སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་གཉིས་པ། ཚ་བ་སྤྱི་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་བཅུ་གཉིས་པ། ཚ་བ་སྤྱི་བཅོས་པ།



ལེའུ་བཅུ་གཉིས་པ། ཚ་བ་སྤྱི་བཅོས་པ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །ཚ་བ་གསོ་བའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །ཚ་བའི་ནད་རྣམས་རྒྱུ་རྐྱེན་གང་ལས་བྱུང༌། །ཚ་བའི་ངོ་བོ་ཇི་ལྟར་གནས་པ་ལགས། །ཚ་བ་ཞེས་བྱའི་མིང་དུ་ཅི་ཕྱིར་བཏགས། །ཚ་བའི་ནད་ལ་དབྱེ་ན་དུ་ཞིག་མཆིས། །ཚ་བའི་རྟགས་དང་བཅོས་ཐབས་ཇི་ལྟར་ལགས། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པས།  དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་དེས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། །ཚ་བ་གསོ་བའི་སྐབས་ལ་བསླབ་བྱ་ན། །ནད་གཞིའི་དབྱེ་བ་རྣམ་པ་དཔག་མེད་ཀུན། །མདོ་རུ་བསྡུས་པས་ཚ་གྲང་གཉིས་སུ་འདུས། །ཚ་བའི་ནད་དར་སྣ་མང་འཁྲུལ་སོ་ཆེ། །ངོས་བཟུང་བཅོས་དཀའ་རྒྱས་སླ་མྱུར་སྲོག་འཕྲོག །འདི་ཤེས་གྲང་ནད་ཞར་ལ་ཤེས་འགྱུར་བས། །དེ་ཕྱིར་ཁྱོད་ཀྱིས་ཞུས་པ་ཤིན་ཏུ་ལེགས། །ཀྱེ་དྲང་སྲོང་ཆེན་པོ་མ་ཡེངས་གུས་པས་ཉོན།།

དང་པོ་ཚ་བའི་ནད་དེའི་རྒྱུ་བསྟན་པ། །རིང་བའི་རྒྱུ་དང་ཉེ་རྒྱུ་རྣམ་པ་གཉིས། །རིང་རྒྱུ་མ་རིག་ལས་བྱུང་ཞེ་སྡང་སྟེ། །མ་རིག་དབང་གིས་ཉོན་མོངས་དུག་ལྔར་སྨིན། །དེ་ལས་ཞེ་སྡང་མཁྲིས་པ་སྐྱེད་རྒྱུ་ཡིན། །ཅི་ཕྱིར་མ་རིག་མེད་ན་ཉོན་མོངས་མེད། །ཉོན་མོངས་མེད་པར་ཞེ་སྡང་མི་འབྱུང་སྟེ། །ཞེ་སྡང་མེད་པར་ཚ་བ་འབྱུང་མི་སྲིད། །ཉེ་རྒྱུ་རྣམ་པར་མ་གྱུར་མཁྲིས་པ་ཉིད། །ཅི་ཕྱིར་མཁྲིས་པ་ཚ་ལ་རྣོ་བ་དེ། །ཐང་ལ་ལྷག་པས་གནོད་བྱ་སྲེག་པའི་ཕྱིར། །ཚ་བ་ཀུན་གྱི་རྒྱུ་ནི་མཁྲིས་པ་ཡིན། །མཁྲིས་པ་མེད་པར་ཚ་བ་འབྱུང་མི་སྲིད། །དེ་ལྟར་རྣམ་པར་མ་གྱུར་མཁྲིས་པ་དེ། །འཕེལ་བྱེད་རྣམ་པར་འགྱུར་བའི་རྐྱེན་བཞི་སྟེ། །དུས་དང་གདོན་དང་ཟས་དང་སྤྱོད་ལམ་མོ། །སྤྱི་རུ་དུས་བཞི་དམན་ལྷག་ལོག་པ་དང༌། །ཁྱད་པར་སྟོན་ཚད་དཔྱིད་ཚད་ཚ་བའི་རྐྱེན། །གདོན་ནི་དྲག་པོ་ཁྲོས་པ་དཔྲལ་བའི་མིག །མ་མོ་མཁའ་འགྲོ་རྦད་འཁྲུགས་རྒྱུ་ལས་བྱུང༌། །ཟས་ནི་ཚ་སྐྱུར་ལན་ཚྭ་བྲོ་བའི་རོ། །ཤ་ཆང་བུ་རམ་དྲོད་བཅུད་བསྟེན་དྲགས་སློང༌། །སྤྱོད་ལམ་འདུག་རྗེས་དྲག་པོའི་ལས་བྱས་ཤིང༌། །ཚད་དགུང་གཉིད་ལོག་བང་འགྲོས་ཉེན་པ་དང༌། །མི་ཐེག་ཁུར་དང་ས་སྲན་བརྐོས་པ་དང༌། །གཞུ་སྲན་བཀང་དང་འཛིང་ག་བཀྱེ་བ་དང༌། །རྟ་ཡིས་བརྡབས་དང་གཡང་དུ་ལྷུང་བ་དང༌། །ཐིབས་འོག་ཚུད་དང་རྡོ་དབྱུག་བརྡུངས་ལ་སོགས། །ལར་ན་དྲག་ཤུལ་ཅན་གྱིས་སློང་བར་བྱེད། །དེ་རྣམས་ཚ་བ་སྤྱི་ཡི་རྐྱེན་གྱུར་ཀྱང༌། །དུས་གདོན་གཉིས་ཀྱིས་མ་བསྐྱེད་རིམས་མི་འབྱུང༌། །ཟས་སྤྱོད་གཉིས་ཀྱིས་མ་བསྐྱེད་འཁྲུགས་མི་འབྱུང༌། །སྤྱོད་ལམ་དག་གིས་མ་བསྐྱེད་འགྲམས་མི་འབྱུང༌། །ཁ་ཟས་ཁྱད་པར་དུག་ཚད་རྐྱེན་དུ་འགྱུར། །དེ་དཔེ་མེ་ལ་ཤིང་བསྣན་རླུང་བསྐྱོད་འདྲ། །རྐྱེན་བཞིས་མཁྲིས་ཚད་བསྐྱོད་པས་ཚ་བར་འགྱུར།།

དེ་ལ་ཚ་བ་ཞེས་བྱའི་ངོ་བོ་ནི།  མཁྲིས་པའི་མེ་དྲོད་ཐང་ལ་ལྷག་པ་ཡིན། །ཅི་ཕྱིར་མཁྲིས་པ་སྣུམ་བཅས་རྣོ་ཞིང་ཚ། །ཡང་ཞིང་དྲི་མནམ་འཁྲུ་ཞིང་གཤེར་བ་དེ། །ཐང་ལ་ལྷག་པའི་ཚ་བའི་རྟགས་སུ་འབྱུང༌། །གདོང་སྣུམ་མྱུར་སྨིན་དྲོད་ཆེ་ཟློག་དཀའ་ཡང༌། །དྲི་ཆེ་འཁྲུ་ཞིང་གཏར་ཁྲག་ལུད་པ་སླ། །འདི་རྟགས་འབྱུང་ཕྱིར་ཚ་བར་ཤེས་པར་བྱ།།

ཚ་བའི་རྒྱུ་མཚན་གནོད་བྱ་སྲེག་པ་སྟེ། །གནོད་བྱ་ལུས་ཟུངས་བདུན་དང་དྲི་མ་གསུམ། །འདི་དག་ཐལ་བར་སྲེག་པ་མ་ཡིན་ཀྱང༌། །ཚ་བའི་དྲོད་ཀྱིས་བསྲུལ་བས་སྲོག་འདོར་བྱེད། །དེ་ཕྱིར་སྲེག་ཅེས་བྱ་བར་བཤད་པ་ཡིན།།

ཚ་བའི་དབྱེ་བ་རྟེན་དུས་ཉེས་པ་དང༌། །གནས་ས་རྒྱུ་དང་གནས་སྐབས་རིགས་ཀྱིས་དབྱེ། །རྟེན་གྱིས་དབྱེ་བ་བྱིས་པ་དར་མ་རྒན། །དུས་ཀྱིས་དབྱེ་ན་གསར་དང་རྙིང་པ་གཉིས། །ཉེས་པས་དབྱེ་ན་རླུང་མཁྲིས་བད་ཀན་དང༌། །ཁྲག་དང་ཆུ་སེར་ཚ་བ་རྣམ་པ་ལྔ། །གནས་ཀྱིས་དབྱེ་ན་ཕྱི་ནང་བར་དང་གསུམ། །ཤ་ལྤགས་རྩ་རུས་དོན་སྣོད་ལ་གནས་པའོ། །རྒྱུད་ཀྱིས་དབྱེ་ན་རང་རྒྱུད་གཞན་རྒྱུད་ཅན། །རང་རྒྱུད་ཅན་དེ་རྐྱང་པ་རང་རྟགས་གསལ། །གཞན་རྒྱུད་ཅན་ལ་ལྡན་ཚད་འདུས་ཚད་གཉིས། །གནས་སྐབས་དབྱེ་བ་རྣམ་པ་དྲུག་ཡིན་ཏེ། །མ་སྨིན་རྒྱས་སྟོངས་གབ་རྙིངས་རྙོགས་པའོ། །རིགས་ཀྱིས་དབྱེ་ན་འགྲམས་འཁྲུགས་རིམས་དུག་བཞི།།

