌། ཕོ་བའི་མེ་དྲོད་གསོད་ཅིང་ལུས་ཟུངས་སྐེམས་པར་བྱེད་པ་ཡིན་པས། དེའི་ཕྱིར་ན་གཉེན་པོའི་སྨན་རླུང་གནོན་པའི་ཕྱིར་ཤ་ཆེན་དང་བུར་རྙིང༌། ཕོ་བའི་མེ་གསོ་བའི་ཕྱིར་སེ་འབྲུ་དང་པི་པི་ལིང༌། ལུས་ཟུངས་རྒྱས་པར་བྱེད་པའི་ཕྱིར་ཨ་རུ་ར་རྣམས་སྔོ་སྦྱོར་ཐམས་ཅད་ལ་བསྣན་པའམ། དེ་རྣམས་མ་འཛོམས་ན་སྔོ་རྣམས་ཁནྜར་བྱས་པ་ཤིས་པ་ཡིན་ནོ་ཞེས་པའོ། །བདུན་པ་འཕྲོད་པར་སྦྱར་བ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། འཕྲོད་པར་སོགས་རྐང་པ་གསུམ་སྟེ། སྔོ་དེ་དག་འཕྲོད་པར་སྦྱར་བའི་ཐབས་ནི་གནད་རྣམ་པ་གསུམ་པོ་ཤེས་པ་ཡིས་བསིལ་དྲོད་མ་འདྲེས་པར་མཐུན་བསྡེབས་སུ་སྦྱར་བར་བྱས་ཏེ་གཏོང་དགོས་ལ། དེ་ལ་ཡང་དབྱེ་ན་ཚ་སེལ་དང་གྲང་སེལ་གཉིས་སུ་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། ཚ་སེལ་བཤད་པ་དང༌། གྲང་སེལ་བཤད་པའོ། །དང་པོ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ནི། ཚ་སེལ་སོགས་རྐང་པ་གཅིག་སྟེ། ཚ་སེལ་དེ་ལའང་ཐུན་མོང་བ་གཅིག་དང༌། གཙོ་བོ་བཞི་ལ་ཁ་བསྒྱུར་བའི་སྦྱོར་བ་ཉེར་བདུན་དེ་གཉིས་སུ་ཡོད་དོ་ཞེས་པའོ། །གཉིས་པ་ལ་གཉིས་ཀྱི་དང་པོ་ནི། ཐུན་མོང་སོགས་ཚིགས་བཅད་གསུམ་དང་རྐང་པ་གཅིག་གིས་བསྟན་ཏེ། ཐུན་མོང་བའི་སྔོ་སྦྱོར་དེ་ལ། དཔེ་རྒྱལ་པོ། བཙུན་མོ། སྲས། བློན་པོ། འབངས། དམག་དཔོན། དམག་མི། ཆིབས་པ་དང་བཅས་པའི་གཡུལ་ཆེན་པོ་སྤྲོད་པ་དང་མཚུངས་པར་སྦྱོར་བར་བྱ་བ་ཡིན་ཏེ། རྒྱལ་པོ་ཟླ་བ་བསིལ་བའི་བདུད་རྩི་ཞེས་པ་གཡའ་ཀྱི་མ་སྟེ་ཟངས་ཀྱི། ལྕགས་ཀྱི། གསེར་ཀྱི། དངུལ་ཀྱི་སྟེ་མེ་ཏོག་གིས་ཕྱེ་བའི་རིགས་བཞི་ཡོད་ལ་ནུས་པ་གཅིག་ཅིང༌། ངོ་བོ་ནི་འདབ་མ་གསེར་གྱི་པ་ཏྲ་འདྲ་བ། །གཡའ་ཀྱི་སྔོན་པོས་སྙིང་གི་ཚད་པ་སེལ། །རང་གི་ནུས་པས་ཚད་པ་འདྲེན་པ་བྱེད། །ཅེས་དང་འཁྲུངས་དཔེ་ལས། གཡའ་ཀྱི་སྔོན་པོ་རི་གཉན་གཡའ་ལ་སྐྱེ། །ལོ་མ་མེ་ཏོག་སྔོ་ལ་ཅུང་ཟད་སྐྱ། །རོ་ནི་ཁ་ལ་ནུས་པས་ནད་རྣམས་སྐྱུགས། །ཆིག་ཐང་སྙིང་གི་ཚད་པ་སེལ་བར་བྱེད། །ཅེས་པ་དེ་ཡིན་ལ། བཙུན་མོ་ལྟ་བུ་རེ་སྐོན། སྲོ་ལོ་དཀར་པོ། སྲས་ལྟ་བུ་འཇིབ་རྩི། བློན་པོ་ལྟ་བུ་དུག་དང་འཁྲུགས་ལ་སྒོང་ཏོག་པ་སྟེ་མེ་ཏོག་སེར་པོ། གང་བུ་དང༌། འབྲས་བུ་ཕྲ་མོ། འདྲེ་མོ་ཡུངས་ཀར་རམ། འདྲེ་དཔལ་ཁང་ཞེས་པ་དེ་དང༌། རིམས་ལ་པརྤ་ཏ། མཁྲིས་ཚད་ལ་ཏིག་ཏ། ཚད་རྙིང་ལ་སྤང་རྩི་དོ་བོ། འཁྲུགས་ཚད་ལ་ཧོང་ལེན། མཁྲིས་ཚད་རྙིང་པ་ལ་ཤ་ལང་སྟེ་ཀྱི་ལྕེ་དཀར་པོ་འབངས་སུ་སྦྱར་བས་དེ་ལྟར་བློན་འབངས་དྲུག་པོ་ནད་རིགས་སོ་སོར་ཁ་བསྒྱུར་ཏེ་ཐུན་ལོག་སྦྱར་བ་ནི་ནད་ཀྱི་དགྲ་དཔུང་འཇོམས་པར་དམག་དཔོན་དུ་དབང་བསྐུར་བ་ལྟ་བུ་ཡིན་ལ། དེའི་དམག་ནི་བསིལ་བའི་སྨན་གྱི་སྔོ་སྣ་གང་འཛོམ་ཚོགས་ཚད་དུ་སྦྱར་བ་འདི་རྣམས་ཆིབས་ལྟ་བུ་གངས་ཀྱི་ཆུ་ལ་སྐྱོན་ཏེ། དེ་ཡང་མ་སྨིན་གབ་ཚད་གཉིས་ལ་ཆུ་གསུམ་གཉིས་བསྡུས་པའི་དྲོ་འཇམ་དུ་བཏང་ཞིང༌། ཚ་བ་རྒྱས་པའི་དུས་སུ་མ་སྐོལ་བའི་ཆུ་བསིལ་ཤིས་ལ། རྙིངས་ཚད་ལ་ཆུ་སྐོལ་སུམ་གཉིས་བསྡུས་གྲང༌། སྟོངས་ཚད་ལ་ཆུ་སྐོལ་ངད་ཡལ་ཙམ་བསྟེན་པ་ཡིན་ནོ། །ཞེས་པའོ། གཉིས་པ་ཁ་བསྒྱུར་བའི་སྦྱོར་སྡེ་ཉེར་བདུན་བཤད་པ་ལ། ཁ་བསྒྱུར་ཞེས་པ་ནས་གཅེས་པ་ཡིན་ཞེས་པའི་བར་ཚིགས་བཅད་བརྒྱད་ཀྱིས་བསྟན་ཏེ། གཙོ་བོ་ཧོང་ལེན་ནི་འཁྲུངས་དཔེ་ལས། ཧོང་ལེན་གཡའ་སྤང་མཚམས་སུ་སྐྱེ། །ལོ་མ་འཕྲོག་པོ་རལ་གྲི་འདྲ། །མེ་ཏོག་སྨུག་པོ་འབྲོང་ལོང་འདྲ། །རྩ་བ་སྤུ་ཅན་གོང་བྲུན་འདྲ། །ནུས་པས་ཁྲག་སྐེམ་དོན་ཚད་སེལ། །ཞེས་དང༌། 

