སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་གཉིས་པ། ཚ་བ་སྤྱི་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.02.2021
མན་ངག་རྒྱུད། >>

 

ལེའུ་བཅུ་གཉིས་པ། ཚ་བ་སྤྱི་བཅོས་པ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །ཚ་བ་གསོ་བའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །ཚ་བའི་ནད་རྣམས་རྒྱུ་རྐྱེན་གང་ལས་བྱུང༌། །ཚ་བའི་ཞེས་བྱ་བའི་ངོ་བོ་ཇི་ལྟར་གནས་པ་ལགས། །ཚ་བ་ཞེས་བྱའི་མིང་དུ་ཅི་ཕྱིར་བཏགས། །ཚ་བའི་ནད་ལ་དབྱེ་ན་དུ་ཞིག་མཆིས། །ཚ་བའི་རྟགས་དང་བཅོས་ཐབས་ཇི་ལྟར་ལགས། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པས། 

དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་དེས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། །ཚ་བ་གསོ་བའི་སྐབས་ལ་བསླབ་པར་བྱ་བ་འདོད་ན། །ནད་གཞིའི་དབྱེ་བ་རྣམ་པ་དཔག་མེད་ཀུན། །མདོ་རུ་བསྡུས་པས་ཚ་གྲང་གཉིས་སུ་འདུས་པ་ཡིན། །ཚ་བའི་ནད་དར་བ་སྟེ་རྒྱས་པ་ནི་ཆོས་སྤྱོད་མཁན་མང་བ་ལྟར་ཆོས་དར་ཞེས་པ་ལྟར། །འདིར་ནི་མེ་དྲོད་ཀྱི་མཁྲིས་པ་མིན་ལ་སྣོད་ཀྱི་མཁྲིས་པ་ནི་མ་ཡིན་ཏེ་སྣོད་ཀྱི་མཁྲིས་ནད་སྔར་ཉེས་གསུམ་གསོ་བའི་སྐབས་བཤད་ཟིན་པས་སོ་སྣ་མང་ངོས་མི་བརྟན་འདྲེས་པ་མང་པས་འཁྲུལ་སོ་ཆེ། །དང་པོ་ངོས་བཟུང་བ་དང་བར་དུ་བཅོས་པ་དཀའ་བ་ཐ་མ་རྒྱས་སླ་ཞིང་མྱུར་དུ་སྲོག་འཕྲོག་པ་ཡིན། །འདི་ཤེས་ན་དེའི་ལྡོག་ཕྱོགས་གྲང་ནད་ཞར་ལ་ཤེས་པར་འགྱུར་བས། །དེ་ཕྱིར་ཁྱོད་ཀྱིས་ཞུས་པ་ཤིན་ཏུ་ལེགས། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་མ་ཡེངས་གུས་པས་ཉོན་ཅིག་ཅེས་གདམས་པ།།

སྤྱི་དོན་དང་པོ་ཚ་བའི་ནད་དེའི་རྒྱུ་བསྟན་པ། །རིང་བའི་རྒྱུ་དང་ཉེ་རྒྱུ་རྣམ་པ་གཉིས། །རིང་རྒྱུ་མ་རིག་ལས་བྱུང་ཞེ་སྡང་ཡིན་སྟེ། །མ་རིག་དབང་གིས་ཉོན་མོངས་དུག་ལྔར་སྨིན། །ལྔ་པོ་དེ་ལས་ཁྱད་པར་ཞེ་སྡང་མཁྲིས་པ་ལྔ་པོ་སྐྱེད་རྒྱུ་ཡིན། །ཅི་ཕྱིར་མ་རིག་མེད་ན་ཉོན་མོངས་མེད། །ཉོན་མོངས་མེད་པར་ཞེ་སྡང་མི་འབྱུང་སྟེ། །ཞེ་སྡང་མེད་པར་ཚ་བ་འབྱུང་མི་སྲིད། །ཉེ་རྒྱུ་རྣམ་པར་མ་གྱུར་མཁྲིས་པ་ཉིད། །ཅི་ཕྱིར་མཁྲིས་པའི་ངོ་བོ་ཚ་ལ་རྣོ་བ་དེ། །ཐང་ལ་ལྷག་པས་ཞེས་པ་ཚད་ཀྱི་མིང་ཡིན་ཏེ་དཔེར་ན་ཚོང་གི་གོང་ཐང་ལྟ་བུའོ་གནོད་བྱ་སྲེག་པའི་ཕྱིར། །ཚ་བ་ཀུན་གྱི་རྒྱུ་ནི་མེ་དྲོད་ཀྱི་མཁྲིས་པ་ཡིན། །མཁྲིས་པ་མེད་པར་ཚ་བ་འབྱུང་མི་སྲིད། །དེ་ལྟར་རྣམ་པར་མ་གྱུར་མཁྲིས་པ་དེ། །འཕེལ་བྱེད་རྣམ་པར་འགྱུར་བའི་རྐྱེན་བཞི་སྟེ། །དུས་དང་གདོན་དང་ཟས་དང་སྤྱོད་ལམ་མོ། །སྤྱི་རུ་དུས་བཞི་དམན་ལྷག་ལོག་པ་དང༌། །ཁྱད་པར་སྟོན་ཚད་དཔྱིད་ཚད་ཚ་བའི་རྐྱེན། །གདོན་ནི་སྔོན་ལྷ་དྲག་པོ་ཁྲོས་པ་དཔྲལ་བའི་མིག སྔགས་རྙིང་མའི་བདུད་རྩི་མཆོག་ལུང་གི་འབྲེལ་བ་པཎ་ཆེན་བི་མ་ལ་མི་ཏྲས་མཛད་པ་བདུད་རྩི་བམ་པོ་བཞི་པ་ལས། སྔོན་རྒྱལ་པོ་ཡུལ་འཁོར་བསྲུང་གི་བུ་ཐུ་བོ་བཤེས་གཉེན་ཆོས་ཀྱིས་ལྷའི་གཙོ་བོ་རྣམས་བསྙེན་བསྐུར་ལ་བོས་པའི་ཚེ། དབང་ཕྱུག་ཆེན་པོ་ཐམས་ཅད་ཀྱི་རྗེས་ལ་བོས་པས་དབང་ཕྱུག་ཆེན་པོ་ཁྲོས་ཏེ་དཔྲལ་བའི་དཀྱིལ་དུ་སེར་ལ་འབུར་བའི་མིག་སྤྲུལ་པ། དེ་གང་དུ་བལྟས་པ་དེར་རིམས་ནད་འབྱུང་ཞིང་དེའི་ཆུང་མ་དབུ་མས་ཀྱང་རླུང་ལྷ་ལ་ནད་བསྐུར་ནས་གཏང་བས་ནད་ཡམས་བྱུང་བར་གཞན་སུས་ཀྱང་མ་ཤེས་པར། འཕགས་པ་འཇམ་དཔལ་གྱིས་མཁྱེན་ནས་དེའི་གཉེན་པོ་མཛད་ཅེས་འབྱུང་བ་དང་། ཡན་ལག་བརྒྱད་པར། །རིམས་ནི་ནད་བདག་སྡིག་ཅན་དང་། །འཆི་བདག་མདངས་ཟད་འཆི་བྱེད་དག་ །ཁྲོས་པས་མྱུར་བར་མཆོད་སྦྱིན་རླབས། །དྲག་པོའི་དཔྲལ་བའི་མིག་ལས་གྱུར། །ཞེས་གསུངས་ལ། ཡང་རྒྱུད་འདིར་དྲག་པོ་ཁྲོས་པ་ཞེས་དང་།  བདུད་རྩི་བམ་པོ་བཞི་པར་དབང་ཕྱུག་ཅེས་གསུངས་པའང་མི་འགལ་ཏེ། དབང་ཕྱུག་ཁྲོས་པས་དྲག་པོར་བྱས་པའི་དཔྲལ་བའི་མིག་ཅེས་ཀྱང་སྦྱར་བས་རྒྱུད་འདི་ཉིད་དང་ཡན་ལག་བརྒྱད་པ་གཉིས་ཀ་མཐུན་པར་འགྱུར་བ་ཡིན་ནོ། གཞན་ཡང་མ་མོ་དང་མཁའ་འགྲོ་རྦད་པའི་ཆོ་འཕྲུལ་དེ་དག་ནང་འཁྲུགས་པའི་ཁ་རླངས་ཀྱི་དུག་དང་དབལ་གྱིས་རྒྱུ་ལས་བྱུང༌གསུང་རབ་རྣམས་སུ་མ་མོ་དང་མཁའ་འགྲོ་རྣམས་རིམ་ནད་གཏོང་བའི་རིག་སྔགས་ཡོད་པས་དེའི་མཐུ་ལས་ནད་ཡམས་གཏོང་བར་གསུངས་པ་སོགས་ལོ་རྒྱུས་མང་ངོ་། །ཟས་ནི་ཚ་སྐྱུར་ལན་ཚྭ་བྲོ་བའི་རོ། །ཤ་ཆང་བུ་རམ་དྲོད་བཅུད་བསྟེན་དྲགས་སློང༌། །སྤྱོད་ལམ་འདུག་རྗེས་དྲག་པོའི་ལས་བྱས་ཤིང༌། །ཚད་དགུང་གཉིད་ལོག་བང་རྒྱུགས་པ་དང་འགྲོས་དྲག་ཤུལ་བྱས་པས་ཉེན་པ་དང༌། །མི་ཐེག་ཁུར་དང་ས་སྲན་བརྐོས་པ་དང༌། །གཞུ་སྲན་བཀང་དང་འཛིང་ག་བཀྱེ་བ་དང༌། །རྟ་ཡིས་བརྡབས་དང་གཡང་དུ་ལྷུང་བ་དང༌། །ཐིབས་འོག་གམ་རྡོ་འོག་ཏུ་ཚུད་དང་རྡོ་དབྱུག་བརྡུངས་ལ་སོགས། །ལར་ན་དྲག་ཤུལ་ཅན་གྱིས་སློང་བར་བྱེད།།

སྤྱི་དོན་གཉིསཔ་དེ་རྐྱེན་རྣམས་ཚ་བ་སྤྱི་ཡི་རྐྱེན་གྱུར་ཀྱང༌། །དུས་གདོན་གཉིས་ཀྱིས་མ་བསྐྱེད་རིམས་མི་འབྱུང༌། །ཟས་སྤྱོད་གཉིས་ཀྱིས་མ་བསྐྱེད་འཁྲུགས་མི་འབྱུང༌། །སྤྱོད་ལམ་དག་གིས་མ་བསྐྱེད་འགྲམས་མི་འབྱུང༌། །ཁ་ཟས་ཁྱད་པར་མི་འཕྲོད་པ་ནི་དུག་ཚད་སྐྱེད་པའི་རྐྱེན་དུ་འགྱུར། །དེ་རྐྱེན་དཔེ་མེ་ལ་ཤིང་བསྣན་རླུང་བསྐྱོད་འདྲ་སྟེ་ཆེར་བསྐྱེད་པའོ། །རྐྱེན་བཞིས་མཁྲིས་ཚད་བསྐྱོད་པས་ཚ་བར་འགྱུར།།

སྤྱི་དོན་གསུམ་པ་དེ་ལ་ཚ་བ་ཞེས་བྱའི་ངོ་བོ་ནི།  །སྣོད་ཀྱི་མཁྲིས་པ་ནི་མ་ཡིན་ལ་མེ་དྲོད་ཅན་མཇུ་བྱེད་ཀྱི་མཁྲིས་པའི་མེ་དྲོད་ཐང་ལ་ལྷག་པ་ཡིན་ཞེས་པ་ནི་རྣམ་པར་མ་གྱུར་པ་འདུ་བ་སྤྱི་སྙོམས་སུ་གནས་པའི་མིང་ཡིན་ལ་དེ་ཡང་རི་ཐང་སྡེ་ཐང་སོགས་ཚོང་གི་གོང་ཐང་ལྟར་ཚད་ཀྱི་མིང་ཡིན་པས་འདིར་ལྷག་པ་ཞེས་ཐང་སྙོམས་པ་དེ་ལས་འཕེལ་ཞིང་ལྷག་པས་མ་རུང་བ་སྟེ་ཚ་བའི་ངོ་བོ་ཡིན་པའི་ཕྱིར། །ཅི་ཕྱིར་མཁྲིས་པ་སྣུམ་བཅས་རྣོ་ཞིང་ཚ། །ཡང་ཞིང་དྲི་མནམ་འཁྲུ་ཞིང་གཤེར་བ་དེ་མཚན་ཉིད་བདུན་དང་ལྡན་པ། །རྣམས་ཀྱི་ཐང་ལ་ལྷག་པའི་ཚ་བའི་རྟགས་སུ་འབྱུང༌། །མཁྲིས་པ་བསྣུམ་པས་གདོང་སྣུམ་ཚ་བས་མྱུར་དུ་སྨིན་མེ་དང་འདྲ་བས་དྲོད་ཆེ་སྟོབས་དང་ལྡན་པས་གཉེན་པོ་ཟློག་དཀའ་གཡོ་ཞིང་འབར་བས་ཡང༌། །ཉ་རུལ་བའི་དྲི་མ་འདྲ་བ་དང་རྔུལ་དྲི་ཆེ་ཞིང་འཁྲུ་ཞིང་གཏར་ཁྲག་དང་ལུད་པ་གར་པོ་མི་འབྱུང་བར་སླ་བ་འབྱུང་། །འདི་ལྟ་བུའི་རྟགས་རྣམས་འབྱུང་ཕྱིར་ཚ་བར་ཤེས་པར་བྱ། །

སྤྱི་དོན་བཞི་བ་ཚ་བའི་རྒྱུ་མཚན་ནམ་ངེས་ཚིག་ནི་གནོད་བྱ་སྲེག་པ་སྟེ། །གནོད་བྱ་ལུས་ཟུངས་དྭངས་ཁྲག་ཤ་ཚིལ་རུས་རྐང་ཁུ་བདུན་དང་དྲི་མ་གཤང་གཅི་རྔུལ་གསུམ། །འདི་དག་ཐལ་བར་སྲེག་པ་མ་ཡིན་ཀྱང༌། །མཁྲིས་པ་ཐང་ལས་ལྷག་ཏེ་འཕེལ་བ་ཚ་བའི་དྲོད་ཀྱིས་བསྲུལ་ཏེ་རུལ་བར་གྱུར་བས་སྲོག་འདོར་བྱེད། །དེ་ཕྱིར་སྲེག་ཅེས་བྱ་བར་ཐ་སྙད་དུ་བཏགས་ནསབཤད་པ་ཡིན།

 

