སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་བཅུ་གཉིས་པ། ནད་ཀྱི་དབྱེ་བ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་བཅུ་གཉིས་པ། ནད་ཀྱི་དབྱེ་བ་བསྟན་པ།

ལྔ་པ་ནད་ཀྱི་དབྱེ་བ་བཤད་པ་ལ་གསུམ་སྟེ། ཉོན་ཅིག་པར་གདམས་པ་དང༌། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། ནད་ཀྱི་མཚན་ཉིད་བཤད་ཟིན་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་པ་བོས་ནས་དྲང་སྲོང་ཆེན་པོ་འཁོར་དང་བཅས་རྣམས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་པར་བྱའོ། །ཞེས་གདམས་སོ། །གཉིས་པ་གཞུང་དོན་ལ་གསུམ་སྟེ། ནད་ཀྱི་དབྱེ་བ་མདོར་བསྟན་པ་དང༌། དེ་རྒྱས་པར་བཤད་པ། སོ་སོའི་དོན་བསྟན་པའོ། །དང་པོ་ནི། ནད་ཀྱི་ཞེས་པ་ནས་དབྱེ་བ་གསུམ་ཞེས་པའི་བར་གྱིས་བསྟན་ཏེ། ནད་ཀྱི་དབྱེ་བ་འཆད་པའི་སྐབས་འདིར་ཡང་དག་པར་ན་རྒྱུའི་སྒོ་ནས་དབྱེ་བ་དང༌། རྟེན་གྱི་སྒོ་ནས་དབྱེ་བ་དང༌། རྣམ་པའི་སྒོ་ནས་དབྱེ་བ་སྟེ། རྣམ་པ་གསུམ་དུ་ཡོད་ཅེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། རྒྱུ། རྟེན། རྣམ་པའི་སྒོ་ནས་དབྱེ་བའོ། །དང་པོ་ལ་གཉིས་ཏེ་སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ནད་ནི་འདི་ལྟར་རྣམ་གསུམ་སྟེ། །ལ་ལ་ཚེ་འདིའི་ཉེས་ལས་བྱུང༌། །ལ་ལ་སྔོན་གྱི་ཉེས་ལས་བྱུང༌། །གཞན་དག་དེ་ཉིད་འདྲེས་ལས་བྱུང༌། །ཞེས་བྱ་བ་ལ། ནད་ལ་ལ་ནི་ཚེ་འདིའི་ཉེས་པ་མཐོང་བའི་ཆོས་ཀྱི་ཉེས་པ་སྟེ་ནད་ཀྱི་རྒྱུ་ལ་ཉེས་པ་ཞེས་བྱའོ། །དེ་བཞིན་དུ་ལ་ལ་ནི་སྔོན་གྱི་ཉེས་པ་ལས་འབྱུང་སྟེ། བདག་ཉིད་ཀྱི་སྔོན་ལས་མི་དགེ་བ་ཞེས་བྱ་བའི་ཉེས་པ་སྤྱད་པའི་རྣམ་པར་སྨིན་པ་ལས་འབྱུང་བ་ཡིན་ནོ། །གཞན་ལ་ལ་དག་ནི་དེ་གཉིས་འདྲེས་ཤིང་འདུས་པ་ལས་འབྱུང་སྟེ། དེ་ལྟར་ན་མཐོང་བའི་ཆོས་ཀྱི་ཚེ་འདིའི་ཉེས་པ་དང༌། སྔོན་གྱི་ཉེས་པ་དང༌། དེ་གཉིས་འདུས་ཏེ་གསུམ་ཡོད་པས་ན་དེ་ལྟར་ནད་རྣམ་པ་གསུམ་ཡིན་པར་ཤེས་པར་བྱའོ། །ཡང་འདི་རྣམས་ཀྱི་མཚན་ཉིད་གོ་རིམ་ཇི་ལྟ་བའི་དབང་དུ་བྱས་ནས་སྨྲས་པ་ནི། ཉེས་བྱུང་ནད་གཞི་ཇི་བཞིན་པ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཚེ་འདིའི་ཉེས་པ་ལས་བྱུང་བ་དེ་ཉིད་ནི་རླུང་དང་མཁྲིས་པ་དང་བད་ཀན་ལས་བྱུང་བ་ཡིན་ལ། དེ་ནི་ནད་གཞི་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་ཞིང༌། ནད་གཞི་མ་འཆོས་པས་ནད་གཞི་གང་དང་གང་ཡིན་པ་བཤད་པའི་ནད་གཞི་དེ་དང་དེ་ཉིད་ཡིན་གྱི། ནད་འདི་ནད་གཞི་གཞན་ལས་མི་འབྱངུ་གི་རང་གི་ཉེས་པ་ཁོ་ན་ལས་འབྱུང་བ་དེའི་ཚེ་འདིའི་ཉེས་པ་ལས་བྱུང་བ་ཡིན་པར་ཤེས་པར་བྱའོ། །ལས་སྐྱེས་རྒྱུ་ནི་མེད་པ་ཡིན། །ཞེས་བྱ་བ་ནི། ནད་གང་གི་རྒྱུ་ཞེས་པ་ནད་གཞི་མེད་པར་ཉེས་པ་གང་ཡང་རུང་བ་ཞིག་ལས་འབྱུང་བ་འདི་ནི་ལས་ལས་བྱུང་བའི་ནད་ཡིན་ནོ། །ཞེས་ངེས་པར་ཤེས་པར་བྱ་སྟེ། ནད་གཞི་ཇི་ལྟ་བའི་ཉེས་པ་ལས་བྱུང་བ་མ་ཡིན་པའི་ཕྱིར་རོ། །རྒྱུ་ཆུང་བ་ལ་དཀྱེལ་ཆེའི་ནད། །ཉེས་དང་ལས་ལས་བྱུང་བ་ཡིན། །ཞེས་བྱ་བ་ལ། ནད་གང་རྒྱུ་ཆུང་ངུ་ཞིག་ལས་དཀྱེལ་ཤིན་ཏུ་ཆེ་བར་སྣང་བ་དེ་ནི་ནད་གཞི་ཇི་ལྟ་བའི་ཉེས་པ་ལས་བྱུང་བ་མ་ཡིན་དུ་ཟིན་ཀྱང༌། ནད་དེ་ངེས་པར་ནད་གཞིའི་ཉེས་པ་དང༌། ལས་ཀྱི་ཉེས་པ་གཉིས་ཀ་ལས་བྱུང་བ་ཡིན་པར་ངེས་པར་བྱའོ། །ཞེས་དང༌། དེ་ལ་རང་བཞིན་གྱི་གནས་པ་ནི། རླངུ་ལ་སོགས་པའི་ཉེས་པ་ལས་བྱུང་བའོ། །གློ་བུར་བ་ནི་ཕྱི་རོལ་ནས་འོངས་པའོ། །འདི་གཉིས་ཀྱི་ཁྱད་པར་ནི་འདི་ཡིན་ཏེ། རང་བཞིན་གྱི་གནས་པའི་ནད་རླུང་ལ་སོགས་པ་རྣམས་ནི་དང་པོ་མ་སྙོམས་པར་གྱུར་ནས་ཕྱིས་ཟུག་གཟེར་བསྐྱེད་པ་ཡིན་ལ། ཡང་གློ་བུར་བ་ནི་དང་པོ་ཉིད་ཟུག་གཟེར་སྐྱེས་ནས་ཕྱིས་རླུང་ལ་སོགས་པ་འཁྲུགས་པར་འགྱུར་རོ། །རང་བཞིན་དུ་གནས་པ་དང་གློ་བུར་གྱི་ཁྱད་པར་བའི་ནད་འདི་གཉིས་ཀྱི་སེམས་ཀུན་ཏུ་གདུངས་པ་ཡིན་པར་ཤེས་པར་བྱའོ། །གང་གི་ཕྱིར་འདི་ལྟར་སེམས་དང་ལུས་ནི་ནད་ཉིད་དུ་གནས་པ་ཡིན་ཏེ། ལུས་གཅིག་པོའམ་སེམས་གཅིག་པོ་མ་ཡིན་ནོ། །ཞེས་བཤད་ཅིང༌། འདིའི་རྒྱུ་ཆུང་ལ་དཀྱེལ་ཆེ་བ་ཞེས་པ་ནད་ཀྱི་རྒྱུ་ཆུང་ངུ་ཙམ་ལའང་ཟུག་རྔུ་སྟོབས་ཆེན་པོ་འབྱུང་བ་ཞེས་བྱ་བའི་དོན་ཏོ།།

གཉིས་པ་ཚིག་གི་དོན་ནི། དང་པོ་ཞེས་པ་ནས་རྣམ་པ་གསུམ་ཞེས་པའི་བར་གྱིས་བསྟན་ཏེ། ནད་ལ་དབྱེ་བའི་གཞི་རྣམ་པ་གསུམ་གྱི་ནང་ནས་དང་པོ་རྒྱུའི་སྒོ་ནས་དབྱེ་བའི་ཚུལ་ནི། ཚེ་འདིའི་ཉེས་པ་རླུང་མཁྲིས་བད་ཀན་ཁོ་ན་ལས་བྱུང་བའི་ནད་དང༌། སྔོན་གྱི་ལས་ངན་པ་སད་པ་ལས་བྱུང་བའི་ནད་དང༌། དེ་གཉིས་ཕན་ཚུན་འདྲེས་པ་ལས་བྱུང་བའི་ནད་དང་རྣམ་པ་གསུམ་དུ་ཡོད་པ་ལས། དང་པོ་ཚེ་འདིའི་ཉེས་པ་ལས་བྱུང་བའི་ནད་ནི་གོང་དུ་རྒྱས་པར་བཤད་པའི་ནད་ཀྱི་རྒྱུ་རླུང་མཁྲིས་བད་ཀན་དང་རྐྱེན་དུས་གདོན་ཟས་སྤྱོད་འཛོམས་པ་ལས་ངེས་པར་འབྱུང་བ་སྟེ། ཡོངས་གྲུབ་ཚེ་འདིའི་ནད་དང་ལྟར་སྣང་འཕྲལ་གྱི་ནད་དང་ཀུན་བརྟགས་གདོན་གྱི་ནད་ཕལ་ཆེ་བ་རྣམས་སོ། །གཉིས་པ་སྔོན་གྱི་ལས་ངན་པ་སད་པ་ལས་བྱུང་བ་ནི་ཚེ་སྔ་མ་གཞན་ལ་བརྡེག་འཚོག་དང་སྲོག་གཅོད་པ་ལ་སོགས་ཏེ་མི་དགེ་བ་བཅུ་སྤྱད་པའི་ལས་ངན་པའི་འབྲས་བུ་རྣམས་སད་ཅིང་རྣམ་པར་སྨིན་པ་ལས་སྐྱེས་པས་ན་གོང་དུ་བཤད་པའི་རྒྱུ་རྐྱེན་འཛོམས་པ་མེད་པ་ལ་ཡང་ནད་ཀྱི་དཀྱེལ་ཆེ་བ་སྟེ་ཟུག་རྔུ་སྟོབས་དང་ལྡན་པས་ངེས་པར་སྲོག་འཕྲོག་པར་འགྱུར་བ་སྟེ། གཞན་དབང་སྔོན་གྱི་ལས་ཞེས་བྱ་བ་དག་ཡིན་ནོ། །འདིའི་སྔ་མ་ལ་ནི་སྨན་དཔྱད་ཟས་སྤྱོད་དང་ཟང་ཟིང་གི་རིམ་གྲོས་བཅོས་པར་བྱ་ལ། ཕྱི་མ་ལ་ནི་སྦྱིན་པ་རྣམ་པ་བཞི་ལ་སོགས་པ་དགེ་བ་བཅུའི་དཀར་ཆོས་འབའ་ཞིག་གིས་བཅོས་པར་བྱའོ། །གསུམ་པ་ཉེས་པ་དང་ལས་འདྲེས་པ་ནི། རྒྱུ་རྐྱེན་ཅུང་ཟད་ཙམ་ལས་མེད་དུ་ཟིན་ཀྱང༌། ནད་སྟོབས་དཀྱེལ་ཆེན་པོར་གྱུར་པ་གང་ཡིན་པ་དེ་རྣམས་ནི་ཚེ་འདིའི་ཉེས་པ་རླུང་མཁྲིས་བད་ཀན་སྔ་མའི་ལས་ངན་པའི་རྣམ་སྨིན་གཉིས་ཀ་འདྲེས་པ་ལས་བྱུང་བ་ཡིན་ཏེ། མཚན་གཞི་དང་བཅོས་ཐབས་ཀྱང་འདྲེས་པ་ལས་ཤེས་པར་བྱ་དགོས་པ་ཡིན་ནོ། དེ་ལྟར་བཤད་པ་རྣམ་པ་གསུམ་གྱི་ནང་ནས་ཀྱང་དང་པོ་ཚེ་འདིའི་ཉེས་པ་ལས་བྱུང་བའི་ནད་ལའང་རྣམ་པ་གཉིས་ཏེ། ལུས་ལ་རང་བཞིན་གྱིས་གནས་པ་ཁོང་གི་ཉེས་པ་ཞེས་བྱ་བ་དང༌།  ཕྱིའི་རྐྱེན་འགའ་ཞིག་ལས་བྱུང་བ་གློ་བུར་བའི་ཉེས་པ་གཉིས་སོ། །དེ་ཡང་གང་ཞེ་ན། དང་པོ་ནི། རླུང་དང་མཁྲིས་པ་བད་ཀན་གསུམ་ཡིན་ཏེ། དེ་གསུམ་ནི་ཐོག་མརའཁྲུགས་ནས་ནད་ཀྱི་ཟུག་རྔུ་སྐྱེད་པར་བྱེད་ལ། གཉིས་པ་ནི་སྦྱར་བ་ལ་སོགས་པའི་དུག་དང༌། མདའ་རྡོ་ལ་སོགས་པའི་མཚོན་དང༌། འབྱུང་པོ་ལ་སོགས་པའི་གདོན་དང་རྣམ་པ་གསུམ་སྟེ། དེ་ནི་ཐོག་མར་ཟུག་རྔུ་སྐྱེས་ནས་སླར་འབྱུང་བ་འཀྲུག་པར་བྱེད་པ་ཡིན་ནོ། །ཞེས་པའོ།།