        སྤང་རྩི་ནི། སྤང་རྩི་དོ་བོ་ཞེས་བྱ་བ། །སྐྱེ་གནས་སྤང་དང་བྲག་དབར་སྐྱེ། །རྩ་བ་རྒྱུས་ཕྲན་བརྡུངས་པ་འདྲ། །ལོ་འདབ་གཡུ་ཡི་སོག་ལེ་འདྲ། །འདབ་མ་ས་ལ་ཁྲད་པོར་བཏིང༌། །མེ་ཏོག་མཆོང་གི་སྒོང་ཏོག་འདྲ། །དྲི་མེད་རོ་ནི་ཁ་ལ་བསྲང༌། །ངར་པ་རི་མོ་སྤུ་གུ་ཅན། །སྦུ་གུ་གླང་སྨན་བེ་དོ་བ། །ཀུན་བྱེད་རྒྱལ་པོ་མི་རྒན་མགོ། །ནུས་པས་ཚད་པའི་ནད་ཀུན་སེལ། །ཅེས་དང༌། རེ་སྐོན་པ་ནི། རེ་སྐོན་གཡའ་ཡི་ཆུ་རོག་སྐྱེ། །ལོ་མ་པརྤ་ཏ་དང་འདྲ། །མེ་ཏོག་སེར་པོ་ཕུང་པོར་སྐྱེ། །རྩ་བ་རྐང་གཅིག་རྩི་དམར་ཡོད། །པ་པ་རེ་སྐོན་ཕུག་རོན་རྐང༌། །རྩི་དམར་རྐང་གཅིག་ཅེས་ཀྱང་བྱ། །ནུས་པས་ཆུ་སེར་སྨུག་པོ་སེལ། །ཞེས་དང༌། ཀྱི་ལྕེ་བ་ནི། ཀྱི་ལྕེ་དཀར་པོ་ཞེས་བྱ་བ། །ན་ཚིགས་སྐྱེ་ཞིང་མེ་ཏོག་དཀར། །འདབ་མ་ཁྱི་ལྕེ་ལྟ་བུར་འཇམ། །གློ་སྦུབས་རྩ་རྣག་གྱེན་དུ་འདྲེན། །ཅེས་པ་དེ་བཞི་པོ་འགྱུར་བ་མེད་པ་ལ། བློན་པོའི་ཁ་བསྒྱུར་སྔོ་དེ་བ། །སྔོ་སྤྲིན་ཟིལ་པའམ། མྱང་རྩི་སྤྲས། སེར་པོ་ཁྲག་རྐང་དུ་གྲགས་པ་རིན་ཅེན་གཏེར་སྤུངས་ལས། མྱང་རྩི་སྤྲས་དང་ཁྲག་རྐང་གཅིག ཅེས་དང༌། མྱང་རྩི་སྦྲས་ཞེས་བྱ་བ་ནི། ནགས་རི་མཐུག་པོ་སྤང་མཐོངས་སྐྱེ། །ལོ་མ་ཕྲ་ལ་སྣུམ་པ་ཡིན། །སྡོང་བུ་རིང་ལ་མེ་ཏོག་སེར། །རྩ་བ་སེར་པོ་གླ་རྐང་འདྲ། །རོ་ནི་ཁ་ལ་བསྐ་བ་ཡིན། །རང་གི་ནུས་པས་རྨ་རྣམས་ཀྱི། །རྣག་ཆུ་སྐམ་དང་འདྲུབ་པར་བྱེད། །གློ་བུར་ཚད་རིམས་མྱུར་དུ་སེལ། །ཞེས་བྱུང་བའི་རྩ་བ་དང་ནང་སེར་ཞིང༌། ཕྱི་གླ་རྐང་འདྲ་བས་སྤུ་ཅན་དེ་དང༌། སྐྲ་བཟང་ཟིལ་པ་གསུམ་བསྡེབས་པས་རིམས་ཚད་སེལ་བའི་སྔོ་སྦྱོར་བདུན་པ། དེ་བཞིན་དུ་གཙོ་བོ་བཞི་པོའི་སྟེང་སྟབ་སེང༌། རྟ་ལྤགས། རི་ཚོས་ཏེ་འབྲི་མོག་བྱེ་མར་སྐྱེས་པའི་ཕྲ་བ། དེ་གསུམ་བསྡེབས་པས་འགྲམས་ཚད་སེལ་བའི་སྔོ་སྦྱོར། སྲོ་ལོ་དཀར་པོ། སྒོང་ཏོག བོང་དཀར་གསུམ་བསྡེབས་པས་འགྲམས་ཚད་སེལ་བའི་སྔོ་སྦྱོར། སྲོ་ལོ་དཀར་པོ། སྒོང་ཏོག བོང་དཀར་གསུམ་བསྡེབས་པས་འཁྲུགས་ཚད་སེལ་བའི་སྔོ་སྦྱོར། བོང་ང་དམར་སེར་དཀར་གསུམ་གང་འོས། བྲག་སྐྱ་ཧ་བོ། ལྡུམ་བུ་རེ་རལ་གསུམ་སྦྱར་བས་དུག་འཇོམས་སྔོ་སྦྱོར།

