སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་གཉིས་པ། སྔོ་སྦྱོར་གྱི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.12.2022
ཕྱི་མ་རྒྱུད། >> ལེའུ་བཅུ་གཉིས་པ། སྔོ་སྦྱོར་གྱི་སྡེ་ཚན་བསྟན་པ།



ལེའུ་བཅུ་གཉིས་པ། སྔོ་སྦྱོར་གྱི་སྡེ་ཚན་བསྟན་པ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །ཞི་བྱེད་སྡེ་བརྒྱད་རིན་ཆེན་སྦྱོར་བ་རྣམས། །གསོ་བྱའི་ནད་ལ་མི་སེལ་འགའ་མེད་ཀྱང༌། །ནམ་ཞིག་ལྔ་བརྒྱའི་དུས་སུ་སླེབ་ཙམ་ན། །དབུལ་པོའི་ནད་པ་རྣམས་ཀྱིས་བསླུར་མི་ཐེག །མཐའ་འཁོབ་ཡུལ་དུ་བཙལ་བས་རྙེད་པ་དཀའ། །ཐག་རིང་ཡུལ་དུ་བཙལ་བས་ནད་པ་འཆོར། །དེ་ཕྱིར་ས་ལ་སྐྱེས་པའི་སྔོ་རྣམས་ཀུན། །སྐྱེས་ཚད་མཐོང་ཚད་སྨན་དུ་སྦྱར་ཐབས་ཞུ། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས། སྟོན་པས་གསུངས་པ།།

ཀྱེ་མ་ལེགས་སོ་དྲང་སྲོང་ཡིད་ལས་སྐྱེས། །ཁྱོད་ཀྱིས་ཞུས་པའི་གཏམ་ལ་དེ་ག་བདེན། །ལྔ་བརྒྱ་དུས་ཀྱི་ཐ་མར་སླེབ་པའི་ཚེ། །སྐྱེས་ཚད་མཐོང་ཚད་སྨན་དུ་མ་འཁོལ་ན། །ནུས་ལྡན་དཀོན་པས་བཙལ་དུ་ག་ལ་རྙེད། །དཔེར་ན་ལྷ་དང་ཀླུ་ཡི་ནོར་བུ་འདྲ། །རྙེད་ཀྱང་དབུལ་པོའི་ནད་པས་ཅི་ལ་ཐེག །དཔེར་ན་ཟོང་མེད་ཚོང་དུས་འཁྱམ་པ་འདྲ། །དེ་བས་མཐའ་འཁོབ་དབུལ་པོའི་ནད་བསལ་ཕྱིར། །བྱམས་པའི་སེམས་ཀྱིས་སྔོ་ཡི་སྦྱོར་བ་བསྟན། །འོན་ཀྱང་ནུས་པ་རྩི་བས་སྔོ་རང་ཆེ། །ག་བུར་ཉིད་ཀྱང་ཟིལ་གྱིས་གནོན་པར་ནུས། །སྔོ་མི་སྐྱེ་བའི་ཡུལ་ནི་གཅིག་ཀྱང་མེད། །དེ་ལ་གཅེས་པའི་ཡན་ལག་བདུན་ལྡན་དགོས། །སྐྱེ་སར་སྐྱེས་དང་དུས་སུ་བཏུས་པ་དང༌། །སྐམ་གསེད་ལེགས་དང་སོ་མ་རྙིངས་པ་དང༌། །དུག་འདོན་འཇམ་བཙལ་འཕྲོད་པར་སྦྱར་བའོ།།

སྐྱེ་ས་ས་གཙང་ཉམས་དགའ་བུདྔྷས་བཅགས། །བཀྲ་ཤིས་ཡོན་ཏན་ལྡན་ཞིང་ས་གཞི་གཤིན། །གངས་ཅན་འབིགས་བྱེད་བསིལ་དྲོད་རང་གནས་སྐྱེས། །ཉི་ཟླའི་སྟོབས་ལྡན་སྐྱེ་སར་སྐྱེས་ཞེས་བྱ།།