གཉིས་པ་རྟེན་གྱི་སྒོ་ནས་དབྱེ་བ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། དང་པོ་ལ་གཉིས། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། ལག་ལེན་རིན་ཅེན་གཏེར་སྤུངས་ལས། སྐྱེས་པའི་ནད་གསུམ་བུད་མེད་ནད་གཉིས་དང༌། །བྱིས་པའི་ནད་ལྔ་རྒན་པོའི་ནད་རིགས་གཉིས། །ཀུན་ཁྱབ་ཐུན་མོང་ནད་རིགས་བརྒྱད་ཅུ་དགུ། །ཞེས་བཤད་ཅིང༌། དེའི་དོན་ནི་རིམ་པ་བཞིན་དུ། ཕོ་མཚན། ཁུ་བ། རླིག་པའི་ནད་གསུམ། ཚབས་དང་མངལ་སྐྲན་གཉིས། བྲང༌། མཆིན་པ། ལྟེ་བ། ཞོ་རས། རྩ་ནད་ལྔ། ཚེ་ཉམས་པ་དང་ལུས་སྟོབས་ཉམས་པ་གཉིས་ཏེ་བཅུ་གཉིས། ཀུན་ཁྱབ་ཐུན་མོང་བ་ལ། མ་སྨིན། རྒྱས། སྟོངས། གབ། རྙིངས། རྙོགས། འགྲམས། འཁྲུགས། རིམས། འབྲུམ་པ། རྒྱུ་གཟེར། གག་པ། ལྷོག་པ། ཆམ་པ་སྟེ་ཚ་བ་བཅུ་བཞི། མ་ཞུ། མེ་ཉམས། མགུལ་འགགས། འཇུ་སྐེམ། སྐྱ་རྦབ། འོར། དམུ་ཆུ། ལྷེན། ལྕགས་དྲེག གྲུམ་བུ་དཀར་པོ། གཅོང་ཆེན་ཏེ་གྲང་བ་བཅུ་གཉིས། འདུས་པ་སྨུག་པོ་སྟེ་གནོད་བྱེད་ལས་བྱུང་བ་ཉེར་བདུན། མགོ། མིག རྣ་བ། སྣ། ཁ། གྲེ་བ་སྟེ་དྲུག ལྦ་བ། རྨེན་བུ། མེ་དབལ། གླང་ཤུ། མཛེར་པ། རྒྱ་ཤུ། ཟ་འཕྲུག་སྟེ་བདུན། རྩ་དཀར། རྩ་ནག དྲེག་རྐང་བམ། ཆུ་བ། ཞ། རེངས་ཏེ་བདུན། སྙིང༌། གློ། མཆིན། མཆེར། མཁལ་མ། ཕོ་བ། མཁྲིས་པ། རྒྱུ་མ། ལོང༌། བསམ་སེའུ། ལྒང་པ་སྟེ་བཅུ་གཅིག་དང་བཅས་པས་དོན་སྣོད་ལས་བྱུང་བ་སུམ་ཅུ། སྐད་འགགས། ཡིད་འཆུས། སྐྱིགས་བུ། དབུགས་མི་བདེ་བ། འཁྲུ་བ། སྐྱུག་པ། ཆང་ནད། གཉན། འབྲས། སུར་ཡ། ཉྭལོག །གྲུམ་བུ། གླང་ཐབས་ཏེ་ཐོར་བུ་བཅུ་གསུམ། འབྱུང་པོ། སྨྱོ་བྱེད། བརྗེད་བྱེད། གཟའ། ཀླུ་གདོན་ལྔ། ཁྱི། སྦྲུལ། སྲིན་བུ། སྡིག་པ། བྱི་ལའི་མཆེ་བ་ལྔ།  རེག་དུག བཙན་དུག  ཤ་དུག སྦྱར་དུག མི་འཕྲོད་པའི་དུག་ལྔ། མགོ སྐེ། བྱང་ཁོག ཡན་ལག་གི་རྨ་ལྔ་སྟེ་ཕྱིའི་རྐྱེན་ལས་བྱུང་བ་བཅུ་དགུ་རྣམས་བསྡོམས་པས་བརྒྱ་དང་རྩ་གཅིག་ཏུ་དབྱེ་བ་བྱས་པ་ཡང་སྣང་མོད། སྐབས་འདིར་དབྱེ་བའི་རྣམ་གྲངས་ཙམ་དུ་འཐད་ཀྱང་གཞུང་དོན་དང་གཅིག་ཏུ་འཆད་མི་ནུས་ལ།  ཁྱད་པར་ཕྱི་མ་རྒྱུད་ཀྱི་བཅོས་དགོས་བརྒྱ་རྩ་གཅིག་དང༌། བཞི་བརྒྱ་རྩ་བཞི་དང༌། སྟོང་རྩ་གཉིས་ཀྱི་དབྱེ་གཞིར་འདོད་པ་དག་ནི་རྣམ་པར་འཁྱམས་པ་ཡིན་ནོ། །གཉིས་པ་ཚིག་གི་དོན་ནི། རྟེན་གྱི་ཞེས་པ་ནས་རྣམ་པ་ལྔ་ཞེས་པའི་བར་གྱིས་བསྟན་ཏེ། ནད་ལ་རྟེན་གྱི་སྒོ་ནས་དབྱེ་བ་བྱེད་ན། སྐྱེས་པ་ཁོ་ན་ལ་འབྱུང་བ་དང༌། བུད་མེད་ཁོ་ན་ལ་འབྱུང་བ་དང༌། བྱིས་པ་ཁོ་ན་ལ་འབྱུང་བ་དང༌། རྒས་པ་ཁོ་ན་ལ་འབྱུང་བ་སྟེ། ཐུན་མོང་མ་ཡིན་པའི་ནད་རིགས་བཞི་དང༌། དེ་བཞི་ག་ལ་ཀུན་ཏུ་ཁྱབ་པ་ཐུན་མོང་གི་ནད་ཅེས་བྱ་བ་དང་རྣམ་པ་ལྔ་ཡོད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཐུན་མོང་མ་ཡིན་པའི་སྒོ་ནས་དབྱེ་བ་དང༌། ཐུནམོང་བའི་སྒོ་ནས་དབྱེ་བའོ། །དང་པོ་ལ་གཉིས། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། སྔ་ཕྱིའི་འགྲེལ་བྱེད་པ་ཀུན་གྱི་གཞུང་མ་དག་པ་སོགས་བློས་དཔྱོད་པར་མ་ནུས་ནས་བཤད་པ་བྱེད་པའི་སྐབས་སུ་ཅི་བྱ་ཚང་རྟོལ་དང་བྲལ་བར་གྱུར་པ་ཡིན་ལ། གཞུང་མ་རྟོགས་པའི་ཚུལ་ཡང༌། ཚབས་བཅུ་ཞེས་པའི་སྐབས་སུ་རྩ་ནད་བཅུ་དྲུག་པོ་གོ་ནུས་པ་ཡིན་ཏེ། ཁྲག་ཚབས་བཅུ་དང་རླུང་ཚབས་དྲུག་ཅེས་པའི་སྒྲ་བསྡུས་པ་ཡིན་པའི་ཕྱིར། སླར་ཡང་རྩ་ནད་བཅུ་དྲུག་ཅེས་པ་ལ་སུམ་ཅུ་རྩ་དྲུག་གོ་ཞེས་པ་མ་དག་སྟེ། ཕལ་བའི་ནད་བརྒྱད་སུམ་ཅུ་རྩ་ལྔའོ། །ཞེས་དག་པ་རྣམས་སུ་འབྱུང་བའི་ཕྱིར། དེའི་དོན་ཡང་མན་ངག་རྒྱུད་ལས། མངལ་ནད་ལྔ་དང་རྩ་ནད་བཅུ་དྲུག་དང༌། །སྐྲན་ནད་དགུ་དང་སྲིན་བུའི་ནད་རིགས་གཉིས། །མོ་ནད་གཙོ་བོ་སུམ་ཅུ་རྩ་གཉིས་དང༌། །ཕལ་པའི་ནད་བརྒྱད་བཞི་བཅུ་ཐམ་པར་འགྱུར། །ཞེས་པའི་སྟེང་ནས་རླུང་མཁྲིས་ཁྲག་དང་བད་ཀན་འདུས་པའི་ནད་ལྔ་ལོགས་སུ་ཕྱེ་བའི་ལྷག་སོ་ལྔ་པོ་དེ་ཡིན་པའི་ཕྱིར། གཞན་ཡང༌། དབྱེ་བ་མངལ་གནས་རླུང་མཁྲིས་བད་ཀན་ཁྲག །འདུས་པ་རྣམ་ལྔ་གསང་བའི་སྐབས་སུ་བཤད། །ཁྲག་ཚབས་གློ་སྙིང་མཆིན་མཆེར་མཁྲིས་པ་མཁལ། །རྒྱུ་མ་འོ་མ་ནུ་མ་གོར་པ་བཅུ། །རླུང་ཚབས་མགོ་དང་རུས་པ་སྙིང་མཁལ་མ། །ཕོ་བ་རྒྱུ་མའི་ཚབས་དང་དྲུག་དུ་བཤད། །ཟླ་མཚན་ཆུ་སེར་རླུང་གིས་བྱེར་བ་ལས། །རྩ་ནད་ཅེས་བྱ་ཚབས་ནད་བཅུ་དྲུག་འགྱུར། །ཚབས་སྐྲན་ཆུ་བུར་ཅན་དང་ཧྲེམ་པོ་དང༌། །བེམ་པོ་རྨེན་སྐྲན་ཕོ་སྐྲན་ནག་པོ་དང༌། །རྩ་སྐྲན་ས་བོན་སྐྲན་དང་ཟ་ཁུ་དགུ། །ཟླ་མཚན་ཆུ་སེར་རླུང་གིས་བསྒྲིལ་བ་ལ། །ཚབས་སྐྲན་ཞེས་བྱ་དབྱེ་བ་དགུ་རུ་འགྱུར། །མ་ར་ཙེ་དང་ཨ་སོ་རྣམ་པ་གཉིས། །མངལ་གྱི་སྲིན་བུ་ལངས་ཁྲོས་ནད་གཉིས་བསྐྱེད། །ཅེས་དང༌།

མོ་ནད་ཕལ་པ་མཚན་མའི་ནད་དང་ནི། །བུ་མ་ཕྱིན་དང་མགོ་མཇུག་ལོག་པ་དང༌། །རོགས་མ་ཕྱིན་དང་སྣོད་ལུག་ཁྲག་མ་ཆོད། །ནད་མཇུག་ལས་དང་དུག་ཐབས་གྱུར་པ་བརྒྱད། །ཅེས་གསུངས་པའི་དོན་ཡིན་ནོ། །དེ་བཞིན་སྐྱེས་པ་དང༌། བྱིས་པ་དང༌། རྒས་པའི་ནད་རིགས་རྣམས་ཀྱང་མན་ངག་རྒྱུད་དང་མཐུན་པ་ཡིན་ཞིང༌། མན་ངག་རྒྱུད་དུ་རླིག་རླུག་གི་ནད་དྲུག་ལས་མ་བཤད་ཀྱང༌། ཁྲག་ལས་གྱུར་པའི་ཤུགས་ལས་བསྟན་པར་ཤེས་དགོས་སོ། །གཉིས་པ་ཚིག་གི་དོན་ནི། སྐྱེས་པའི་ཞེས་པ་ནས་འགྲིབ་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། རྟེན་གྱི་སྒོ་ནས་དབྱེ་བའི་ནང་ཚན་སོ་སོ་བ་གང་ཞེ་ན། སྐྱེས་པའི་ནད་ལ་ཁུ་བ་ཟད་པ་དང༌། ཧ་ཅང་མང་བས་རླུག་པ་གཉིས། རླིག་རླུག་གི་ནད་དང༌། །རླུང་མཁྲིས་བད་ཀན་ཁྲག་ཚིལ་གཅིན་དང་རྒྱུ་མ་ལས་བྱུང་བ་དང༌། ཕོ་མཚན་གྱི་ནད་འབྲུམ་པ་ཅན་དང་མདུད་པ་འདྲ་བ་དང༌། སྦུབས་འབྱར་དང༌། གྲ་མ་ཅན་དང༌། རླུང་མཁྲིས་ཁྲག་དང་བད་ཀན་འདུས་པ་ལས་གྱུར་པ་སྟེ། འདི་གཉིས་ལ་རིམ་པ་བཞིན་དུ་སྔ་མ་བདུན་དང་ཕྱི་མ་དགུ་ཁུ་བའི་ནད་དང་བཅས་པས་རྣམ་པ་བཅོ་བརྒྱད་དོ། །བུད་མེད་ཀྱི་ནད་ལ་གློ་སྙིང་མཆིན་མཆེར་མཁྲིས་མཁལ་རྒྱུ་མ་འོ་མ་ནུ་མ་གོར་བ་སྟེ་ཁྲག་ཚབས་བཅུ་དང༌། མགོ་རུས་སྙིང་མཁལ་ཕོ་བ་རྒྱུ་མ་སྟེ་རླུང་ཚབས་དྲུག་རྣམས་བསྡོམས་པས་རྩ་ནད་བཅུ་དྲུག་ ཆུ་བུར་ཅན། ཧྲེམ་པོ། བེམ་པོ། རྨེན་སྐྲན། ཕོ་སྐྲན། སྐྲན་རོ་ནག་པོ། རྩ་སྐྲན། ས་བོན་གྱི་སྐྲན། ཟ་ཁུ་སྟེ་མངལ་སྐྲན་དགུ།  མངལ་གྱི་སྲིན་བུ་མ་ར་ཙེ་དང་ཨ་སོ་ལངས་ཁྲོས་རྣམ་པ་གཉིས། མཚན་མའི་ནད་དང༌། བུ་མ་ཕྱིན་པ། མགོ་མཇུག་ལོག་པ། རོགས་མ་ཕྱིན་པ། བུ་སྣོད་ལུག་པ། ཁྲག་མ་ཆོད་པ། ནད་མཇུག་ལུས་པ། དུག་ཐབས་གྱུར་པ་སྟེ་ཕལ་པའི་མོ་ནད་བརྒྱད་དང་བཅས་པས་སུམ་ཅུ་རྩ་ལྔའོ། །བྱིས་པའི་ནད་ལ་ཕྲ་རགས་ཞིབ་ཚེགས་བརྒྱད། །ཅེས་པའི་བརྒྱད་ནི། མཐའི་གསལ་བྱེད་དེ། བྱིས་པའི་ནད་ལ་མགོ་སྐྲངས་པ། གྲེ་བ་འགགས་པ་མཆེར་མཁྲིས་ཕོ་ལོངས་ཟོས་ཞོ་རས་ཀྱི་ནད་དེ་ཕྲ་བ་བརྒྱད། བྲང་གློ་བ་མཆིན། པ། འཁྲུ་སྐྱུག་རིམས་དང་ལྟེ་བའི་རྡེའུའི་ནད་དེ་རགས་པ་བརྒྱད། མིག རྣ་བ། སྣ། ཁ། རྨེན་བུ། སྲོག་རྩ་སྲིན་ཕོལ་ཤ་ནད་དེ་ཞིབ་ཚེགས་བརྒྱད་དང་བཅས་པས་ཉི་ཤུ་རྩ་བཞིའོ། །རྒས་པ་ལས་བྱུང་བའི་ནད་ནི་འབྱུང་བ་ལྔ་ལས་གྲུབ་པའི་ལུས་ཀྱི་སྟོབས་རྣམས་འགྲིབ་པ་སྟེ་གཅིག་པུ་ཉིད་ཡིན་ནོ་ཞེས་པའོ། །གཉིས་པ་རྟེན་དེ་རྣམས་ཐུན་མོང་བའི་སྒོ་ནས་དབྱེ་བ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པ་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས། གཙུག་ཏོར་གྱི་རྩ་འདབ་བཞི་དང་སྤྱི་བོའི་བཅུ་དྲུག་སྟེ་ཉི་ཤུས་བད་ཀན་གྱི་ནད་བརྒྱ་དང་རྩ་གཉིས་མགྲིན་པའི་སུམ་ཅུ་རྩ་གཉིས་དང་སྙིང་གའི་བརྒྱད་དེ་བཞི་བཅུས་མཁྲིས་པའི་ནད་བརྒྱ་དང་རྩ་གཅིག་ལྟེ་བའི་རྩ་འདབ་དྲུག་ཅུ་རེ་བཞིས་རླུང་ནད་བརྒྱ་དང་རྩ་གཅིག གསང་གནས་ཀྱི་རྩ་འདབ་བཅུ་དྲུག་གིས་འདུས་པའི་ནད་བརྒྱ་དང་རྩ་གཅིག་སྟེ་བཞི་བརྒྱ་རྩ་བཞི་བསྐྱེད་པར་གསུངས་ཤིང༌། འཕགས་པ་གསེར་འོད་དམ་པ་ལ་སོགས་པའི་མདོ་སྡེ་རྣམས་དང༌། སྨན་དཔྱད་ཀྱི་བསྟན་བཅོས་གཞན་རྣམས་ལས་ཀྱང་རླུང་མཁྲིས་བད་ཀན་འདུས་པ་རྣམས་ལས་བརྒྱ་རྩ་རེ་རེ་བཞི་བརྒྱ་རྩ་བཞིར་གསུངས་པ་ཙམ་མ་གཏོགས་རྐང་གྲངས་རེ་རེ་ནས་གསལ་པོར་བགྲངས་པ་མ་མཐོང་ལ། གཞུང་ལུགས་ཆེན་པོ་འདི་དང་བརྒྱད་པ་རྩ་འགྲེལ་སོགས་ལས་ཀྱང་དེ་ལྟ་བུའི་བསྟན་ཚུལ་མ་བཤད་པས་བརྗོད་འདོད་ཙམ་དུ་ཟད་དོ། །

གཉིས་པ་ཚིག་གི་དོན་ནི། ཀུན་ཁྱབ་ཅེས་པ་ནས་དབྱེའོ་ཞེས་པའི་བར་གྱིས་བསྟན་ཏེ། སྐྱེས་པ་དང་བུད་མེད་དང་བྱིས་པ་དང་རྒས་པ་སྟེ་རྟེན་བཞི་པོ་ཀུན་ལ་ཁྱབ་པ་ཐུན་མོང་བའི་ནད་རིགས་ལའང་རྣམ་པ་བཞི་སྟེ། ཉེས་པའི་སྒོ་ནས་དབྱེ་བ་བརྒྱ་རྩ་གཅིག་དང༌། གཙོ་བོའི་སྒོ་ནས་དབྱེ་བ་བརྒྱ་རྩ་གཅིག་དང༌། གནས་ཀྱི་སྒོ་ནས་དབྱེ་བ་བརྒྱ་རྩ་གཅིག་དང༌། རིགས་ཀྱི་སྒོ་ནས་དབྱེ་བ་བརྒྱ་རྩ་གཅིག་ཏུ་ཡོད་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ་སྟེ། ཉེས་པའི་སྒོ་ནས་དབྱེ་བ། གཙོ་བོའི་སྒོ་ནས་དབྱེ་བ། གནས་ཀྱི་སྒོ་ནས་དབྱེ་བ། རིགས་ཀྱི་སྒོ་ནས་དབྱེ་བ། མཇུག་བསྡུ་བའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། ཉེས་པས་ཞེས་པ་རྐང་པ་གཅིག་སྟེ། ཁོང་དུ་རང་བཞིན་གྱིས་གནས་པ་ཉེས་པའི་སྒོ་ནས་དབྱེ་བ་ལརླུང་དང་མཁྲིས་པ་དང་བད་ཀན་གསུམ་དུ་ཡོད་ལ། གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། རླུང་མཁྲིས་པ་བད་ཀན་གྱི་དབྱེ་བའོ། །དང་པོ་ལ་གཉིས། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། སྔ་རབས་པའི་འགྲེལ་པ་ཕལ་ཆེར་དུ་འབྲུ་རེ་རེ་ནས་མ་བསྣན་ལ། ཕྱིས་ཀྱི་སྨན་པ་འགའ་ཞིག་གིས། རླུང་ནད་ཀྱི་རིགས་ཀྱི་དབྱེ་བ་ལ་ཨ་ཝརྟ་དང་ད་རྒན་དང་ཕྱིར་དགྱེ་དང་ནང་གུག་དང་ཞེས་ཟེར་བ་ནི་མ་བརྟགས་པ་སྟེ། མན་ངག་རྒྱུད་དུ། རླུང་ནད་ཨ་ཝརྟ་དང་ད་རྒན་གཉིས། །ཞེས་བཤད་པའི་ད་རྒན་གཉིས་ནི་བརྟག་པའི་སྐབས་སུ། ད་རྒན་ཕྱིར་དགྱེ་བྲང་འབུར་གཉའ་བ་བརྟུངས། །ལྟག་པ་དགྱེ་ལ་སོ་འཆའ་ལྦུ་བར་སྐྱུག །མགོ་དང་འགྲམ་པ་རྒྱབ་ན་སྐད་མི་ཕྱིན། །མིག་ཧར་གཡལ་འབྱུང་རྩིབ་ལོགས་གཉིས་སུ་ཟུག །ད་རྒན་ནང་གུག་ན་ཚུལ་དེ་འདྲ་ལ། །སྐེ་བརྟུངས་བྲང་དུ་བསྡུས་ཏེ་རོ་སྟོད་འབུར། །ཞེས་གསུངས་པའི་ཚུལ་མ་རྟོགས་པས་ནོངས་སོ། །གཉིས་པ་ཚིག་གི་དོན་ནི། རླུང་གི་ཞེས་པ་ནས་རླུང་གི་ནད་ཅེས་པའི་བར་གྱིས་བསྟན་ཏེ། ཉེས་པ་གསུམ་ལས་རླུང་གི་ནད་ལ་དབྱེ་ན་སྤྱི་དང་བྱེ་བྲག་རྣམ་པ་གཉིས་ཡིན་ལ། དང་པོ་སྤྱིའི་སྒོ་ནས་དབྱེ་བ་ལའང་རིགས་ཀྱི་སྒོ་ནས་དབྱེ་བ་དང་གནས་ཀྱི་སྒོ་ནས་དབྱེ་བ་གཉིས་སོ། །དང་པོ་རིགས་ཀྱི་སྒོ་ནས་དབྱེ་ན་རླུང་ནད་ཉི་ཤུ་ཡོད་དེ། མན་ངག་རྒྱུད་ལས། རླུང་ནད་ཨ་ཝརྟ་དང་ད་རྒན་གཉིས། །འགྲམ་པ་ཉམས་དང་ལྕེ་ལྡིབ་ཕྱོགས་གཅིག་གུག །རྩ་འཛིན་གཞོགས་ཕྱེད་སྐམས་དང་ལུས་ཀུན་སྐམས། །ཤིང་རེངས་དཔུང་འཇའ་བི་ཤ་ཙེ་དང་ནི། །སྲ་འཐེང་དང་ནི་བརླ་རེངས་ཅེ་སྤྱང་མགོ་ །ཚེར་མ་གཟུགས་འཁུམས་ཁ་ལི་རྐང་བརྩེ་དང༌། །རྐང་པ་ཚ་བ་ཞེས་བྱ་ཉི་ཤུར་བཤད། །ཅེས་པ་རྣམས་སོ། །གནས་ཀྱི་སྒོ་ནས་དབྱེ་ན་འཇུག་སྒོ་རྣམ་པ་དྲུག་སྟེ། པགས་གྲམ་ཤར་རྒྱས་རྩ་རུ་རྒྱུ་བ་དང༌། །རུས་ལ་ཞེན་དང་དོན་བབས་སྣོད་དུ་ལྷུང༌། །ཞེས་པ་རྣམས་སོ། །དེའི་སྟེང་དུ་དབང་པོ་ལྔ་ལ་མེ་ཏོག་ཤར་བ་དང་བདུན་ནོ། །རླུང་བྱེ་བྲག་གི་སྒོ་ནས་དབྱེ་ན། སྲོག་འཛིན་དང་ལ་སོགས་ཀྱི་ཁོངས་ནས་གྱེན་རྒྱུ་དང་ཁྱབ་བྱེད་དང་མེ་མཉམ་དང་ཐུར་སེལ་རྣམ་པར་གྱུར་པའི་རྐྱང་བ་ལྔ། དེ་ལྔ་པོ་བད་ཀན་དང་འདྲེས་པ་ལྔ་དང༌། མཁྲིས་པ་དང་འདྲེས་པ་ལྔ་སྟེ་བཅུར་འདོད་དོ། །དེ་ལྟར་ནད་དབྱེ་བ་བཞི་བཅུ་རྩ་གཉིས་ནི་རླུང་གི་ནད་ལས་བྱུང་བའོ།།

གཉིས་པ་མཁྲིས་པའི་ནད་ཀྱི་དབྱེ་བ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། ཁ་ཅིག་ན་རེ། མཁྲིས་པ་ཐང་ལ་ལྷགས་པ་དང༌། གནས་གྱུར་པ་དང༌། ཁ་ལུད་དང༌། རྩར་རྒྱུག་པ་རྣམ་པ་བཞི། གནས་ཀྱི་དབྱེ་བ་འཇུག་སྒོ་དྲུག དབང་པོ་ལྔ་ལ་མེ་ཏོག་ཤར་བ་དང་བདུན་ཏེ་བཅུ་གཅིག བྱེ་བྲག་གི་དབྱེ་བ་ནི། མཁྲིས་པ་འཇུ་བྱེད་ལ་སོགས་པ་ལྔ། རླུང་དང་འདྲེས་པ་ལྔ།  བད་ཀན་དང་འདྲེས་པ་ལྔ་སྟེ་སྤྱིར་དྲིལ་བས་ཉེར་དྲུག་གོ་ཞེས་བཤད་པ་མི་འཐད་དེ། མཁྲིས་པའི་ནད་རིགས་ཀྱི་སྡོམ་ཚིག་ཏུ་ཉི་ཤུ་རྩ་ལྔ་ལས་མ་བྱུང་བའི་ཕྱིར་དང༌། ཉི་ཤུ་རྩ་དྲུག་ཏུ་འདོད་ན་ཉེས་པའི་དབྱེ་བ་བརྒྱ་རྩ་གཉིས་སུ་འདོད་དགོས་པར་འགྱུར་རོ། །ཐང་ལ་ལྷགས་པ་སྤྱིར་བསྟན་ཡང་སྐབས་འདིར་བགྲང་བྱ་མ་ཡིན་ཏེ། གནས་འགྱུར་ཁ་ལུད་རྩར་རྒྱུག་རྣམ་པ་གསུམ། །ཞེས་འབྱུང་གི་བཞི་ཞེས་པ་མི་འབྱུང་བའི་ཕྱིར་དང༌། མན་ངག་རྒྱུད་ཀྱི་མཁྲིས་བཅོས་ཀྱི་སྐབས་སུ། ནད་གཞིའི་མཁྲིས་པ་ཐང་ལ་ལྷགས་པ་དང༌། མེ་དྲོད་མཁྲིས་པ་གཞན་གྱི་གནས་གྱུར་དང༌། །སྣོད་ཀྱི་མཁྲིས་པ་ཁ་ལུད་ཁ་ཤོར་དང༌། །ཐུནམོང་མཁྲིས་པ་རྩ་རུ་རྒྱུ་བའོ། །དང་པོ་རྐྱེན་བཞིས་མཁྲིས་པ་འཔེལ་བ་སྟེ། །ཚད་པ་གསོ་བའི་སྐབས་སུ་རྒྱས་པར་སྟོན། །ཞེས་པའི་རྐྱེན་བཞིས་མཁྲིས་པ་འཕེལ་བ་ནི། ཐང་ལ་ལྷགས་པ་ཡིན་པས་ཚད་ནད་གསོ་བའི་སྐབས་སུ་རྒྱས་པར་སྟོན་གྱི། མཁྲིས་ནད་གསོ་བའི་སྐབས་སུ་མ་བསྟན་པས། སྐབས་འདིར་ཐང་ལ་ལྷགས་པ་བགྲང་བྱ་མ་ཡིན་པར་རིག་པར་བྱའོ། །ཞེས་ཟེར་བ་ནི། མ་བརྟགས་པའི་བབ་ཆོལ་འབའ་ཞིག་ཡིན་ཏེ། ཉི་ཤུ་རྩ་ལྔ་ཞེས་མ་དག་པའི་རྗེས་སུ་འབྲངས་པའི་ཕྱིར། རིགས་ཀྱིས་དབྱེ་ན་ཐང་ལ་ལྷགས་པ་དང༌། ཞེས་པའི་ཚིག་རྐང་འདིས་ཁྱོད་ལ་ཅི་ཞིག་བྱས་ཏེ། དམིགས་ཀྱིས་ཕུད་ནས་མངོན་སུམ་དུ་སྟོན་པའི་ཕྱིར། གཞན་ཡང་མན་ངག་རྒྱུད་དུ། ནད་གཞིའི་མཁྲིས་པ་ཐང་ལ་ལྷགས་པ་དང༌། །ཞེས་ཐོག་མ་ཉིད་དུ་བཤད་པས་ཀྱང་མི་ཆོག་གམ། བཅོས་ཐབས་ཚད་པ་གསོ་བའི་སྐབས་སུ་བསྟན་པས། མཁྲིས་གནས་མ་ཡིན་པར་འགྱུར་ན་ཚད་པའི་བྱེ་བྲག་ཀུན་ཀྱང་མཁྲིས་པ་ལས་མ་བྱུང་བར་ཧ་ཅང་ཐལ་ཆེས་སོ། །འོ་ན། གནས་གྱུར་ཁ་ལུད་རྩར་རྒྱུག་རྣམ་པ་གསུམ། །ཞེས་འབྱུང་བ་ཅི་སྙམ་ན། རིགས་ཀྱི་དབྱེ་ན་ཐང་ལ་ལྷགས་པ་དང༌། །ཞེས་མཚམས་བཅད་ནས། སླར་གནས་གྱུར་དང་ཁ་ལུད་དང་རྩར་རྒྱུག་རྣམ་པ་གསུམ་སྟེ་བསྡོམས་ན་བཞི་ཞེས་བྱ་བའི་དོན་ཏོ། །འདི་ལྟ་བུའི་དོན་མ་རྟོགས་པའི་ཉེས་པས་བད་ཀན་གྱི་སྐབས་སུ་སྨུག་པོ་སྤྱི་དང་བྱེ་བྲག་ཏུ་བྱེར་རྒྱས་རྡོལ་འགྱིང་བཞི་སྟེ་ལྔར་ཕྱེ་ནས་སུམ་ཅུ་རྩ་བཞིར་ཁས་ལེན་དགོས་པ་བྱུང་བ་ཡིན་ཡང་དབྱེ་བར་བྱ་བའི་གཞི་དང་དེའི་བྱེ་བྲག་གཉིས་ཀ་འདྲེན་པ་འདི་ནི་གསུང་རབ་སྤྱིའི་ཚུལ་ལས་ཤིན་ཏུ་བཟློག་ཅིང་མཁས་པ་རྣམས་ཐུགས་ཁྲེལ་བའི་རྒྱུ་ལས་གཞན་དུ་ཅི་ཡོད། གཞན་དུ་ན་དབྱེ་བ་བྱས་པ་དེའི་གཞི་དེ་ཉིད་ཟུར་དུ་དབྱུང་དུ་མེད་དེ། སྨུག་པོ་བྱེར་རྒྱས་སོགས་ལས་ལོགས་སུ་གྱུར་པའི་སྨུག་པོ་སྤྱི་ཞེས་བྱ་བ་ཇི་ལྟ་བུ་ཡོད་པ་སོམས་ཤིག དེ་ལྟར་ན་མཁྲིས་པ་ཐང་ལ་ལྷགས་པ་ལ་སོགས་པའི་དབྱེ་གཞི་མཁྲིས་པ་སྤྱི་ཞེས་བྱ་བ་ལ་སོགས་པ་མང་པོ་ཞིག་ཁས་ལེན་དགོས་པར་འགྱུར་རོ། །གཞུང་ཚིག་ཀྱང་མ་དག་པ་འབྲུ་གཉེར་བ་ཡིན་ཏེ། སྨུག་པོ་བྱེར་རྒྱས་འགྱིང་དང་འདྲིལ་བ་བཞི། ཞེས་འདོན་དགོས་རྒྱུ་ལ་རྡོལ་དང་འགྱིང་བ་བཞི་ཞེས་པའི་འབྲུ་མནན་པའི་ཕྱིར། དེ་ལྟར་ཡང་མན་ངག་རྒྱུད་ལས། སྨུག་པོའི་རིགས་ལ་བྱེར་རྒྱས་འགྱིངས་འདྲིལ་བཞི། །ཞེས་པ་དང༌། རྡོལ་བ་ནི་རྒྱས་པའི་ཁོངས་སུ་འདྲིལ་ཏེ། སྨུག་པོ་རྒྱས་ལ་རྡོལ་དང་མ་རྡོལ་གཉིས། །ཞེས་བཤད་པའི་ཕྱིར་རོ། །གཉིས་པ་ཚིག་གི་དོན་ནི། མཁྲིས་པའི་ཞེས་པ་ནས་མཁྲིས་པའི་ནད་ཅེས་པའི་བར་གྱིས་བསྟན་ཏེ། མཁྲིས་པའི་ནད་ཀྱི་དབྱེ་བ་ལ་སྤྱིའི་སྒོ་ནས་དབྱེ་བ་དང༌། བྱེ་བྲག་གི་སྒོ་ནས་དབྱེ་བ་གཉིས། སྤྱི་ལ་ཡང་རིགས་ཀྱི་སྒོ་ནས་དབྱེ་བ་དང༌། གནས་ཀྱི་སྒོ་ནས་དབྱེ་བ་གཉིས་ལས། དང་པོ་རིགས་ཀྱི་སྒོ་ནས་དབྱེ་ན་མཁྲིས་པ་རང་གི་མཚན་ཉིད་ཐང་ལ་ལྷགས་པ་གཅིག་དང༌། གནས་གྱུར་དང་ཁ་ལུད་དང་རྩར་རྒྱུག་དང་རྣམ་པ་གསུམ་སྟེ་རིགས་ཀྱི་སྒོ་ནས་བཞི། གནས་ཀྱི་སྒོ་ནས་དབྱེ་ན་འཇུག་སྒོ་དྲུག་ལ་ཞུགས་པ་དང༌། དབང་པོ་ལྔ་ལ་མེ་ཏོག་ཤར་བ་དང་བདུན། བྱེ་བྲག་གི་སྒོ་ནས་དབྱེ་ན་མཁྲིས་པ་འཇུ་བྱེད་ལ་སོགས་རྐྱང་བ་རྣམ་པར་གྱུར་པ་ལྔ། དེ་དག་རླུང་དང་འདྲེས་པ་ལྔ། བད་ཀན་དང་འདྲེས་པ་ལྔ་སྟེ་ལྡན་པ་བཅུ་རུ་འདོད་ལ། དེ་ལྟར་ཡོངས་སུ་བསྡོམས་པས་དབྱེ་བ་ཉི་ཤུ་རྩ་དྲུག་འབྱུང་བ་ནི་མཁྲིས་པའི་ནད་ཡིན་ནོ། །གསུམ་པ་བད་ཀན་གྱི་དབྱེ་བ་ནི། བད་ཀན་ཞེས་པ་ནས་དབྱེ་བར་འདོད་ཅེས་པའི་བར་གྱིས་བསྟན་ཏེ། བད་ཀན་གྱི་ནད་ལ་དབྱེ་ན། རང་རྒྱུད་ཅན་གྱི་སྒོ་ནས་དབྱེ་བ་དང༌། གཞན་རྒྱུད་ཅན་གྱི་སྒོ་ནས་དབྱེ་བ་གཉིས། རང་རྒྱུད་ཅན་ལའང་སྤྱི་དང་བྱེ་བྲག་གི་སྒོ་ནས་དབྱེ་བ་གཉིས། སྤྱིའི་སྒོ་ནས་དབྱེ་བ་ལའང་རིགས་དང་གནས་ཀྱི་དབྱེ་བ་གཉིས་ལས། དང་པོ་རིགས་ཀྱི་སྒོ་ནས་དབྱེ་ན་ལྷེན་དང༌། སོགས་པའི་སྒྲས་ལྕགས་དྲེག་དང་མེ་ཉམས་དང་མགུལ་འགགས་དང་གྲུམ་བུ་དཀར་པོ་དང་འཇུ་སྐེམ་སྟེ་དྲུག གནས་ཀྱི་སྒོ་ནས་དབྱེ་ན་འཇུག་སྒོ་དྲུག་ལ་ཞུགས་པ་དང་དབང་པོ་རྣམས་ལ་མེ་ཏོག་ཤར་བ་སྟེ་བདུན།  བྱེ་བྲག་གི་སྒོ་ནས་དབྱེ་ན་བད་ཀན་རྟེན་བྱེད་ལ་སོགས་རྐྱང་བ་རྣམ་པར་གྱུར་པ་ལྔ།  དེ་དག་རླུང་དང་འདྲེས་པ་ལྔ།  དེ་དག་མཁྲིས་པ་དང་འདྲེས་པ་སྟེ་ལྡན་པ་བཅུ་རུ་འདོད་ལ། གཞན་རྒྱུད་ཅན་གྱི་སྒོ་ནས་དབྱེ་བ་ལ་བད་ཀན་སེར་པོ་དང་སྨུག་པོ་གཉིས་ལས་སེར་པོ་ལ་དབྱེ་བ་མེད་ལ། སྨུག་པོ་ལ་བྱེར་བ་དང་རྒྱས་པ་དང་འགྱིང་བ་དང་འདྲིལ་བ་བཞི་སྟེ་དྲིལ་བས་དབྱེ་བ་སུམ་ཅུ་རྩ་གསུམ་འབྱུང་བ་ནི་བད་ཀན་གྱི་ནད་ཡིན་པ་དེ་ལྟར་ན་གསུམ་ག་བསྡོམས་པས་བརྒྱ་དང་རྩ་གཅིག་ནི་ཉེས་པའི་དབྱེ་བ་ཡིན་པར་འདོད་པ་ཡིན་ནོ། །གཉིས་པ་གཙོ་བོའི་སྒོ་ནས་དབྱེ་བ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། གཙོ་བོས་ཞེས་པ་རྐང་པ་གཅིག་སྟེ། ནད་ལ་གཙོ་བོའི་སྒོ་ནས་དབྱེ་ན། རང་རྒྱུད་ཅན་རྐྱང་བའི་ནད་དང༌། གཞན་རྒྱུད་ཅན་འདྲེས་པའི་ནད་དང་རྣམ་པ་གཉིས་སུ་ཡོད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ནད་ནི་རང་རྒྱུད་གཞན་རྒྱུད་ལས། གཉིས་འགྱུར་ཞེས་བྱ་བ་ཡིན་ཏེ། ནད་ནི་རང་གི་རྒྱུད་དང་གཞན་གྱི་རྒྱུད་ཀྱི་རྣམ་པ་དག་ལས་གཉིས་སུ་འགྱུར་ཏེ། དེ་ལ་རང་གི་རྒྱུད་ནི་གཙོ་བོ་སྟེ་གཞན་གྱི་དབང་དུ་མ་གྱུར་པ་ཞེས་བྱ་བ་དང་དོན་གཅིག་གོ་ །གཞན་གྱི་རྒྱུད་ནི་འཁོར་གཞན་ཡོད་པ་གཙོ་བོ་མ་ཡིན་པ་དང༌། རྗེས་སུ་འབྲང་བ་ཅན་ཞེས་བྱ་བ་མིང་གི་རྣམ་གྲངས་ཡིན་ནོ། །ཐ་མའང་གཉིས་ཡིན་ཏེ། སྔར་སྐྱེས་སྔ་མའི་ཚུལ་དུ་བཤད། །ཕྱི་སྐྱེས་པ་ནི་བླ་གཉན་ཡིན། །ཞེས་བྱ་བ་ལ། ཐ་མ་ནི་གཞན་རྒྱུད་ཅན་ཏེ་ཐ་མར་བསྟན་པས་ན་ཐ་མ་སྟེ། གཞན་གྱི་རྗེས་སུ་འབྲངས་པའོ། །དེ་ཡང་རྣམ་པ་གཉིས་ཏེ། སྔར་སྐྱེས་པ་ནི་གཅིག་གོ་ །གཉིས་པ་ནི་ཕྱི་ནས་སྐྱེས་པའོ། །དེ་ལས་གང་སྔོན་དུ་སྐྱེ་ཞིང་སྔར་བྱུང་བ་དེ་ནི་ནད་རྣམས་ཀྱི་སྔར་སྐྱེས་པའི་ནད་ཀྱི་ཚུལ་དུ་བཤད་དོ། །གང་ཕྱིས་བྱུང་ཞིང་ནད་ཀྱི་རྗེས་སུ་འབྲངས་པའི་ནད་ནི་ནད་ཀྱི་བླ་གཉན་ཞེས་བྱ་བ་ཡིན་ནོ། །རང་གནས་ཇི་བཞིན་གནས་པ་ནི། །རང་རྒྱུད་ཅན་དེ་མཚན་ཉིད་གསལ། །ཞེས་བྱ་བ་ལ། གང་རང་རྒྱུད་དུ་གྲུབ་ཅིང་རང་ཉིད་གཙོ་བོར་གྱུར་པ་དེ་ནི་མཚན་ཉིད་གསལ་བ་ཡིན་ཏེ། དེ་ནི་རང་གི་གནས་ན་གནས་ཤིང་མཚན་ཉིད་གསལ་ལ་ཇི་ལྟ་བ་བཞིན་དུ་མངོན་པ་ཡིན་ཏེ། དེ་ནི་ཤེས་པར་སླ་བ་ཉིད་དོ། །གཞན་དག་དེ་ལས་གོ་བཟློག་པ། །ཞེས་བྱ་བ་ནི། གང་དེ་ལས་གཞན་སྔ་མའི་ཚུལ་དང་དེ་བཞིན་དུ་བླ་གཉན་ཞེས་བྱ་བའི་ནད་དེ་ནི་རང་རྒྱུད་ཅན་གྱི་ནད་དེ་ལས་གོ་བཟློག་པ་སྟེ། རང་བཞིན་གོ་བཟློག་པ་ཡིན་པས། རང་གི་གནས་ན་ཇི་བཞིན་དུ་གནས་པ་ལྟར་མཚན་ཉིད་གསལ་བ་མ་ཡིན་ལ། གཞན་གྱི་དབང་དུ་གྱུར་པས་ན་གཞན་རྒྱུད་ཅེས་བྱའོ། །ཅི་ནད་འབའ་ཞིག་རང་རྒྱུད་དང་གཞན་རྒྱུད་ཀྱིས་ཕྱེ་བའི་རངགི་མཚན་ཉིད་ཇི་སྐད་དུ་བསྟན་པ་བཞིན་དུ་ཤེས་པར་བྱ་བ་འམ། འོན་ཏེ་གཞན་དག་ཀྱང་དེ་ལྟར་ཤེས་པར་བྱ་ཞེ་ན། དེའི་ཕྱིར་སྨྲས་པ། དྲི་མའང་དེ་བཞིན་ཤེས་པར་གྱིས། །ཞེས་བྱ་བ་སྟེ། ནད་འབའ་ཞིག་རང་རྒྱུད་དང་གཞན་རྒྱུད་ཅན་དུ་ཤེས་པར་བྱ་བ་ཁོ་ནར་མ་ཟད་ཀྱི། དྲི་མའི་བར་ཡང་རླུང་དང་མཁྲིས་པ་དང་བད་ཀན་གྱི་རང་རྒྱུད་དང་གཞན་རྒྱུད་ཅན་དུ་ཤེས་པར་བྱའོ། །ཞེས་བཤད་ཅིང༌། དེ་དག་གི་འཕེལ་ཟད་ཀྱི་དབྱེ་བ་ཡང༌། སློབ་དཔོན་གྱིས། ཐ་དད་པ་ལས་གསུམ་ཞེས་བྱ། །ལྡན་གསུམ་དེར་ལྡན་ཡང་དགུ་ཡིན། །མཉམ་པར་འཕེལ་བས་གསུམ་ཉིད་དེ། གཅིག་རབ་ལྷག་པ་དྲུག་ཏུ་འགྱུར། །མ་ལུས་པ་ལ་བཅུ་གསུམ་ཡིན། །གཉིས་གཅིག་ལྷག་པ་ལ་དྲུག་སྟེ། །མཚུངས་ལས་གཅིག་མིན་རབ་དང་ནི། །རབ་མཆོག་གྲགས་པ་ལས་དྲག་ཡིན། །དེ་ལྟར་ཉི་ཤུ་རྩ་ལྔ་ནི། །འཕེལ་བའོ་ཟད་པའང་དེ་ཉིད་ཡིན། །དེ་དག་རེ་རེ་འཕེལ་སྙམ་ཟད། །དྲུག་སྟེ་སླར་ཡང་དེ་དག་ནི། །གཅིག་ཟད་གཉིས་གཉིས་འཕེལ་བ་ཡི། །གོ་བཟློག་བཅས་པ་དྲུག་ཏུ་འགྱུར། །དབྱེ་བ་དྲུག་ཅུ་གཉིས་སུ་བཤད། །དྲུག་ཅུ་གསུམ་པ་བདེར་གནས་རྒྱུ། །ཞེས་བྱ་བ་དང༌།

དེ་ལ་ཟླ་ཟེར་ལས། རླུང་ལ་སོགས་པ་གསུམ་པོ་དེ་དག་སོ་སོ་ཐ་དད་པ་ལས་གསུམ་ཡིན་ལ། རང་གི་ཚད་ལས་ལྷག་པ་ན་གསུམ་གསུམ་དུ་འགྱུར་བས་དགུར་ཤེས་པར་བྱའོ། །དེ་ཡང་རླུང་འཕེལ་བ་དང༌། མཁྲིས་པ་འཕེལ་བ་དང༌། བད་ཀན་འཕེལ་བ་སྟེ་དེ་ལྟར་ནད་ཀྱི་དབྱེ་བ་རྣམ་པ་གསུམ་དུ་ཤེས་པར་བྱ་བ་དང༌། ལྡན་པ་དང༌། འདུས་པའོ། །དེ་གཉིས་དང་གསུམ་ཟད་པ་དང་འཁྲུགས་པ་ལས་འགྱུར་ལ། འདུས་པ་ནི་ཉེས་པ་གསུམ་འདུས་པ་ལས་འགྱུར་རོ། །དེ་ལ་རེ་ཞིག་ལྡན་པ་ནི་གསུམ་སྟེ། རླུང་དང་མཁྲིས་པ་དང༌། རླུང་དང་བད་ཀན་དང༌། མཁྲིས་པ་དང་བད་ཀན་ནོ། །ལྡན་པ་དེ་རྣམ་པ་གསུམ་དུ་བཞག་པའི་ནད་ཀྱི་དབྱེ་བ་རང་གི་ཚད་ལས་ལྷག་པར་གྱུར་པ་ལས་ཤེས་པར་བྱའོ། །ཞེས་འདི་ཐམས་ཅད་ལ་སྦྱར་བར་བྱའོ། །ཇི་ལྟར་ཞེ་ན། དེ་ལ་རེ་ཞིག་ལྡན་པའི་ནད་ཀྱི་དབྱེ་བ་གསུམ་པོ་ཉིད་འཕེལ་བ་ལས་གཅིག་ནི་རླུང་དང་མཁྲིས་པ་ལྡན་པ་ལྷག་པར་གྱུར་པས་ཕྱེ་བའོ། །གཉིས་པ་ནི་རླུང་དང་བད་ཀན་དུ་ལྡན་པ་ལྷག་པར་གྱུར་པས་ཕྱེ་བའོ། །གསུམ་པ་ནི་མཁྲིས་པ་དང་བད་ཀན་དུ་ལྡན་པ་ལྷག་པར་གྱུར་པས་ཕྱེ་བ་སྟེ། དེ་ལྟར་ན་ལྡན་པའི་དབྱེ་བ་གསུམ་དུ་ཤེས་པར་བྱའོ། །ཤིན་ཏུ་ལྷག་པས་གཅིག་དྲུག་འགྱུར། །ཞེས་པ་ནི། ལྡན་པ་ལ་གནས་པའི་ནད་འདི་དག་ལས་གཅིག་ཤིན་ཏུ་ལྷག་ཅིང་ཁྱད་པར་དུ་འཕེལ་བས་ལྡན་པའི་དབྱེ་བ་དྲུག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། རླུང་འཕེལ་བ་དང༌། མཁྲིས་པ་མཆོག་ཏུ་འཕེལ་བ་དང༌། མཁྲིས་པ་འཕེལ་བ་དང༌། རླུང་མཆོག་ཏུ་འཕེལ་བ་དང༌། རླུང་འཕེལ་བ་དང༌། མཁྲིས་པ་མཆོག་ཏུ་འཕེལ་བ་དང༌། མཁྲིས་པ་འཕེལ་བ་དང༌། རླུང་མཆོག་ཏུ་འཕེལ་བ་དང༌། རླུང་འཕེལ་བ་དང༌། བད་ཀན་མཆོག་ཏུ་འཕེལ་བ་དང༌། བད་ཀན་འཕེལ་བ་དང༌། རླུང་མཆོག་ཏུ་འཕེལ་བ་དང༌། བད་ཀན་འཕེལ་བ་དང༌། མཁྲིས་པ་མཆོག་ཏུ་འཕེལ་བ་དང༌། མཁྲིས་པ་འཕེལ་བ་དང་བད་ཀན་མཆོག་ཏུ་འཔེལ་བ་སྟེ། དེ་ལྟར་ན་འཕེལ་བ་ཤས་ཆེ་ཆུང་འདྲེས་པ་ལས་ལྡན་པ་དྲུག་ཏུ་འགྱུར་རོ། །མ་ལུས་པ་ལས་བཅུ་གསུམ་ཡིན། །ཞེས་པ་ནི། ནད་གསུམ་པོ་དེ་དག་མ་ལུས་པ་འདུས་པ་ལས་འདུས་པའི་ནད་བཅུ་གསུམ་དུ་འགྱུར་བར་ཤེས་པར་བྱ་སྟེ། ཇི་ལྟར་ཞེ་ན། ལྷག་པ་ཡིས་ཀྱང་དྲུག་གཉིས་གཅིག །ཅེས་བྱ་བ་སྟེ། གཉིས་དང་གཅིག་ནི་གཉིས་གཅིག་སྟེ། དེ་རྣམས་ཀྱིས་ལྷག་པ་ཡིན་པས་ན་ལྷག་པ་ཡིས་གཉིས་གཅིག་སྟེ། གཉིས་དང་གཅིག་གི་ལྷག་པ་སྟེ་འཕེལ་བར་གྱུར་པས། ནད་གཉིས་ལྷག་པ་དང་ནད་གཅིག་ལྷག་པ་ལས་འདི་དག་ཏུ་འགྱུར་ཏེ། དེ་ཡང་རླུང་འཕེལ་བ་དང་མཁྲིས་པ་དང་བད་ཀན་གཉིས་མཆོག་ཏུ་འཕེལ་བ་དང༌། རླུང་དང་མཁྲིས་པ་འཕེལ་བ་དང་བད་ཀན་མཆོག་ཏུ་འཕེལ་བ་དང༌། མཁྲིས་པ་དང་བད་ཀན་འཕེལ་བ་དང་རླུང་མཆོག་ཏུ་འཕེལ་བ་དང༌། རླུང་དང་བད་ཀན་འཕེལ་བ་དང་མཁྲིས་པ་མཆོག་ཏུ་འཕེལ་བ་སྟེ། དེ་ལྟར་འདུས་པ་དྲུག་གི་རྣམ་པར་དབྱེ་བས་གཉིས་དང་གཅིག་ལྷག་པ་ཡིན་པར་ཤེས་པར་བྱའོ། །ལྷག་པ་མཚུངས་པས་གཅིག་ཡིན་ལ། འདུས་པའི་ནད་གཅིག་པུའི་དབྱེ་བ་མཚུངས་པའི་ལྷག་པའི་ཉེས་པས་ཤེས་པར་བྱའོ། །དེ་ཡང་གང་ལྷག་པའི་ཉེས་པ་མཚུངས་ཤིང་མཉམ་པར་བྱས་ནས་དེ་འདུས་པའི་ནད་ཀྱི་དབྱེ་བ་གཅིག་ཡིན་པར་ཤེས་པར་བྱའོ། །རབ་དང་རབ་མཆོག་བརྟག་པས་དྲུག །ཅེས་བྱ་བ་ལ། དེ་ཡང་རབ་དང་མཆོག་གི་དབྱེ་བས་འདུས་པའི་ནད་དེ་རྣམ་པར་བརྟག་པའི་དབྱེ་བས་འཕེལ་བའི་ཚུལ་ལས་འདུས་པའི་དབྱེ་བ་དྲུག་ཏུ་ཤེས་པར་བྱ་སྟེ། རླུང་འཕེལ་བ་དང་མཁྲིས་པ་རབ་ཏུ་འཕེལ་བ་དང་བད་ཀན་རབ་མཆོག་ཏུ་འཕེལ་བ་འདུས་པ་དང༌། མཁྲིས་པ་འཕེལ་བ་དང་རླུང་རབ་ཏུ་འཕེལ་བ་དང་བད་ཀན་རབ་མཆོག་ཏུ་འཕེལ་བ་འདུས་པ་དང༌། བད་ཀན་འཕེལ་བ་དང་མཁྲིས་པ་རབ་ཏུ་འཔེལ་བ་དང་རླུང་རབ་མཆོག་ཏུ་འཕེལ་བ་འདུས་པ་དང༌། རླུང་འཕེལ་བ་དང་བད་ཀན་རབ་ཏུ་འཕེལ་བ་དང་མཁྲིས་པ་རབ་མཆོག་ཏུ་འཕེལ་བ་འདུས་པ་དང༌། མཁྲིས་པ་འཕེལ་བ་དང་བད་ཀན་རབ་ཏུ་འཕེལ་བ་དང་རླུང་རབ་མཆོག་ཏུ་འཕེལ་བ་འདུས་པ་དང༌། བད་ཀན་འཕེལ་བ་དང་རླངུ་རབ་ཏུ་འཕེལ་བ་དང་མཁྲིས་པ་རབ་མཆོག་ཏུ་འཕེལ་བ་འདུས་པ་སྟེ་དེ་ལྟར་དྲུག་གོ། །དེ་ལྟར་ཉི་ཤུ་རྩ་ལྔ་ནི། འཕེལ་བའོ་ཞེས་པ་ནི། ནད་འདི་དག་གི་ནད་ཀྱི་དབྱེ་བ་ཤེས་པར་བྱ་སྟེ། དེ་ལྟར་ཇི་སྐད་དུ་བཤད་པའི་རྣམ་པ་དེ་དག་གིས་ནད་ཀྱི་རྣམ་གྲངས་ཉི་ཤུ་རྩ་ལྔ་ངེས་པ་ཉིད་དུ་ཤེས་པར་བྱའོ། །ཟད་པའང་དེ་སྙེད་ཡིན། །ཞེས་བྱ་བ་ལ། ནད་དེ་རྣམས་ཟད་ཅིང་འབྲི་བར་འགྱུར་བའི་གནས་སྐབས་སུའང་གྲངས་དེ་ཉིད་ཁོ་ན་ཡིན་ཏེ།  ནད་ཀྱི་དབྱེ་བའང་ཉི་ཤུ་རྩ་ལྔར་འགྱུར་བར་ཤེས་པར་བྱའོ། །དེའང་ནད་གཞི་གསུམ་པོ་སོ་སོ་ཟད་པ་ལས་གསུམ་དུ་འགྱུར་ཏེ། རླུང་ཟད་པ་དང༌། མཁྲིས་པ་ཟད་པ་དང༌། བད་ཀན་ཟད་པ་སྟེ་དེ་ལྟར་ནད་ཀྱི་དབྱེ་བ་གསུམ་དུ་ཤེས་པར་བྱའོ། ནད་ཟད་པ་གང་ཡིན་པ་འདི་དག་གི་ལྡན་པ་ནི་དགུར་ཤེས་པར་བྱ་སྟེ། ཇི་ལྟར་ཞེ་ན། གསུམ་པོ་དེ་ཉིད་ཟད་པར་མཉམ་པ་ལས་ལྡན་པའི་དབྱེ་བར་འགྱུར་བ་ནི། རླུང་དང་མཁྲིས་པ་ཟད་པའི་ལྡན་པ་དང༌། རླུང་དང་བད་ཀན་ཟད་པའི་ལྡན་པ་དང༌། མཁྲིས་པ་དང་བད་ཀན་ཟད་པའི་ལྡན་པ་སྟེ། དེ་ལྟར་ན་ལྡན་པའི་དབྱེ་བ་གསུམ་དང༌། རེ་རེ་ལྷག་པར་ཤས་ཆེ་བ་དྲུག་སྟེ། ཤིན་ཏུ་ཤས་ཆེ་བའི་ནད་གཞན་དག་ལས་བལྟོས་པའི་ཟད་པ་ལྷག་པར་ཤས་ཆེ་བ་སྟེ། རླུང་ཟད་པ་དང་མཁྲིས་པ་རབ་ཏུ་ཟད་པའི་ལྡན་པ་དང༌། མཁྲིས་པ་ཟད་པ་དང་རླུང་རབ་ཏུ་ཟད་པའི་ལྡན་པ་དང༌། རླུང་ཟད་པ་དང་བད་ཀན་རབ་ཏུ་ཟད་པའི་ལྡན་པ་དང༌། བད་ཀན་ཟད་པ་དང་རླུང་རབ་ཏུ་ཟད་པའི་ལྡན་པ་དང༌། བད་ཀན་ཟད་པ་དང་མཁྲིས་པ་ར་བཏུ་ཟད་པའི་ལྡན་པ་དང༌། མཁྲིས་པ་ཟད་པ་དང་བད་ཀན་རབ་ཏུ་ཟད་པའི་ལྡན་པ་དང༌། དེ་ལྟར་ནད་ཟད་པའི་ལྡན་པ་ལས་བྱུང་བའི་དབཡེ་བ་དྲུག་ཏུ་ཤེས་པར་བྱའོ། །