        ཆུ་ཤིང་འོམ་བུ་ནི། ཆུ་ཤིང་འོམ་བུ་ཞེས་བྱ་བ། །ཆུ་ཀླུང་བྱེ་མའི་ནང་དུ་སྐྱེ། །སྡོང་བུ་ཁོང་སྟོང་སྨུག་ལ་རིང༌། །མེ་ཏོག་དམར་སྨུག་ཕུང་པོ་ཁྲི། །ལོ་མ་ཕྲ་ལ་སྔོ་བ་ཡིན། །རང་གི་ནུས་པས་དུག་ནད་སེལ། །རོ་ནི་ཁ་ལ་མངར་བ་ཡིན། །ཞེས་པ་དེའི་བར་ཤུན། སྒོང་ཏོག་པ། བྱེའུ་ལ་ཕུག་གསུམ་སྦྱར་བས་ཤ་དུག་འཇོམས་པའི་སྔོ་སྦྱོར། གང་ག་ཆུང༌། བཙོང༌། བོང་དཀར་གསུམ་བསྡེབས་པའི་ཚད་འཁྲུ་འཇོམས་པའི་སྔོ་སྦྱོར། བོད་ཀྱི་སྲན་མ་ནག་རིལ། གཡེར་མ་དངོས་ཀྱི་ཤིང་རིགས་གཉིས་ཀྱི་རྒོད་གློ་ཡུལ་སོགས་ནས་འབྱུང་བའི་འབྲས་བུ་ནག་པོ། གཡུང་ཀར་ཡང་སྐྱེ་བ་མེ་ཏོག་སེར་པོ་གཡེར་མའི་དྲི་ལྡན། བཙོད་གསུམ་བསྡེབས་པའི་འབྲུམ་ནག་འཇོམས་པའི་སྔོ་སྦྱོར། ཆིག་ཐུབ་ཅེས་པ་འཇུག་སྒོ་མང་ཡང་འདིར་གཉན་འཇོམས་ཀྱི་སྐབས་སུ་དགོས་པའི་ཐང་ཕྲོམ་དཀར་པོའམ། འཁུན་པ་གྲོས་འདེབས། སྟག་ཤ་མིང་ཅན་ནག་པོ་སྟེ། གཞུང་ལྟར་ན་ལུག་མིག་པའམ། རྒྱལ་བའི་སྤྱན་ཅན་ཞེས་གྲགས་པ་མན་ངག་ལྟར་ན་འུག་པ་ལག་པ་སྟེ་ཡིབ་ཤིང་པ། བལ་པོ་ཁྲག་གཅོད། མེ་ཏོག་པིརྱ། ཨུཏྤལ་སེར་པོ། ལྷོག་དུག་ནག་པོ་སོགས་སུ་གྲགས་པ་དེ་གསུམ་བསྡེབས་པས་གག་ལྷོག་འཇོམས་པའི་སྔོ་སྦྱོར། ཨ་བྱག་གཟེར་འཇོམས་ཞེས་པ་རི་མཐོ་བའི་སྤང་དང་ན་ལ་སྐྱེ་བ། ཨ་བྱག་གུར་གུམ། མེ་ཏོག་གུར་གུམ། ཨ་བྱག་གཟེར་འཇོམས། ལུག་མིག་སེར་པོ། མིང་ཅན་སེར་པོ། ལྷ་ཁང་གུར་གུམ། རང་བཏག་མགོ་ཞེས་པ་དེ་ཡིན་ཏེ། ལུག་མིག་སེར་པོ་ཞེས་བྱ་སྟེ། །ལ་ལས་མེ་ཏོག་གུར་གུམ་ཟེར། །རོ་ནི་ཟུང་ཟད་ཁ་བ་ཡིན། །རང་གི་ནུས་པས་ལྷོག་པ་འཇོམས། །ཞེས་སོ། སྐབས་ལ་ལར་ཚེར་སྔོན་ལ་ཡང་ཨ་བྱག་གི་སྒྲ་འཇུག་པ་ཡོད་ཀྱང་འདིར་སྔ་མ། དུག་པུཥྤ་ནི་ར་དུག་གི་མེ་ཏོག