སྤྱི་དོན་ལྔ་བ་ཚ་བའི་དབྱེ་བ་རྟེན་དང་དུས་དང་ཉེས་པ་དང༌། །གནས་ས་དང་རྒྱུ་དང་གནས་སྐབས་དང་རིགས་ཀྱིས་དབྱེ་བ་དང་བདུན། །དང་པོ་རྟེན་གྱིས་དབྱེ་བ་བྱིས་པ་དར་མ་རྒན་པའི་ཚ་བ། །གཉིས་པ་དུས་ཀྱིས་དབྱེ་ན་ཚ་བ་གསར་དང་རྙིང་པ་གཉིས། །གསུམ་པ་ཉེས་པས་དབྱེ་ན་རླུང་མཁྲིས་བད་ཀན་དང༌། །ཁྲག་དང་ཆུ་སེར་ཚ་བ་རྣམ་པ་ལྔ། །བཞི་བ་གནས་ཀྱིས་དབྱེ་ན་ཕྱི་ནང་བར་དང་གསུམ། །ཤ་ལྤགས་རྩ་རུས་དོན་སྣོད་ལ་གནས་པའོ། །ལྔ་བ་རྒྱུད་ཀྱིས་དབྱེ་ན་རང་རྒྱུད་གཞན་རྒྱུད་ཅན། །རང་རྒྱུད་ཅན་དེ་རྐྱང་པ་རང་རྟགས་གསལ། །གཞན་རྒྱུད་ཅན་ལ་ལྡན་ཚད་འདུས་ཚད་གཉིས། །དྲུག་པ་གནས་སྐབས་དབྱེ་བ་རྣམ་པ་དྲུག་ཡིན་ཏེ། །མ་སྨིན་རྒྱས་སྟོངས་གབ་རྙིངས་རྙོགས་པའོ། །བདུན་པ་རིགས་ཀྱིས་དབྱེ་ན་འགྲམས་འཁྲུགས་རིམས་དང་དུག་གི་ཚ་བ་དང་བཞི། །

སྤྱི་དོན་དྲུག་པ་ཚ་བའི་རྟགས་ལ་གཉིས་ཏེ་འགྱུར་མེད་ངོས་བཟུང་དང༌། །སྤང་བླང་མུ་བཞི་ཁ་དམར་གདགས་པ་འོ། །དང་པོ་ངོས་བཟུང་སྤྱི་དང་བྱེ་བྲག་གཉིས། །སྤྱི་ཡི་རྟགས་ལ་ཕྱི་ནང་གསང་བ་གསུམ། །ཕྱི་རྟགས་སློང་བ་རྒྱུ་རྐྱེན་སྒོ་ནས་བརྟག །ནང་རྟགས་མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག །གསང་རྟགས་ཕན་གནོད་སྒོ་ནས་བརྟག་པའོ། །དང་པོ་ཕྱི་རྟགས་སློང་བ་རྒྱུ་རྐྱེན་སྒོ་ནས་བརྟག་པ་ནི། །གོང་རྐྱེན་ཟས་སྤྱོད་རྗེས་ལས་ཤེས་པར་བྱ། །གཉིས་པ་ནང་རྟགས་མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ་ནི། །སྤྱིར་ཚ་བའི་རྩ་ནི་མགྱོགས་གྲངས་ཚ་རྒྱས་སྤངས་ཚ་གྲིམས་པ་སྙུགས་ཚ་ཡིན། །ཆུ་མདོག་དམར་སེར་དྲི་དུགས་རླངས་པ་ཆེ། །མགོ་ན་ཤ་ཚ་ཁ་རོ་སྐྱུར་ལ་ཁ། །ལྕེ་སྟེང་བད་ཀན་ཆེ་ལ་སྣ་སྒོ་སྐམ། །མིག་སྤྲིན་དམར་སེར་གཟེར་བ་གཅིག་ཏུ་འདྲིལ། །ལུད་པ་དམར་ལ་སེར་བ་འམ་ཚ་བྲོ་སྐོམ་དད་ཆེ། །ཁྲག་གི་མཁྲིས་པ་འཁྲུ་སྐྱུག་རྔུལ་ཆེ་ལ་ནད་དྲི་མ་མནམ། །ནུབ་གཉིད་ཆུང་ལ་ཉིན་པར་གཉིད་མི་ཐུབ། །ཉིན་དགུང་མཚན་དགུང་ཞུ་བའི་དུས་ན་ལྡང༌། །དེ་དག་མཁྲིས་པའི་མེ་དྲོད་འཕེལ་རྟགས་ཡིན། །གསུམ་པ་གསང་རྟགས་ཕན་གནོད་བསྟེན་པའི་སྒོ་ནས་བརྟག་པ་ནི། །ཟས་ཚ་བ་ཡིན་སྤྱོད་གྲང་བ་ཡིན་སྨན་དཔྱད་བཤད་རྒྱུད་ལྟར་ཆུ་བཞི་བསྟེན་པ་ཡིས། །འཕྲོད་ན་ཚ་བ་དང་མི་འཕྲོད་ན་གྲང་བ་གོམས་པས་ངེས་པ་བརྙེད། །གཉིས་པ་ཚ་བ་བྱེ་བྲག་སོ་སོའི་མི་འགྱུར་རྟགས་བསྟན་པ། །སྤྱི་རྟགས་དེ་དག་ཀུན་ལ་ཁྱབ་སྟེང་དུ། །རྟེན་གྱི་ཚ་བ་ན་སོའི་རིམ་པས་བྱིས་པ་དར་མ་རྒས་པ་ཤེས། །དུས་ཀྱི་ཚ་བ་ཡུན་ཕལ་ཆེར་ཟླ་བ་གཅིག་གི་ཚད་་གྱིས་ཤེས་པར་འགྱུར། །ཉེས་པའི་ཚ་བ་བསྡོངས་ཟླའི་རྟགས་ལས་དཔག་བསྡོངས་ཟླ་རླུང་བད་ཁྲག་གསུམ་པོ་མཁྲིས་པར་བསྡོངས་པས་དེ་གསུམ་ནི་དཔེར་ན་ཏིལ་མར་རང་ཉིད་ཚིག་པའི་རྒྱུ་རང་གི་ཁོང་སྣུམ་གྱིས་བྱེད་པ་ལྟར་དེ་གསུམ་ཡང་མཁྲིས་པ་དང་བསྡོངས་པས་ཉེས་པ་ཞེས་ཐོག་མར་སྨྲས་སོ། །གཡལ་གླལ་བ་བྱེད་འདར་གཉིད་ཡེར་བ་བ་སྤུ་བརྩེ་ན་རླུང་ཚད་དེ། །ཁ་ཁ་ཁྲག་མཁྲིས་མིག་ཆུ་སེར་ན་མཁྲིས་ཚད་ཡིན། །ལྕི་རྨོངས་འཇུ་དཀའ་བད་ཀན་ཚ་བ་ལ། །མིག་ཆུ་དམར་ལ་གཟེར་འདྲིལ་ཁྲག་ཚད་ཡིན། །གཡོ་སྐྲངས་ཟ་འཕྲུག་ཤུ་ཐོར་ཡོང་ན་ཆུ་སེར་ཚ། །གནས་ཀྱི་ཚ་བ་ཕྱི་ནང་འཇུག་པར་སྒོ་དྲུག་གར་གནས་ཀྱིས་གསལ། །ཚ་བ་རང་རྒྱུད་ཅན་དེ་རང་རྟགས་གསལ་བས་ཤེས་སླ་བར། །ལྡན་ཚད་རླུང་ལྡན་གཅིག་གྲོགས་གཅིག་གིས་བྱེད། །དཔེར་ན་གཉེན་བཤེས་མཐུན་པ་ལས་བྱེད་འདྲ། །བད་ཀན་ཚ་བར་མཚན་ཉིད་མི་མཐུན་པ་ལྡན་པས་འཁྲུག་ཅིང་འཐབ་པར་འགྱུར། །དཔེར་ནམི་མཐུན་མི་གཉིས་ས་གཅིག་འཚོགས་དང་མཚུངས། །འདུས་པའི་ཚ་བ་ཁྲག་མཁྲིས་བད་ཀན་དུས་ངན་ཤར་པོ་འདྲ། །ཁོ་བས་ང་དྲག་གཅིག་འོག་གཅིག་མི་ཚུད་སོ་སོ་བའི། །དེ་དག་ལྡན་འདུས་ཚ་བ་བསིལ་དྲོད་མ་འདྲེས་པར་གཉེན་པོ་སོ་སོར་གང་འོས་བསྟེན་པས། །ཐོག་མར་ཕན་སྙམ་བྱེད་ཀྱང་བསྟུད་ན་གནོད་པས་དབྱེ་བ་ཤེས་ཏེ་དཔེར་ན་བད་ཀན་ཚ་བར་ལྡན་པ་ལ་ཟས་སྨན་དྲོ་བ་བསྟེན་ན་དང་པོ་བད་ཀན་ལ་ཕོག་པས་ཕན་སྙམ་བྱེདདེ་བཞིན་བསྟུད་ན་གཏིང་གི་ཚ་བ་ལ་ཕོག་པས་གཟོད་གནོད་པར་ཚོར་བ་ལྟར་ཡིན་པས་འདིས་ལྡན་པའི་ཚ་བ་ཀུན་ལ་འདྲེའོ །མ་སྨིན་གྲང་ཤུམ་འོང་ཕྲུམ་སེར་བ་སྤུ་ལྡང་ཚིགས་གཞི་ན་ཞིང་སྲོད་དུས་ན་བས་ཤེས། །རྒྱས་པའི་ཚ་བ་ཚད་རྟགས་རྫོགས་པར་འབྱུང༌། །སྟོང་ཚད་བསིལ་གྱི་གཉེན་པོ་བསྟེན་གྱིན་འཕེལ། །གབ་ཚད་དྲོད་བཅུད་བསྲིངས་ཀྱིན་གནོད་པར་ཚོར། །རྙིངས་པའི་ཚ་བ་ཡུན་ཟླ་བ་གཅིག་ཙམ་ལོན་གྱུར་པས་ཤེས་དྭངས་མའི་རྟ་ལ་དུག་ཞོན་ནས་ལུས་ཟུངས་དྲི་མ་ཀུན་ལ་ཁྱབ་པས་ཉེས་པ་གསུམ་ཀུན་འཁྲུགས་ནས་ནད་རྟགས་ཚ་གྲང་མ་ངེས་པ་སྣ་ཚོགས་སྟོན་ཅིང་ནད་ཀྱི་རྣམ་གྲངས་ཀྱང་མང་བོར་འགྱུར་བ་ཡིན་ནོ། །རྙོགས་ཚད་རྔུལ་མང་ཞིང་བ་སྤུ་བརྩེ་སྣ་ཁྲག་འབྱུང་ཁ་གདོང་གཡོ་སྟེ་སྦོས་ལས་གསལ། །རིམས་ཚད་མགོ་ན་ཟ་ཟི་གྲང་ཤུམ་བྱེད། །འཁྲུགས་ཚད་གཟེར་དང་ལུད་པ་དབུགས་མི་བདེ་བ་དང་གསུམ་ས་གསལ། །འགྲམས་ཀྱི་ཚ་བ་སྤྱོད་ལམ་དྲག་རྗེས་ན། །དུག་ཚད་ནད་རྟགས་རྣམས་མ་ངེས་ཁོལ་བུར་ནད་སྣ་མང༌བ་ལས་གསལ་ལོ། །འདི་དག་མི་འཁྲུལ་སོ་སོའི་ངོས་འཛིན་ཡིན་རྒྱས་ཚད་ནས་དུག་ཚད་ཀྱི་བར་འདི་རྣམས་ཚ་བ་བྱེ་བྲག་པ་ཡིན་པར་དགོངས་ཏེ་སྐབས་འདིེར་སོ་སོའི་ས་བཅད་ས་བོན་ཙམ་ལས་མ་གསུངས་ནས་ཞིབ་རྒྱས་འོག་ཏུ་སོ་སོ་རང་རང་གི་སྐབས་སུ་གསུངས་པ་ལ་དགོངས་པ་ཡིན་ནོ། །སྤང་བླང་མུ་བཞིར་ཁ་དམར་གདགས་པ་ནི། །རྩ་རྒྱུད་སྦོམ་ཞིང་མཁྲང་ལ་འགྱུར་ལྡོག་ཆུང༌། །ཆུ་མདོག་དང་ངོ་གདོང་གསལ་ལ་ལྕེ་རློན་གཏར་ན་ནད་ཁྲག་དང་ཟུངས་ཕྱེད། །ལུད་པ་འགོགས་སླ་གཟེར་ཆུང་རྔམ་པ་དབུགས་ཕྱི་ནང་འབྱུང་རྔུབ་བདེ། །ཟས་ལེན་ཤེད་ཆེ་སྨན་དཔྱད་ངོ་ལེན་ན། །ནད་གང་ཡིན་ཡང་གསོ་བ་སླ་བར་བཤད། །འཆི་ལྟས་མེད་ཀྱང་ནད་ཀྱི་སྟོབས་ཆེ་ལ། །ནད་ཐོར་བུའི་བླ་གཉན་ནད་ཀྱི་སྟེང་དུ་སླར་འཁྱབས་པའི་ནད་གཞན་འགྱུར་ལྡོག་མང་ན་གསོ་བ་དཀའ། །འཆི་རྟགས་རྩ་ཆུ་ལུད་པ་ཁྲག་དང་དབུགས། །ནད་སྟོབས་གཟེར་ས་ལུས་སྟོབས་དབང་པོར་བརྟག །རྩ་རྒྱུད་ལས་བརྟགས་པས་འདར་བའམ་སྤུན་པའམ་གྲངས་སུ་སྡོད་པ་དང་ཚབ་འཚུབ་པ་ན་འཆི། །ཆུ་ལ་བརྟག་ནིམཁལ་ནད་མེད་པར་་ཁོང་ལོགསྲིའམ་ཡང་ན་འཆོར་དྲི་དང་མེ་ཏོག་དང་ཀུ་ཡ་སངས་ཏེ་མེད་ན་འཆི། །ལུད་པ་ལས་བརྟག་པ་དུད་ཁུའམ་སྐྱོ་འདྲ་བ་ལ། །ཡང་ཡང་མང་དུ་འབྱུང་ཞིང་གྲེ་བར་གསོག་ནས་ཕྱིར་མ་ཐོན་པ་ན་འཆི། །གཏར་ལ་བརྟག་པ་གཏར་བའི་ནད་ཁྲག་མེད་ན་མཚལ་འདྲ་བའམ་ཡང་ན་ཆད་པོ་ནག་རྩིགས་བྱུང་ན་འཆི། །དབུགས་ལས་བརྟག་པ་ནི་ལུས་མ་བསྐྱོད་པ་དང་གཉིད་དུ་སོང་བར་གྱུར་ཀྱང༌། །དབྱུགས་འབྱུང་འཇུག་རྔམ་པ་མི་བདེ་ཞིང་དབུགས་ཐུང་ལ་རྩེག་ན་འཆི། །ནད་སྟོབས་ལ་བརྟག་པ་ཁོང་དུ་འཐེམས་ནས་གཉེན་པོ་གང་ཡང་མི་ལེན་ཅིང༌། །ནད་ཕྱིར་ལྡོག་འགྱུར་མང་ལ་འདྲེ་ཁ་རྒོད་ན་འཆི། །གཟེར་ས་ཐོག་མ་ཁོ་ནར་སྙིང་ག་གཟེར། །དེ་ལས་གཞན་དུ་མི་འཕོ་བར་ཕུར་པ་བཙུགས་པ་དང་འདྲ་ན་འཆི། །ལུས་ཤེད་ཆད་ཅིང་ངལ་ལ་ལུས་སྟན་ལ་འབྱར་ན་འཆི། །དབང་པོ་མིག་འབྲས་གྱེན་དུ་ལྡོག་པ་མིག་འབྲས་ཁོང་དུ་བྲོས་པ་དང༌། །རྣ་བ་རྒྱབ་ཏུ་འབྱར་ཞིང་སྙེ་ལ་སྣ་ཕུག་སྐམ་ཞིང་བ་མོ་ལྟ་བུ་སྐྱ་ཡམ་མེ་ཆགས། །ཡས་མས་ཀྱི་མཆུ་བརྫེས་ཤིང་སོ་དྲེག་ནག་པ་དང་ལྕེ་སྐམས་ཤིང་རྐན་ཕུགས་སུ་བྲོས། །གདོང་ལ་ས་རྡུལ་ཆགས་པ་དང་སྨྲ་བ་ཆལ་ཆོལ་མང་སེམས་གསལ་ཆ་ཆུང༌བ་སྟེ་ཤེས་པ་ཉོབ་ཉོབ་ཏུ་གྱུར་པ། །ཟས་དང་སྐོམ་གྱིས་བོར་ཏེ་བཟའ་བཏུང་་མི་འདོད་ན་ངེས་པར་འཆི། །དེ་ཡང་འདྲ་སྣང་མང་ལ་ཕྱོགས་མཐུན་པའི་གཉེན་པོ་བཅོས་སྐྱེད་བྱུང་ངམ་མ་བྱུང་བལྟ། །འཆི་ལྟས་འགའ་ཞིག་སྣང་ཡང་གཉེན་པོ་ལེན་པར་གྱུར་ན། །དེ་ནི་མ་ངེས་པའི་འདྲ་སྣང་ཡིན་སྲིད་པས་གསོ་བར་བརྩམ། །འཆི་བའི་རྟགས་ཐམས་ཅད་གཅིག་པར་ནད་ཀུན་ལ་འདྲ་བར་མི་འབྱུང༌། །ནད་གཅིག་ལ་ནི་འཆི་རྟགས་ཀུན་ཚང་བར་མི་འབྱུང༌། །དེ་ཕྱིར་འཆི་ལྟས་མང་ལ་གཉེན་པོ་མི་ལེན་ན། །སྔོན་གྱི་ལས་དབང་ཡིན་ཅིང་འཆི་བདག་ཞགས་པས་ཟིན་ཏེ་སྤང༌། །

སྤྱི་དོན་བདུན་པ་ཚ་བ་དེ་དག་བཅོས་པའི་ཐབས་བསྟན་པ། །སྤྱི་དང་བྱེ་བྲག་རྣམ་པ་གཉིས་སུ་འདོད། །དང་པོ་སྤྱི་ལ་བཅོས་ཐབས་རྣམ་པ་གསུམ་ཡིན་ཏེ། །ནད་དང་གཉེན་པོ་སྤྲོད་པའི་བཅོས་ཚུལ་དང༌། །དུས་ལས་མི་འདའ་གནད་ཀྱི་གདམས་པ་དང༌། །ཚ་བའི་དངོས་པོ་གཞོམ་པའི་གཉེན་པོའོ། །དང་པོ་བཅོས་ཚུལ་ནོར་ན་གཉེན་པོ་མི་ལེན་པས། །གང་ལ་གང་འཚམ་སྒོ་ནས་བཅོས་པར་བྱ། །ཚ་གྲང་འདྲེས་ན་གཉེན་པོ་མི་ལེན་པས། །འདྲེས་པ་ཕྱེ་ལ་ནད་དང་གཉེན་པོ་སྤྲད། །བྱེར་ཞིང་འགྲམས་ན་གཉེན་པོ་མི་ལེན་པས། །བྱེར་བ་བསྡུས་ལ་ནད་ཀྱི་ངོ་བོ་གཞོམ། །དང་པོ་ནད་དང་གང་འཚམ་བཅོས་པ་ཡི། །ལུས་ཟུངས་ན་ཚོད་སྦྱར་ལ་བཅོས་པ་ནི། །ཟུངས་འབྲིང་བྱིས་པའི་ཚ་བ་གཉེན་ལྟར་ཐུན་གྲངས་སུ་བསྟེན་སྨན་དཔྱད་ཟས་སྤྱོད་བསིལ་བས་ཚ་བ་བྲིད་ལ་ཁད་ཀྱི་བཅོས་། །ཟུངས་བཟང་དར་མའི་ཚ་བ་དགྲ་ལྟར་ཟས་སྤྱོད་སྨན་དཔྱད་ཆུ་བཞིས་བསད། །ཟུངས་ངན་རྒས་པའི་ཚ་བ་ག་ལེ་ག་ལེར་བུ་ལྟར་གསོ་གསར་བཅུད་པས་ཟུངས་གསོ་ཞིང་ཡང་བསིལ་འཇམ་གྱིས་བཅོས། །ནད་སྟོབས་དུས་དང་སྦྱར་ལ་བཅོས་པ་ནི། །སྟོབས་ལྡན་གསར་པའི་ཚ་བ་ཐོག་བབས་བསད། །སྟོབས་ཆུང་རྙིངས་པའི་ཚ་བ་ངང་རིང་གིས་བསིལ་འཇམ་ཡུན་བསྲིངས་པས་གདོན། །ཉེས་པའི་སྒོ་ནས་བཅོས་པར་བྱ་བ་ནི། །རླུང་གི་སྣ་སླན་ཞིང་ཚ་བ་རླུང་བྲིད་དམ་འབྲོས་ཚ་བ་འདེད་པའི་ཚུལ་དུ་བསིལ་སྦྱོངས་ཀྱིས་བཅོས། །མཁྲིས་པའི་ཚ་བ་བསིལ་བས་ཐོན་པར་ཟགས་པའི་ཆུ་ཡུར་བ་དྲངས་ཏེ་བཅད་ཚུལ་དུ་བཅོས། །བད་ཀན་ཚ་བ་བསིལ་འཇམ་གྱིས་རྔུལ་དབྱུང་མགོ་སྤུར་བཤུ་བའི་ཚུལ་དུ་བཅོས། །ཁྲག་གི་ཚ་བ་ཤེད་དམད་ཚུལ་དུ་སྟོབས་མ་རྒྱས་གོང་ནས་བཅོས་ཏེ་དམག་བྱུང་ཕྲལ་གདོང་སྒྲོག་པའམ་བྱ་བབ་ཕྲལ་དུ་སྤུར་བ་ལྟར། ཆུ་ལ་རགས་ཀྱིས་ངོ་ལེན་རྩིག་པ་ལྟར་ཁ་ཤེད་སྨད་ཀྱིན་བཅོས། །ཆུ་སེར་ཚ་བ་དང་པོ་སྦྱང་ཐ་མ་སྐེམ་པའི་ཚུལ་དུ་བཅོས། །གནས་ཀྱི་སྒོ་ནས་བཅོས་པར་བྱ་བ་ནི། །ཤ་ལྤགས་ལ་བབ་པ་ཚ་བ་རྔུལ་དབྱུང་བ་དང་ཆུ་ཡིས་འཕྲུལ་འཁོར་གྱི་བཅོས། །རྩ་ཡི་ཚ་བ་གང་རྩ་ན་ཁྲུས་གཏར་གྱིས་ཕྱི་རྩ་བཅོས། །རུས་པའི་ཚ་བ་དུགས་དང་ལུམས་ཀྱིས་བཅོས། །དོན་ཀྱི་ཚ་བ་ཕྱེ་མ་གཏར་གྱིས་བཅོས། །སྣོད་ཀྱི་ཚ་བ་སྦྱོངས་ཀྱིས་བཅོས་པར་བྱ། །གཙོ་བོའི་སྒོ་ནས་བཅོས་པར་བྱ་བ་ནི། །རང་རྒྱུད་ཅན་དེ་ཁོང་རང་རྐྱང་པ་འདེད་ཚུལ་དུ་བཅོས། །གཞན་རྒྱུད་ཅན་དེ་གང་མཐོ་བ་དེའི་གཉའ་བ་ནས་མནན་ལ་བཅོས། །གནས་སྐབས་སྒོ་ནས་བཅོས་པར་བྱ་བ་ནི། །མ་སྨིན་ཚ་བ་སྨིན་པར་བྱས་ལ་ལམ་དུ་གཞུག །རྒྱས་པའི་ཚ་བ་འབར་བའི་མེ་དཔུང་དང་འདྲ་བ་དེ་ག་པུར་གྱི་སྦྱོར་བ་སོགས་ཀྱིས་བསད། །སྟོངས་པའི་ཚ་བ་རླུང་འབུད་བཅུད་ཀྱིས་གསོ། །གབ་པའི་ཚད་པའི་མགོའི་སྤུར་གྱི་གཡོག་པ་གྲང་བ་བཤུས་ལ་ཚ་བའི་སྨན་ནད་དངོས་དང་སྤྲད། །རྙིངས་པའི་ཚ་བ་ཤིང་ལ་པྲ་རྩི་བཏང་བ་དེ་ཞེན་པའི་རྩི་དང་དབྲལ། །རྙོགས་པའི་ཚ་བ་ཆུ་སེར་རང་སར་སྐམ། །རིགས་ཀྱི་སྒོ་ནས་བཅོས་པར་བྱ་བ་ནི། །འགྲམས་ཀྱི་ཚ་བ་ལུས་ཟུངས་རང་སོར་གཞུག །འཁྲུགས་ཀྱི་ཚ་བ་དང་པོ་ཐང་གིས་དབྱེ་བར་དུ་ཕྱེ་མསབསད་ཐ་མར་སྦྱོངས་ཀྱིས་དབྱུང་བས་མཉམ་པོར་བཅོས། །རིམས་ཀྱི་ཚ་བ་བྱ་བབ་སྐྲོག་པ་ལྟར་སྤུར་ལ་ཟས་སྤྱོད་སྨན་དཔྱད་ཀྱིས་སྐད་ཅིག་ལ་གདོན། །དུག་ཚད་འདུ་བ་གསུམ་པོ་ཆ་མཉམ་པའི་གཉེན་པོས་བསད། །ཚ་གྲང་འདྲེས་པ་དབྱེ་བའི་བཅོས་ཚུལ་ནི། །མ་སྨིན་འདྲེས་པ་ཐང་གི་ཕྱེ་ལ་ཚ་བ་ལམ་དུ་གཞུག །འདི་དུས་ཐོག་མ་ནས་བསིལ་གྱིས་ཚ་བའི་གཉེན་པོ་བསྟེན་ན་གྲོགས་བད་རླུང་གི་ཐོག་ཏུ་འབབ། །གྲོགས་བད་རླུང་འཕེལ་བས་ནི་ཚ་བ་ཉིད་སླར་ཡང་འཁྲུགས་ཤིང་འཕེལ་བྱེད། །དཔེར་ན་མ་སྨིན་པའི་ཆང་བསླང་ཡང་དེ་ཉིད་ཆང་དུ་མི་རུང་བ་ལྟར། །ཚ་བ་མ་སྨིན་ན་ལམ་དུ་ཚ་བ་སྐྱེད་འཕྲོ་མི་ཚུད་འཆི་འམ་གསོ་དཀར་བར་འགྱུར། །དེ་ཕྱིར་སྨིན་བྱེད་ཀྱི་བད་རླུང་གཉིས་ཀྱི་གྲོགས་དེ་ཉིད་གཅིལ་ལ། །མཁྲིས་ཚད་མི་འཕེལ་བ་ཙམ་གྱིས་ལམ་དུ་གཞུག་པ་གཅེས། །སྨིན་པར་བྱས་པའི་ཚ་བ་ཟླ་བ་གཅིག་ལོན་པའི་རྙིངས་པའི་ཚ་བ་འདྲེས་པ་རྣམས། །ཡང་ན་བསོལ་ཕྱོགས་གཅིག་པ་དང་ཡང་ན་དྲོད་ཕྱོགས་གཅིག་དཔེར་ན་ཆུ་བོའི་གཞུང་བཞིན་དུ་བསྲངས་གཅིག་ལ་དབྱེ། །དེ་ལ་སྐྱོན་ཡོན་རྣམ་པ་གཉིས་ཡོད་དེ། །སྔོན་མའི་བསིལ་ཕྱོགས་གཅིག་བ་བསྟེན་ནས་ཚ་བ་བཅོས་རྗེས་གྲང་བར་འཕུལ་ན་སྐྱོན་ཡོན་གཉིས། །སྐྱོན་ནི་ཡུན་རིང་དུ་སྦྱོང་སྟེ་ཡོན་ཏན་གྱིས་སྲོག་ལ་རྒོལ་མི་འགྱུར་རོ། །སྔོན་དྲོད་ཕྱོགས་གཅིག་བསྟེན་ན་གྲང་བ་བཅོས་རྗེས་ཚ་བར་འཕུལ་ན་སྐྱོན་ཡོན་གཉིས་ཡོད་དེ། །ཡོན་ཏན་གསོ་བ་སླ་སྟེ་སྐྱོན་དུས་འདའ་སྲོག་ལ་འབབ། །དེ་ཕྱིར་སྣ་ལ་དང་པོ་ཚ་བ་བཅོས་རྗེས་གྲང་བར་འཕུལ། །གབ་ཚད་གྲང་བའི་མགོ་སྤུར་གཡོག་པ་མ་བཤུས་ན། །ཚ་བའི་གཉེན་པོ་ནད་ཀྱི་ཐོག་ཏུ་མི་འབབ་དེ་གྲང་བར་བབ་པས། །དེ་ཕྱིར་མགོ་སྤུར་གཡོག་པ་བཤུས་ལ་ཚ་བའི་ནད་དང་གཉེན་པོ་དངོས་སྤྲད། །སྟོངས་ཚད་རླུང་ལ་རྔན་པ་མ་བྱིན་ན། །རླུང་གིས་ཚ་བ་བུས་ནས་ལ་ཆེན་འདའ་སྟེ་འཆི་བས། །དེ་ཕྱིར་རླུང་དེ་ཟས་ཀྱིས་བྲིད་ལ་རྗེས་ཚད་གཞུག་གདོན། །འདྲེས་པའི་གྲང་རྙོགས་དང་པོ་ཕོ་བའི་མེ་དྲོད་སེ་འབྲུའི་སྦྱོར་སྡེས་གསོ་དགོས་ཀྱི། །ཕོ་བའི་གཞི་འཛིན་མ་ཤེས་ན་ཕོ་བའི་མེ་ཤི་ཚ་རོ་ལས་པ་ཡོད་། །ཚ་རྙོགས་འདྲེས་པ་སྦྱང་བ་འཇམ་པོས་རྒྱུན་སྦྱང་དབྱེ། །འདྲེས་པའི་ནད་ཀུན་གཅིག་བཅོས་གཅིག་ལ་འཕོག་པས་གཉེན་པོ་བསྟེན་པ་དཀའ། །བཅོས་ངོ་གང་ལེན་པའི་ནད་དེ་སྟེང་དང་ཐོག་གདོང་ལ་བཅོས། །འདྲེས་པའི་ནད་བསིལ་དྲོད་གཉིས་ཀའི་གཉེན་པོ་མི་ལེན་ན། །བར་དེར་ཚ་གྲང་བསྲེ་བས་ཕྱིང་དྲིལ་བཅོས་སམ་ཡང་ན་ཚ་བསིལ་གཉིས་ལྟག་སྤྲོད་བྱ། །གང་ཡང་མི་ལེན་པ་དེ་ནང་ན་གཤེད་དུ་འབབ་པ་སྔོན་གྱི་ལས་ནད་ཡིན་པར་འཆི་བ་ཡིན། །འོན་ཀྱང་ཚོགས་གསོག་རིམ་གྲོ་དང་་འཆི་བསླུས་འཚོ་བ་འགའ་འབྱུང་སྲིད་པ་ཙམ་ཡིན་ནོ། །དེ་ལྟར་འདྲེས་པའི་དབྱེ་ཐབས་མ་ཤེས་པར། །ཚ་བ་ཕྱོགས་གཅིག་ཏུ་མ་སྲང་པར་བད་རླུང་གསུམ་པོ་སོ་སོར་མ་ཕྱེ་པར་ཁྱོན་བསྲེས་བྱོལ་རྙོག་ཏུ་བཅོས་བྱས་པས། །གང་འཁྲུགས་ནས་ཚ་གྲང་གང་དུ་ཡང་ངོས་མི་ཟིན་ཅིང་སྐྱེད་མེད་པར་འགྱུར། །དེ་ཕྱིར་འདྲེས་པའི་དབྱེ་ཐབས་ཤེས་པ་གཅེས། །བྱེར་བའི་ཚ་བ་རྣམ་པ་གསུམ་ཡིན་ཏེ། །རང་བཞིན་བྱེར་དང་རྐྱེན་གྱིས་བྱེར་བ་དང༌། །དུས་ལས་འདས་པའི་བྱེར་བ་རྣམ་པ་གསུམ། །དུག་དང་སྨུག་པོ་རང་བཞིན་བྱེར་བ་སྟེ། །མ་སྨིན་རི་ཐང་མཚམས་སུ་བཅོས་ཉེས་རྐྱེན། །ཚ་བ་བྱེར་ཏེ་རྙོགས་པ་ཞེས་བྱར་འགྱུར། །གསུམ་པ་ནད་འདུས་དུས་སུ་མ་སྦྱངས་པས། །དུས་ལས་འདས་ཏེ་རྩ་མིག་ཀུན་ཏུ་བྱེར། །དེ་ལྟར་བྱེར་ཀུན་སྣ་ཁྲིད་རླུང་གིས་བྱེར། །རྩ་མིག་ཀུན་ཏུ་ཞུགས་ནས་ལུས་ཀུན་ཁྱབ། །བྱེར་བ་མ་བསྡུས་གཉེན་པོ་བསྟེན་བྱས་ཀྱང༌། །རི་དྭགས་ཐང་འདེད་འདྲ་སྟེ་གསོད་མི་འགྱུར། །འདི་ལ་ཐང་དང་ཕྱེ་མ་ཟས་སྤྱོད་ཀྱིས། །རླུང་གཞིལ་ནད་དེ་ཁོང་དུ་བསྡུས་བྱས་ནས། །གཉེན་པོ་བསྟེན་ན་མེ་སྟེང་ཆུ་བླུག་འདྲ། །འདུས་དཀའ་རྩ་སྦྱོངས་རྒྱུན་སྦྱོངས་ཆུ་ལུམས་བསྔགས། །དེ་ཡིས་མ་འདུས་བྱེར་བ་རང་སར་འདོན། །གཉིས་པ་དུས་ལས་མི་འདའ་གནད་ཀྱི་གདམས་པ་ནི། །ཚ་བ་དུས་ལས་འདའ་བའི་གནད་བཞི་སྟེ། །ངོ་བོ་ཉིད་ཀྱི་དུས་ལས་འདའ་བ་དང་། །སྦྱོར་བ་དམན་ལྷག་ལོག་པས་དུས་འདའ་བ། །དང་པོ་ངོ་བོ་ཉིད་ཀྱི་དུས་ལས་འདའ་བ་ནི་གནད་དུ་བབས་པའི་ཚ་བ་ཡིན་སྟེ། །ཐོག་མའི་དུས་ནས་སྲོག་ལ་ངེས་པར་རྒོལ། །དེ་ལ་ནད་ཀྱི་ཚོད་བླངས་ནས་སྨིན་དུས་སྒུག་པས་ཚ་བ་དུས་ལས་འདའ། །དེ་ཕྱིར་མ་སྨིན་པར་སྨན་དཔྱད་ཟས་སྤྱོད་ཆུ་བཞི་ལྟ་བུ་བསིལ་གྱིས་ནད་པའི་སྲོག་ལ་སྨན་དཔྱད་དང་ནད་ལ་ཐོབ་ཤ་བྱ་བ་སྟེ་དེ་ཐོག་ཏུ་བཅོས། །དམན་པ་དུས་ལས་འདས་པ་ནི་བཅོས་ཀྱིས་ནད་མགོ་མནན་པ་ཡིས། །དང་པོ་བདེ་བཞིན་བྱེད་ཀྱང་གཏིང་ཚད་མ་ཐོན་པས། །ཚ་བས་ཞུག་ཏུ་ཟུངས་ཟད་དུས་ལས་འདའ་བའི་ཕྱིར། །གཉེན་པོ་མི་བཅད་སྟོབས་བསྐྱེད་བསྲིངས་ལ་མ་ཐོན་བར་དུ་བཏང༌། །ལོག་ས་དུས་ལས་འདའ་བ་ནི་གབ་ཚད་གྲང་བར་འཁྲུལ་པ་ཡིས། །སྨན་དཔྱད་ཟས་སྤྱོད་མེ་ལྟ་བུ་ཚ་བ་བཞི་བསྟེན་པས་ཚ་བ་དུས་ལས་འདའ། །ལྷག་པ་ཚ་བའི་ནད་ཆུང་ངུ་ལ་གཉེན་པོ་སྨན་དཔྱད་ཟས་སྤྱོད་བསིལ་དྲགས་པ་ཡིས། །བད་རླུང་ལ་ཕོག་ནས་དེ་གཉིས་དགྲར་ལངས་པའི་གྲང་བས་སྲོག་ལ་རྒོལ་བར་བྱེད། །འདི་གཉིས་ལ་ལྟར་སྣང་གི་རྟགས་དང་ངོ་བོའི་རྟགས་ཀྱི་ངོས་ཟིན་པར་འཁྲུལ་བ་འཛིན་ཤེས་པ་གཅེས་པས་དོགས་པ་འཆར་བའི་རྟགས་དང་ངོ་བོ་རྟགས་གཉིས་ལྟ་རྟོག་ཐེམ་པར་སྒྲིམ་པར་བྱ། །བྱ་རས་ནམ་ཚོར་དུས་ན་བརྩོན་པས་ཟློག །དེ་དག་ཤེས་ན་དུས་ལས་འདའ་བར་མི་སྲིད། །གསུམ་པ་ཚ་བའི་དངོས་པོ་གཞོམ་པའི་གཉེན་པོ་ནི། །ཟས་དང་སྤྱོད་ལམ་སྨན་དཔྱད་རྣམ་བཞིས་བཅོས། །དང་པོ་ཟས་ལ་ཕན་བསྟེན་གནོད་པ་སྤང༌། །ཕན་པའི་རླུང་ཁ་གནོན་ནས་བསིལ་བཅུད་ཚ་བ་འདོན་པའི་ཟས་སྐོམ་བསྟེན་ཐབས་བཅུ་གཅིག་སྟེ། །འཕྲོད་ཟས་བཅུ་གཅིག་ནི་མ་སྨིན་ཚ་བ་ལམ་དུ་གཞུག་པའི་ཟས་མར་གསར་རན་ཙམ་བཏབ་པའི་ཕྱེ་ཐུག་ཆག་མི་རུང་།དབྱེར་རུང་དེ་རྣམས་ལས་ཟློག་པ་ཆུ་ནང་དུ་ཞག་གི་ཐིགས་པ་འདྲ་བའམ། །རྒྱལ་མོ་ནད་ཀྱིས་ཟླ་བ་ཉ་རྒྱས་པ་ལྟར་སྐྱ་ཁོར་རེ་གང་བ་དབྱེ་བར་བྱ། །གཉིས་པ་དུས་ཀྱི་སྔོན་འགྲོ་རླུང་གིས་འགྲིབས་པ་ལོ་གསུམ་སོང་ནས་སྨིན། །བད་ཀན་གྱིས་འགྲིབས་པ་ལོ་གཅིག་སོང་ན་སྨིན་ འདུས་པ་ལོ་ཕྱེད་དང་གཉིས་སོང་ན་སྨིན། །མཁྲིས་པས་འགྲིབས་པ་ཟླ་བ་དྲུག་གིས་སྨིན་པའི་དུས་ཡིན་པས་དབྱེ་ལ། །མ་སྨིན་པར་འདུག་ན་གནོད་པའི་ཟས་ཀྱིས་སྨིན་པར་བྱ། །གསུམ་པ་རིམ་གྲོ་སྔོན་འགྲོ་ཆབ་གཏོར་བརྒྱ་རྩ་དང།གཟུངས་གྲྭ་ལྔ་འདོན་ཞིང་ལྷ་མཆོད་དང་གང་གནོད་པའི་གདོན་གསལ། །བཞི་པ་དཔྱད་ཀྱི་སྔོན་འགྲོ་ནད་བཤིག་འགྲིབ་བྱེད་བསལ་སླ་བའི་ཕྱིར། །ཉུང་མའི་ལོ་མ་དང་ངར་བ་དང་ཞུ་མཁན་ཆང་བཙོས་རླངས་དུགས་མིག་ལ་བྱ།།

གཉིས་པ་དངོས་གཞི་ཆོ་ག་གསང་ལ་བརྡེག་ཐབས་དང་། །བསལ་ཐབས་སོལ་ཚད་བརྟན་པར་བྱ་ཞིང་ལེགས་ཉེས་རྟགས། །སྤྱི་དོན་རྣམ་པ་བརྒྱད་དུ་ཤེས་པར་བྱ།།
སྤྱི་དོན་དང་པོ་ཐུར་མའི་ཚད་དང་ལུས་པོའི་བཅའ་གཞི་གཉིས་ལས་བསྟན་པས། །ཐུར་མའི་རྒྱུ་ནི་རབ་གསེར་འབྲིང་ཟངས་ཐ་མ་ར་གན་གསུམ། །དབུག་དུས་ཐུར་རྕེའི་དབྱིབས་བྲ་བོ་འདྲ་བ་འཕྱག་དུས་འབྲི་ལྕེ་ཁ་དང་གདོན་དུས་གཟོང་ཁ་འདྲ། མི་ཏྲར་ཛོ་ཀིའི་མིག་འབྱེད་དུ། །ཕུག་པའི་དུས་ན་ཕྲ་མོ་སྟེ། །འཕྱག་་པའི་ཚེ་ན་འབྲི་ལྕེ་བདེ། །ཆུ་གྲི་འཕྲུལ་གྱི་སྦུབས་མ་སྟེ། གཟོང་ཁ་མ་ཞེས་གྲགས་པའང་ཡོད། །ཅེས་སོ། །དེ་ཡང་སྲིད་དུ་སོར་དྲུག་པ་ཐུར་མའི་རྩེ་མོ་བཟླུམ་པ་མིག་གི་རྒྱལ་མོ་གང་རེའུ་ལ། །ཞེང་དུ་དེའི་ཕྱེད་ཡོད་པ་ཐུར་མའི་མགྲིན་པ་རྣམས་སུ་གྲོའི་སྙེ་མ་འདོགས་འཚམས་ཀྱི་མགྲིན་པ་འབྲིང་པོ་ཙམ་ཡོད་པ། །སྲིད་དུ་མགྲིན་པའི་རྩེ་མོ་རྒྱལ་མོ་གང་དང་དེ་འོག་རྒྱལ་མོ་གང་སྟེ་བར་མཚོན་དེ་སྟེ་རྒྱལ་མོའི་མིང་མཚོན་དེ་ནི་དབུས་སུ་རི་མོ་འདོད་དེ་མིག་ཆེ་ཆུང་ལ་དཔག་པར་བྱའོ། །བར་བྱ།
རྒྱས་པའི་ཚ་བ་ཡེན་ལ་གཏད་པའི་ཟས། །ཐོར་བུའི་རླུང་ལ་རྔན་པ་བྱིན་པའི་ཟས། །ཐེ་ཚོམ་ངེས་པ་སྐྱེད་པ་སད་མདའི་ཟས། །སྟོངས་པའི་ཚ་བ་བཅུད་ཀྱིས་དགང་པའི་ཟས། །ཚད་རླུང་འདྲེས་པ་ཁ་ཡན་དགུག་པའི་ཟས། །གབ་པའི་ཚ་བ་མགོ་སྤུར་བཤུ་བའི་ཟས། །རྙིངས་པའི་ཚ་བ་ཞེན་པ་དབྲལ་བའི་ཟས། །གྲང་བ་ཁ་ཐལ་མེ་དྲོད་གསོ་བའི་ཟས། །རླུང་འཕྱོས་ཁ་ཐལ་བཅུད་ཀྱིས་གནོན་པའི་ཟས། །ཟུངས་ཟད་ཚད་པ་ལུས་སྟོབས་བསྐྱེད་པའི་ཟས། །དེ་ལྟར་འཕྲོད་ཟས་སྐབས་དང་སྦྱར་ལ་བསྟེན། །གནོད་ཟས་མ་སྨིན་སྨིན་དུ་མི་སྟེར་དང༌། །རྒྱས་པའི་ཚ་བ་མེ་དབལ་སྐྱེད་པ་དང༌། །རླུང་ཚད་འབུད་ཅིང་ཚ་བ་འབྱེར་བ་དང༌། །གབ་རྙོགས་ཚ་བའི་མེ་དྲོད་འཇོམས་པ་དང༌། །རྙིངས་པའི་ཚ་བ་སྟོད་ལ་གནོན་པ་དང༌། །ངོ་བོ་ཉིད་ཀྱིས་མི་འཕྲོད་ཟས་དང་དྲུག །མི་འཕྲོད་ཟས་རྣམས་དུག་འདྲ་སྤང་བར་བྱ། །སྤྱོད་ལམ་བཅོས་པ་མཐུན་དང་མི་མཐུན་གཉིས། །ལྡན་ཚད་རྣམས་ལ་བསིལ་དྲོད་སྙོམས་པ་མཐུན། །རྐྱང་པ་རྣམས་ལ་བསིལ་བ་ཁོ་ན་བསྔགས། །གནས་དང་གོས་དང་བྱ་བའི་སྤྱོད་ལམ་གསུམ། །བསིལ་དྲོད་སྙོམས་པའི་གནས་ནི་ཉི་གྲིབ་མཚམས། །རླན་སྟེང་ཁ་ཡེང་མ་ཡིན་དབེན་པར་འདུག །མ་འཁྱགས་མ་རྔུལ་དྲོ་ཞིང་ཡང་བ་བགོ །དྲག་ཤུལ་དལ་ཆེས་མ་ཡིན་མི་རྔུལ་བཅག །བསིལ་གནས་ནེའུ་གསིང་སྟེང་དང་ཆུ་ཡི་འགྲམ། །ཤིང་གྲིབ་བསེར་བུ་ཁང་སྟེང་བསིལ་ཁང་གནས། །རས་གོས་ལ་སོགས་ཡང་ཞིང་བསིལ་བ་བགོ །ལུས་ངག་བྱ་བ་མ་ཡིན་ཉིན་གཉིད་བསྲུང༌། །ཡིད་འོང་གྲོགས་དང་སེམས་སྤྲོ་ཀུན་ལ་ཤིས། །དེ་ལས་ལྡོག་པ་མི་མཐུན་སྤང་བར་བྱ། །གསུམ་པ་སྨན་གྱིས་བཅོས་པ་ཞི་དང་སྦྱང་བ་གཉིས། །དང་པོ་ཞི་བྱེད་སྨན་ལ་ཐང་དང་ཕྱེ་མ་སྨན་མར་དང་གསུམ། །དང་པོ་ཐང་ལ་སྨིན་ཐང་དབྱེ་ཐང་སྡུད་པའི་ཐང༌། །གསོད་ཐང་སད་ཐང་དགུག་ཐང་སྐམ་ཐང་བདུན། །དང་པོ་སྨིན་པར་བྱེད་པའི་ཐང་ལ་རྣམ་གསུམ་སྟེ། །མ་ནུ་སླ་ཏྲེས་ཀཎྜ་ཀ་རི་སྒ་སྐྱ་བཞི་པས་བད་རླུང་སྨིན་པར་བྱེད། །ཏིག་ཏ་སླེ་ཏྲེས་གསེར་གྱི་མེ་ཏོག་གསུམ་པས་མཁྲིས་ཚད་སྨིན་པར་བྱེད། །འབྲས་བུ་གསུམ་གྱིས་ཁྲག་ཚད་སྨིན་པར་བྱེད།གཉིས་པ་དབྱེ་བའི་ཐང་ལ་རྣམ་པ་གསུམ་ཡིན་ཏེ། །སླེ་ཏྲེས་ཆིག་ཐང་རླུང་ཚད་འབྱེད་པར་བྱེད། །སྐྱུ་རུའི་ཆིག་ཐང་ཁྲག་ནད་འབྱེད་པར་བྱེད། །སེ་འབྲུ་(མ་ནུ་སྒ་སྐྱ་)གསུམ་ཐང་བད་ཀན་ཚ་བ་འབྱེད༌།  གསུམ་པ་སྡུད་ཐང་མ་ནུ་སླེ་ཀཎ་སྒ་བཞི་དང་འབྲས་བུ་ཨ་བར་སྐྱུར་གསུམ་བསྲེས་པའི་ནོར་བུ་ཆུ་དྭངས། །ག་བྲ་ཀཎྜ་ཀ་རི་སྨུག་པོ་(བཙོད་བ་ཤ་ཀ)གསུམ་པའི་ཐང་ལ་བུ་རམ་བཏབ། །ཚད་པ་རླུང་གིས་བྱེར་བ་སྡུད་པར་བྱེད། །བཞི་པ་གསོད་པའི་ཐང་ལ་ཚ་བ་གསར་རྙིང་གཉིས། །ཚ་བ་གསར་པ་གསོད་པའི་ཐང་གསུམ་སྟེ། །དེ་བ་(གསེར་མེ་པར་པ་ཏ་ག་དུར་ཨ་རུ་)ལྔ་ཐང་རིམས་ནད་རྒྱས་པ་འཇོམས། །ཧོང་ལེན་(བ་ཤ་ཀ་རྩི་དམར་སྤང་རྩི་སྐྱུ་རུ་)ལྔ་ཐང་འགྲམས་འཁྲུགས་རྒྱས་པ་འཇོམས། །འོམ་བུ་(རེ་རལ་རྣམ་པར་ཁྱུང་སྡེར་ཧ་བོ་གང་ཆུང་སྲོལ་གོང་སྤང་རྒྱན་བོང་ང་སྤང་རྩི་བྱི་ཚེར་སེ་རྒོད་སྐྱེར་པ་སྐྲ་བཟང་སོ་མ་ར་ཛཱ་ཐང་)བཅོ་ལྔས་དུག་ཚད་རྒྱས་པ་འཇོམས། །ཐང་ཆེན་(འབྲས་བུ་ཨ་བར་སྐྱུར་གསུམ་སླེ་ཏྲེས་བ་ལེ་བ་ཤ་ཧོང་ལེན་ཏིག་ཏ་བོང་དཀར་ག་དུར་)བཅུ་པས་རྙིངས་ཚད་རོལ་དུ་གསོད། །ལྔ་བ་སད་ཐང་སྲེ་ལོང་པ་ཡི་ཆིག་ཐང་སྲེ་ལོང་དང་སོག་ཡུ་ཝ་གདོང་དང༌། །རུས་བཅུད་སྲེ་ལོག་སོག་ཡུ་གཞུག་ཆུང་གསུམ་དང་གོ་སྙོད་སྒ་སྐྱ་སྟེ་ཛཱ་ཏི་ཚིལ་བུ་གསུམ་པའི་ཐང༌། །རི་ཐང་མཚམས་ཀྱི་ངེས་པ་སྟེར་བར་བྱེད། །དྲུག་པ་དགུག་ཐང་ཤ་རྙིང་མར་རྙིང་བུར་རྙིང་ཆང་ཉིད་ཁུ་བཅུད་བཞིའི་ཐང་གིས་རླུང་འཕྱོས་འགུགས། །བདུན་པ་སྐམ་ཐང་སེང་ལྡེང་(འབྲས་ཨ་བར་སྐྱུར་གསུམ་སླེ་ཏྲེས་སྐྱེར་པ་ཆུ་སེར་སྨན་སོ་མ་ར་ཛཱ་སྤོས་དཀར་ཐ་དཀར་རྡོ་རྗེ་གསུམ་)དགུ་པས་རྙོགས་ཚད་སྐེམ། །དེ་རྣམས་ཚ་བ་འཇོམས་པའི་ཐང་སྦྱོར་ཡིན། །གཉིས་པ་ཕྱེ་མ་སྔོ་སྦྱོར་རྩི་སྦྱོར་འདྲེས