ནད་གཞི་ཟད་པའི་འདུས་པ་ལས་ནད་ཀྱི་དབྱེ་བ་བཅུ་གསུམ་དུ་འགྱུར་བར་ཤེས་པར་བྱ་སྟེ། ཇི་ལྟར་ཞེ་ན། གཉིས་དང་གཅིག་ལྷག་པར་ཤས་ཆེ་བ་དྲུག་སྟེ། ནད་གཞི་གཉིས་ལྷག་པར་ཤས་ཆེ་བར་ཤིན་ཏུ་ཟད་པ་དང༌། དེ་བཞིན་དུ་ནད་གཞི་གཅིག་ལྷག་པར་ཤས་ཆེ་བར་ཤིན་ཏུ་ཟད་པའི་རྣམ་གྲངས་ལས་འདུས་པའི་ནད་དྲུག་ཏུ་འགྱུར་བར་ཤེས་པར་བྱའོ། །དེ་ཡང་འདི་ལྟར་རླུང་ཟད་པ་དང་མཁྲིས་པ་དང་བད་ཀན་རབ་ཏུ་ཟད་པའི་འདུས་པ་དང༌། མཁྲིས་པ་ཟད་པ་དང་རླུང་དང་བད་ཀན་རབ་ཏུ་ཟད་པའི་འདུས་པ་དང༌། བད་ཀན་ཟད་པ་དང་མཁྲིས་པ་དང་རླུང་རབ་ཏུ་ཟད་པའི་འདུས་པ་དང༌། རླུང་དང་མཁྲིས་པ་ཟད་པ་དང་བད་ཀན་རབ་ཏུ་ཟད་པའི་འདུས་པ་དང༌། མཁྲིས་པ་དང་བད་ཀན་ཟད་པ་དང་རླུང་རབ་ཏུ་ཟད་པའི་འདུས་པ་དང༌། མཁྲིས་པ་དང་བད་ཀན་ཟད་པ་དང་རླུང་རབ་ཏུ་ཟད་པའི་འདུས་པ་དང༌། རླུང་དང་བད་ཀན་ཟད་པ་དང་མཁྲདྲིས་པ་རབ་ཏུ་ཟད་པའི་འདུས་པ་སྟེ་དྲུག་དང༌། རླུང་དང་མཁྲིས་པ་དང་བད་ཀན་ཟད་པའི་འདུས་པ་གཅིག་གོ་ །དེ་དག་རབ་མཆོག་ཏུ་བརྟགས་པའི་དབྱེ་བས་ནད་ཀྱི་དབྱེ་བ་དྲུག་ཏུ་འགྱུར་ཏེ། རླུང་ཟད་པ་དང་མཁྲིས་པ་རབ་ཏུ་ཟད་པ་དང་བད་ཀན་རབ་མཆོག་ཏུ་ཟད་པའི་འདུས་པ་དང༌། མཁྲིས་པ་ཟད་པ་དང་རླུང་རབ་ཏུ་ཟད་པ་དང་བད་ཀན་རབ་མཆོག་ཏུ་ཟད་པའི་འདུས་པ་དང༌། བད་ཀན་ཟད་པ་དང་རླུང་རབ་ཏུ་ཟད་པ་དང་མཁྲིས་པ་རབ་མཆོག་ཏུ་ཟད་པའི་འདུས་པ་སྟེ་དྲུག་གོ། །དེ་ལྟར་ན་སྤྱིར་ནད་གཞི་ཟད་པ་ལས་གྱུར་པའི་ནད་ཀྱང་ཉི་ཤུ་རྩ་ལྔ་ཡོད་པར་ཤེས་པར་བྱའོ། །དེ་དག་རེ་རེ་འཕེལ་མཉམ་ཟད། །དྲུག་སྟེ་ཞེས་བྱ་བ་ལ། ནད་ཀྱི་དབྱེ་བ་དེ་རྣམས་འོག་ནས་འཆད་པའི་ནད་ཀྱི་དབྱེ་བའི་མིང་འདིས་ནད་དྲུག་ཏུ་འགྱུར་ཏེ། དེ་ཡང་འཕེལ་བ་དང་མཉམ་པ་དང་ཟད་པ་དག་ནི། འཕེལ་མཉམ་ཟད་ཅེས་བྱ་སྟེ། རླུང་ལ་སོགས་པ་གང་ཡང་རུང་བ་རེ་རེ་བཞིན་འཕེལ་བ་དང༌། མཉམ་པ་དང༌། ཟད་པ་ལས་དྲུག་ཏུ་འགྱུར་ཏེ། འདི་ལྟར་རླུང་འཕེལ་བ་དང་མཁྲིས་པ་མཉམ་པ་དང་བད་ཀན་ཟད་པའི་ཟད་དང༌། མཁྲིས་པ་འཕེལ་བ་དང་རླུང་མཉམ་པ་དང་བད་ཀན་ཟད་པའི་ནད་དང༌། བད་ཀན་འཕེལ་བ་དང་མཁྲིས་པ་མཉམ་པ་དང་རླུང་ཟད་པའི་ནད་དང༌། རླུང་འཕེལ་བ་དང་བད་ཀན་མཉམ་པ་དང་མཁྲིས་པ་ཟད་པའི་ནད་དང༌། མཁྲིས་པ་འཕེལ་བ་དང་བད་ཀན་མཉམ་པ་དང་རླུང་ཟད་པའི་ནད་དང༌། བད་ཀན་འཕེལ་བ་དང་རླུང་མཉམ་པ་དང་མཁྲིས་པ་ཟད་པའི་ནད་དེ། དེ་ལྟར་ན་ནད་རེ་རེ་བཞིན་འཕེལ་བ་དང་མཉམ་པ་དང་ཟད་པ་ལས་དྲུག་གོ། སླར་ཡང་དེ་དག་ནི། གཅིག་ཟད་གཉིས་གཉིས་འཕེལ་བ་ཡི། །གོ་བཟློག་བཅས་པ་དྲུག་ཏུ་འགྱུར། །ཞེས་བྱ་བ་ལ། ཡང་ནད་ཀྱི་དབྱེ་བ་དྲུག་པོ་དེ་རྣམས་ལས་གཅིག་གི་ཟད་པ་ནི་གཅིག་ཟད་ཅེས་བྱ་ཞིང༌། གཉིས་གཉིས་ཀྱི་འཕེལ་བ་ཡོད་པ་ལ་ནི་གཉིས་གཉིས་འཕེལ་ཞེས་བྱ་ལ། དེ་ལས་གོ་བཟློག་པ་དང་བཅས་པ་ནི་གང་ལ་གོ་བཟློག་པ་ཡོད་པ་དེ་ལ་དེ་སྐད་ཅེས་གསུངས་ཏེ། གཅིག་ཟད་པ་དང་གཉིས་འཕེལ་བ་དེ་བསྣན་ན་དྲུག་གོ་ དེའང་འདི་ལྟར་རླུང་ཟད་པ་དང་མཁྲིས་པ་དང་བད་ཀན་འཕེལ་བའི་ནད་དང༌། མཁྲིས་པ་ཟད་པ་དང་རླུང་དང་བད་ཀན་འཕེལ་བའི་ནད་དང༌། བད་ཀན་ཟད་པ་དང་རླུང་དང་མཁྲིས་པ་འཕེལ་བའི་ནད་དང༌། དེ་བཞིན་དུ་གཉིས་ཀ་འཕེལ་བའི་ཚུལ་གྱིས་ནད་ཀྱི་དབྱེ་བ་དྲུག་སྟེ། དེའང་གཉིས་གཉིས་ཟད་ཅིང་རེ་རེ་འཕེལ་བ་དང་བཅས་པ་ལས་གྱུར་པ་ནི། འདི་ལྟར་རླུང་དང་མཁྲིས་པ་ཟད་པ་དང་བད་ཀན་འཕེལ་བའི་ནད་དང༌། རླུང་དང་བད་ཀན་ཟད་པ་དང་མཁྲིས་པ་འཕེལ་བའི་ནད་དང༌། མཁྲིས་པ་དང་བད་ཀན་ཟད་པ་དང་རླུང་འཕེལ་བའི་ནད་དེ། དེ་ལྟར་ཙུལ་གཉིས་འཕེལ་བའི་རྣམ་པས་ནད་ཀྱི་དབྱེ་བ་རྣམ་པ་དྲུག་ཡིན་ལ། དེ་རྣམས་ཀྱི་རབ་དང་མཆོག་གི་དབྱེ་བས་བརྩི་བ་ཕྲ་མོ་ནི་མཐའ་ཡས་པ་ཡིན་པར་ཤེས་པར་བྱའོ། །དབྱེ་བ་དྲུག་ཅུ་གཉིས་སུ་བསྟན། །དྲུག་ཅུ་གསུམ་པ་བདེར་གནས་རྒྱུ། །ཞེས་བྱ་བ་ལ། དེ་ལྟར་རླུང་ལ་སོགས་པ་ནད་གཞིའི་དབྱེ་བ་ནི་སྤྱིར་དྲུག་ཅུ་རྩ་གཉིས་སུ་བསྟན་ཞིང་བཤད་པའམ། དྲུག་ཅུ་རྩ་གསུམ་དུ་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། བདེར་གནས་རྒྱུ་ཞེས་བྱ་བ་སྟེ། བདེ་བའི་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་རོ། །ཞེས་བཤད་དོ།།

འདིར་འགྲེལ་ཚིག་ལས། ནད་གཞིའི་དབྱེ་བ་ནི་སྤྱིར་དྲུག་ཅུ་རྩ་གཉིས་སུ་བསྟན་ཞིང་བཤད་པའམ། དྲུག་ཅུ་རྩ་གསུམ་དུ་བསྟན་ཏོ་ཞེས་འབྱུང་མོད་ཀྱང་འདི་ནི་ཡི་གེ་ཆད་པའམ་ལོ་ཙཱ་བའི་འགྱུར་ཅུང་ཟད་ཉེས་ཏེ། གཞུང་ལས། དབྱེ་བ་དྲུག་ཅུ་གཉིས་སུ་བསྟན། །དྲུག་ཅུ་གསུམ་པ་བདེར་གནས་རྒྱུ། །ཞེས་གསུངས་པས། ནད་འཕེལ་ཟད་ཀྱི་དབྱེ་བ་དྲུག་ཅུ་རྩ་གཉིས་སུ་ཡོད་ལ། དྲུག་ཅུ་རྩ་གསུམ་པ་ནི་འཕེལ་ཟད་དུ་མ་གྱུར་པ་སྟེ། ལུས་བདེ་བར་གནས་པའི་རྒྱུ་ཡིན་ནོ། །ཞེས་བྱ་བའི་དོན་ཡིན་པའི་ཕྱིར། དེ་ལྟ་མ་ཡིན་ན་ནད་འཕེལ་ཟད་དྲུག་ཅུ་རྩ་གསུམ་བགྲང་དུ་མེད་པའི་ཕྱིར་དང༌། རྩ་གསུམ་དང་རྩ་གཉིས་གཅིག་ཏུ་ཐལ་བའི་སྐྱོན་སོགས་ཉེས་པ་མང་དུ་འབབ་པར་ཤེས་པར་བྱའོ། །འོ་ན་འདིར་འཕེལ་ཟད་བདུན་ཅུ་རྩ་བཞི་བཤད་པ་དང་མ་མཐུན་ནོ་སྙམ་ན་སྐྱོན་མེད་དེ། གཞུང་འདིར་རླུང་མཁྲིས་བད་ཀན་རྐྱང་པ་གསུམ་ག་ལ་འཔེལ་བ་དང་རབ་འཕེལ་མཆོག་འཕེལ་གསུམ་དུ་སྦྱར་ཞིང་ཟད་པའང་དེ་བཞིན་དུ་སྦྱར་བས་རྐྱང་བའི་འཔེལ་ཟད་བཅོ་བརྒྱད་འབྱུང་ལ། དྲངས་མ་ཐག་པ་འདིར་འཕེལ་བ་གསུམ་དང་ཟད་པ་གསུམ་སྟེ་རྐྱང་བའི་འཕེལ་ཟད་དྲུག་ལས་མ་བཤད་པས་བཅུ་གཉིས་ཀྱི་ཁྱད་ཞུགས་པ་ཙམ་མ་གཏོགས་དོན་ལ་འགལ་བ་ནམ་ཡང་ཡོད་པ་མ་ཡིན་ནོ། །ཡང་གཞུང་ཉིད་ལས་རེ་གཉིས་ལས་མ་བཤད་ཀྱང༌། རླུང་ལ་སོགས་པའི་གསུམ་པོ་དེ་དག་སོ་སོ་ཐ་དད་པ་ལས་གསུམ་ཡིན་ལ། རང་གི་ཚད་ལས་ལྷག་པ་ན་གསུམ་གསུམ་དུ་འགྱུར་བས་དགུར་ཤེས་པར་བྱའོ། །ཞེས་འགྲེ་བ་ལས་འབྱུང་བས་ཟད་པ་དང་བཅས་བདུན་ཅུ་རྩ་བཞིར་མཐུན་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །གཉིས་པ་ཚིག་གི་དོན་ལ་གཉིས་ཏེ། རང་རྒྱུད་ཅན་བཤད་པ་དང༌། གཞན་རྒྱུད་ཅན་བཤད་པའོ། །དང་པོ་ནི། རང་རྒྱུད་ཅེས་པ་ནས་ཟད་པར་སྦྱར་ཞེས་པའི་བར་གྱིས་བསྟན་ཏེ། ནད་ལ་རང་རྒྱུད་ཅན་ཞེས་པ་དང་གཞན་རྒྱུད་ཅན་ཞེས་པའི་ཟླས་ཕྱེ་བའི་རང་རྒྱུད་ཅན་ནི་རླུང་མཁྲིས་བད་ཀན་གསུམ་པོ་དང༌། ལུས་ཟུངས་དྲི་མ་རྣམས་ཕན་ཚུན་གང་དང་ཡང་མ་འདྲེས་པར་རང་ཉིད་རྐྱང་བ་ཁོ་ནའི་ནད་དེ་རང་རང་གི་མཚན་ཉིད་དང་རྗེས་སུ་མཐུན་པའི་ནད་རྟགས་རྣམས་གསལ་པོར་སྟོན་པར་འགྱུར་ལ། རྐྱང་བ་གསུམ་པོ་དེ་ལ་ཡང་འཕེལ་ཟད་ཀྱི་དབྱེ་བས་འདི་ལྟར་འགྱུར་ཏེ། འཕེལ་བ་དང་རབ་ཏུ་འཕེལ་བ་དང་མཆོག་ཏུ་འཕེལ་བ་གསུམ་དང༌། དེ་བཞིན་དུ་ཟད་པ་དང་རབ་ཏུ་ཟད་པ་དང་མཆོག་ཏུ་ཟད་པ་གསུམ་སྟེ། དྲུག་པོ་དེ་ཉིད་རླུང་མཁྲིས་བད་ཀན་རྐྱང་བ་རེ་རེ་ལ་སྦྱར་བས་རྣམ་པ་བཅོ་བརྒྱད་འབྱུང་བ་ཡིན་ནོ། །གཉིས་པ་གཞན་རྒྱུད་ཅན་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། གཞན་རྒྱུད་ཅན་ལ་ཞེས་པ་རྐང་པ་གཅིག་སྟེ། ནད་ཟུངས་དྲི་མ་རྣམས་ཕན་ཚུན་འདྲེས་པ་ལས་བྱུང་བའི་ནད་གཞན་རྒྱུད་ཅན་ལའང་ནད་ཚེགས་ཀྱི་དབྱེ་བས་ལྡན་པ་དང༌། འདུས་པ་དང༌། བླ་གཉན་ཅན་ཞེས་བྱ་བ་སྟེ་རྣམ་པ་གསུམ་དུ་ཡོད་ཅེས་པའོ།།

གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། ལྡན་པ། འདུས་པ། འདྲེས་པ། བླ་གཉན་བཤད་པའོ། །དང་པོ་ནི། ལྡན་པ་ཞེས་སོགས་རྐང་པ་གཅིག་སྟེ། ཉེས་པ་ཕན་ཚུན་གཉིས་སུ་ལྡན་པའི་ནད་ལ་མཉམ་དུ་འཕེལ་བ་གསུམ་དང་གང་ཡང་རུང་བ་གཅིག་ལྷག་པར་འཕེལ་བའི་དབྱེ་བ་དྲུག་སྟེ་དགུ་ཡོད་པ་ལས་རིམ་པ་བཞིན་དུ། རླུང་མཁྲིས་ཆ་མཉམ་དུ་འཕེལ་བ་དང༌། བད་མཁྲིས་ཆ་མཉམ་དུ་འཕེལ་བ་དང༌། བད་རླུང་གཉིས་ཆ་མཉམ་དུ་འཕེལ་བ་སྟེ་གསུམ། རླུང་རབ་ཏུ་འཕེལ་ཞིང་མཁྲིས་པ་ལྷག་པར་དུ་འཕེལ་བ་དང༌། མཁྲིས་པ་རབ་ཏུ་འཕེལ་ཞིང་བད་ཀན་ལྷག་པར་འཕེལ་བ་དང༌། བད་ཀན་རབ་ཏུ་འཕེལ་ཞིང་རླུང་ལྷག་པར་འཕེལ་བ་དང༌། མཁྲིས་པ་རབ་ཏུ་འཕེལ་ཞིང་རླུང་ལྷག་པར་འཕེལ་བ་དང༌། བད་ཀན་རབ་ཏུ་འཕེལ་ཞིང་མཁྲིས་པ་ལྷག་པར་འཕེལ་བ་དང༌། རླུང་རབ་ཏུ་འཕེལ་ཞིང་བད་ཀན་ལྷག་པར་འཕེལ་བ་སྟེ་དྲུག་དང་བསྡོམས་པས་ལྡནཔའི་འཕེལ་བ་དགུ། དེ་བཞིན་དུ་འོག་ནས། གོ་བཟློག་ཟད། ཅེས་གསུངས་པས་སེང་གེའི་ལྟ་སྟངས་ཀྱི་རིགས་པས། རླུང་མཁྲིས་ཆ་མཉམ་དུ་ཟད་པ། བད་མཁྲིས་ཆ་མཉམ་དུ་ཟད་པ། བད་རླུང་ཆ་མཉམ་དུ་ཟད་པ་གསུམ། རླུང་རབ་ཏུ་ཟད་ཅིང་མཁྲིས་པ་ལྷག་པར་ཟད་པ། མཁྲིས་པ་རབ་ཏུ་ཟད་ཅིང་བད་ཀན་ལྷག་པར་ཟད་པ། བད་ཀན་རབ་ཏུ་ཟད་ཅིང་རླུང་ལྷག་པར་ཟད་པ། མཁྲིས་པ་རབ་ཏུ་ཟད་ཅིང་རླུང་ལྷག་པར་ཟད་པ། བད་ཀན་རབ་ཏུ་ཟད་ཅིང་མཁྲིས་པ་ལྷག་པར་ཟད་པ། རླུང་རབ་ཏུ་ཟད་ཅིང་བད་ཀན་ལྷག་པར་ཟད་པ་དང་དྲུག་སྟེ་དྲིལ་བས་ལྡན་པའི་ཟད་པ་དགུ་དང་བཅས་པས་ལྡན་པ་ལའང་འཕེལ་ཟད་བཅོ་བརྒྱད་དོ།།

གཉིས་པ་འདུས་པའི་འཕེལ་ཟད་བཤད་པ་ནི། འདུས་ལ་ཞེས་པ་ནས་གོ་བཟློག་ཟད་ཅེས་པའི་བར་གྱིས་བསྟན་ཏེ། ཉེས་པ་གསུམ་ག་འདུས་པའི་འཕེལ་བ་ལ་དེ་གསུམ་ག་སྟོབས་ཆེ་ཆུང་མཚུངས་པར་འཕེལ་བ་གཅིག་དང༌། སྟོབས་མི་མཚུངས་པར་རབ་འབྲིང་ཐ་མ་གསུམ་གྱི་འཕེལ་ཚུལ་སྦྱོར་བ་དྲུག་དང༌། དེ་གསུམ་གྱི་ནང་ནས་གང་ཡང་རུང་བ་གཉིས་ལྷག་པ་དང་གཅིག་ལྷག་པའི་དབྱེ་བས་དྲུག་སྟེ། དྲིལ་བས་འདུས་པའི་འཕེལ་བ་བཅུ་གསུམ་ལས་རིམ་པ་བཞིན་དུ། རླུང་མཁྲིས་བད་ཀན་ཆ་མཉམ་དུ་འཕེལ་བ། རླུང་རབ་ཏུ་འཕེལ་མཁྲིས་པ་འབྲིང་དུ་འཕེལ་བད་ཀན་ཐ་མར་འཕེལ་བ་དང༌། མཁྲིས་པ་རབ་ཏུ་འཕེལ་བད་ཀན་འབྲིང་དུ་འཕེལ་རླུང་ཐ་མར་འཕེལ་བ་དང༌། བད་ཀན་རབ་ཏུ་འཕེལ་རླུང་འབྲིང་དུ་འཕེལ་མཁྲིས་པ་ཐ་མར་འཕེལ་བ་དང༌། བད་ཀན་རབ་ཏུ་འཕེལ་མཁྲིས་པ་འབྲིང་དུ་འཕེལ་རླུང་ཐ་མར་འཕེལ་བ་དང༌། མཁྲིས་པ་རབ་ཏུ་འཕེལ་རླུང་འབྲིང་དུ་འཕེལ་བད་ཀན་ཐ་མར་འཕེལ་བ་དང༌། རླུང་རབ་ཏུ་འཕེལ་བད་ཀན་འབྲིང་དུ་འཕེལ་མཁྲིས་པ་ཐ་མར་འཕེལ་བ་དང་དྲུག རླུང་འཕེལ་ཞིང་བད་མཁྲིས་ལྷག་པར་འཕེལ་བ་དང༌། མཁྲིས་པ་འཕེལ་ཞིང་བད་རླུང་ལྷག་པར་འཕེལ་བ་དང༌། བད་ཀན་འཕེལ་ཞིང་མཁྲིས་རླུང་ལྷག་པར་འཕེལ་བ་དང༌། རླུང་མཁྲིས་འཕེལ་ཞིང་བད་ཀན་ལྷག་པར་འཕེལ་བ་དང༌། བད་མཁྲིས་འཕེལ་རླུང་ལྷག་པར་འཕེལ་བ་དང༌། བད་རླུང་འཕེལ་མཁྲིས་པ་ལྷག་པར་འཕེལ་བ་སྟེ་དྲུག་དང༌། བསྡོམས་པས་འཕེལ་བ་བཅུ་གསུམ། དེ་བཞིན་དུ་ཟད་པ་ལ་ཡང་སྦྱར་བར་བྱ་སྟེ།  ཉེས་པ་གསུམ་སྟོབས་ཆེ་ཆུང་མཚུངས་པར་ཟད་པ་དང༌། རླུང་ཐ་མར་ཟད་མཁྲིས་པ་འབྲིང་དུ་ཟད་བད་ཀན་རབ་ཏུ་ཟད་པ་དང༌། མཁྲིས་པ་ཐ་མར་ཟད་བད་ཀན་འབྲིང་དུ་ཟད་རླུང་རབ་ཏུ་ཟད་པ་དང༌། བད་ཀན་ཐ་མར་ཟད་རླུང་འབྲིང་དུ་ཟད་མཁྲིས་པ་རབ་ཏུ་ཟད་པ་དང༌། བད་ཀན་ཐ་མར་ཟད་མཁྲིས་པ་འབྲིང་དུ་ཟད་རླུང་རབ་ཏུ་ཟད་པ་དང༌། མཁྲིས་པ་ཐ་མར་ཟད་རླུང་འབྲིང་དུ་ཟད་བད་ཀན་རབ་ཏུ་ཟད་པ་དང༌། རླུང་ཐ་མར་ཟད་བད་ཀན་འབྲིང་དུ་ཟད་མཁྲིས་པ་རབ་ཏུ་ཟད་པ་དང་དྲུག རླུང་ཟད་ཅིང་བད་མཁྲིས་ལྷག་པར་ཟད་པ་དང༌། མཁྲིས་པ་ཟད་ཅིང་བད་རླུང་ལྷག་པར་ཟད་པ་དང༌། བད་ཀན་ཟད་ཅིང་མཁྲིས་རླུང་ལྷག་པར་ཟད་པ་དང༌། བད་རླུང་ཟད་ཅིང་མཁྲིས་པ་ལྷག་པར་ཟད་པ་དྲུག་སྟེ། བཅུ་གསུམ་བསྡོམས་པས་འདུས་པའི་འཕེལ་ཟད་ཉི་ཤུ་རྩ་དྲུག་གོ་ །དེ་ཡན་གྱི་འཕེལ་ཟད་སོ་སོར་བཤད་ལ། གསུམ་པ་འཕེལ་ཟད་འདྲེས་པ་བཤད་པ་ནི།  འཕེལ་ཟད་ཅེས་པ་ནས་རྩ་བཞིའོ་ཞེས་པའི་བར་གྱིས་བསྟན་ཏེ། ཉེས་པ་གསུམ་པོ་འཕེལ་ཟད་འདྲེས་པ་ལའང་དེ་གསུམ་གང་ཡང་རུང་བ་གཅིག་མཉམ་ཞིང་གཅིག་འཕེལ་ལ་གཅིག་ཟད་པར་སྦྱར་བའི་དབང་གིས་དྲུག་དང༌། དེ་བཞིན་གཅིག་ཟད་ཅིང་གཉིས་འཕེལ་བར་སྦྱར་བ་དང༌། དེ་གོ་བཟློག་པ་གཉིས་ཟད་ཅིང་གཅིག་འཕེལ་བར་སྦྱར་བའི་དབྱེ་བས་གསུམ་གསུམ་སྟེ་དྲུག་ཏུ་འབྱུང་བ་ལས་རིམ་པ་བཞིན་དུ། རླུང་མཉམ་ཞིང་མཁྲིས་པ་འཕེལ་ལ་བད་ཀན་ཟད་པ་དང༌། མཁྲིས་པ་མཉམ་ཞིང་བད་ཀན་འཕེལ་ལ་རླུང་ཟད་པ་དང༌། བད་ཀན་མཉམ་ཞིང་རླུང་འཕེལ་ལ་མཁྲིས་པ་ཟད་པ་དང༌། བད་ཀན་མཉམ་ཞིང་མཁྲིས་པ་འཕེལ་ལ་རླུང་ཟད་པ་དང༌། མཁྲིས་པ་མཉམ་ཞིང་རླུང་འཕེལ་ལ་བད་ཀན་ཟད་པ་དང༌། རླུང་མཉམ་ཞིང་བད་ཀན་འཕེལ་ལ་མཁྲིས་པ་ཟད་པ་སྟེ་དྲུག རླུང་ཟད་ཅིང་བད་མཁྲིས་གཉིས་འཕེལ་བ་དང༌། མཁྲིས་པ་ཟད་ཅིང་བད་རླུང་གཉིས་འཕེལ་བ་དང༌། བད་ཀན་ཟད་ཅིང་རླུང་མཁྲིས་གཉིས་འཕེལ་བ་དང༌། དེ་བཞིན་དུ་རླུང་མཁྲདྲིས་གཉིས་ཟད་ཅིང་བད་ཀན་འཕེལ་བ་དང༌། བད་མཁྲིས་གཉིས་ཟད་ཅིང་རླུང་འཕེལ་བ་དང༌། བད་རླུང་གཉིས་ཟད་ཅིང་མཁྲིས་པ་འཕེལ་བ་དྲུག་དང་བཅས་པས་འདྲེས་པའི་འཕེལ་ཟད་བཅུ་གཉིས་ཏེ། ཡོངས་སུ་དྲིལ་བས་འཕེལ་ཟད་ཀྱི་དབྱེ་བ་བདུན་ཅུ་རྩ་བཞིའོ། བཞི་པ་བླ་གཉན་གྱི་ནད་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། བླ་གཉན་ཞེས་པ་ནས་ཞེས་སུ་བཤད་ཅེས་པའི་བར་གྱིས་བསྟན་ཏེ། གཞན་རྒྱུད་ཅན་གྱི་ནང་ཚན་བླ་གཉན་ཞེས་བྱ་བའི་ནད་ནི་བརྡ་རྙིང་པ་སྟེ་བསྣོན་མའི་དོན་ལྔར་རླུང་ལ་སོགས་པའི་ནད་གང་ཡང་རུང་བ་ཡོད་བཞིན་གྱི་སྟེང་དུ་སླར་ཡང་དེ་ལས་གཞན་པའི་ནད་གང་ཞིག་བྱུང་བ་དེ་ཉིད་ལ་བྱ་ལ། དེ་ལ་ཡང་ནང་ཚེགས་ཀྱི་དབྱེ་བས་གསུམ་དུ་འགྱུར། ཞུགས་པ་དང་ལོག་པ་དང་འདོམས་པ་ཞེས་སུ་བཤད་པས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཞུགས་པ། ལོག་པ། འདོམས་པ་བཤད་པའོ། །དང་པོ་ནི། གཅིག་གི་གནས་སུ་ཞེས་སོགས་རྐང་པ་གཅིག་སྟེ། རླུང་ལྟ་བུ་གཅིག་གི་གནས་སུ་མཁྲིས་པ་སོགས་ནད་གཞན་ཞུགས་པ་སྟེ། དེ་ཡང་རླུང་གི་གནས་སུ་མཁྲིས་པ་ཞུགས་པ་དང༌། བད་ཀན་ཞུགས་པ་དང༌། དེ་གསུམ་ག་ཞུགས་པ་གསུམ། མཁྲིས་པའི་གནས་སུ་རླུང་ཞུགས་པ། བད་ཀན་ཞུགས་པ། དེ་གསུམ་ག་ཞུགས་པ་གསུམ། བད་ཀན་གྱི་གནས་སུ་རླུང་ཞུགས་པ། མཁྲིས་པ་ཞུགས་པ། དེ་གསུམ་ག་ཞུགས་པས་གསུམ་སྟེ་གཅིག་གི་གནས་སུ་གཞན་ཟུགས་པ་དགུའོ།།