སྤྲུ་མའི་རྩ་བ་གསུམ་བསྡེབས་པས་གཉན་གཟེར་འཇོམས་པའི་སྔོ་སྦྱོར། མ་ནུ་པ་ཏྲ། ལུག་ཆུང་ངམ། ལུག་མིག་མེ་ཏོག་ལ་ཆེ་ཆུང་དཀར་ནག་བཞི་ཡོད་པའི་ཆུང་བ་མེ་ཏོག་སྔོ་སྐྱ་ཞིང་མུ་ལ་སྐྱེ་བ་སྟེ། མེ་ཏོག་ལུག་མིག་སྤང་དང་ཚལ་ལ་སྐྱེ། །ལོ་མ་སྔོ་སྐྱ་ཆུང་ལ་སྒོར། །སྡོང་བུ་སྨུག་ལ་རིང་བ་ཡིན། །འདབ་མ་ཨུཏྤལ་སྔོན་པོ་འདྲ། །སྙིང་པོ་ལུག་མིག་ལྟ་བུ་ལ། །རོ་ནི་ཅུང་ཟད་ཁ་བ་ཡིན། །ཁོང་དུ་བཏང་ན་ལྷོག་པ་འཇོམས། །ལུམས་སུ་བྱས་ན་ཀླད་ནད་འཇོམས། །བསིལ་བའི་ཚད་ནད་མ་ལུས་སེལ། །དུག་ནད་སེལ་བར་བྱེད་པ་སྟེ། །ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །ཞེས་གསུངས་སོ། །ཁུར་མང་དཀར་ནག་གཉིས། རྒྱ་ཁུར། ཝ་ཁུར་ཏེ་བཞི་ལས། མེ་ཏོག་དཀར་པོ་ཁུར་དཀར། སེར་པོ་ཁུར་ནག རྒྱ་ཁུར་ལོ་སྡོང་རིང་ལ་ལྡེམ་པ། ཝ་ཁུར་ལོ་མ་ཕྲ་སྣུམ་ཡིན་ལ་དེ་ཡང༌། ཁུར་མང་ཞེས་བྱ་བདུད་རྩི་དར་ཡ་ཀན། །འདི་ཡང་ནད་སེལ་བདུད་རྩི་སྤུན་བཞི་རུ། རྒྱུད་སྡེ་རྣམས་སུ་གསུངས་པ་ཡིན། །ཁུར་མང་དཀར་ནག་རྣམ་གཉིས་དང༌། །རྒྱ་ཁུར་ཝ་ཁུར་རྣམ་བཞིའོ། །མེ་ཏོག་སེར་པོ་ཁུར་དཀར་ཏེ། །སེར་པོ་ནག་པོར་བཤད་པ་ཡིན། །རྒྱ་ཁུར་བོང་རིང་སྡོང་བུ་ལྡེམ། །མེ་ཏོག་ཕྲེང་བས་ཀུན་ཏུ་ཁྱབ། །ཝ་ཁུར་ལོ་མ་ཕྲ་ལ་སྣུམ། །རོ་ནི་ཁ་ལ་ཡིད་ཙམ་འབོལ། །རྩ་བ་རམ་པ་འདྲ་བའོ། །མིང་ནི་སྐྱབ་དང་ལས་དཀར་ཟེར། །རང་གི་ནུས་པས་ཚད་ནད་སེལ། །ཞེས་པ་ལས་འདིར་ཁུར་མང་དཀར་སེར་གང་རུང་གི་རྩ་བ་གསུམ་བསྡེབས་པས་མགོ་ཆག་སེལ་བའི་སྔོ་སྦྱོར་བདུན་པ་རྣམ་པར་ཡུ་གུ་ཤིང༌། ཁྲག་རྐང་མྱང་རྩི་སྤྲས། འབམ་པོ་གསུམ། ཁ་ཅིག་ཆུ་འཐུང་སྟོང་རི་ཟིལ་བ་ཡང་བསྡེབས་པས་ཡན་ལག་གི་ཚད་པ་གཅོག་པའི་སྔོ་སྦྱོར། སེར་པོ་རྒུ་དྲུས། སྤང་ཚན་སྦུ་རུ་ཞེས་པ་ད་བྱིད་དཀར་པོ་སྟེ་གཡའ་སྤང་ལ་སྐྱེ་བ་ལོ་སྡོང་སྤུ་དཀར་པོས་བཏུམས་པ་དེ་དར་ཡ་ཀན་གསུམ་བསྡེབས་པས་བྱང་ཁོག་ཁྲག་སྐེམས་ཀྱི་སྔོ་སྦྱོར། ཕུར་ཐལ། སྔོ་སྟག་ཤ། འགྲོན་ཐལ་བསྡེབས་པས་བྱང་ཁོག་ཆུ་སེར་སྐེམས