་པར་སྦྱོར། །སྔོ་སྦྱོར་རྒྱལ་པོ་(གཡའ་ཀྱི་)བཙུན་མོ་(རྩི་དམར་)སྲས་(སྲོ་ལོ་)དང་ནི། །བློན་(པྲི་ཡངྐུ་)འབངས་(པར་པ་ཏ་)དམག་དཔོན་(རིམས་ལ་པར་པ་ཏ་འཁྲུགས་ལ་སྤང་རྩི་ཁྲག་ལ་ཧོང་ལེན་མཁྲིས་པར་ཏིག་ཏ་སོགས་ཤས་གང་ཆེ་ལ་ལོག་པོར་བཏང་)དམག་མི་(སུམ་ཅུ་ཏིག་རྣམ་པར་གང་ཆུང་དར་ཡ་ཀན་ཚེར་སྔོན་ཁྲག་རྐང་སྤང་རྒྱན་སྒོང་ཐོག་ཁུར་རྩ་འོམ་བུ་སྤྱི་ཞུར་བྱི་ཚེར་བྱ་རྒོད་སྤོས་དང་བཅུ་གསུམ་)ཆིབས་པར་(གངས་ཆུ་ལ་བསྡུས་གྲང་ངམ་ཁཎྜ་)བཅས། །ཚ་བ་ཀུན་ལ་མེ་ཐོག་ཆུ་བླུག་འདྲ། །རྩི་སྦྱོར་ཚ་བ་རབ་འབྲིང་བྱེ་བྲག་གིས། །ག་བུར་ཙན་དན་གི་ཝཾ་གཙོ་བོ་ལ། །འབར་བའི་ཚད་སྟོབས་བསད་པའི་ཕྱེ་མ་དང༌། །ལྡན་ཚད་དུས་གཅིག་འཇོམས་པའི་ཕྱེ་མ་དང༌། །རྙིངས་ཚད་རྩད་ནས་འདོན་པའི་ཕྱེ་མ་དང༌། །འདུ་བ་ཁ་སྙོམས་བྱེད་པའི་ཕྱེ་མའོ། །འབར་བའི་ཚད་སྟོབས་བསད་པའི་ཕྱེ་མ་ལ། །ཚ་བ་རབ་ལ་ག་བུར་རྒྱལ་བློན་ག་བུར་ཅུ་གང་ཙན་དན་དཀར་པོའམ་གུར་གུམ་གསུམ། (དེ་སྟེང་ཙན་དན་གི་ཝཾ་ཧོང་ལེན་ཏིག་ཏ་སྟེ་)བདུན་པ་(དེ་སྟེང་བ་ཤ་བོང་དཀར་)དགུ་པ་གསུམ་གྱིས་བསད་པ་གཅེས། །ཚ་བ་འབྲིང་ལ་ཙན་དན་(དཀར་དམར་ཅུ་གང་གུར་ཀུམ་ཨུཏྤལ་ཧོང་ལེན་གི་ཝཾ་ག་དུར་ཏིག་ཏ་བ་ཤ་ཀ་)བཅུ་པ་སྟེ། །ཐ་མ་གི་ཝཾ་(ཅུ་གང་གུར་ཀུམ་ཨུཏྤལ་བ་ཤ་བ་ལེ་ཧོང་ལེན་ཏིག་ཏ་ག་དུར་བོང་དཀར་ཏེ་)བཅུ་པས་འཇོམས་པར་འགྱུར། །ལྡན་ཚད་གསེར་གྱི་མེ་ཏོག་བོང་དཀར་པོ་པར་པ་ཏ་ལི་ག་དུར་དྷེ་བ་དུས་གཅིག་འཇོམས་པའི་ཕྱེ་མ་ནི། །ཚ་བ་རླུང་ལྡན་ཨ་གར་(བཟང་དྲུག་རུ་རྟ་སླེ་ཏྲེས་སྒོག་ཐལ་ཀ་ར་སྟེ་)བཅུ་པས་འཇོམས། །བད་ཀན་ལྡན་ལ་ཅུ་གང་སེ་འབྲུ་གུར་གུམ་ཨུཏྤལ་གྷི་ཝང་བདེ་བྱེད་སྦྱར། །རྙིངས་ཚད་རྩད་ནས་འདོན་པའི་ཕྱེ་མ་ལ། །རབ་ལ་ཕྱི་རྒྱུད་ག་བུར་བཟང་དྲུག་ཙན་དན་ཨ་ཀ་རུ་སྤང་སྤོས་རྡོ་དྲེག་བ་ལེ་ཀ་ཨུཏྤལ་རུ་རྟ་འབུ་སུག་ཧང་ཤིང་ཚ་ཆུ་སྲིན་སྡེར་མོ་གེ་སར་གསུམ་ཟི་ར་ཉི་ཤུ་རྩ་ལྔ་སྟེ། །འབྲིང་ལ་ཙན་དན་དཀར་དམར་བཟང་དྲུག་བ་ལེ་ཀ་ཧོང་ལེན་ཏིག་ཏ་ག་དུར་ཨུཏྤལ་འབུ་སུ་ཧང་གྷི་ཝང་གེ་སར་གསུམ་ཤིང་མངར་རུ་རྟ་འབྲས་གསུམ་ཨ་རུ་ར་་རྣམས་སོ་ཐ་མ་གི་ཝཾ་ངོ་གོང་གི་ཙན་དན་དཀར་དམར་གྱི་ཚབ་གི་ཝང་གི་བྱ་གཞན་སྔར་དང་འདྲ་བ་ལ་བྲག་ཞུན་དང་གསེར་མེ་བསྣན་པའོ། །སྔོ་རྩི་འདྲེས་པའི་སྦྱོར་བ་ཕྱི་རྒྱུད་ཀྱི་གཙོ་བོ་བརྒྱད། །འཁྲུགས་(ལ་ཙན་དན་དམར་པོ་ཤིང་མངར་རུ་རྟ་སྐྱུ་རུ་)རིམས་(ལ་གསེར་མེ་སྐྲ་བཟང་ག་དུར་དེ་བ་སྤང་རྩི་བོང་དཀར་)བབས་སྒོ་མདེ་ཁ་(གཉན་ལ་གླ་རྩི་གུ་གུལ་སྙིང་ལ་ཛཱ་ཏི་ཨ་གར་གློ་ལ་ཨ་ཀྲོང་ཤིང་མངར་མཆིན་པར་ཨུཏྤལ་བྲག་ཞུན་མཆེར་པར་པི་ལིང་མཁལ་མར་སུག་སྨེལ་ཕོ་བར་བོང་དཀར་མཁྲིས་པར་གསེར་མེ་ཆུ་སོ་ལ་གླ་རྩིས)བསྒྱུར་ལ་སྦྱར། །ཚ་བའི་ནད་རྣམས་མི་སེལ་གང་ཡང་མེད། །གསུམ་པ་སྨན་མར་གྱི་སྦྱོར་བས་ཚ་བའི་ནད་རྗེས་བཅད་པ་སྟེ། །འབྲས་བུ་གསུམ་གྱིས་སྟོངས་པའི་ཚད་རྗེས་གཅོད། །ཕྱི་རྒྱུད་ལྟར་ཏིག་ཏའི་སྨན་མར་གྱིས་ཚད་རྙིང་རླུང་ལྡན་གདོན། །ཕྱི་རྒྱུད་ལྟར་བ་ཡི་རྣམ་ལྔ་སྨན་མར་དང་སེང་ལྡེང་སྨན་མར་གྱིས། །ཚད་རྙོགས་ཕྱི་རྗེས་ཆུ་སེར་སྐེམ་པར་བྱེད། །ཞི་བྱེད་ཐང་ཕྱེས་ཚ་བ་མ་སེལ་ན། །གཉིས་པ་སྦྱོང་བྱེད་སྦྱོངས་འཁོར་མང་ན་རླུང་སྐྱེ་བྱེར་ནས་འགྲོ་ཉུང་ན་གཉན་གྱི་རི་བོ་བསྙིལ་མི་ཐུབ་བཤལ་གྱིས་མཁྲིས་ཚད་འོར་ཐུར་དུ་སྐྱུར། །ཚ་བ་ཀུན་ལ་སྨིན་དུས་ཁྲུས་པ་མཆོག་ཡིན་ཏེ། །སྣོད་བབས་བཅོས་ཀྱི་གཙོ་བོ་སྦྱང་བ་ཡིན། །བཅོས་བརྡུགས་ལོག་གནོན་སྦྱོངས་མིན་གཞན་ན་མེད། །ཅི་ཕྱིར་རྒྱུ་ཉིད་ཚ་བའི་རྒྱུ་མཁྲིས་པ་ཡིན་མཁྲིས་པའི་གཉེན་པོ་སྦྱོངས་ཡིན་པས་རྩད་ནས་འབྱིན་པས་སོ། །དེ་ཡང་རུང་བ་དང་མི་རུང་ནད་གཞི་བརྟག །བཏང་རན་དང་མི་རན་དུས་ཚོད་བརྟག་པ་དང༌། །སྦྱོངས་ཐུབ་དང་མི་ཐུབ་ལུས་ཤེད་ལེགས་པར་བརྟག་བྱའོ།རུང་བ་མཁྲིས་པའི་ནད་ལ་སྦྱོངས་ལས་མི་འདའ་བཅོས་ཐབས་གསུམ་ལ་ཡང་། །མ་སྨིན་པའི་ཚ་བ་མི་སྦྱང་བྱེར་ཏེ་འགྲོ། །རླུང་བསྐྱེད་ཅིང་འབུད་པས་ཆེ་དང་འདྲེ་ཁ་རྒོད་པ་སྦྱངས་ཐབས་ལ་མིན། །སྨིན་དང་སྣོད་བབས་བཅོས་བརྡུགས་དུས་ཚོད་དུ། །ཐུབ་ལ་རྩ་ཤེད་མ་ཤོར་ཤེད་ཀྱིས་ཐུབ་པའི་དུས་མི་ལ་སྦྱང་། །དེ་ལ་སྔོན་འགྲོ་དང་དངོས་གཞི་དང་ཕྱི་རྗེས་དང་གསུམ། །སྔོན་འགྲོ་ལ་མ་སྨིན་སྨིན་པར་བྱ་བ་དང༌། །ཚ་བ་བྱེར་ན་བསྡུ་ཞིང་ལྡན་ལ་རླུང་ཁ་གནོན་པ་དང༌། །གབ་པའི་མགོ་བསླང་མེ་དྲོད་ཉམས་ན་སེ་འབྲུས་གསོ། །ནད་ཀྱི་རྩེ་བཅིལ་སྨན་གྱིས་རྒྱས་ཚད་མ་ཡིན་པའི། །རྙིང་པ་རྣམས་ལ་ཁྲུས་དང་བསྐུ་མཉེ་བྱ། །དངོས་གཞི་ལ་རྒྱལ་པོ་(ཐར་ནུ་)བཙུན་མོ་(ཁྲོན་བུ་)སྲས་(ཧོང་ལེན་)དང་བློན་(ལྕུམ་རྩ་གསེར་མེ།) །མཚོན་ཆ་(པ་ཏོ་ལ་ཀ་ར་དང་དྲི་ཆུ་བྱེད་པའང་སྣང་)ཆིབས་སུ་བཅས་པས་ཚད་པའི་(ནད་ཡུལ་འདོན། །མཚོན་དུ་ཚ་བ་སྨིན་པའི་དུས་སུ་གཏོང་ན་ག་བུར་གི་ཝཾ་བསྣན། །སྣོད་དུ་བབས་ན་བྲག་ཞུན་དུག་མོ་ཉུང༌བསྣན། །བཅོས་བརྡུགས་པར་ཚ་ལ་གུར་ཀུམ་མདེ་ཁ་བསྒྱུར། །དྲི་ཆེ་ཞིང་ཁ་དོག་དམར་སེར་དུ་འཁྲུ་ན་ནད་ཐོན་རྟགས། །