བཏུ་དུས་རྩ་བ་ཡལ་ག་སྡོང་པོ་གསུམ། །སྡོང་པོའི་རིགས་ཡིན་རུས་རྩ་ཤ་ནད་སེལ། །སྟོན་ག་རྩི་སྐམ་དུས་སུ་བཏུ་བར་བསྔགས། །ལོ་མ་ཞོ་དང་མྱུ་གུ་རྣམ་པ་གསུམ། །ལོ་མའི་རིགས་ཡིན་སྣོད་རྐང་ལྷ་ནད་སེལ། །འདབ་རྒྱས་ཆར་གྱི་དུས་སུ་བཏུ་བར་བསྔགས། །མེ་ཏོག་འབྲས་བུ་རྩེ་མོ་རྣམ་པ་གསུམ། །འབྲས་བུའི་རིགས་ཡིན་མིག་དོན་མགོ་ནད་སེལ། །སྟོན་སེར་སྨིན་པའི་དུས་སུ་བཏུ་བར་བསྔགས། །སྐོགས་པ་བར་ཤུན་ཚི་བ་རྣམ་པ་གསུམ། །ཤུན་པའི་རིགས་ཡིན་ལྤགས་རྒྱུས་ཡན་ལག་སེལ། །ཁ་འབུས་དཔྱིད་ཀྱི་དུས་སུ་བཏུ་བར་བསྔགས། །བཤལ་སྨན་རྩི་སྐམས་ནུས་པ་གཏིང་འགྲོའི་དུས། །སྐྱུགས་སྨན་ཁ་འབུས་གྱེན་འདྲེན་དུས་སུ་བཏུ། །ཁྱད་པར་ཟླ་བ་ཡར་ངོའི་དུས་བཟང་ལ། །གཙང་མའི་བྱིས་པ་ཁྲུས་བྱས་མཛེས་པར་བརྒྱན། །གཟུངས་སྔགས་རྟེན་འབྲེལ་སྙིང་པོ་བཟླ་ཞིང་བཏུ།།

དུག་དང་ཕྲལ་བ་རྩ་སྡོང་ལྤགས་རྐང་དུག །ཡལ་གའི་ཚིགས་དུག་ངར་པ་ལོ་མའི་དུག །མེ་ཏོག་གོས་དུག་རུས་པ་འབྲས་བུའི་དུག །ཞོ་རྐང་ཚི་བ་གསུམ་ལ་དུག་མེད་དེ། །དྲེག་པ་ལྤགས་དུག་ཤ་གདན་བར་ཤུན་དུག །དུག་ཕྲལ་སྨན་ནི་འཇམ་ཞིང་འཇུ་བ་སླ།།

སྐམ་གསེད་གང་ཡང་བཏུ་དུས་རྨ་ཕབ་ལ། །བསིལ་སྨན་གྲིབ་ལྷགས་དྲོད་སྨན་མེ་ཉིས་སྐེམ། །བསེར་གྱིས་མ་ཞིག་མེ་ཉིས་མ་གདུངས་པ། །དུ་བ་མ་ཕོག་གཞན་གྱི་དྲི་མ་གོས། །རང་གི་ནུས་ལྡན་ཡོན་ཏན་དཔག་ཏུ་མེད།།

སོ་མ་རྙིངས་པ་ལོ་དུས་མ་ལོན་པ། །དུས་འདས་ནུས་པ་འཆོར་ཕྱིར་ལོ་དུས་སྤོ།།

འཇམ་བཙལ་གསུམ་སྟེ་སྦྱོར་བས་འཇམ་པ་དང༌། །ཁ་འཛིན་འཇམ་དང་གཉན་པོས་འཇམ་པའོ། །སྦྱོར་བས་འཇམ་པ་རིགས་མཐུན་མང་སྣ་སྤྲད། །ཁ་འཛིན་འཇམ་པ་ཕོ་བ་དོན་སྣོད་རྣམས། །གང་ལ་བབས་པའི་ཁ་འཛིན་བཅས་ཏེ་བསྟེན། །གཉེན་པོས་འཇམ་བཙལ་སྔོ་རྣམས་ཐམས་ཅད་ཀུན། །རླུང་འབུད་ཕོ་བའི་མེ་གསོད་ལུས་ཟུངས་སྐེམ། །དེ་ཕྱིར་རླུང་གནོན་ཤ་ཆེན་བུར་རྙིང་སྟེ། །ཕོ་བའི་མེ་གསོ་སེ་འབྲུ་པི་པི་ལིང༌། །ལུས་ཟུངས་རྒྱས་པར་བྱེད་ལ་ཨ་རུ་ར། །དེ་རྣམས་མ་འཛོམ་ཁཎྜ་ཤིས་པ་ཡིན།།