་པའི་སྔོ་སྦྱོར། བཙོད་འབྲི་མོག་ལུག་ཆུང་བསྡེབས་པས་ཁྲག་ཚད་སེལ་བའི་སྔོ་སྦྱོར། རྩ་མཁྲིས་སམ་ཀ་ས་ཁུར་མང༌། བོང་དཀར། སྐྱེར་པའི་བར་ཤུན་གསུམ་བསྡེབས་པས་མཁྲིས་ཚད་སེལ་བའི་སྔོ་སྦྱོར། སེ་རྒོད་ཅེས་པ་རིན་ཅེན་འཁྲུངས་དཔེ་ལས། སེ་རྒོད་མ་ཞེས་བྱ་བ་ནི། །སྲིབ་མོ་ནགས་ཀྱི་ནང་དུ་སྐྱེ། །སྡོང་པོ་ཁོང་སྟོང་ཤུན་པ་སྨུག །མེ་ཏོག་དམར་པོ་རྩ་བ་སྤུན། །འབྲས་བུ་ཆེ་ལ་རབ་ཏུ་དམར། །རང་གི་ནུས་པས་དུག་ནད་འཇོམས། །ཞེས་གསུངས་པ་དེ་དང༌། སྐྱེར་པའི་བར་ཤུན། སྤ་འབྲུམ་རང་གི་ནུས་པས་དུག་ནད་འཇོམས། །ཞེས་གསུངས་པ་དེ་དང༌། སྐྱེར་པའི་བར་ཤུན། སྤ་འབྲུམ་ནི། ཤུག་པའི་རིགས་ཀྱི་གཡུང་སྤ་མའི་འབྲུ་གསུམ་བསྡེབས་པས་ཆུ་སེར་སེལ་བའི་སྔོ་སྦྱོར། ཚན་རིགས་གཉིས་ལས་འདིར་དཀར་པོ། སྙི་བ་ཞིང་གསེབ་ཏུ་གཞན་ལ་འཁྲི་ཞིང་སྐྱེ་བ། མེ་ཏོག་སྔོ་ལ་རྩ་བ་མར་རྐྱལ་འདྲ་ཞིང་རོ་མངར་བ་ཀྱི་ལུ་ཞེས་པ་དེའི་འབྲུ། བྱ་རྒོད་སྤོས་ནི། བདུད་རྩི་ཆིག་ཐུབ། སྲིན་བྱའི་མགོ་བོ་ཅན། སྔོ་མ་གི་ཏ་སྔོ་ཤིག་གསོད། གླང་རྩི་དྲི་ཅན་ཞེས་པ་རིགས་གཉིས་ཡོད་པ་དེ་གསུམ་བསྡེབས་པ་གློ་ཚད་སེལ་བའི་སྔོ་སྦྱོར། བྱ་རྒོད་སྤོས། བྱི་ཚེར། སེར་པོ་ཁྲག་རྐང་གསུམ་བསྡེབས་པ་མཆེར་ཚད་སེལ་བའི་སྔོ་སྦྱོར། ཤུག་པ་ཚེར་མ་ཅན། བྱི་ཚེར། ཉི་དགའ་གསུམ་བསྡེབས་པ་མཁལ་ཚད་སེལ་བའི་སྔོ་སྦྱོར། ཁུར་རྩ། སྙ་ལོ། འཇིབ་རྩི་གསུམ་བསྡེབས་པ་ཕོ་ཚད་སེལ་བའི་སྔོ་སྦྱོར། སྙ་ལོ། བོང་དཀར། བཙོད་གསུམ་བསྡེབས་པ་ཤ་ཚད་སེལ་བའི་སྔོ་སྦྱོར། མེ་ཏོག་ལུག་རུ་སྟེ་དཀར་སེར་དམར་གསུམ་ནུས་པ་འདྲ། བྲག་སྤོས་སྙི་བ་གསུམ་བསྡེབས་པ་རྩ་ཚད་སེལ་བའི་སྔོ་སྦྱོར། སྟབ་སེང༌། སེ་རྒོད། རྒྱལ་མཚན་གང་ག་ཆུང་གསུམ་བསྡེབས་པ་རུས་ཚད་སེལ་བའི་སྔོ་སྦྱོར་ཏེ། དེ་ལྟར་སྔོ་སྦྱོར་རྣམས་ཐང་དང་ཕྱེ་མ་གང་བྱེད་ཕོ་བའི་མེ་དྲོད། ཚ་བའི་དབལ་ཆེ་ཆུང་གི་སྟོབས་དང་སྦྱར་ཞིང༌། ཕྱེ་མ་བྱེད་ཚེ་ཤེལ་ཀ་རས་ཁ་སློང་བར་བྱའོ་ཞེས་པའོ།།