ཚ་བ་ཆུ་བསིལ་གྲང་བ་ལ་ཆུ་ཚན་ཆུ་ལྕག་བྲབས་ལ་དག་པར་སྦྱང༌། །སྦྱང་བ་མ་དག་པར་བསྐྱར་ལ་སྦྱང་བ་གཅེས། །མ་འབྱོངས་ན་ནད་བསླང་ཚ་བ་སླར་འཕེལ་བར་འགྱུར། །འབྱོངས་རྗེས་ཆུ་གྲོག་འབྲས་སམ་ཕྱེ་ཐུག་གམ། །ཞོ་ཕྲུམ་ཞོ་རོ་ལ་སོགས་བསིལ་གྱིས་བཤལ་རྗེས་བཅད། །དེ་ལྟར་མ་ཡིན་རྗེས་ལ་དྲོད་བསྟེན་ན། །བཀྲུ་བཤལ་བྱས་རྗེས་སྣོད་དུ་དུག་གཡོས་འདྲ། །རྙིངས་ཚད་རྣམས་ལ་རྒྱུན་སྦྱོངས་ཨ་རུ་ཆུ་རིང་བ་རུ་སྐྱུ་རུ་ལྕུམ་རྩ་དུར་བྱིད་སྤོས་དཀར་བ་ཆུར་འདུས་པའི་བསྔགས་པ་ཡིན་ཡང་མ་ཆུ་རྩའི་རྒྱུན་སྦྱོང་རུང་། །བཞི་པ་དཔྱད་ཀྱིས་བཅོས་ཐབས་རྣམ་པ་དྲུག་ཡིན་ཏེ། །གཏར་གྱིས་ཁྲག་ངན་རྩ་ལམ་སྦྱང་བ་དང༌། །རྔུལ་གྱིས་ཚད་རླངས་བ་སྤུར་དབྱུང་བ་དང༌། །དུགས་ཀྱིས་འཕྲལ་གྱི་ཟུག་གཟེར་བཅག་པ་དང༌། །ལུམས་ཀྱིས་ཚ་བ་བྱེར་བ་གདོན་པ་དང་། །ཆུ་ཡིས་ཕྱི་ཚད་མེ་དབལ་བཅག་པ་དང༌། །མེ་ཡིས་ཚ་བ་འབྲོས་འཕྲང་བསྡམ་པའོ། །དང་པོ་གཏར་གྱིས་རྩ་ལམ་ཁྲག་སྦྱང་བ། །རུང་དང་མི་རུང་ནད་གཞི་བརྟག་པ་གཅེས། །ཁྲག་མཁྲིས་ནད་ལ་གཏར་བར་གསུངས་ན་ཡང༌། །ཚ་བ་གཏར་དུ་མི་རུང་རྣམ་པ་བདུན། །མ་སྨིན་ཚད་པ་གཏར་ན་རྙོགས་པར་འགྱུར། །ཁྱད་པར་རིམས་ལ་དོན་ལྔའི་ཆ་གང་ལ་གཏར་ན་དོན་དེ་ལ་འབབ། །འཁྲུགས་སོགས་ངན་ཁྲག་མ་ཕྱེ་གཏར་བ་ཡིས། །ཟུངས་ཁྲག་ཤོར་བས་རླུང་སྐྱེ་ཚ་བ་བྱེར། །ནད་ཁྲག་ལུས་པས་ཚ་བའི་རི་མོ་ཐོན། །སྟོངས་ཚད་གཏར་ན་རླུང་འཕྱོ་ཟུག་གཟེར་སྐྱེ། །གཉན་ཚད་གཏར་ན་ཁྲག་ཤུལ་སྲོག་རྩར་འཇུག །དུག་ཚད་གཏར་ན་བྱེར་ཏེ་རོ་མི་ཐོན། །ཟུངས་ངན་ཚད་པ་གཏར་ན་སྲོག་རྟེན་ཆད། །གཏར་དུ་རུང་བའི་ཚད་པ་སྨིན་རྒྱས་དུས། །ཁྱད་པར་འགྲམས་འཁྲུགས་ཁྲག་གཟེར་ལ་ག་བུར་ལུག་
ཐུག་མགོ་རྩམ་ལས་ཁྲག་རླངས་ཐོན་ཙམ་དགའ་
གཏར་བ་ཤིས། །སྨིན་ལོང་མེད་པའི་ཚ་བ་གཏར་ག་མི་བརྟེན་ཚེ་སྲོག་གཤིན་རྗེའི་ལག་རུ་གཏོད་པ་ལྟར། །རྒྱས་པའི་ཚ་བ་ལ་སྲོག་དང་ཁྲག་ལ་ཐོབ་ཤ་བྱ་སྟེ་གཏར་རོ། །སྟོངས་པའི་ཚ་བ་བསིལ་བཅུད་གསོ་ཞིང་གཏར། །གབ་ཚད་གང་གབ་རྩ་ལ་གཏར་ལ་བསླང༌། །རྙིངས་ཚད་ཕངས་པ་བཞིན་དུ་ཉུང་དུ་དབྱུང༌། །རིམས་དུག་ལ་ཁྲག་རླུངས་གང་ལས་ག་བུར་ནས་ཙམ་དགའ་གཉན་གཟེར་རྩར་བབས་རླངས་ཐོན་གཏར། །གཏར་བའི་དུས་ཚོད་རན་དང་མི་རན་དང་། །སྔོན་འགྲོ་སྙལ་ཐབས་གདབ་ཐབས་རྩ་དམིགས་དང༌། །ཁྲག་སྤྲ་དབྱུང་ཚད་ལོག་ནོན་ལ་སོགས་པ། །ཕྱི་རྒྱུད་གཏར་གའི་ལེའུར་ཤེས་པར་གྱིས། །གཉིས་པ་རྔུལ་གྱིས་ཚ་བ་བ་སྤུར་དབྱུང་བ་ནི། །མ་སྨིན་སྟོབས་ཆེན་ནད་ལ་རྔུལ་མི་དབྱུང༌། །ཕྱུངས་ཀྱང་རྔུལ་མེད་ནད་འཁྲུགས་སླར་ཡང་འབྱེར། །ཟུངས་ཟད་རྔུལ་བཏོན་རླུང་སྐྱེས་ལུས་སྟོབས་འཇོམས་པས་སྤང་ངོ་། །མ་སྨིན་རྔུལ་དུ་བབས་པ་ལ་སྟོབས་ཆུང་བའི་ཚ་བ་ལམ་ནས་བཟློག་པ་དང༌། །རྒྱས་པའི་ཚ་བ་རླངས་པར་འདོན་པ་དང༌། །སྟོངས་པའི་རླུང་ཚད་དུས་གཅིག་དབྱུང་བ་དང༌། །རྙིངས་པའི་ཚ་བ་ཞེན་རྩི་དབྲལ་བ་དང༌དཔེ་རྙིང་རྩིབས་ཤས་གསུངས་པར་རྩིབས་མའི་སྟེང་གི་ཤ་བཀོག་ནས་སྒལ་པ་ཉམས་འགྲོ་བ་ལྟར་རྔུལ་བཏོན་ན་རྙིངས་ཚད་ཀྱི་རྟེན་ཉམས་པའི་དོན་ཡིན་གསུངས། །ཁྱད་པར་རིམས་ཀྱི་ཚ་བ་བྱ་ལྟར་སྤུར་སྤུར་བྱེད་བརྒྱད་ནི་ཨ་བར་སྐྱུར་གསུམ་ད་ལིས་ག་དུར་ཏིག་ཏ་བ་ལེ་ཀ་ཨུཏྤལ་སླེ་ཏྲེས་རྣམས་ཀྱི་གདུས་ཁུ་སུམ་ཕྱེད་ཁོང་དུ་བཏང་ལ་གོས་ཀྱི་བྱིབས་རྔུལ་བྱུང་་བ་བལ་གྱིས་ཕྱི་དེ་ནས་ཆུ་ལྕག་བྱའོ། །ཤ་ལྤགས་རུས་ལ་བབས་པ་དང་ཚད་རྔུལ་དུ་དབྱུང་བས་བཅོས། །དབྱུང་རགས་པའི་ དུས་ཕལ་ཆེར་རྒྱས་པ་རྔུལ་དྲི་ཐོན་དུས་ཡིན། །སྦྱོར་བ་ཁོང་ནསའཕུལ་སྦྱོར་བ་ནི་འོག་ཏུ་མ་སྨིན་ཚ་བའི་སྐབས་ཀྱི་བྱ་སྤུར་བརྒྱད་བཏང། ཕྱི་ནས་འདྲེན་པ་སྣེའུ་རླངས་དུགས་གཉིས་སུ་རང་རང་སྐབས་སུ་ཤེས་པར་བྱ། །གསུམ་པ་དུགས་ཀྱིས་འཕྲལ་གྱི་ཟུག་གཅོག་བསིལ་དྲོད་གཉིས། །ཆུ་གཏིང་གི་ཆུ་རྡོ་དང་རྨོན་ཐོང་ལྕགས་ཚན་སྲོ་ལོ་དམར་པོ་ཞོ་དང་སྦྱར་བ་བསིལ་བའི་སྔོ་ཏིག་ཏ་ཧོང་ལེན་སོགས། །གྲང་མོས་གསོར་བདུགས་ཁྲག་གཟེར་རྒྱས་ཚད་ཟུག་གཅོག་མཆོག །གྲོད་པ་ཆུ་བླུགས་པའི་ཆུ་དུགས་གྲེ་བའི་ཚ་བ་དང་རྒྱུ་གཟེར་དང་མིག་གི་ཚད་པ་འཇོམས། །བསིལ་དུགས་མ་སྨིན་པ་དང་རླུང་དང་ལྡན་ལ་སྤང༌། །དྲོད་དུགས་རྒྱས་ཚད་རྐྱང་ལ་མི་རུང་སྟེ། །འཁར་གོང་ཆང་བྲན་བསྲོས་པས་རླུང་ཚད་ཀྱི་གཟེར་གཅོག །ཧོར་གྱི་མེ་བཙས་ཕྱིང་པ་མར་དུ་བཙོས་པ་སྣུམ་ལྡན་པ་དེའི་དུགས་བྱ་ཀོ་ལེར་གཟེར་བ་དང་འཁྱུག་པ་འཇོམས། །སོ་ཕག་བསྲོས་པས་ཕོ་བར་དུགས་བྱས་ན། །མ་སྨིན་པ་དང་གབ་པ་དང་རྙོགས་ཚད་གསུམ་གྱི་ཕོ་བའི་མེ་དྲོད་གསོ། །བཞི་པ་ལུམས་ནི་བདུད་རྩི་ལྔ་ཤུག་པ་བ་ལུ་མཚེ་མཁན་པ་དང་བཞེ་སྟེང་ཚ་རྙོགས་ལ་སྲོ་ལོ་སྨུག་པོ་དང་དུག་ལ་འོམ་བུ་རྙིང་ཚད་ལ་སྤང་སྤོས་ཁ་བསྒྱུར་བ་ཡི་ཆུ་ལུམས་སམ། །དེ་ཉིད་ནང་པ་ལུས་ལ་བཅིང་ལུམས་དང་དེའི་རླངས་པའི་ལུམས་དང་ཡང་ཆུ་ཚན་ནམ་འབྱུང་བའི་ཆུ་ལུམས་ཀྱིས། །ཚ་བ་ཤ་ལྤགས་རྩ་རུས་བྱེར་བ་འཇོམས། །ལྔ་པ་ཆུ་ཡི་འཁོར་ལོས་ཕྱི་ཚད་བཅག་པ་ནི། །སྟོབས་ཆེན་དང་མ་སྨིན་ལྡན་ཚད་རྣམས་ལ་བྱར་མི་རུང༌མ་སྨིན་པའི་སྐབས་གཡོ། །སྟོབས་ཆུང་འཕུར་བྱེད་བརྒྱད་པས་ཐང་གིས་རྔུལ་ཕྱུང་བའི་རྗེས་ལ་ཆུ་རྗེས་གོང་དང་གསུམ་གྱི་ན་མ་ཟ་ངུ་སྦྲན་པར་བྱ་ཚ་བ་ལམ་ནས་བཟློག་པ་དང༌། །བྱེར་བའི་ཚ་བ་ཁོང་དུ་བསྡུ་བ་བིག་པན་ཆང་དང་སྦྱར་ཕུལ་བྱེད་ཁོང་དུ་བཏང་ལ་རྗེས་ངར་བཞི་དང་སྤྱི་སྦུ་ཡན་ཆད་ནས་སྦུབས་རིལ་རིམ་པས་མཐའ་ནས་ཆུ་བྲན་དང་། །རྒྱས་པའི་ཚ་བ་མེ་དབལ་བསད་པ་བ་ཚ་མེད་པའི་སྐར་ཆུས་ཉི་དྲོས་ལ་ཁོང་དུ་བཏང་ལུས་ཀུན་ཆུས་བྲན་ཆུ་རྒྱུན་གཙུག་པ་དང་། །རྙིངས་པའི་ཚ་བ་ཞེན་པ་གདོན་པར་རླུང་མེད་རྒྱས་ཚད་ལྟར་བཅོས་རླུང་ལྡན་ལ་ཐོ་རངས་ཆང་བཏང་ཉི་དྲོས་ཆུས་བྲན་བྱ། །དྲུག་པ་མེ་ཡིས་ཚ་བ་འབྲོས་འཕྲང་བསྡམ་པ་ནི། །ཚ་བའི་ནད་ཀུན་བསྲེག་པར་མ་བཤད་ཀྱང༌། །ཚ་བ་བསྲེག་དགོས་པའི་ནད་རིགས་རྣམ་པ་དྲུག །མཁྲིས་པ་རྩར་རྒྱུག་གི་ནད་ལ་རྩར་འབྲོས་པའི་འཕྲང་བསྡམ་པ་དང་། །རྩ་སྟོངས་པའིཚ་བ་ལ་དེའི་ལམ་འཕྲང་གི་ཁ་སོ་པས་བཅད་དགོས། །ཚ་གཞུག་ཏུ་རླུང་གིས་འབུད་པ་ལ་མེ་ཡིས་མནན་དགོས། །རླུང་ནི་རིམས་འདར་བུ་བྱེད་པ་དང་ཡེར་བུ་དང་མལ་དུ་མ་ཡིས་གཞུག་དགོས། །ལྷོག་པའི་ཚ་བ་གཉན་ཐོག་ཏུ་གཉན་དབབ་ཅིང༌དགོས། །ཚ་བའི་རྗེས་གྲང་བར་ལོག་ན་མེ་དྲོད་གསོ། །དེ་དག་དྲུག་ནི་ཚ་བས་ཚ་བ་བཅོས་པ་ཡིས་ཞེས་བྱ་ལར་ལྡན་འདུས་གང་ཆེའི་གཉེན་པོ་རུང་མཐུན་དུ་བསྟེན་དགོས་ཏེ་ཁྲག་ཤས་ཆེ་ན་གཏརམཁྲིས་ཤས་ཆེ་ན་སྦྱང་། བད་རླུང་ཤས་ཆེ་ན་བསྲེག་གང་ཡང་སྲོག་ཟུངས་ལ་མ་གནོད་པ་གལ་ཆེ། གཉིས་པ་དེ་ནས་ཚ་བ་བྱེ་བྲག་ཏུ་བཅོས་པའི་ཐབས། །བླ་གཉན་ཐོར་བུའི་ནད་སྣ་བསལ་བ་ནི། །སྨྱོ་བ་དང་ལྐུགས་པ་དང་ལུགས་ཡེར་བ་དང་འཐིབས་པ་དང་མགོ་གཟེར་འཁྱོམས་པ་དང༌། །མིག་ཚག་པ་དང་རྣ་བ་འོན་པ་དང་སྣ་ཁྲག་འཛག་པ་དང། །ལྕེ་སྐམ་པ་དང་སྐོམ་དད་ཆེ་བ་དང་དང་ག་འགག་པ་དང་། །སྐྱིགས་བུ་འབྱམས་པ་དང་གཟེར་ཆེ་གློ་མང་མི་ཁོགས་དང༌། །འཁྲུ་སྐྱུག་དྲི་ཆུ་འགག་དང་ཁྲག་ཏུ་འཛག །རྔུལ་འབྱམས་ལུས་དྲོད་ཕྱི་རུ་ཤོར་བ་དང༌། །རྐང་ལག་ན་འཁུམས་ཕོལ་འབྲས་ལ་སོགས་པ། །ངོ་མཚར་ཚེགས་མེད་ནད་ཀྱི་སྒོས་བཅོས་བསྟན། །དང་པོ་སྨྱོ་བ་ཆལ་ཆོལ་སྨྲ་ཞིང་ཁྲོ་ཚུལ་སྟོན། །ལྐུགས་པ་དྲན་པ་ཉམས་ནས་སྨྲར་མི་འདོད། །ཡེར་བ་ཉིན་མཚན་གཉིས་ཀ་གཉིད་མི་འབྱུང༌། །སྨྱོ་བ་ཚ་སྨྱོ་གྲང་སྨྱོ་གཉིས་སུ་ཡོད། །ལྐུགས་པ་ཚ་ལྐུགས་གྲང་ལྐུགས་གཉིས་སུ་དབྱེ། །དང་པོ་ཡེར་པ་ཚ་ཡེར་རླུང་ཡེར་རྣམ་པ་གཉིས། །དེ་ནས་ངོས་བཟུང་རྩ་སྒྲིམ་པ་ཚ་སྟོང་བ་རླུང་ཆུ་རྙོགས་པ་ཚ་བ་དྭངས་བ་རླུང་ལྕེ་སེར་ནག་ཚད་པ་དམར་ཚ་བ་རླུང་དང་སྔར་རྗེས་བཅད་གཏར་བཤལ་ག་པུར་བཏང་རྗེས་བྱུང་ན་རླུང་དེ་རྣམས་ཆུ་བྱས་པར་བྱུང་ན་ཚ་བ་སྟེ། །གོམས་པས་བསིལ་ལེན་དྲོད་གནོད་ན་ཚ་བ། དྲོད་ལེན་བསིལ་གནོད་ན་རླུང་སྟེ་བསྟེན་ལ་དེ་རྣམས་ཀྱིས་ཚད་རླུང་ལ་ཤན་དབྱེ། །གཉིས་པ་ཚད་སྨྱོ་གཞུག་ཆུང་ལྔ་བདུན་ཆང་བསྡུས་ཁུར། །ག་བུར་རྒྱལ་བློན་ཨ་ཀ་རུ་ཛཱ་ཏི་སྙིང་གུ་གུལ་སྦྱར་བཏང་རྔུལ་མང་དབྱུང༌། །ཡང་ན་ག་བུར་ཆང་དང་སྦྱར་ལ་བཏང༌། །ཚིགས་པ་དྲུག་པ་ཨན་སྟོང་མེ་ཡིས་བསྲེག །དེ་རྗེས་ཐོང་ཚེར་ལུག་སྐྱེས་ནས་ལོ་གཉིས་འཁོར་བ་དང་སྟེ། དེ་ཡང་ཕོ་ལ་ཐོང་པ་དང་མོ་ལ་ཚེར་མོ་ཞེས་ཟེར་དང་གའི་བལ་འདབ་སྦར་བ་སྡིག་པ་གང་གཅིག །རུས་བཅུད་སྲེ་ལོང་སོག་ཡུ་གཞུག་ཆུང་གསུམ་གྱི་ཁུ་བས་བལ་ཚི་བཙིར། །(ཚ་ལ་གླ་རྩིས་) དུག་འདོན་(རྡོ་དྲེག་གིས་)ངར་བཏགས་རླུང་དུས་དགོང་དང་ཐོ་རངསབཏང་བར་བྱ། །ཡང་ན་བལ་ཚིར་ཛཱ་ཏི་ཀ་ཀོ་ལ། །རུས་ཁུ་སྦྱར་བཏང་མ་མཆུའི་དཀྱིལ་དུ་བསྲེག །གྲང་བས་སྨྱོ་ན་བུར་དཀར་ཆང་སྦྱར་བཏང༌། །མ་ནོན་བཅུད་ཤ་མར་བུར་ཆང་བཞིའི་ཐང་ལ་ཛཱ་ཏི་དང༌། །ཤིང་ཀུན་བིག་པན་ཁ་རུ་ཚྭ་བཏབ་བཏང༌། །ཨན་སྟོང་དྲུག་བདུན་དཀར་ནག་མཚམས་སུ་བསྲེག །ཤ་རྙིང་མར་རྙིང་རུས་ཆེན་ཁུ་བ་བཏང༌། །ཚ་བས་ལྐུགས་ན་ག་བུར་ཅུ་གང་ཙན་དན་དཀར་རྒྱལ་བློན་གསུམ། །བཏང་ལ་རྔུལ་དབྱུང་དེ་རྗེས་ཆུ་ལྕག་བྱ། །སྒབ་རྩ་ཐོང་རྩ་རུ་ཐུང་རྩ་ལ་གཏར། །དེ་ལ་སྐྱེད་མེད་སྤྱི་གཙུག་མཚོགས་ཁ་བསྲེག །གྲང་བས་ལྐུགས་ན་ནུ་མ་ནས་མཆན་འོག་ངོས་སུ་མཚོན་གང་བཅལ་སར་སྲོག་རྩ་མྱོས་བྱེད་དང༌། །སྤྱི་གཙུག་ཨན་སྟོང་སོར་མོ་ཉི་ཤུའི་སྙིང་ངམ་ནེའུ་ལེ་སེར་ཙམ་བསྲེགརླུང་ནད་སྐབས་ལྟར་ཤ་འདོན་གྲང་འདོན་དང་སྐྱུར་འདོན་ལ་སོགས་ཤ་མར་བུར་རྙིང་བཅུད་ཀྱིས་བཅོས་པར་བྱ། །གསུམ་པཚ་བས་གཉིད་ཡེར་གླ་རྩི་མར་དཀར་བྱུག །གླ་རྩི་འོ་མར་བསྡུས་དང་སྒོག་ཐལ་བཏང༌། །རླུང་ཡེར་ཤ་ཆང་བུ་རམ་སྒོག་ཚོད་བྱིན། །དྲོད་སྨན་ཨོལ་སྒོང་འོ་མ་བུ་རམ་རྙིང་པ་དང་སྦྱར་བའི་འཇམ་རྩི་བྱ། །བཞི་པ་གཉིད་ཀྱིས་མྱོས་ན་བ་ལུ་རྡོ་དྲེག་དང༌། །ཤུག་འབྲུམ་ཐང་བཏང་སྤྱང་སྙིང་(སྡིག་པའི་མགོ་གི་ཝཾ་བུ་མོ་སྟག་ལོ་མའི་སྲིན་ལག་སེན་མོ་ཆུར་སྦྱངས་ཀྱི་)སྦྱོར་བ་བྱ། །བྱི་འི་མིག་དང་ཉ་མིག་གང་རྙེད་མིག་ལ་བྱུག །ལྔ་པ་མགོ་གཟེར་གསེར་ཕུད་གཡའ་ཀྱི་རི་ཤོའི་རྩ། །སྐྱི་འབྲས་སྐྱི་ཚེར་གྱི་འབྲུ་བོང་ང་དཀར་པོའི་མཁྲིས་པ་སྐྱུགས་ཀྱིས་དྲངས། །ཟུག་མ་ཆོགས་ན་དེ་རྗེས་གསེར་གྱི་མེ་ཏོག་དང་ཐར་ཆུང་ལ་ཚ་བ་རྣམས་ཀྱི་བཤལ་གྱིས་སྦྱང༌། །དཔྲལ་རྩ་མཚོགས་གསང་གཏར་ལ་ཆུ་ལྕག་བྱ། །མུར་གོང་འཕར་རྩ་ལྟག་པའི་སྡུད་སྒོ་བསྲེག །དོམ་མཁྲིས་ཏིག་ཏ་གུར་ཀུམ་བོང་ང་དཀར། །ཨ་བྱག་ཚེར་སྔོན་གངས་ཐིགས་གསེར་གྱི་མེ་ཏོག་དང༌། །ཀ་ར་སྦྱར་བཏང་དྲུག་པ་མགོ་བོ་འཁྱོམས་པ་ལ། །མགོ་ཁྲོལ་སྦྱོར་བ་ནི་ལུག་མགོ་ལོ་གསུམ་ལོན་པ་བསྲེགས་ལ་ཚོས་པར་བཙོས་པའི་ཤ་རུས་ཀླད་པ་ལ་ཤིང་ཀུན་སྒ་བཏབ་བྱིན། །མར་གསར་རྒྱམ་ཚྭ་སྦྱར་བའི་སྣ་སྨན་བཏང༌། །བདུན་པ་མིག་ཚག་ག་བུར་དོམ་མཁྲིས་སྐྱེར་ཁཎ་བྱུག །གླ་རྩི་སྐྱེར་པའི་བར་ཤུན་ཐང་དུ་བཏང༌། །བརྒྱད་པ་རྣ་བ་འོན་ན་ཚིགས་པ་བཅུ་བཞི་བསྲེག །རྗེས་ལ་འབྲས་བུ་གསུམ་དང་རྩ་བའི་སྨན་མར་ཕྱི་རྒྱུད་ལྟར་སྦྱར། །དགུ་པ་སྣ་ཁྲག་འོང་ན་མཁན་སྐྱ་དང་སྐྱེར་པའི་བར་ཤུན་ཁུ་བ་གདུས་ལ། །རྡོ་དྲེག་དམར་པོ་གུར་ཀུམ་དོམ་མཁྲིས་སྦྱར་ལ་བཏང༌། །ཡང་ན་གུར་ཀུམ་དོམ་མཁྲིས་མཚེ་ཡི་ཐལ། །རྡོ་དྲེག་སྙ་ལོ་སྲད་དཀར་ཀྱི་ལྕེ་བ། །ཀ་ར་སྦྱར་བཏང་མགོ་སྟོད་ཆུ་ཡིས་བསྒྲང༌། །བཅུ་པ་ཁ་ལྕེ་སྐམ་ལ་སྟར་བུ་ཉི་དགའ་དང༌། །ཆུ་རུག་པ་དང་ཀ་ར་སྦྲང་སྦྱར་མུར། །བཅུ་གཅིག་སྐོམ་དད་ཆེ་ན་ཉི་དགའ་ཀ་ར་སྦྱར། །འུ་སུ་བསྐོལ་ཁུར་ཀ་ར་སྦྲང་བཏབ་བྱིན། །ཡང་ན་སོ་ཕག་བསྡུས་པའི་ཁུ་བས་དབུལ། །བཅུ་གཉིས་པ་དང་ག་འགག་ལ་ཀ་ར་རྒུན་འབྲུམ་མམ། །སྐྱུ་རུ་ཀ་ར་སྦྲང་སྦྱར་མཁུར་བཀང་བཏང༌། །ཏིག་ཏ་སྐྱུ་རུ་རྒྱམ་ཚྭའི་གྲང་ཐང་བཏང༌། །དེ་རྗེས་སྣོད་ཀ་ཐོང་རྩ་མཁྲིས་རྩ་གཤའ་རིངས་གཏར། །ཕྱི་རྒྱུད་ལྟར་གྲང་ན་སེ་འབྲུ་བཞི་ཐང་ཅུ་གང་བདེ་བྱེད་སྦྱར། །སྙིང་ལ་གང་འདོད་ཟས་དང་སྦྱར་ལ་བཏང༌། །བཅུ་གསུམ་པ་སྐྱིགས་བུ་འབྱམས་ལ་ཚ་དང་གྲང་བ་གཉིས་ཀ་ལ་སྦྲིད་པ་བཏོན་ན་ཕན། །ཚ་བས་སྐྱིགས་ན་མགོ་ལུས་ཆུ་ལྕག་བྱ། །དེ་རྗེས་གཟེར་མི་འཕོ་ཚིགས་པ་དྲུག་བདུན་མཚོགས་ཁ་བསྲེག །ཙན་དན་དཀར་པོ་ནུ་ཞོ་སྣ་རུ་བླུག །ཡང་ན་ག་བུར་རྒྱལ་བློན་བཏང་རྗེས་ལ། །མཐེབ་ཆེན་སྲིན་ལག་སེན་མོ་སྤྲ་བས་བསྲེག །གྲང་བས་སྐྱིགས་ན་ཚྭ་སྣ་ཆང་སྦྱར་བཏང༌། །ཟན་དྲོན་ཞྭ་མོ་བྱས་ལ་མགོ་ལ་བསྐོན། །མཚོགས་སྲུབས་སྐེ་སྟོང་ཕོ་བའི་དཀྱིལ་དུ་བསྲེག །བཅུ་བཞི་བ་གཟེར་ལ་ཁྲག་གཟེར་གཉན་གཟེར་རླུང་གཟེར་གསུམ། །ཁྲག་གཟེར་རྩ་འབུར་འདྲིལ་དམར་དུགས་གཟེར་མི་འཕོ་མ་ནུ་རུ་རྟ་ཞིབ་བཏགས་ལ། །ཀ་ར་སྦྱར་བ་ཆུ་སྐོལ་འཕུལ་ལ་བཏང༌། །གཉན་གཟེར་གཟེར་འཕོ་ལྕེ་མཆུ་སྐྱ་ལུས་སེམས་པ་ཡང་གུ་གུལ་ནག་པོའི་དྲུངས་ཐང་བླུད། །རླུང་གཟེར་རྩ་སྟོང་ཆུ་དྭངས་གཟེར་འཕོ་སྤྲུ་རྩ་གླ་རྩི་ཆོས་སྨན་དང༌། །གུར་ཀུམ་སྦྱར་བ་སྲེ་ལོང་ཐང་གིས་དབུལ། །ཡང་ན་ཛཱ་ཏི་སུག་སྨེལ་པི་པི་ལིང༌། །པུ་ཤེལ་རྩེ་དང་སླེ་ཏྲེས་ཤིང་ཚ་དང༌། །ཀ་ར་སྦྱར་བ་སྲེ་ལོང་ཐང་གིས་དབུལ། །བཅོ་ལྔ་བ་གློ་མང་ཅུ་གང་ཤིང་མངར་ཕོ་རོག་ནོར་བུ་དང་ཀ་ར་སྦྱར། །རའམ་བ་འོ་དྲོད་མོས་ཁྱོར་རེ་འཕུལ་ལ་བཏང༌། །ཡང་ན་ཕོ་རོག་མིག་གི་པ་ཡག་པ་རྩ་བ་དང༌། །ཅུ་གང་ཀ་ར་སྦྱར་ལ་བ་འོས་འཕུལ། །ཡང་ན་ཅུ་གང་ཤིང་ཚ་པི་པི་ལིང༌། །ཀ་ར་སྦྲང་དང་མར་སྦྱར་ལྡེ་གུ་བཏང༌། །ཡང་ན་ཅུ་གང་ཨ་ཀྲོང་རུ་རྟ་དང༌། །པི་པི་ལིང་དང་ཀ་ར་སྦྱར་ལ་བཏང་། །འགོགས་དཀའ་སྟར་བུ་འོག་ཏུ་སྟར་བུ་པཉྫར་ཞེས་འབྱུང་་བ་ཐམས་ཅད་སྦྱོར་བ་འདི་ཉིད་ཡིོིོན་ནོ་རུ་རྟ་པི་པི་ལིང༌། །ཤིང་ཚ་སྐྱུ་རུ་ར་དང་སྦྲང་སྦྱར་བཏང༌། །བཅུ་དྲུག་པ་འཁྲུ་ལ་ཚ་འཁྲུ་གྲང་འཁྲུ་རྣམ་པ་གཉིས། །དུད་ཁུ་དམར་སེར་དྲི་ཆེ་ཆུ་གཏིང་འབྱིང༌། །ཚ་འཁྲུ་ཡིན་པས་ཕྱི་རྒྱུད་ཀྱི་མཁྲིས་ཕྱེ་དོམ་མཁྲིས་བརྒྱ་བྱིན་བོང་ང་ག་དུར་བ་ལེ་ཀ་ཙི་མར་བྲག་ཞུན་ཀ་ར་བདུན་པ་སྦྱར། །རྒྱུད་ཕྱི་མའི་ཨིཎྜ་བརྒྱ་བྱིན་བོང་ང་བ་ལེ་ཀ་བཞི་དང་ཐང་བིལ་བ་བཏབ་པས་གཅོད། །རྩམ་པ་ལྦུ་ཆུར་འཁྲུ་བ་གྲང་བ་སྟེ། །སེ་འབྲུ་བཞི་དང་འཁྲུ་གཅོད་རྒྱུད་ཕྱི་མའི་སེ་འབྲུ་དགུ་པ་དང་ད་ཏྲིག་དགུ་པ་དང་ད་ཏྲིག་བདུན་པ་དང་ཡབཀྵར་བདུན་སྟེ་བཞི་པོ་གང་རུང་སྦྱར་བཏང༌། །ལྟེ་འོག་མཚོན་གང་མཚོན་དོ་བཅལ་བར་བསྲེག །བཅུ་བདུན་པ་སྐྱུག་པའི་ནད་ལ་ཚ་དང་གྲང་བ་གཉིས། །ཁྲག་དང་མཁྲིས་པ་སྐྱུག་པ་ཚ་བ་སྟེ། །ཁྲག་ཏུ་སྐྱུག་ན་རྒྱ་སྐྱེགས་ཁུ་བ་ལ། །དོམ་མཁྲིས་གུར་ཀུམ་ཀ་ར་སྦྱར་ལ་བཏང༌། །མཁྲིས་པར་སྐྱུག་ན་རྟ་སྦངས་ཆང་སྦྱར་བཏང༌། །ཡང་ན་འབྲས་བཀྲུས་ཁུ་བར་པུ་ཤེལ་རྩེ་ག་བུར། །སྦྲང་རྩི་བཏབ་སྟེ་ལྡེ་གུར་བཏང་བས་གཅོད། །ཆུ་དང་རྩམ་པ་སྐྱུག་པ་གྲང་བ་སྟེ། །འབྲས་ཡོས་རྔོས་བཏགས་པའི་ཁྱོར་གང་སེ་འབྲུ་པི་པི་ལིང༌། །བཅའ་སྒ་སྦྲང་རྩི་སྦྱར་བཏང་ལྷེན་གསང་བསྲེག །རླུང་གི་སྟོང་སྐྱུགས་སྲེ་ལོང་ཐང་བཏང་ཚིགས་པ་དྲུག་པ་བསྲེག །བཅོ་བརྒྱད་པ་ཚ་བས་རྩ་གྲིམས་ཆུ་དམར་ཚ་ལ་འཕྱོ་ཆུ་འགགས་སོ་བྱའི་སྒྲོ་ཐལ་དང་། །བོང་ཐོར་ནག་པོའི་ལག་རྨིག་གཡས་ཀྱི་རྩི་བཞུར་ལ། །ཆུ་སྦུར་སྦུར་མགྱོགས་ཉི་དགའ་ལྕམ་ཀ་ར་སྦྱར་ལ་བཏང༌། །ཡང་ན་མཁལ་མ་ཞོ་ཤ་སྐྱེར་ཤུན་རྒྱ་ཚྭའི་ཐང༌། །དེས་མ་སེལ་ན་ལོང་རྩ་གཉིས་ལ་གཏར། །ཟེ་ཚྭ་སྡིག་སྲིན་གཟེ་མ་ཆང་སྦྱར་བཏང༌། །ཁྱད་པར་རིམས་ཚད་ཆུ་འགགས་སེལ་བར་བྱེད། །དྲི་ཆུ་ཁྲག་ཏུ་འཛག་ན་བྲག་ཞུན་དང༌། །གུར་ཀུམ་དོམ་མཁྲིས་སྦྱར་བཏང་བྱིན་གཞུག་ལོང་རྩ་གཏར། །བཅུ་དགུ་པ་དྲི་མ་འགགས་ན་ལ་ཕུག་ཐལ་བ་དང༌། །ཨུག་ཆོས་འབྲས་བུ་ཨ་རུ་མཆུ་སྙུང་དང༌། །འོ་མ་སྦྱར་ལ་ལྟོར་བཏང་ཕྱི་རྒྱུད་ལྟར་ནི་ནི་རུས་ཁུ་ཡིསབསུ། །ཀྱི་ལྕེའི་བསྡུས་ཐང་མར་དཀར་བཏབ་ལ་བྱིན། །ཡང་ན་སྣེ་རྒོད་སྣེ་སྔོན་བུལ་ཏོག་ཐང་དུ་བཏང༌། །ཉི་ཤུ་པ་རྔུལ་འབྱམས་ད་ལིས་ལུག་མིག་ཐང་བཏང་ལ། །རྗེས་ལ་སྒ་སྐྱ་ཆང་དང་སྦྱར་བ་འམ། །ཧོང་ལེན་ཙན་དན་དམར་པོ་བོང་ང་དཀར་པོ་མར་གསར་བྱུག །ཉེར་གཅིག་པ་ལུས་དྲོད་ཕྱིར་ཤོར་ཆུ་ལྕག་བྱས་རྗེས་ལ། །སྐྱུ་རུ་ཨུཏྤལ་མར་དཀར་སྦྱར་བ་དང༌། །སེ་རྒོད་སྐྱེར་ཤུན་སོ་མ་ར་ཛ་བྱུག། ཉེར་གཉིས་པ་ཚ་རྗེས་རྐང་ལག་ཞ་རེངས་ན་བ་དང༌། །ཁ་མིག་ཡོ་ན་ཕྱི་རྒྱུད་ལྟར་རྩ་སྦྱོངས་དང་རང་བྱུང་བའི་ཆུ་ལུམས་བྱ། །ཉེར་གསུམ་པ་འབྲས་དང་ཕོལ་མིག་ལ་འབྲས་བུ་གསུམ་ཐང་གིས་ངན་ཁྲག་ཕྱེ་ལ་གང་ཉེ་བའི་རྩ་ནང་རྒྱས་པར་གཏར། །དེ་ལྟར་བླ་གཉན་ཐོར་བུའི་ནད་སྣ་ཚོགས་གོང་དུ་སོགས་ཁོངས་དང་འདིར་སྣ་ཚོགས་ཞེས་མང་ཚིག་གསུངས་པསབླ་གཉན་དངོས་བསྟན་ཉེར་གསུམ་ལས་གཞན་པ་ཡང་ཡང་དུ་འབྱུང་སྲིད་པས་རང་རང་སོ་སོའི་གཉེན་པོ་གང་དང་གང་འོས་རིག་པའི་མདས་བསྣུན་ལ་བཅོས་དགོངས་སོ། །ཚ་བ་ཀུན་ལ་ཕལ་ཆེར་འབྱུང་འགྱུར་ཏེ། །ཁྱད་པར་བལ་ནད་རིམས་ལ་མང་བ་ཡིན། །དེ་ཕྱིར་ཁ་ཐོར་གཉེན་པོས་ནད་སྣ་བསལ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཚ་བ་སྤྱི་བཅོས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།

 

མཐའ་མའི་འདོན་ཐེངས་།: 19.02.2021 ཉིན། 3:53 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།