ཚ་བའི་རྟགས་ལ་འགྱུར་མེད་ངོས་བཟུང་དང༌། །སྤང་བླང་མུ་བཞི་ཁ་དམར་གདགས་པ་འོ། །དང་པོ་ངོས་བཟུང་སྤྱི་དང་བྱེ་བྲག་གཉིས། །སྤྱི་ཡི་རྟགས་ལ་ཕྱི་ནང་གསང་བ་གསུམ། །ཕྱི་རྟགས་སློང་བ་རྒྱུ་རྐྱེན་སྒོ་ནས་བརྟག །ནང་རྟགས་མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག །གསང་རྟགས་ཕན་གནོད་སྒོ་ནས་བརྟག་པའོ། །སློང་བ་རྒྱུ་རྐྱེན་སྒོ་ནས་བརྟག་པ་ནི། །གོང་རྐྱེན་ཟས་སྤྱོད་རྗེས་ལས་ཤེས་པར་བྱ། །མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ་ནི། །ཚ་བའི་རྩ་ནི་མགྱོགས་རྒྱས་གྲིམས་པ་ཡིན། །ཆུ་མདོག་དམར་སེར་དྲི་དུགས་རླངས་པ་ཆེ། །མགོ་ན་ཤ་ཚ་ཁ་རོ་སྐྱུར་ལ་ཁ། །ལྕེ་སྟེང་བད་ཀན་ཆེ་ལ་སྣ་སྒོ་སྐམ། །མིག་སྤྲིན་དམར་སེར་གཟེར་བ་གཅིག་ཏུ་འདྲིལ། །ལུད་པ་དམར་སེར་ཚ་བྲོ་སྐོམ་དད་ཆེ། །ཁྲག་མཁྲིས་འཁྲུ་སྐྱུག་རྔུལ་ཆེ་དྲི་མ་མནམ། །ནུབ་གཉིད་ཆུང་ལ་ཉིན་པར་གཉིད་མི་ཐུབ། །ཉིན་དགུང་མཚན་དགུང་ཞུ་བའི་དུས་ན་ལྡང༌། །དེ་དག་མཁྲིས་པའི་མེ་དྲོད་འཕེལ་རྟགས་ཡིན། །ཕན་གནོད་བསྟེན་པའི་སྒོ་ནས་བརྟག་པ་ནི། །ཟས་སྤྱོད་སྨན་དཔྱད་ཆུ་བཞི་བསྟེན་པ་ཡིས། །འཕྲོད་དང་མི་འཕྲོད་གོམས་པས་ངེས་པ་བརྙེད། །ཚ་བ་བྱེ་བྲག་སོ་སོའི་མི་འགྱུར་རྟགས། །སྤྱི་རྟགས་དེ་དག་ཀུན་ལ་ཁྱབ་སྟེང་དུ། །རྟེན་གྱི་ཚ་བ་ན་སོའི་རིམ་པས་ཤེས། །དུས་ཀྱི་ཚ་བ་ཡུན་གྱིས་ཤེས་པར་འགྱུར། །ཉེས་པའི་ཚ་བ་བསྡོངས་ཟླའི་རྟགས་ལས་དཔག །གཡལ་འདར་གཉིད་ཡེར་བརྩེ་ན་རླུང་ཚད་དེ། །ཁ་ཁ་མིག་ཆུ་སེར་ན་མཁྲིས་ཚད་ཡིན། །ལྕི་རྨོངས་འཇུ་དཀའ་བད་ཀན་ཚ་བ་ལ། །མིག་ཆུ་དམར་ལ་གཟེར་འདྲིལ་ཁྲག་ཚད་ཡིན། །གཡོ་སྐྲངས་ཟ་འཕྲུག་ཤུ་ཐོར་ཆུ་སེར་ཚ། །གནས་ཀྱི་ཚ་བ་འཇུག་སྒོ་གར་གནས་གསལ། །རང་རྒྱུད་ཅན་དེ་རང་རྟགས་གསལ་བས་ཤེས། །ལྡན་ཚད་རླུང་ལྡན་གཅིག་གྲོགས་གཅིག་གིས་བྱེད། །དཔེར་ན་གཉེན་བཤེས་མཐུན་པ་ལས་བྱེད་འདྲ། །བད་ཀན་ཚ་བར་ལྡན་པས་འཐབ་པར་འགྱུར། །མི་མཐུན་མི་གཉིས་ས་གཅིག་འཚོགས་དང་མཚུངས། །འདུས་པའི་ཚ་བ་དུས་ངན་ཤར་པོ་འདྲ། །ཁོ་བས་ང་དྲག་གཅིག་འོག་གཅིག་མི་ཚུད། །དེ་དག་བསིལ་དྲོད་གཉེན་པོ་གང་འོས་བསྟེན། །ཕན་སྙམ་བྱེད་ཀྱང་བསྟུད་ན་གནོད་པས་ཤེས། །མ་སྨིན་ཕྲུམ་སེར་ཚིགས་གཞི་སྲོད་དུས་ན། །རྒྱས་པའི་ཚ་བ་ཚད་རྟགས་རྫོགས་པར་འབྱུང༌། །སྟོང་ཚད་བསིལ་གྱི་གཉེན་པོ་བསྟེན་གྱིན་འཕེལ། །གབ་ཚད་དྲོད་བཅུད་བསྲིངས་ཀྱིན་གནོད་པར་ཚོར། །རྙིངས་པའི་ཚ་བ་ཡུན་ལོན་གྱུར་པས་ཤེས། །རྙོགས་ཚད་རྔུལ་བརྩེ་སྣ་ཁྲག་གཡོ་ལས་གསལ། །རིམས་ཚད་མགོ་ན་ཟ་ཟི་གྲང་ཤུམ་བྱེད། །འཁྲུགས་ཚད་གཟེར་དང་ལུད་པ་དབུགས་ལ་གསལ། །འགྲམས་ཀྱི་ཚ་བ་སྤྱོད་ལམ་དྲག་རྗེས་ན། །དུག་ཚད་མ་ངེས་ཁོལ་བུར་ནད་སྣ་མང༌། །འདི་དག་མི་འཁྲུལ་སོ་སོའི་ངོས་འཛིན་ཡིན། །སྤང་བླང་མུ་བཞིར་ཁ་དམར་གདགས་པ་ནི། །རྩ་རྒྱུད་སྦོམ་ཞིང་མཁྲང་ལ་འགྱུར་ལྡོག་ཆུང༌། །ཆུ་མདོག་གདོང་གསལ་ལྕེ་རློན་གཏར་ཁྲག་ཕྱེད། །ལུད་པ་འགོགས་སླ་གཟེར་ཆུང་རྔམ་པ་བདེ། །ཟས་ལེན་ཤེད་ཆེ་སྨན་དཔྱད་ངོ་ལེན་ན། །ནད་གང་ཡིན་ཡང་གསོ་བ་སླ་བར་བཤད། །འཆི་ལྟས་མེད་ཀྱང་ནད་ཀྱི་སྟོབས་ཆེ་ལ། །བླ་གཉན་འགྱུར་ལྡོག་མང་ན་གསོ་བ་དཀའ། །འཆི་རྟགས་རྩ་ཆུ་ལུད་པ་ཁྲག་དང་དབུགས། །ནད་སྟོབས་གཟེར་ས་ལུས་སྟོབས་དབང་པོར་བརྟག །རྩ་རྒྱུད་འདར་སྤུན་སྡོད་དང་འཚུབ་པ་འཆི། །ཆུ་ནི་ཁོང་ལོག་སྲི་འཆོར་སངས་ན་འཆི། །ལུད་པ་དུད་ཁུ་ཤ་སྐྱོ་འདྲ་བ་ལ། །མང་དུ་འབྱུང་ཞིང་གྲེ་བར་གསོག་ན་འཆི། །ཁྲག་མེད་མཚལ་འདྲ་ཆད་པོ་ནག་རྩིགས་འཆི། །དབུགས་ནི་མ་བསྐྱོད་གཉིད་དུ་སོང་གྱུར་ཀྱང༌། །རྔམ་པ་མི་བདེ་ཐུང་ལ་རྩེག་ན་འཆི། །ནད་སྟོབས་ཁོང་འཐེམས་གཉེན་པོ་མི་ལེན་ཅིང༌། །ལྡོག་འགྱུར་མང་ལ་འདྲེ་ཁ་རྒོད་ན་འཆི། །གཟེར་ས་ཐོག་མ་ཁོ་ནར་སྙིང་ག་གཟེར། །གཞན་དུ་མི་འཕོ་ཕུར་པ་བཙུགས་འདྲ་འཆི། །ལུས་ཤེད་ཆད་ངལ་སྟན་ལ་འབྱར་ན་འཆི། །དབང་པོ་མིག་ལྡོག་ཁོང་དུ་བྲོས་པ་དང༌། །རྣ་བ་སྙེ་ལ་སྣ་སྐམ་བ་སྐྱ་ཆགས། །མཆུ་བརྫེས་སོ་ནག་ལྕེ་སྐམས་ཕུགས་སུ་བྲོས། །གདོང་ལ་ས་ཆགས་སྨྲ་མང་གསལ་ཆ་ཆུང༌། །ཟས་དང་སྐོམ་གྱིས་བོར་ན་ངེས་པར་འཆི། །དེ་ཡང་འདྲ་སྣང་ཕྱོགས་མཐུན་བཅོས་སྐྱེད་བལྟ། །འཆི་ལྟས་སྣང་ཡང་གཉེན་པོ་ལེན་གྱུར་ན། །མ་ངེས་འདྲ་སྣང་ཡིན་སྲིད་གསོ་བར་བརྩམ། །འཆི་བའི་རྟགས་གཅིག་ནད་ཀུན་ལ་མི་འབྱུང༌། །ནད་གཅིག་ལ་ནི་འཆི་རྟགས་ཀུན་མི་འབྱུང༌། །དེ་ཕྱིར་ལྟས་མང་གཉེན་པོ་མི་ལེན་ན། །ལས་དབང་འཆི་བདག་ཞགས་པས་ཟིན་ཏེ་སྤང༌།།

ཚ་བ་དེ་དག་བཅོས་པའི་ཐབས་བསྟན་པ། །སྤྱི་དང་བྱེ་བྲག་རྣམ་པ་གཉིས་སུ་འདོད། །སྤྱི་ལ་བཅོས་ཐབས་རྣམ་པ་གསུམ་ཡིན་ཏེ། །ནད་དང་གཉེན་པོ་སྤྲོད་པའི་བཅོས་ཚུལ་དང༌། །དུས་ལས་མི་འདའ་གནད་ཀྱི་གདམས་པ་དང༌། །ཚ་བའི་དངོས་པོ་གཞོམ་པའི་གཉེན་པོའོ། །བཅོས་ཚུལ་ནོར་ན་གཉེན་པོ་མི་ལེན་པས། །གང་ལ་གང་འཚམ་སྒོ་ནས་བཅོས་པར་བྱ། །ཚ་གྲང་འདྲེས་ན་གཉེན་པོ་མི་ལེན་པས། །འདྲེས་པ་ཕྱེ་ལ་ནད་དང་གཉེན་པོ་སྤྲད། །བྱེར་ཞིང་འགྲམས་ན་གཉེན་པོ་མི་ལེན་པས། །བྱེར་བ་བསྡུས་ལ་ནད་ཀྱི་ངོ་བོ་གཞོམ། །དང་པོ་ནད་དང་གང་འཚམ་བཅོས་པ་ཡི། །ལུས་ཟུངས་ན་ཚོད་སྦྱར་ལ་བཅོས་པ་ནི། །ཟུངས་འབྲིང་བྱིས་པའི་ཚ་བ་གཉེན་ལྟར་བསྟེན། །ཟུངས་བཟང་དར་མའི་ཚ་བ་དགྲ་ལྟར་བསད། །ཟུངས་ངན་རྒས་པའི་ཚ་བ་བུ་ལྟར་གསོ། །ནད་སྟོབས་དུས་དང་སྦྱར་ལ་བཅོས་པ་ནི། །སྟོབས་ལྡན་གསར་པའི་ཚ་བ་ཐོག་བབས་བསད། །སྟོབས་ཆུང་རྙིངས་པའི་ཚ་བ་ངང་གིས་གདོན། །ཉེས་པའི་སྒོ་ནས་བཅོས་པར་བྱ་བ་ནི། །རླུང་གི་ཚ་བ་འབྲོས་འདེད་ཚུལ་དུ་བཅོས། །མཁྲིས་པའི་ཚ་བ་ཟགས་བཅད་ཚུལ་དུ་བཅོས། །བད་ཀན་ཚ་བ་མགོ་སྤུར་ཚུལ་དུ་བཅོས། །ཁྲག་གི་ཚ་བ་ཤེད་དམད་ཚུལ་དུ་བཅོས། །ཆུ་སེར་ཚ་བ་སྦྱང་སྐེམ་ཚུལ་དུ་བཅོས། །གནས་ཀྱི་སྒོ་ནས་བཅོས་པར་བྱ་བ་ནི། །ཤ་ལྤགས་ཚ་བ་རྔུལ་དང་ཆུ་ཡིས་བཅོས། །རྩ་ཡི་ཚ་བ་རྩ་ཁྲུས་གཏར་གྱིས་བཅོས། །རུས་པའི་ཚ་བ་དུགས་དང་ལུམས་ཀྱིས་བཅོས། །དོན་ཀྱི་ཚ་བ་ཕྱེ་མ་གཏར་གྱིས་བཅོས། །སྣོད་ཀྱི་ཚ་བ་སྦྱོངས་ཀྱིས་བཅོས་པར་བྱ། །གཙོ་བོའི་སྒོ་ནས་བཅོས་པར་བྱ་བ་ནི། །རང་རྒྱུད་ཅན་དེ་རྐྱང་འདེད་ཚུལ་དུ་བཅོས། །གཞན་རྒྱུད་ཅན་དེ་གང་མཐོ་གཉའ་ནས་མནན། །གནས་སྐབས་སྒོ་ནས་བཅོས་པར་བྱ་བ་ནི། །མ་སྨིན་ཚ་བ་སྨིན་བྱས་ལམ་དུ་གཞུག །རྒྱས་པའི་ཚ་བ་འབར་བའི་མེ་དཔུང་བསད། །སྟོངས་པའི་ཚ་བ་རླུང་འབུད་བཅུད་ཀྱིས་གསོ། །གབ་ཚད་མགོ་སྤུར་བཤུས་ལ་སྨན་ནད་སྤྲད། །རྙིངས་པའི་ཚ་བ་ཞེན་པའི་རྩི་དང་དབྲལ། །རྙོགས་པའི་ཚ་བ་ཆུ་སེར་རང་སར་སྐམ། །རིགས་ཀྱི་སྒོ་ནས་བཅོས་པར་བྱ་བ་ནི། །འགྲམས་ཀྱི་ཚ་བ་ལུས་ཟུངས་རང་སོར་གཞུག །འཁྲུགས་ཀྱི་ཚ་བ་དབྱེ་བསད་དབྱུང་བས་མཉམ། །རིམས་ཀྱི་ཚ་བ་བྱ་ལྟར་སྤུར་ལ་གདོན། །དུག་ཚད་འདུ་བ་ཆ་མཉམ་གཉེན་པོས་བསད། །ཚ་གྲང་འདྲེས་པ་དབྱེ་བའི་བཅོས་ཚུལ་ནི། །མ་སྨིན་འདྲེས་པ་ཕྱེ་ལ་ལམ་དུ་གཞུག །འདི་དུས་གཉེན་པོ་བསྟེན་ན་གྲོགས་ཐོག་འབབ། །གྲོགས་འཕེལ་བས་ནི་ཚ་བ་ཉིད་འཕེལ་བྱེད། །མ་སྨིན་ཆང་བསླང་ཆང་དུ་མི་རུང་ལྟར། །ལམ་དུ་མི་ཚུད་འཆི་འམ་གསོ་དཀར་འགྱུར། །དེ་ཕྱིར་བད་རླུང་གཉིས་ཀྱི་གྲོགས་གཅིལ་ལ། །མཁྲིས་ཚད་མི་འཕེལ་ལམ་དུ་གཞུག་པ་གཅེས། །སྨིན་བྱས་རྙིངས་པའི་ཚ་བ་འདྲེས་པ་རྣམས། །ཕྱོགས་གཅིག་ཆུ་བོ་གཞུང་དུ་བསྲངས་ལ་དབྱེ། །དེ་ལ་སྐྱོན་ཡོན་རྣམ་པ་གཉིས་ཡོད་དེ། །ཚ་བཅོས་གྲང་བར་འཕུལ་ན་སྐྱོན་ཡོན་གཉིས། །ཡུན་དུ་སྦྱོང་སྟེ་སྲོག་ལ་རྒོལ་མི་འགྱུར། །གྲང་བཅོས་ཚ་བར་འཕུལ་ན་སྐྱོན་ཡོན་གཉིས། །གསོ་བ་སླ་སྟེ་དུས་འདའ་སྲོག་ལ་འབབ། །དེ་ཕྱིར་སྣ་ལ་ཚ་བཅོས་གྲང་བར་འཕུལ། །གབ་ཚད་གྲང་བའི་མགོ་སྤུར་མ་བཤུས་ན། །གཉེན་པོ་ནད་ཀྱི་ཐོག་ཏུ་མི་འབབ་པས། །མགོ་སྤུར་བཤུས་ལ་ནད་དང་གཉེན་པོ་སྤྲད། །སྟོངས་ཚད་རླུང་ལ་རྔན་པ་མ་བྱིན་ན། །རླུང་གིས་ཚ་བ་བུས་ནས་ལ་ཆེན་འདའ། །དེ་ཕྱིར་ཟས་ཀྱིས་བྲིད་ལ་ཚད་གཞུག་གདོན། །གྲང་རྙོགས་དང་པོ་ཕོ་བའི་མེ་དྲོད་གསོ། །གཞི་འཛིན་མ་ཤེས་མེ་ཤི་ཚ་རོ་ལས། །ཚ་རྙོགས་འདྲེས་པ་སྦྱང་བ་འཇམ་པོས་དབྱེ། །འདྲེས་པའི་ནད་ཀུན་གཉེན་པོ་བསྟེན་པ་དཀའ། །བཅོས་ངོ་གང་ལེན་ནད་དེ་གདོང་ལ་བཅོས། །བསིལ་དྲོད་གཉིས་ཀའི་གཉེན་པོ་མི་ལེན་ན། །ཕྱིང་དྲིལ་བཅོས་སམ་ཡང་ན་ལྟག་སྤྲོད་བྱ། །གང་ཡང་མི་ལེན་སྔོན་གྱི་ལས་ནད་ཡིན། །ཚོགས་གསོག་འཆི་བསླུས་འཚོ་བ་འགའ་འབྱུང་སྲིད། །དེ་ལྟར་འདྲེས་པའི་དབྱེ་ཐབས་མ་ཤེས་པར། །ཚ་བ་བད་རླུང་ཁྱོན་བསྲེས་བཅོས་བྱས་པས། །གང་དུ་ངོས་མི་ཟིན་ཅིང་སྐྱེད་མེད་འགྱུར། །དེ་ཕྱིར་འདྲེས་པའི་དབྱེ་ཐབས་ཤེས་པ་གཅེས། །བྱེར་བའི་ཚ་བ་རྣམ་པ་གསུམ་ཡིན་ཏེ། །རང་བཞིན་བྱེར་དང་རྐྱེན་གྱིས་བྱེར་བ་དང༌། །དུས་ལས་འདས་པའི་བྱེར་བ་རྣམ་པ་གསུམ། །དུག་དང་སྨུག་པོ་རང་བཞིན་བྱེར་བ་སྟེ། །མ་སྨིན་རི་ཐང་མཚམས་སུ་བཅོས་ཉེས་རྐྱེན། །ཚ་བ་བྱེར་ཏེ་རྙོགས་པ་ཞེས་བྱར་འགྱུར། །གསུམ་པ་ནད་འདུས་དུས་སུ་མ་སྦྱངས་པས། །དུས་ལས་འདས་ཏེ་རྩ་མིག་ཀུན་ཏུ་བྱེར། །དེ་ལྟར་བྱེར་ཀུན་སྣ་ཁྲིད་རླུང་གིས་བྱེར། །རྩ་མིག་ཀུན་ཏུ་ཞུགས་ནས་ལུས་ཀུན་ཁྱབ། །བྱེར་བ་མ་བསྡུས་གཉེན་པོ་བསྟེན་བྱས་ཀྱང༌། །རི་དྭགས་ཐང་འདེད་འདྲ་སྟེ་གསོད་མི་འགྱུར། །འདི་ལ་ཐང་དང་ཕྱེ་མ་ཟས་སྤྱོད་ཀྱིས། །རླུང་གཞིལ་ནད་དེ་ཁོང་དུ་བསྡུས་བྱས་ནས། །གཉེན་པོ་བསྟེན་ན་མེ་སྟེང་ཆུ་བླུག་འདྲ། །འདུས་དཀའ་རྩ་སྦྱོངས་རྒྱུན་སྦྱོངས་ཆུ་ལུམས་བསྔགས། །དེ་ཡིས་མ་འདུས་བྱེར་བ་རང་སར་འདོན། །དུས་ལས་མི་འདའ་གནད་ཀྱི་གདམས་པ་ནི། །ཚ་བ་དུས་ལས་འདའ་བའི་ནད་བཞི་སྟེ། །ངོ་བོ་ཉིད་ཀྱི་དུས་ལས་འདའ་བ་དང་། །སྦྱོར་བ་དམན་ལྷག་ལོག་པས་དུས་འདའ་བ། །དང་པོ་གནད་དུ་བབས་པའི་ཚ་བ་སྟེ། །ཐོག་མའི་དུས་ནས་སྲོག་ལ་ངེས་པར་རྒོལ། །དེ་ལ་ནད་ཀྱི་ཚོད་བླངས་དུས་ལས་འདའ། །དེ་ཕྱིར་ཆུ་བཞིས་སྲོག་ལ་ཐོབ་ཤ་བྱ། །དམན་པ་བཅོས་ཀྱིས་ནད་མགོ་མནན་པ་ཡིས། །བདེ་བཞིན་བྱེད་ཀྱང་གཏིང་ཚད་མ་ཐོན་པས། །ཚ་བས་ཟུངས་ཟད་དུས་ལས་འདའ་བའི་ཕྱིར། །གཉེན་པོ་མི་བཅད་སྟོབས་བསྐྱེད་བསྲིངས་ལ་བཏང༌། །ལོག་པ་གབ་ཚད་གྲང་བར་འཁྲུལ་པ་ཡིས། །མེ་བཞི་བསྟེན་པས་ཚ་བ་དུས་ལས་འདའ། །ལྷག་པ་ནད་ཆུང་གཉེན་པོ་དྲགས་པ་ཡིས། །བད་རླུང་དགྲར་ལངས་གྲང་བས་སྲོག་ལ་རྒོལ། །འདི་གཉིས་ལྟར་སྣང་ངོས་འཛིན་ཤེས་པ་གཅེས། །བྱ་རས་ནམ་ཚོར་དུས་ན་བརྩོན་པས་ཟློག །དེ་དག་ཤེས་ན་དུས་ལས་འདའ་མི་སྲིད། །ཚ་བའི་དངོས་པོ་གཞོམ་པའི་གཉེན་པོ་ནི། །ཟས་དང་སྤྱོད་ལམ་སྨན་དཔྱད་རྣམ་བཞིས་བཅོས། །དང་པོ་ཟས་ལ་ཕན་བསྟེན་གནོད་པ་སྤང༌། །ཕན་པའི་ཟས་སྐོམ་བསྟེན་ཐབས་བཅུ་གཅིག་སྟེ། །མ་སྨིན་ཚ་བ་ལམ་དུ་གཞུག་པའི་ཟས། །རྒྱས་པའི་ཚ་བ་ཡེན་ལ་གཏད་པའི་ཟས། །ཐོར་བུའི་རླུང་ལ་རྔན་པ་བྱིན་པའི་ཟས། །ཐེ་ཚོམ་ངེས་པ་སྐྱེད་པ་སད་མདའི་ཟས། །སྟོངས་པའི་ཚ་བ་བཅུད་ཀྱིས་དགང་པའི་ཟས། །ཚད་རླུང་འདྲེས་པ་ཁ་ཡན་དགུག་པའི་ཟས། །གབ་པའི་ཚ་བ་མགོ་སྤུར་བཤུ་བའི་ཟས། །རྙིངས་པའི་ཚ་བ་ཞེན་པ་དབྲལ་བའི་ཟས། །གྲང་བ་ཁ་ཐལ་མེ་དྲོད་གསོ་བའི་ཟས། །རླུང་འཕྱོས་ཁ་ཐལ་བཅུད་ཀྱིས་གནོན་པའི་ཟས། །ཟུངས་ཟད་ཚད་པ་ལུས་སྟོབས་བསྐྱེད་པའི་ཟས། །དེ་ལྟར་འཕྲོད་ཟས་སྐབས་དང་སྦྱར་ལ་བསྟེན། །གནོད་ཟས་མ་སྨིན་སྨིན་དུ་མི་སྟེར་དང༌། །རྒྱས་པའི་ཚ་བ་མེ་དབལ་སྐྱེད་པ་དང༌། །རླུང་ཚད་འབུད་ཅིང་ཚ་བ་འབྱེར་བ་དང༌། །གབ་རྙོགས་ཚ་བའི་མེ་དྲོད་འཇོམས་པ་དང༌། །རྙིངས་པའི་ཚ་བ་སྟོད་ལ་གནོན་པ་དང༌། །ངོ་བོ་ཉིད་ཀྱིས་མི་འཕྲོད་ཟས་དང་དྲུག །མི་འཕྲོད་ཟས་རྣམས་དུག་འདྲ་སྤང་བར་བྱ། །སྤྱོད་ལམ་བཅོས་པ་མཐུན་དང་མི་མཐུན་གཉིས། །ལྡན་ཚད་རྣམས་ལ་བསིལ་དྲོད་སྙོམས་པ་མཐུན། །རྐྱང་པ་རྣམས་ལ་བསིལ་བ་ཁོ་ན་བསྔགས། །གནས་དང་གོས་དང་བྱ་བའི་སྤྱོད་ལམ་གསུམ། །བསིལ་དྲོད་སྙོམས་པའི་གནས་ནི་ཉི་གྲིབ་མཚམས། །རླན་སྟེང་ཁ་ཡེང་མ་ཡིན་དབེན་པར་འདུག །མ་འཁྱགས་མ་རྔུལ་དྲོ་ཞིང་ཡང་བ་བགོ །དྲག་ཤུལ་དལ་ཆེས་མ་ཡིན་མི་རྔུལ་བཅག །བསིལ་གནས་ནེའུ་གསིང་སྟེང་དང་ཆུ་ཡི་འགྲམ། །ཤིང་གྲིབ་བསེར་བུ་ཁང་སྟེང་བསིལ་ཁང་གནས། །རས་གོས་ལ་སོགས་ཡང་ཞིང་བསིལ་བ་བགོ །ལུས་ངག་བྱ་བ་མ་ཡིན་ཉིན་གཉིད་བསྲུང༌། །ཡིད་འོང་གྲོགས་དང་སེམས་སྤྲོ་ཀུན་ལ་ཤིས། །དེ་ལས་ལྡོག་པ་མི་མཐུན་སྤང་བར་བྱ། །སྨན་གྱིས་བཅོས་པ་ཞི་དང་སྦྱང་བ་གཉིས། །ཞི་བྱེད་སྨན་ལ་ཐང་ཕྱེ་མར་དང་གསུམ། །ཐང་ལ་སྨིན་ཐང་དབྱེ་ཐང་སྡུད་པའི་ཐང༌། །གསོད་ཐང་སད་ཐང་དགུག་ཐང་སྐམ་ཐང་བདུན། །སྨིན་པར་བྱེད་པའི་ཐང་ལ་རྣམ་གསུམ་སྟེ། །མ་ནུ་བཞི་པས་བད་རླུང་སྨིན་པར་བྱེད། །ཏིག་ཏ་གསུམ་པས་མཁྲིས་ཚད་སྨིན་པར་བྱེད། །འབྲས་བུ་གསུམ་གྱིས་ཁྲག་ཚད་སྨིན་པར་བྱེད། །དབྱེ་བའི་ཐང་ལ་རྣམ་པ་གསུམ་ཡིན་ཏེ། །སླེ་ཏྲེས་ཆིག་ཐང་རླུང་ཚད་འབྱེད་པར་བྱེད། །སྐྱུ་རུའི་ཆིག་ཐང་ཁྲག་ནད་འབྱེད་པར་བྱེད། །སེ་འབྲུ་(མ་ནུ་སྒ་སྐྱ་)གསུམ་ཐང་བད་ཀན་ཚ་བ་འབྱེད།  །སྡུད་ཐང་མ་ནུ་བཞི་དང་འབྲས་བུ་གསུམ། །ག་བྲ་(བཙོད་བ་ཤ་ཀ)གསུམ་པའི་ཐང་ལ་བུ་རམ་བཏབ། །ཚད་པ་རླུང་གིས་བྱེར་བ་སྡུད་པར་བྱེད། །གསོད་པའི་ཐང་ལ་ཚ་བ་གསར་རྙིང་གཉིས། །ཚ་བ་གསར་པ་གསོད་པའི་ཐང་གསུམ་སྟེ། །དེ་བ་(གསེར་མེ་པར་པ་ཏ་ག་དུར་ཨ་རུ་)ལྔ་ཐང་རིམས་ནད་རྒྱས་པ་འཇོམས། །ཧོང་ལེན་(བ་ཤ་ཀ་རྩི་དམར་སྤང་རྩི་སྐྱུ་རུ་)ལྔ་ཐང་འགྲམས་འཁྲུགས་རྒྱས་པ་འཇོམས། །འོམ་(རེ་རལ་རྣམ་པར་ཁྱུང་སྡེར་ཧ་བོ་གང་ཆུང་སྲོལ་གོང་སྤང་རྒྱན་བོང་ང་སྤང་རྩི་བྱི་ཚེར་སེ་རྒོད་སྐྱེར་པ་སྐྲ་བཟང་སོ་མ་ར་)ཐང་བཅོ་ལྔས་དུག་ཚད་རྒྱས་པ་འཇོམས། །ཐང་ཆེན་(འབྲས་གསུམ་སླེ་ཏྲེས་བ་ལེ་བ་ཤ་ཧོང་ལེན་ཏིག་ཏ་བོང་དཀར་ག་དུར་)བཅུ་པས་རྙིངས་ཚད་རོལ་དུ་གསོད། །སད་ཐང་སྲེ་ལོང་པ་ཡི་ཆིག་ཐང་དང༌། །རུས་བཅུད་གསུམ་དང་གོ་སྙོད་གསུམ་པའི་ཐང༌། །རི་ཐང་མཚམས་ཀྱི་ངེས་པ་སྟེར་བར་བྱེད། །དགུག་ཐང་བཅུད་བཞིའི་ཐང་གིས་རླུང་འཕྱོས་འགུགས། །སྐམ་ཐང་སེང་ལྡེང་(འབྲས་གསུམ་སླེ་ཏྲེས་སྐྱེར་པ་ཆུ་སེར་སྨན་གསུམ་)དགུ་པས་རྙོགས་ཚད་སྐེམ། །དེ་རྣམས་ཚ་བ་འཇོམས་པའི་ཐང་སྦྱོར་ཡིན། །ཕྱེ་མ་སྔོ་སྦྱོར་རྩི་སྦྱོར་འདྲེས་པར་སྦྱོར། །སྔོ་སྦྱོར་རྒྱལ་པོ་(གཡའ་ཀྱི་)བཙུན་མོ་(རྩི་དམར་)སྲས་(སྲོ་ལོ་)དང་ནི། །བློན་(པྲི་ཡངྐུ་)འབངས་(པར་པ་ཏ་)དམག་དཔོན་(རིམས་ལ་པར་པ་ཏ་འཁྲུགས་ལ་སྤང་རྩི་ཁྲག་ལ་ཧོང་ལེན་མཁྲིས་པར་ཏིག་ཏ་སོགས་ཤས་གང་ཆེ་ལ་ལོག་པོར་བཏང་)དམག་མི་(སུམ་ཅུ་ཏིག་རྣམ་པར་གང་ཆུང་དར་ཡ་ཀན་ཚེར་སྔོན་ཁྲག་རྐང་སྤང་རྒྱན་སྒོང་ཐོག་ཁུར་རྩ་འོམ་བུ་སྤྱི་ཞུར་བྱི་ཚེར་བྱ་རྒོད་སྤོས་དང་བཅུ་གསུམ་)ཆིབས་པར་(གངས་ཆུ་ལ་བསྡུས་གྲང་ངམ་ཁཎྜ་)བཅས། །ཚ་བ་ཀུན་ལ་མེ་ཐོག་ཆུ་བླུག་འདྲ། །རྩི་སྦྱོར་ཚ་བ་རབ་འབྲིང་བྱེ་བྲག་གིས། །ག་བུར་ཙན་དན་གི་ཝཾ་གཙོ་བོ་ལ། །འབར་བའི་ཚད་སྟོབས་བསད་པའི་ཕྱེ་མ་དང༌། །ལྡན་ཚད་དུས་གཅིག་འཇོམས་པའི་ཕྱེ་མ་དང༌། །རྙིངས་ཚད་རྩད་ནས་འདོན་པའི་ཕྱེ་མ་དང༌། །འདུ་བ་ཁ་སྙོམས་བྱེད་པའི་ཕྱེ་མའོ། །འབར་བའི་ཚད་སྟོབས་བསད་པའི་ཕྱེ་མ་ལ། །ཚ་བ་རབ་ལ་ག་བུར་རྒྱལ་བློན་གསུམ། (དེ་སྟེང་ཙན་དན་གི་ཝཾ་ཧོང་ལེན་ཏིག་ཏ་སྟེ་)བདུན་པ་(དེ་སྟེང་བ་ཤ་བོང་དཀར་)དགུ་པ་གསུམ་གྱིས་བསད་པ་གཅེས། །ཚ་བ་འབྲིང་ལ་ཙན་དན་(དཀར་དམར་ཅུ་གང་གུར་ཀུམ་ཨུཏྤལ་ཧོང་ལེན་གི་ཝཾ་ག་དུར་ཏིག་ཏ་བ་ཤ་ཀ་)བཅུ་པ་སྟེ། །ཐ་མ་གི་ཝཾ་(ཅུ་གང་གུར་ཀུམ་ཨུཏྤལ་བ་ཤ་བ་ལེ་ཧོང་ལེན་ཏིག་ཏ་ག་དུར་བོང་དཀར་ཏེ་)བཅུ་པས་འཇོམས་པར་འགྱུར། །ལྡན་ཚད་དུས་གཅིག་འཇོམས་པའི་ཕྱེ་མ་ནི། །ཚ་བ་རླུང་ལྡན་ཨ་གར་(བཟང་དྲུག་རུ་རྟ་སླེ་ཏྲེས་སྒོག་ཐལ་ཀ་ར་སྟེ་)བཅུ་པས་འཇོམས། །བད་ཀན་ལྡན་ལ་ཅུ་གང་བདེ་བྱེད་སྦྱར། །རྙིངས་ཚད་རྩད་ནས་འདོན་པའི་ཕྱེ་མ་ལ། །རབ་ལ་ག་བུར་ཉི་ཤུ་རྩ་ལྔ་སྟེ། །འབྲིང་ལ་ཙན་དན་ཐ་མ་གི་ཝཾ་ངོ་། །སྔོ་རྩི་འདྲེས་པའི་སྦྱོར་བ་གཙོ་བོ་བརྒྱད། །འཁྲུགས་(ལ་ཙན་དན་དམར་པོ་ཤིང་མངར་རུ་རྟ་སྐྱུ་རུ་)རིམས་(ལ་གསེར་མེ་སྐྲ་བཟང་ག་དུར་དེ་བ་སྤང་རྩི་བོང་དཀར་)བབས་སྒོ་མདེ་ཁ་(གཉན་ལ་གླ་རྩི་གུ་གུལ་སྙིང་ལ་ཛཱ་ཏི་ཨ་གར་གློ་ལ་ཨ་ཀྲོང་ཤིང་མངར་མཆིན་པར་ཨུཏྤལ་བྲག་ཞུན་མཆེར་པར་པི་ལིང་མཁལ་མར་སུག་སྨེལ་ཕོ་བར་བོང་དཀར་མཁྲིས་པར་གསེར་མེ་ཆུ་སོ་ལ་གླ་རྩིས)བསྒྱུར་ལ་སྦྱར། །ཚ་བའི་ནད་རྣམས་མི་སེལ་གང་ཡང་མེད། །སྨན་མར་ཚ་བའི་ནད་རྗེས་བཅད་པ་སྟེ། །འབྲས་བུ་གསུམ་གྱིས་སྟོངས་པའི་ཚད་རྗེས་གཅོད། །ཏིག་ཏའི་མར་གྱིས་ཚད་རྙིང་རླུང་ལྡན་གདོན། །བ་ཡི་རྣམ་ལྔ་སེང་ལྡེང་སྨན་མར་གྱིས། །ཚད་རྙོགས་ཕྱི་རྗེས་ཆུ་སེར་སྐེམ་པར་བྱེད། །ཞི་བྱེད་ཐང་ཕྱེས་ཚ་བ་མ་སེལ་ན། །སྦྱོང་བྱེད་བཤལ་གྱིས་མཁྲིས་ཚད་འོར་དུ་སྐྱུར། །ཚ་བ་ཀུན་ལ་སྨིན་དུས་ཁྲུས་པ་མཆོག །སྣོད་བབས་བཅོས་ཀྱི་གཙོ་བོ་སྦྱང་བ་ཡིན། །བཅོས་བརྡུགས་ལོག་གནོན་སྦྱོངས་མིན་གཞན་ན་མེད། །ཅི་ཕྱིར་རྒྱུ་ཉིད་རྩད་ནས་འབྱིན་པས་སོ། །དེ་ཡང་རུང་དང་མི་རུང་ནད་གཞི་བརྟག །རན་དང་མི་རན་དུས་ཚོད་བརྟག་པ་དང༌། །ཐུབ་དང་མི་ཐུབ་ལུས་ཤེད་ལེགས་པར་བརྟག །མཁྲིས་པའི་ནད་ལ་སྦྱོངས་ལས་མི་འདའ་ཡང་། །མ་སྨིན་ཚ་བ་མི་སྦྱང་བྱེར་ཏེ་འགྲོ། །རླུང་འབུད་ཆེ་དང་འདྲེ་ཁ་རྒོད་ལ་མིན། །སྨིན་དང་སྣོད་བབས་བཅོས་བརྡུགས་དུས་ཚོད་དུ། །རྩ་ཤེད་མ་ཤོར་ཤེད་ཀྱིས་ཐུབ་དུས་སྦྱང་། །དེ་ལ་སྔོན་འགྲོ་དངོས་གཞི་ཕྱི་རྗེས་གསུམ། །སྔོན་འགྲོ་མ་སྨིན་སྨིན་པར་བྱ་བ་དང༌། །བྱེར་ན་བསྡུ་ཞིང་རླུང་ཁ་གནོན་པ་དང༌། །གབ་པའི་མགོ་བསླང་མེ་དྲོད་ཉམས་ན་གསོ། །ནད་ཀྱི་རྩེ་བཅིལ་རྒྱས་ཚད་མ་ཡིན་པའི། །རྙིང་པ་རྣམས་ལ་ཁྲུས་དང་བསྐུ་མཉེ་བྱ། །དངོས་གཞི་རྒྱལ་པོ་(ཐར་ནུ་)བཙུན་མོ་(ཁྲོན་བུ་)སྲས་(ཧོང་ལེན་)དང་བློན་(ལྕུམ་རྩ་གསེར་མེ།) །མཚོན་ཆ་(པ་ཏོ་ལ་)ཆིབས་སུ་(ཀ་ར་)བཅས་པས་ནད་ཡུལ་འདོན། །ཚ་བ་སྨིན་དུས་ག་བུར་གི་ཝཾ་བསྣན། །སྣོད་དུ་བབས་ན་བྲག་ཞུན་དུག་མོ་ཉུང༌། །བཅོས་བརྡུགས་ཚ་ལ་གུར་ཀུམ་མདེ་ཁ་བསྒྱུར། །དྲི་ཆེ་ཁ་དོག་དམར་སེར་ནད་ཐོན་རྟགས། །ཚ་གྲང་ཆུ་ལྕག་བྲབས་ལ་དག་པར་སྦྱང༌། །སྦྱང་བ་མ་དག་བསྐྱར་ལ་སྦྱང་བ་གཅེས། །མ་འབྱོངས་ནད་བསླང་ཚ་བ་སླར་འཕེལ་འགྱུར། །འབྱོངས་རྗེས་ཆུ་གྲོག་འབྲས་སམ་ཕྱེ་ཐུག་གམ། །ཞོ་ཕྲུམ་ལ་སོགས་བསིལ་གྱིས་བཤལ་རྗེས་བཅད། །དེ་ལྟར་མ་ཡིན་རྗེས་ལ་དྲོད་བསྟེན་ན། །བཀྲུ་བཤལ་བྱས་རྗེས་སྣོད་དུ་དུག་གཡོས་འདྲ། །རྙིངས་ཚད་རྣམས་ལ་རྒྱུན་སྦྱོངས་བསྔགས་པ་ཡིན། །དཔྱད་ཀྱིས་བཅོས་ཐབས་རྣམ་པ་དྲུག་ཡིན་ཏེ། །གཏར་གྱིས་ཁྲག་ངན་རྩ་ལམ་སྦྱང་བ་དང༌། །རྔུལ་གྱིས་ཚད་རླངས་བ་སྤུར་དབྱུང་བ་དང༌། །དུགས་ཀྱིས་འཕྲལ་གྱི་ཟུག་གཟེར་བཅག་པ་དང༌། །ལུམས་ཀྱིས་ཚ་བ་བྱེར་བ་གདོན་པ་དང་། །ཆུ་ཡིས་ཕྱི་ཚད་མེ་དབལ་བཅག་པ་དང༌། །མེ་ཡིས་ཚ་བ་འབྲོས་འཕྲང་བསྡམ་པའོ། །དང་པོ་གཏར་གྱིས་རྩ་ལམ་ཁྲག་སྦྱང་བ། །རུང་དང་མི་རུང་ནད་གཞི་བརྟག་པ་གཅེས། །ཁྲག་མཁྲིས་ནད་ལ་གཏར་བར་གསུངས་ན་ཡང༌། །ཚ་བ་གཏར་དུ་མི་རུང་རྣམ་པ་བདུན། །མ་སྨིན་ཚད་པ་གཏར་ན་རྙོགས་པར་འགྱུར། །ཁྱད་པར་རིམས་ལ་གང་གཏར་དོན་ལ་འབབ། །འཁྲུགས་སོགས་ངན་ཁྲག་མ་ཕྱེ་གཏར་བ་ཡིས། །ཟུངས་ཁྲག་ཤོར་བས་རླུང་སྐྱེ་ཚ་བ་བྱེར། །ནད་ཁྲག་ལུས་པས་ཚ་བའི་རི་མོ་ཐོན། །སྟོངས་ཚད་གཏར་ན་རླུང་འཕྱོ་ཟུག་གཟེར་སྐྱེ། །གཉན་ཚད་གཏར་ན་ཁྲག་ཤུལ་སྲོག་རྩར་འཇུག །དུག་ཚད་གཏར་ན་བྱེར་ཏེ་རོ་མི་ཐོན། །ཟུངས་ངན་ཚད་པ་གཏར་ན་སྲོག་རྟེན་ཆད། །གཏར་དུ་རུང་བའི་ཚད་པ་སྨིན་རྒྱས་དུས། །ཁྱད་པར་འགྲམས་འཁྲུགས་ཁྲག་གཟེར་གཏར་བ་ཤིས། །སྨིན་ལོང་མེད་པའི་ཚ་བ་ལག་གཏོད་ལྟར། །རྒྱས་པའི་ཚ་བ་ཁྲག་ལ་ཐོབ་ཤ་བྱ། །སྟོངས་པའི་ཚ་བ་བསིལ་བཅུད་གསོ་ཞིང་གཏར། །གབ་ཚད་གང་གབ་རྩ་ལ་གཏར་ལ་བསླང༌། །རྙིངས་ཚད་ཕངས་པ་བཞིན་དུ་ཉུང་དུ་དབྱུང༌། །རིམས་དུག་གཉན་གཟེར་རྩར་བབས་རླངས་ཐོན་གཏར། །གཏར་བའི་དུས་ཚོད་རན་དང་མི་རན་དང་། །སྔོན་འགྲོ་སྙལ་ཐབས་གདབ་ཐབས་རྩ་དམིགས་དང༌། །ཁྲག་སྤྲ་དབྱུང་ཚད་ལོག་ནོན་ལ་སོགས་པ། །ཕྱི་རྒྱུད་གཏར་གའི་ལེའུར་ཤེས་པར་གྱིས། །རྔུལ་གྱིས་ཚ་བ་བ་སྤུར་དབྱུང་བ་ནི། །མ་སྨིན་སྟོབས་ཆེན་ནད་ལ་རྔུལ་མི་དབྱུང༌། །ཕྱུངས་ཀྱང་རྔུལ་མེད་ནད་འཁྲུགས་སླར་ཡང་འབྱེར། །ཟུངས་ཟད་རྔུལ་བཏོན་རླུང་སྐྱེས་ལུས་སྟོབས་འཇོམས། །མ་སྨིན་སྟོབས་ཆུང་ལམ་ནས་བཟློག་པ་དང༌། །རྒྱས་པའི་ཚ་བ་རླངས་པར་འདོན་པ་དང༌། །སྟོངས་པའི་རླུང་ཚད་དུས་གཅིག་དབྱུང་བ་དང༌། །རྙིངས་པའི་ཚ་བ་ཞེན་རྩི་དབྲལ་བ་དང༌། །ཁྱད་པར་རིམས་ཀྱི་ཚ་བ་བྱ་ལྟར་སྤུར། །ཤ་ལྤགས་རུས་ཚད་རྔུལ་དུ་དབྱུང་བས་བཅོས། །དབྱུང་དུས་ཕལ་ཆེར་རྔུལ་དྲི་ཐོན་དུས་ཡིན། །སྦྱོར་བ་འཕུལ་འདྲེན་གཉིས་སུ་ཤེས་པར་བྱ། །དུགས་ཀྱིས་འཕྲལ་གྱི་ཟུག་གཅོག་བསིལ་དྲོད་གཉིས། །ཆུ་རྡོ་རྨོན་ལྕགས་ཚན་ཞོ་བསིལ་བའི་སྔོ། །གྲང་མོས་གསོར་བདུགས་ཁྲག་གཟེར་ཟུག་གཅོག་མཆོག །ཆུ་དུགས་གྲེ་བ་རྒྱུ་གཟེར་མིག་ཚད་འཇོམས། །བསིལ་དུགས་མ་སྨིན་རླུང་དང་ལྡན་ལ་སྤང༌། །དྲོད་དུགས་རྒྱས་ཚད་རྐྱང་ལ་མི་རུང་སྟེ། །འཁར་གོང་ཆང་བྲན་བསྲོས་པས་རླུང་གཟེར་གཅོག །ཧོར་གྱི་མེ་བཙས་ཀོ་ལེར་གཟེར་འཁྱུག་འཇོམས། །སོ་ཕག་བསྲོས་པས་ཕོ་བར་དུགས་བྱས་ན། །མ་སྨིན་གབ་རྙོགས་ཕོ་བའི་མེ་དྲོད་གསོ། །ལུམས་ནི་བདུད་རྩི་ལྔ་ཡི་ཆུ་ལུམས་སམ། །བཅིང་ལུམས་རླངས་ལུམས་འབྱུང་བའི་ཆུ་ལུམས་ཀྱིས། །ཚ་བ་ཤ་ལྤགས་རྩ་རུས་བྱེར་བ་འཇོམས། །ཆུ་ཡི་འཁོར་ལོས་ཕྱི་ཚད་བཅག་པ་ནི། །མ་སྨིན་ལྡན་ཚད་རྣམས་ལ་བྱར་མི་རུང༌། །སྟོབས་ཆུང་ཚ་བ་ལམ་ནས་བཟློག་པ་དང༌། །བྱེར་བའི་ཚ་བ་ཁོང་དུ་བསྡུ་བ་དང་། །རྒྱས་པའི་ཚ་བ་མེ་དབལ་བསད་པ་དང་། །རྙིངས་པའི་ཚ་བ་ཞེན་པ་གདོན་པར་བྱ། །མེ་ཡིས་ཚ་བ་འབྲོས་འཕྲང་བསྡམ་པ་ནི། །ཚ་བའི་ནད་ཀུན་བསྲེག་པར་མ་བཤད་ཀྱང༌། །ཚ་བ་བསྲེག་པའི་ནད་རིགས་རྣམ་པ་དྲུག །མཁྲིས་པ་རྩར་རྒྱུག་ནད་ལ་འབྲོས་འཕྲང་བསྡམ། །རྩ་སྟོངས་ཚ་བ་འཕྲང་ཁ་སོ་པས་བཅད། །ཚ་གཞུག་རླུང་གིས་འབུད་པ་མེ་ཡིས་མནན། །རླུང་རིམས་འདར་བུ་ཡེར་བུ་མལ་དུ་གཞུག །ལྷོག་པའི་ཚ་བ་གཉན་ཐོག་གཉན་དབབ་ཅིང༌། །ཚ་རྗེས་གྲང་བར་ལོག་ན་མེ་དྲོད་གསོ། །དེ་དག་ཚ་བས་ཚ་བ་བཅོས་ཞེས་བྱ། །དེ་ནས་ཚ་བ་བྱེ་བྲག་བཅོས་པའི་ཐབས། །བླ་གཉན་ཐོར་བུའི་ནད་སྣ་བསལ་བ་ནི། །སྨྱོ་ལུགས་ཡེར་འཐིབས་མགོ་གཟེར་འཁྱོམས་པ་དང༌། །མིག་ཚག་རྣ་བ་འོན་དང་སྣ་ཁྲག་འཛག །ལྕེ་སྐམ་སྐོམ་དད་ཆེ་དང་དང་ག་འགག །སྐྱིགས་འབྱམས་གཟེར་ཆེ་གློ་མང་མི་ཁོགས་དང༌། །འཁྲུ་སྐྱུག་དྲི་ཆུ་འགག་དང་ཁྲག་ཏུ་འཛག །རྔུལ་འབྱམས་ལུས་དྲོད་ཕྱི་རུ་ཤོར་བ་དང༌། །རྐང་ལག་ན་འཁུམས་ཕོལ་འབྲས་ལ་སོགས་པ། །ངོ་མཚར་ཚེགས་མེད་ནད་ཀྱི་སྒོས་བཅོས་བསྟན། །སྨྱོ་བ་ཆལ་ཆོལ་སྨྲ་ཞིང་ཁྲོ་ཚུལ་སྟོན། །ལྐུགས་པ་དྲན་པ་ཉམས་ནས་སྨྲར་མི་འདོད། །ཡེར་བ་ཉིན་མཚན་གཉིས་ཀ་གཉིད་མི་འབྱུང༌། །སྨྱོ་བ་ཚ་སྨྱོ་གྲང་སྨྱོ་གཉིས་སུ་ཡོད། །ལྐུགས་པ་ཚ་ལྐུགས་གྲང་ལྐུགས་གཉིས་སུ་དབྱེ། །ཡེར་པ་ཚ་ཡེར་རླུང་ཡེར་རྣམ་པ་གཉིས། །ངོས་བཟུང་རྩ་ཆུ་ལྕེ་དང་སྔར་རྗེས་བཅད། །གོམས་པས་བསྟེན་ལ་ཚད་རླུང་ལ་ཤན་དབྱེ། །ཚད་སྨྱོ་གཞུག་ཆུང་ལྔ་བདུན་ཆང་བསྡུས་ཁུར། །ག་བུར་རྒྱལ་བློན་སྦྱར་བཏང་རྔུལ་མང་དབྱུང༌། །ཡང་ན་ག་བུར་ཆང་དང་སྦྱར་ལ་བཏང༌། །ཚིགས་པ་དྲུག་པ་ཨན་སྟོང་མེ་ཡིས་བསྲེག །དེ་རྗེས་ཐོང་ཚེར་དང་གའི་བལ་འདབ་ཅིག །རུས་བཅུད་གསུམ་གྱི་ཁུ་བས་བལ་ཚི་བཙིར། །(ཚ་ལ་གླ་རྩིས་) དུག་འདོན་(རྡོ་དྲེག་གིས་)ངར་བཏགས་རླུང་དུས་བཏང་བར་བྱ། །ཡང་ན་བལ་ཚིར་ཛཱ་ཏི་ཀ་ཀོ་ལ། །རུས་ཁུ་སྦྱར་བཏང་མ་མཆུའི་དཀྱིལ་དུ་བསྲེག །གྲང་བས་སྨྱོ་ན་བུར་དཀར་ཆང་སྦྱར་བཏང༌། །མ་ནོན་བཅུད་བཞིའི་ཐང་ལ་ཛཱ་ཏི་དང༌། །ཤིང་ཀུན་བིག་པན་ཁ་རུ་ཚྭ་བཏབ་བཏང༌། །ཨན་སྟོང་དྲུག་བདུན་དཀར་ནག་མཚམས་སུ་བསྲེག །ཤ་རྙིང་མར་རྙིང་རུས་ཆེན་ཁུ་བ་བཏང༌། །ཚ་བས་ལྐུགས་ན་ག་བུར་རྒྱལ་བློན་གསུམ། །བཏང་ལ་རྔུལ་དབྱུང་དེ་རྗེས་ཆུ་ལྕག་བྱ། །སྒབ་རྩ་ཐོང་རྩ་རུ་ཐུང་རྩ་ལ་གཏར། །དེ་ལ་སྐྱེད་མེད་སྤྱི་གཙུག་མཚོགས་ཁ་བསྲེག །གྲང་བས་ལྐུགས་ན་སྲོག་རྩ་མྱོས་བྱེད་དང༌། །སྤྱི་གཙུག་ཨན་སྟོང་སོར་མོ་ཉི་ཤུ་བསྲེག །ཤ་འདོན་ལ་སོགས་བཅུད་ཀྱིས་བཅོས་པར་བྱ། །ཚ་བས་གཉིད་ཡེར་གླ་རྩི་མར་དཀར་བྱུག །གླ་རྩི་འོ་མར་བསྡུས་དང་སྒོག་ཐལ་བཏང༌། །རླུང་ཡེར་ཤ་ཆང་བུ་རམ་སྒོག་ཚོད་བྱིན། །དྲོད་སྨན་འོ་མ་བུ་རམ་འཇམ་རྩི་བྱ། །གཉིད་ཀྱིས་མྱོས་ན་བ་ལུ་རྡོ་དྲེག་དང༌། །ཤུག་འབྲུམ་ཐང་བཏང་སྤྱང་སྙིང་(སྡིག་པའི་མགོ་གི་ཝཾ་བུ་མོ་སྟག་ལོ་མའི་སྲིན་ལག་སེན་མོ་ཆུར་སྦྱངས་ཀྱི་)སྦྱོར་བ་བྱ། །བྱི་བ་ཉ་མིག་གང་རྙེད་མིག་ལ་བྱུག །མགོ་གཟེར་གསེར་ཕུད་གཡའ་ཀྱི་རི་ཤོའི་རྩ། །སྐྱི་འབྲས་བོང་ང་དཀར་པོའི་སྐྱུགས་ཀྱིས་དྲངས། །ཟུག་མ་ཆོགས་ན་དེ་རྗེས་བཤལ་གྱིས་སྦྱང༌། །དཔྲལ་རྩ་མཚོགས་གསང་གཏར་ལ་ཆུ་ལྕག་བྱ། །མུར་གོང་འཕར་རྩ་ལྟག་པའི་སྡུད་སྒོ་བསྲེག །དོམ་མཁྲིས་ཏིག་ཏ་གུར་ཀུམ་བོང་ང་དཀར། །ཨ་བྱག་གངས་ཐིགས་གསེར་གྱི་མེ་ཏོག་དང༌། །ཀ་ར་སྦྱར་བཏང་མགོ་བོ་འཁྱོམས་པ་ལ། །མགོ་ཁྲོལ་སྦྱོར་བ་ཤིང་ཀུན་སྒ་བཏབ་བྱིན། །མར་གསར་རྒྱམ་ཚྭ་སྦྱར་བའི་སྣ་སྨན་བཏང༌། །མིག་ཚག་ག་བུར་དོམ་མཁྲིས་སྐྱེར་ཁཎ་བྱུག །གླ་རྩི་སྐྱེར་པའི་བར་ཤུན་ཐང་དུ་བཏང༌། །རྣ་བ་འོན་ན་ཚིགས་པ་བཅུ་བཞི་བསྲེག །རྗེས་ལ་འབྲས་བུ་རྩ་བའི་སྨན་མར་སྦྱར། །སྣ་ཁྲག་འོང་ན་མཁན་སྐྱེར་ཁུ་བ་ལ། །རྡོ་དྲེག་གུར་ཀུམ་དོམ་མཁྲིས་སྦྱར་ལ་བཏང༌། །ཡང་ན་གུར་ཀུམ་དོམ་མཁྲིས་མཚེ་ཡི་ཐལ། །རྡོ་དྲེག་སྙ་ལོ་སྲད་དཀར་ཀྱི་ལྕེ་བ། །ཀ་ར་སྦྱར་བཏང་མགོ་སྟོད་ཆུ་ཡིས་བསྒྲང༌། །ཁ་ལྕེ་སྐམ་ལ་སྟར་བུ་ཉི་དགའ་དང༌། །ཆུ་རུག་པ་དང་ཀ་ར་སྦྲང་སྦྱར་མུར། །སྐོམ་དད་ཆེ་ན་ཉི་དགའ་ཀ་ར་སྦྱར། །འུ་སུ་བསྐོལ་ཁུར་ཀ་ར་སྦྲང་བཏབ་བྱིན། །ཡང་ན་སོ་ཕག་བསྡུས་པའི་ཁུ་བས་དབུལ། །དང་ག་འགག་ལ་ཀ་ར་རྒུན་འབྲུམ་མམ། །སྐྱུ་རུ་ཀ་ར་སྦྲང་སྦྱར་མཁུར་བཀང་བཏང༌། །ཏིག་ཏ་སྐྱུ་རུ་རྒྱམ་ཚྭའི་གྲང་ཐང་བཏང༌། །དེ་རྗེས་སྣོད་ཀ་ཐོང་རྩ་མཁྲིས་རྩ་གཏར། །སེ་འབྲུ་བཞི་ཐང་ཅུ་གང་བདེ་བྱེད་སྦྱར། །སྙིང་ལ་གང་འདོད་ཟས་དང་སྦྱར་ལ་བཏང༌། །སྐྱིགས་བུ་འབྱམས་ལ་ཚ་དང་གྲང་བ་གཉིས། །ཚ་བས་སྐྱིགས་ན་མགོ་ལུས་ཆུ་ལྕག་བྱ། །དེ་རྗེས་ཚིགས་པ་དྲུག་བདུན་མཚོགས་ཁ་བསྲེག །ཙན་དན་དཀར་པོ་ནུ་ཞོ་སྣ་རུ་བླུག །ཡང་ན་ག་བུར་རྒྱལ་བློན་བཏང་རྗེས་ལ། །མཐེབ་ཆེན་སྲིན་ལག་སེན་མོ་སྤྲ་བས་བསྲེག །གྲང་བས་སྐྱིགས་ན་ཚྭ་སྣ་ཆང་སྦྱར་བཏང༌། །ཟན་དྲོན་ཞྭ་མོ་བྱས་ལ་མགོ་ལ་བསྐོན། །མཚོགས་སྲུབས་སྐེ་སྟོང་ཕོ་བའི་དཀྱིལ་དུ་བསྲེག །གཟེར་ལ་ཁྲག་གཟེར་གཉན་གཟེར་རླུང་གཟེར་གསུམ། །ཁྲག་གཟེར་མ་ནུ་རུ་རྟ་ཞིབ་བཏགས་ལ། །ཀ་ར་སྦྱར་བ་ཆུ་སྐོལ་འཕུལ་ལ་བཏང༌། །གཉན་གཟེར་གུ་གུལ་ནག་པོའི་དྲུངས་ཐང་བླུད། །རླུང་གཟེར་སྤྲུ་རྩ་གླ་རྩི་ཆོས་སྨན་དང༌། །གུར་ཀུམ་སྦྱར་བ་སྲེ་ལོང་ཐང་གིས་དབུལ། །ཡང་ན་ཛཱ་ཏི་སུག་སྨེལ་པི་པི་ལིང༌། །པུ་ཤེལ་རྩེ་དང་སླེ་ཏྲེས་ཤིང་ཚ་དང༌། །ཀ་ར་སྦྱར་བ་སྲེ་ལོང་ཐང་གིས་དབུལ། །གློ་མང་ཅུ་གང་ཤིང་མངར་ཀ་ར་སྦྱར། །རའམ་བ་འོ་དྲོད་མོས་འཕུལ་ལ་བཏང༌། །ཡང་ན་ཕོ་རོག་མིག་གི་རྩ་བ་དང༌། །ཅུ་གང་ཀ་ར་སྦྱར་ལ་བ་འོས་འཕུལ། །ཡང་ན་ཅུ་གང་ཤིང་ཚ་པི་པི་ལིང༌། །ཀ་ར་སྦྲང་དང་མར་སྦྱར་ལྡེ་གུ་བཏང༌། །ཡང་ན་ཅུ་གང་ཨ་ཀྲོང་རུ་རྟ་དང༌། །པི་པི་ལིང་དང་ཀ་ར་སྦྱར་ལ་བཏང་། །འགོགས་དཀའ་སྟར་བུ་རུ་རྟ་པི་པི་ལིང༌། །ཤིང་ཚ་སྐྱུ་རུ་ར་དང་སྦྲང་སྦྱར་བཏང༌། །འཁྲུ་ལ་ཚ་འཁྲུ་གྲང་འཁྲུ་རྣམ་པ་གཉིས། །དུད་ཁུ་དམར་སེར་དྲི་ཆེ་ཆུ་གཏིང་འབྱིང༌། །ཚ་འཁྲུ་ཡིན་པས་མཁྲིས་ཕྱེ་བདུན་པ་སྦྱར། །ཨིཎྜ་བཞི་ཐང་བིལ་བ་བཏབ་པས་གཅོད། །རྩམ་པ་ལྦུ་ཆུར་འཁྲུ་བ་གྲང་བ་སྟེ། །སེ་འབྲུ་བཞི་དང་འཁྲུ་གཅོད་བཞི་སྦྱར་བཏང༌། །ལྟེ་འོག་མཚོན་གང་མཚོན་དོ་བཅལ་བར་བསྲེག །སྐྱུག་པའི་ནད་ལ་ཚ་དང་གྲང་བ་གཉིས། །ཁྲག་དང་མཁྲིས་པ་སྐྱུག་པ་ཚ་བ་སྟེ། །ཁྲག་ཏུ་སྐྱུག་ན་རྒྱ་སྐྱེགས་ཁུ་བ་ལ། །དོམ་མཁྲིས་གུར་ཀུམ་ཀ་ར་སྦྱར་ལ་བཏང༌། །མཁྲིས་པར་སྐྱུག་ན་རྟ་སྦངས་ཆང་སྦྱར་བཏང༌། །ཡང་ན་འབྲས་བཀྲུས་ཁུ་བར་པུ་ཤེལ་རྩེ། །སྦྲང་རྩི་བཏབ་སྟེ་ལྡེ་གུར་བཏང་བས་གཅོད། །ཆུ་དང་རྩམ་པ་སྐྱུག་པ་གྲང་བ་སྟེ། །འབྲས་ཡོས་ཁྱོར་གང་སེ་འབྲུ་པི་པི་ལིང༌། །བཅའ་སྒ་སྦྲང་རྩི་སྦྱར་བཏང་ལྷེན་གསང་བསྲེག །སྟོང་སྐྱུགས་སྲེ་ལོང་ཐང་བཏང་དྲུག་པ་བསྲེག །ཚ་བས་ཆུ་འགགས་སོ་བྱའི་སྒྲོ་ཐལ་དང་། །བོང་ཐོར་ལག་རྨིག་གཡས་ཀྱི་རྩི་བཞུར་ལ། །ཆུ་སྦུར་ཉི་དགའ་ཀ་ར་སྦྱར་ལ་བཏང༌། །ཡང་ན་ཞོ་ཤ་སྐྱེར་ཤུན་རྒྱ་ཚྭའི་ཐང༌། །དེས་མ་སེལ་ན་ལོང་རྩ་གཉིས་ལ་གཏར། །ཟེ་ཚྭ་སྡིག་སྲིན་གཟེ་མ་ཆང་སྦྱར་བཏང༌། །ཁྱད་པར་རིམས་ཚད་ཆུ་འགགས་སེལ་བར་བྱེད། །དྲི་ཆུ་ཁྲག་ཏུ་འཛག་ན་བྲག་ཞུན་དང༌། །གུར་ཀུམ་དོམ་མཁྲིས་སྦྱར་བཏང་བྱིན་ལོང་གཏར། །དྲི་མ་འགགས་ན་ལ་ཕུག་ཐལ་བ་དང༌། །ཨུག་ཆོས་འབྲས་བུ་ཨ་རུ་མཆུ་སྙུང་དང༌། །འོ་མ་སྦྱར་ལ་ལྟོར་བཏང་ནི་རུས་བསུ། །ཀྱི་ལྕེའི་བསྡུས་ཐང་མར་དཀར་བཏབ་ལ་བྱིན། །ཡང་ན་སྣེ་རྒོད་བུལ་ཏོག་ཐང་དུ་བཏང༌། །རྔུལ་འབྱམས་ད་ལིས་ལུག་མིག་ཐང་བཏང་ལ། །རྗེས་ལ་སྒ་སྐྱ་ཆང་དང་སྦྱར་བ་འམ། །ཧོང་ལེན་ཙན་དན་བོང་ང་མར་གསར་བྱུག །ལུས་དྲོད་ཕྱིར་ཤོར་ཆུ་ལྕག་བྱས་རྗེས་ལ། །སྐྱུ་རུ་ཨུཏྤལ་མར་དཀར་སྦྱར་བ་དང༌། །སེ་རྒོད་སྐྱེར་ཤུན་སོ་མ་ར་ཛ་བྱུག །ཚ་རྗེས་རྐང་ལག་ཞ་རེངས་ན་བ་དང༌། །ཁ་མིག་ཡོ་ན་རྩ་སྦྱོངས་ཆུ་ལུམས་བྱ། །འབྲས་ཕོལ་ཐང་གིས་ཕྱེ་ལ་གང་ཉེ་གཏར། །དེ་ལྟར་བླ་གཉན་ཐོར་བུའི་ནད་སྣ་ཚོགས། །ཚ་བ་ཀུན་ལ་ཕལ་ཆེར་འབྱུང་འགྱུར་ཏེ། །ཁྱད་པར་བལ་ནད་རིམས་ལ་མང་བ་ཡིན། །དེ་ཕྱིར་ཁ་ཐོར་གཉེན་པོས་ནད་སྣ་བསལ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཚ་བ་སྤྱི་བཅོས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།


 

 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 3:23 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།