        གཉིས་པ་གྲང་སེལ་ལ། དབྱི་མོང་བཞི་པ་ཁ་བསྒྱུར་དང་བཅས་ཏེ་སྦྱོར་བ་བཅུ་གསུམ་བསྟན་པ་དང༌། ཀུན་འདུས་ཀྱི་སྦྱོར་བ་གཅིག་བསྟན་པའི་དང་པོ། གྲང་སེལ་ཞེས་པ་ནས་ཆུ་བསྐོལ་དབུལ་ཞེས་པའིབར་ཚིགས་བཅད་བཞི་དང་རྐང་པ་གཅིག་གིས་བསྟན་ཏེ། གྲང་སེལ་གྱི་སྔོ་སྦྱོར་ལ། དབྱི་མོང༌། ད་ལིས། སྟར་བུ། ཅོང་ཞི་རྒོད་བཏུལ་བཞི་འགྱུར་བ་མེད་པ་ལ། ཁ་བསྒྱུར་ལ་ཕུག་འཛིམ་པ། པི་པི་ལིང་གསུམ་བསྡེབས་པས་ཕོ་བའི་མེ་དྲོད་བསྐྱེད་པའི་སྔོ་སྦྱོར། སྲན་མ། ཕབས་ཏེ་ཆང་རྩི། བུལ་ཏོག་གསུམ་བསྡེབས་པ་རྩམ་པ་འཇུ་བའི་སྔོ་སྦྱོར། ལྕེ་ཚ། ཟྭ་འབྲུམ་སྟེ་རྒོད་གཡུང་གཉིས་ལས་ཀླུངས་སུ་སྐྱེ་བའི་ཟྭ་གཡུང་རིགས་བད་ཀན་བསྐྱེད་པ་དེ་འཛིམ་པ་གསུམ་བསྡེབས་པ་སྔོ་ངད་འཇུ་བའི་སྔོ་སྦྱོར། ཟེ་ཚྭ། རྒོད་དང་གོ་བོའི་བྱ་ཐལ། སྲུབ་ཀ་གསུམ་བསྡེབས་པ་སྐྲན་འདྲིལ་བཤིག་པའི་སྔོ་སྦྱོར། བྱི་བཟུང་ཞེས་པ་འབྲས་བུ་ཚེར་མའི་ལྕགས་ཀྱུའི་ཕུང་པོར་གནས་པས་གོས་འཛིན་པས་བྱི་འཛིན་པར་གྲགས་པ། གཟེ་མ་རྒྱ་ཤོད་བྱེ་མར་སྐྱེ། །ལོ་མ་སྡོང་བུས་ས་གཞི་ཁྱབ། །མེ་ཏོག་ཆུང་ངུ་མཐོང་བར་དཀའ། །འབྲས་བུ་ཚེར་མ་ར་མགོའི་དབྱིབས། །རོ་ནི་མངར་ལ་དྲོ་ཞིང་བརླན། །རང་གི་ནུས་པས་གྲང་རླུང་སེལ། །ཞེས་པ་དེ་ཟེ་ཚྭ། བ་སྤྲུ་གསུམ་བསྡེབས་པ་རྡོ་སྐྲན་བཤིག་པའི་སྔོ་སྦྱོར། མཛེ་ཚྭ། བ་སྤྲུ། པ་ཡག་པ་ནི་དཀར་པོ་ཡར་འདྲེན། པ་བ་རེ་སྐོན་པ། ཁོ་ཡག་པ། བྱ་རོག་ནོར་བུ། པ་ཡག་པ། གཡག་སྙིང༌། ལུག་སྙིང་རྣམས་སུ་གྲགས་པ་དེ་གསུམ་བསྡེབས་པས་མངལ་སྐྲན་བཤིག་པའི་སྔོ་སྦྱོར། ལྕེ་ཚྭ། སྲུབ་རྩྭ། འགྲོན་ཐལ་གསུམ་བསྡེབས་པ་དམུ་རྫིང་སྐེམ་པའི་སྔོ་སྦྱོར། བཅའ་བ། བ་སྤྲུ། ར་མཉེ་གསུམ་བསྡེབས་པ་སྐྱ་རྦབ་འཇོམས་པའི་སྔོ་སྦྱོར། བྲེ་ག