འཕྲོད་པར་སྦྱར་བ་གནད་གསུམ་ཤེས་པ་ཡིས། །བསིལ་དྲོད་མ་འདྲེས་མཐུན་བསྡེབས་སྦྱར་བྱས་ཏེ། །ཚ་སེལ་གྲང་སེལ་གཉིས་སུ་ཤེས་པར་བ། །ཚ་སེལ་ཐུན་མོང་བ་དང་ཁ་སྒྱུར་གཉིས། །ཐུན་མོང་སྔོ་སྦྱོར་རྒྱལ་པོ་བཙུན་མོ་སྲས། །བློན་འབངས་དམག་དཔོན་དམག་མི་ཆིབས་པར་བཅས། །རྒྱལ་པོ་ཟླ་བ་བསིལ་བའི་བདུད་རྩི་སྟེ། །བཙུན་མོ་རེ་སྐོན་སྲོ་ལོ་འཇིབ་རྩི་སྲས། །བློན་པོ་སྒོང་ཐོག་པ་དང་པར་པ་ཏ། །ཏིག་ཏ་སྤང་རྩི་ཧོང་ལེན་ཤ་ལང་འབངས། །བློན་འབངས་དྲུག་པོ་ནད་རིགས་ཁ་བསྒྱུར་ཏེ། །ཐུན་ལོག་སྦྱར་བ་ནད་འཇོམས་དམག་དཔོན་ཡིན། །དམག་མི་བསིལ་བའི་སྔོ་སྣ་གང་ཚོགས་སྦྱར། །འདི་རྣམས་ཆིབས་པ་གངས་ཀྱི་ཆུ་ལ་བསྐྱོན། །མ་སྨིན་གབ་ཚད་སུམ་གཉིས་བསྡུས་འཇམ་བཏང་། །ཚ་བ་རྒྱས་པའི་དུས་ན་ཆུ་བསིལ་ཤིས། །རྙིངས་ཚད་བསྡུས་གྲངས་སྟོངས་ཚད་ངད་ཡལ་བསྟེན། །ཁ་བསྒྱུར་སྔོ་སྦྱོར་བདུན་པ་སྦྱར་ཐབས་ནི། །ཧོང་ལེན་སྤང་རྩི་རེ་སྐོན་ཀྱི་ལྕེ་བཞི། །གཙོ་བོ་རྒྱལ་པོ་སྡེ་བཞིས་གཞི་བཟུང་ལ། །བློན་པོ་སྤུན་མང་ནད་སྟེང་ཁ་བསྒྱུར་བ། །དེ་བ་སྔོ་སྤྲིན་སྐྲ་བཟང་རིམས་ཚད་སེལ། །སྟབ་སེང་རྟ་ལྤགས་རི་ཚོས་འགྲམས་ཚད་སེལ། །སྲོ་ལོ་སྒོང་ཐོག་བོང་ངས་འཁྲུགས་ཚད་འཇོམས། །བོང་ང་ཧ་བོ་རེ་རལ་སྦྱར་དུག་འཇོམས། །འོམ་བུ་སྒོང་ཐོག་བྱེ་འུས་ཤ་དུག་འཇོམས། །གང་ག་ཆུང་བཙོད་བོང་ངས་ཚད་འཁྲུ་འཇོམས། །སྲན་མ་གཡེར་ཤིང་བཙོད་ཀྱིས་འབྲུམ་ནག་སེལ། །ཆིག་ཐུབ་སྟག་ཤ་མིང་ཅན་གག་ལྷོག་འཇོམས། །ཨ་བྱག་དུག་པུས་སྤྲུ་རྩས་གཉན་གཟེར་འཇོམས། །མ་ནུ་ལུག་ཆུང་ཁུར་རྩས་སྨུག་པོ་སེལ། །སྟབ་སེང་ཨ་བྱག་སྲོལ་གོང་མགོ་ཆག་གསོ། །རྣམ་པར་ཁྲག་རྐང་འབམ་པོས་ཡན་ལག་གི། །ཆུ་འཐུང་ཚད་པ་གཅོག་པར་བྱེད་པ་ཡིན། །རྒུ་དྲུས་སྤང་ཚན་སྤུ་རུ་དར་ཡ་ཀན། །བྱང་ཁོག་དོན་འབྱོར་ཁྲག་སྐེམ་རྩ་ཆད་འཐུད། །ཕུར་ཐལ་སྟག་ཤ་འགྲོན་བུའི་ཐལ་བ་ཡིས། །བྱང་ཁོག་རྣག་ཁྲག་ཆུ་སེར་སྐེམ་པར་བྱེད། །བཙོད་དང་འབྲི་མོག་ལུག་ཆུང་ཁྲག་ཚད་སེལ། །རྩ་མཁྲིས་བོང་ང་སྐྱེར་པས་མཁྲིས་ཚད་སེལ། །སེ་རྒོད་