རྒོད་ཨ་ཀྲོང༌། མཆིན་སྨན་རྩིའུ་བསྡེབས་པ་གློ་ནད་སེལ་བའི་སྔོ་སྦྱོར། སེ་རྒོད། འཇིབ་རྩི། དྲོད་སྨན་གསུམ་བསྡེབས་པ་མཆིན་ནད་སེལ་བའི་སྔོ་སྦྱོར། བཅའ་བ། བ་སྤྲུ། གཟེ་མ་གསུམ་བསྡེབས་པ་མཁའ་ནད་སེལ་བའི་སྔོ་སྦྱོར། བྲེ་ག སྤ་འབྲུམ། ར་མཉེ་གསུམ་བསྡེབས་པ་ཆུ་སེར་སེལ་བའི་སྔོ་སྦྱོར། ར་མཉེ། ཉེ་ཤིང༌། ཤ་རུ་གསུམ་བསྡེབས་པ་གྲང་རྣག་སེལ་བའི་སྔོ་སྦྱོར་ཏེ། དེ་དག་ཀུན་ལ་བུ་རམ་དཀར་པོའི་རྟ་དང་སྦྱར་ཏེ་ཆུ་སྐོལ་གྱིས་དབུལ་ནས་བཏང་བ་གཅེས་སོ་ཞེས་པའོ། །གཉིས་པ་ཀུན་འདུས་ཀྱི་སྦྱོར་བ་གཅིག་བཤད་པ་ལ། གཞན་ཡང་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། གཞན་ཡང་སྔོ་སྦྱོར་གྲང་སེལ་གྱི་སྦྱོར་བ་ཆེན་མོ་ལ། ར་མཉེ། ཉེ་ཤིང༌། བ་སྤྲུ་བ། ལ་ཕུག སྒོག་སྐྱ། བཙོང་སྟེ་རྩ་བ་དྲུག་དང༌། སྔོའི་ཚ་བ་གསུམ། ཟྭ། ད་ལིས་རྣམས་ཀྱི་སྟེ་ལོ་མ་ལྔ༌། ར་དུག་པའི་མེ་ཏོག ཐང་ཕྲོམ་ནག་པོ། སྟར་བུ། གཟེ་མ། ལྕམ་པ་སྟེ་འབྲས་བུ་བཞི། ཟེ་ཚྭ། བུལ་ཏོག བྱང་ཚྭ་སྟེ་ཚ་གསུམ། ཅོང༌ (ཁ་ཅིག་ལྕ་བར་འདོད་དོ། ) ཞི་རྒོད་བཏུལ་དང༌། བྱ་ཐལ་ཏེ་ཐལ་བ་གཉིས་རྣམས་བུ་རམ་དང་སྦྱར་བའི་ཕྱེ་མ་ཆུ་ཚན་གྱིས་ཕུལ་བས་གྲང་ནད་མ་ལུས་པ་སེལ་བར་འགྱུར་རོ། །དེ་ལྟར་མཐའ་འཁོབ་ཡུལ་གྱི་སྔོ་སྦྱོར་གྱི་མན་ངག་འདི་ནི་སེམས་ལ་ལོངས་ལ་བྱམས་པས་འགྲོ་བའི་དོན་གྱིས་ཤིག་ཅེས་གསུངས་སོ་ཞེས་པའོ། །དེ་ལྟར་སྔོ་སྦྱོར་ལ་ཚ་སེལ་ཉེར་བརྒྱད་དང༌། གྲང་སེལ་བཅུ་བཞི་སྟེ་སྦྱར་བ་བཞི་བཅུ་ཞེ་གཉིས་སུ་འདུས་པའོ། །གསུམ་པ་ལེའུའི་མཚན་བསྟན་པ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ཞི་བྱེད་བཅུ་པ་སྔོ་སྦྱོར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ་ཞེས་བྱ་བའི་དོན་ཏོ།།

 

 

མཐའ་མའི་འདོན་ཐེངས་།: 05.09.2011 ཉིན། 11:12 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།