སྐྱེར་པ་སྤ་འབྲུ་ཆུ་སེར་སེལ། །མཚན་དཀར་སྙི་བ་རྒོད་སྤོས་རྙིངས་ཚད་སེལ། །སྲོ་ལོ་སུག་འདྲ་སྤང་རྒྱན་གློ་ཚད་སེལ། །རྩི་འུ་སུམ་ཅུ་ཏིག་མཚེ་མཆིན་ཚད་སེལ། །རྒོད་སྤོས་བྱི་ཚེར་ཁྲག་རྐང་མཆེར་ཚད་སེལ། །ཤུག་ཚེར་བྱི་ཚེར་ཉི་དགས་མཁལ་ཚད་སེལ། །ཁུར་རྩ་སྙ་ལོ་འཇིབ་རྩིས་ཕོ་ཚད་སེལ། །སྙ་ལོ་བོང་ང་བཙོད་ཀྱིས་རྒྱུ་ཚད་སེལ། །དེ་བ་ཡུང་བ་སྐྱེར་ཤུན་ཤ་ཚད་སེལ། །ལུག་རུ་བྲག་སྤོས་སྙི་བས་རྩ་ཚད་སེལ། །སྟབ་སེང་སེ་རྒོད་གང་ཆུང་རུས་ཚད་སེལ། །ཐང་ཕྱེ་ཕོ་བའི་མེ་དྲོད་ཚ་སྟོབས་སྦྱར། །ཕྱེ་མ་ཀ་རས་ཁ་བླང་གཅེས་པ་ཡིན། །གྲང་སེལ་དབྱི་མོང་ད་ལིས་སྟར་བུ་དང༌། །ཅོང་ཞི་རྒོད་བཏུལ་བཞི་ཡིས་གཞི་བཟུང་ལ། །དེ་ལ་ལ་ཕུག་འཛིམ་དང་པི་པི་ལིང༌། །ཁ་བསྒྱུར་ཕོ་བའི་མེ་དྲོད་སྐྱེད་པར་བྱེད། །སྲན་མ་ཕབས་དང་བུལ་ཏོག་རྩམ་པ་འཇུ། །ལྕེ་ཚ་ཟ་འབྲུ་འཛིམ་སྦྱར་སྔོ་ངད་འཇུ། །ཟེ་ཚྭ་བྱ་ཐལ་སྲུབ་ཀས་སྐྲན་འདྲིལ་བཤིག །བྱི་བཟུང་ཟེ་ཚྭ་བ་སྤྲུས་རྡོ་སྐྲན་བཤིག །མཛེ་ཚྭ་བ་སྤྲུ་པ་ཡག་མངལ་སྐྲན་བཤིག །ལྕེ་ཚ་སྲུབ་ཀ་འགྲོན་ཐལ་དམུ་རྫིངས་སྐེམ། །ལྕ་བ་བ་སྤྲུ་ར་མཉེས་སྐྱ་རྦབ་འཇོམས། །བྲེ་ག་རྒོད་ཀྲོང་རྩི་འུས་གློ་ནད་སེལ། །སེ་རྒོད་འཇིབ་རྩི་དྲོད་སྨན་མཆིན་ནད་སེལ། །ལྕ་བ་བ་སྤྲུ་གཟེ་མས་མཁལ་ནད་སེལ། །བྲེ་ག་སྤ་འབྲུ་ར་མཉེས་ཆུ་སེར་སེལ། །ར་མཉེ་ཉེ་ཤིང་ཤ་རུས་གྲང་རྣག་གཅོད། །ཀུན་ལ་བུར་དཀར་རྟ་སྦྱར་ཆུ་སྐོལ་དབུལ། །གཞན་ཡང་རྩ་བ་དྲུག་དང་ལོ་མ་ལྔ། །མེ་ཏོག་གཅིག་དང་འབྲས་བུ་རྣམ་པ་བཞི། །ཚ་གསུམ་ཐལ་བ་གཉིས་དང་བུ་རམ་སྦྱར། །ཆུ་ཚན་འཕུལ་བས་གྲང་ནད་མ་ལུས་སེལ། །མཐའ་འཁོབ་ཡུལ་གྱི་སྔོ་སྦྱོར་མན་ངག་འདི། །སེམས་ལ་ལོང་ལ་བྱམས་པས་འགྲོ་དོན་གྱིས། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྔོ་སྦྱོར་གྱི་སྡེ་ཚན་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།



མཐའ་མའི་འདོན་ཐེངས་།: 22.12.2022 ཉིན། 11:47 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།