གཉིས་པ་ལོག་པའི་བླ་གཉན་ནི། རང་མ་ཞི་བ་ཞེས་སོགས་རྐང་པ་གཅིག་སྟེ། རླུང་ལ་སོགས་པའི་ནད་སྔ་མ་རང་ཉིད་མ་ཞི་བར་གཞན་དུ་ལོག་པ་ཞེས་བྱ་བ་སྟེ། དེ་ཡང་རླུང་མ་ཞི་བར་མཁྲིས་པར་ལོག་པ་དང༌། བད་ཀན་དུ་ལོག་པ་དང༌། དེ་གཉིས་ཀར་ལོག་པ་གསུམ། མཁྲིས་པ་མ་ཞི་བར་བད་ཀན་དུ་ལོག་པ་དང༌། རླུང་དུ་ལོག་པ་དང༌། དེ་གཉིས་ཀར་ལོག་པ་གསུམ། བད་ཀན་མ་ཞི་བར་རླུང་དུ་ལོག་པ་དང༌། མཁྲིས་པར་ལོག་པ་དང༌། དེ་གཉིས་ཀར་ལོག་པ་གསུམ་སྟེ་རང་མ་ཞི་བར་གཞན་དུ་ལོག་པ་དགུ། གསུམ་པ་འདོམས་པའི་བླ་གཉན་ནི། ནད་སྣ་ཞེས་པ་ནས་དབྱེ་བར་འདོད་ཅེས་པའི་བར་གྱིས་བསྟན་ཏེ། རླུང་ལྟ་བུ་སྔར་ན་བའི་ནད་དེ་ཉིད་ཕྱིས་གཞན་དང་འདོམས་ནས་ནད་སྣ་གཉིས་སུ་འཐབ་པལ་ཡང་དགུ་སྟེ། རླུང་གིས་རང་གནས་བཟུང་ནས་བད་མཁྲིས་གཉིས་དང་འཐབ་པ། རླུང་གིས་མཁྲིས་གནས་ཕྲོགས་ནས་བད་ཀན་དང་འཐབ་པ། རླུང་གིས་བད་ཀན་གྱི་གནས་ཕྲོགས་ནས་མཁྲིས་པ་དང་འཐབ་པ་གསུམ། མཁྲིས་པས་རང་གནས་བཟུང་ནས་བད་རླུང་གཉིས་ཀ་དང་འཐབ་པ། མཁྲིས་པས་རླུང་གནས་ཕྲོགས་ནས་བད་ཀན་དང་འཐབ་པ། མཁྲིས་པས་བད་ཀན་གྱི་གནས་ཕྲོག་སནས་རླུང་དང་འཐབ་པ་གསུམ། བད་ཀན་གྱིས་རང་གནས་བཟུང་ནས་རླུང་མཁྲིས་གཉིས་ཀ་དང་འཐབ་པ། བད་ཀན་གྱིས་རླུང་གནས་ཕྲོགས་ནས་མཁྲིས་པ་དང་འཐབ་པ། བད་ཀན་གྱིས་མཁྲིས་པའི་གནས་ཕྲོགས་ནས་རླུང་དང་འཐབ་པ་གསུམ་སྟེ། འདོམས་པའི་དགུ་དང་བཅས་པས་བླ་གཉན་གྱི་ནད་དགུ་ཚན་གསུམ་ལ་ཉི་ཤུ་རྩ་བདུན་ཡོངས་སུ་དྲིལ་བས་བརྒྱ་དང་རྩ་གཅིག་འབྱུང་བ་ནི་ནད་ཀྱི་གཙོ་བོའི་སྒོ་ནས་དབྱེ་བར་འདོད་པ་ཡིན་ནོ། །གསུམ་པ་གནས་ཀྱི་སྒོ་ནས་དབྱེ་བ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། གནས་ཀྱི་ཞེས་སོགས་རྐང་པ་གཅིག་སྟེ། ནད་ཀུན་ཀྱང་རང་རང་གི་གནས་ཀྱི་སྒོ་ནས་དབྱེ་ན་གཙོ་བོར་ལུས་ལ་གནས་པ་དང་སེམས་ལ་གནས་པའི་དབྱེ་བ་རྣམ་པ་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ཏེ། སེམས་ལ་གནས་པ་དང༌། ལུས་ལ་གནས་པ་བཤད་པའོ། །དང་པོ་ནི། སེམས་ལ་ཞེས་པ་རྐང་པ་གཅིག་སྟེ། ནད་གང་ཞིག་སེམས་ལ་གཙོ་ཆེར་གནས་པའི་སྨྱོ་བར་བྱེད་པའི་ནད་དང་བརྗེད་པར་བྱེད་པའི་ནད་དེ་རྣམ་པ་གཉིས་ཡིན་ནོ། །གཉིས་པ་ལུས་ལ་གནས་པ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ལུས་ལ་ཞེས་པ་ནས་རྣམ་པ་ལྔ་ཞེས་པའི་བར་གྱིས་བསྟན་ཏེ། ནད་གང་ཞིག་ལུས་ལ་གནས་པ་དེ་ཡང༌། ལུས་ཀྱི་སྟོད་དང་སྨད་དང་ཕྱི་དང་ནང་གི་དབྱེ་བས་བཞི། སྟོད་སྨད་ཕྱི་ནང་ཀུན་ལ་སྤྱིར་ཁྱབ་པའི་ནད་དང་རྣམ་པ་ལྔར་ཡོད་དོ། །གཉིས་པ་རྒྱས་པར་བཤདཔ་ལ་ལྔ་སྟེ། སྟོད་ཀྱི་ནད། ནང་གི་ནད། སྨད་ཀྱི་ནད། ཕྱིའི་ནད། ཀུན་ཁྱབ་ཀྱི་ནད་བཤད་པའོ། དང་པོ་ནི། ལུས་སྟོད་ཅེས་པ་ནས་བཅོ་བརྒྱད་བཤད་ཅེས་པའི་བར་གྱིས་བསྟན་ཏེ། མི་རྣམས་ཀྱི་ལུས་ཀྱིསྟོད་དེ་དབང་པོ་རྣམས་དང་མགོ་བོ་ལ་སོགས་པར་ཉེ་བར་གནས་པའི་ནད་ཀྱི་རྣམ་གྲངས་ནི། མགོ་བོ་སྤྱིར་གནས་པའི་ནད་དང༌། དེ་བཞིན་དུ་མིག་དང༌། རྣ་བ་དང༌། སྣ་དང༌། མཆུ་དང༌། སོ་དང༌། ལྕེ་དང༌། རྐན་དང༌། ལྦ་བའི་ནད་དེ་དགུ། དེའི་སྟེང་དུ་གྲེ་བ་དང༌། ནམ་ཚོང་གི་ནད་གཉིས་ལས། དང་པོ་གྲེ་བར་གནས་པ་ལ་ཡང་གྲེ་བ་སྤྱིར་ན་བ་དང༌། གག་པ་དང༌། མགུལ་འགགས་ཀྱི་ནད་དང༌། སྐད་འགགས་ཀྱི་ནད་དེ་རྣམ་པ་བཞི།

གཉིས་པ་ནམ་ཚོང་ལ་གནས་པ་ལ་ཡང་ནམ་ཚོང་སྤྱིར་གནས་པའི་ནད་དང༌། སྐོམ་དད་དང༌། སྐྱིགས་བུ་དང་དབུགས་མི་བདེ་བ་དང༌། ཡི་ག་འཆུས་པའི་ནད་དེ་རྣམ་པ་ལྔ་དང་བཅས་པ་སྤྱིར་བསྡོམས་པས་དབྱེ་བ་བཅོ་བརྒྱད་དུ་བཤད་པ་ཡིན་ནོ། །གཉིས་པ་ནང་གི་ནད་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། གཞུང་མ་དག་པ་རྣམས་སུ། མངལ་ནད་བསམ་སེའི་ནད་དང་བཅུ་གཅིག་གོ།  ཞེས་འབྱུང་བའི་རྗེས་སུ་འབྲངས་ནས། ཁ་ཅིག་གིས། བུད་མེད་ལ་མངལ་ནད་དང༌། སྐྱེས་པ་ལ་བསམ་སེའི་ནད་དང་བཅུ་གཅིག་གོ་ཞེས་ཟེར་བ་མི་འཐད་དེ། མངལ་ནད་ནི་བུད་མེད་ཁོ་ནའི་ནད་ཡིན་པ་གོང་དུ་རྟེན་སོ་སོའི་སྐབས་སུ་བཤད་ཟིན་ལ། འདིར་ནི་སྐྱེས་པ་བུད་མེད་རྒན་བྱིས་བཞི་ག་ལ་ཀུན་ཁྱབ་ཏུ་འབྱུང་བའི་ནད་རིགས་ཁོ་ན་བཤད་དགོས་པའི་ཕྱིར་དོན་སྣོད་བཅུ་གཅིག་པོ་ཉིད་བགྲང་བར་བྱ་བ་ཡིན་གྱི་མངལ་ནད་བགྲང་བར་བྱའོ། །འོ་ན་བུད་མེད་ལ་བསམ་སེའུ་ཡོད་དམ་ཞེ་ན། དོགས་པ་འདིས་ནི་རང་གི་ནང་ཆ་བསྟན་པ་ཡིན་གྱི། གཞན་དུ་ན་གོང་དུ་ལུས་ཆགས་ནས་འཕེལ་ཚུལ་གྱི་སྐབས་སུ། མངལ་ཆགས་འཕེལ་བའི་རྒྱུ་ནི་ལྟེ་བ་སྟེ། །བུ་སྣོད་གཡས་གཡོན་རྩ་དང་ལྟེ་བར་འབྲེལ། །རྩ་གཉིས་བསམ་སེར་བཅུད་ཀྱི་རྟེན་དང་འབྲེལ། །ཞེས་དང༌། ཕྱི་མ་རྒྱུད་དུ། ཆག་གི་འོག་ཏུ་མཁལ་གཡོན་བསམ་སེ་བརྟག །ཅེས་པ་རྣམས་མ་མཐོང་བར་ཟད་དོ། །གཉིས་པ་ཚིག་གི་དོན་ནི། དོན་སྣོད་ཅེས་པ་ནས་བཅུ་དགུའོ་ཞེས་པའི་བར་གྱིས་བསྟན་ཏེ། སྙིང་ལ་སོགས་པའི་དོན་སྣོད་དེ་ལུས་ཀྱི་ནང་ལ་གནས་པའི་ནད་ཀྱི་རྣམ་གྲངས་བསྟན་པ་ནི་སྙིང་དང་གློ་བ་དང་མཆིན་པ་དང་མཆེར་བ་དང་མཁལ་མ་སྟེ་དོན་ལྔ་དང༌། ཕོ་བ་དང༌། མཁྲིས་པ་དང༌། རྒྱུ་མ་དང༌། ལོང་དང༌། ལྒང་པ་དང༌། བསམ་སེ་སྟེ་སྣོད་དྲུག་རྣམས་ལ་སོ་སོར་གནས་པའི་ནད་རིགས་ཀྱི་རནྨ་པ་བཅུ་གཅིག་གོ་ །དོན་སྣོད་ལ་སྤྱིར་གནས་པའི་ནད་མ་ཞུ་བ་དང༌། གླང་ཐབས་དང༌། སྐྲན་དང༌། སུརྱ་དང༌། ཚད་འཁྲུ་དང༌། རྒྱུ་གཟེར་དང་རྣམ་པ་དྲུག ཁྱད་པར་སྣོད་སྤྱིར་གནས་པ་ལ་འཁྲུ་བ་དང༌། སྐྱུག་པ་དང་རྣམ་པ་གཉིས་ཏེ་སྤྱི་རུ་བསྡོམས་པས་ལུས་ཀྱི་ནང་ལ་གནས་པའི་ནད་རིགས་བཅུ་དགུའོ། །གསུམ་པ་སྨད་ཀྱི་ནད་བཤད་པ་ནི། སྨད་ནད་ཅེས་པ་ནས་རྣམ་པ་ལྔ་ཞེས་པའི་བར་གྱིས་བསྟན་ཏེ། ལུས་ཀྱི་སྨད་ཀྱི་ཆ་ལ་གནས་པའི་ནད་ལ་གཞང་འབྲུམ་དང༌། མཚན་བར་རྡོལ་བ་དང༌། རྟུག་འགགས་དང༌། གཅིན་འགགས་དང༌། གཅིན་སྙི་བ་སྟེ་རྣམ་པ་ལྔའོ།།

བཞི་པ་ཕྱིའི་ནད་ནི། ཕྱིར་གནས་ཞེས་པ་ནས་ཐམ་པའོ་ཞེས་པའི་བར་གྱིས་བསྟན་ཏེ། ལུས་ཀྱི་ཕྱི་ལ་གནས་པའི་ནད་ལ་པགས་པ་དང་ཤ་དང་རྩ་དང་རུས་པ་སྟེ་རྣམ་པ་བཞིའི་སྒོ་ནས་དབྱེ་དགོས་པ་ལས། དང་པོ་པགས་པའི་ནད་ལ་ཤ་བཀྲ་དང་བས་ལྡགས་དང་གཡན་པ་དང་གླང་ཤུ་དང་ཟ་ཀོང་དང་ཤུ་བ་དང་རེག་པའི་དུག་དང་མཛེར་པ་དང་ངོ་ཁབ་དང་ནད་གཞན་པགས་པ་ལ་གྲམ་པ་དང་རྣམ་པ་བཅུ་རུ་བཤད་ཅིང༌། གཉིས་པ་ཤའི་ནད་ལ་ལྦ་བ་དང་རྨེན་བུ་གཉིས་ནད་གཞན་ཤ་ལ་རྒྱས་པ་དང་རྣམ་པ་གསུམ་ཡིན་ལ། གསུམ་པ་རྩའི་ནད་ལ་རྩ་དཀར་དང་རྩ་ནག་གཉིས་ནད་གཞན་རྩ་རུ་རྒྱུག་པ་དང་རྣམ་པ་གསུམ། བཞི་པ་རུས་པའི་ནད་ལ་དྲེག་དང་རྐང་འབམ་དང༌། ནད་གཞན་རུས་ལ་ཞེན་པ་དང་རྣམ་པ་གསུམ་དང༌། ཤ་རུས་རྩ་པགས་ཀུན་ལ་གནས་པ་གྲུམ་བུའི་ནད་དང་སྤྱི་རུ་བསྡོམས་པས་ལུས་ཕྱིའི་ནད་ཉི་ཤུ་ཐམ་པའོ། །ལྔ་པ་ཀུན་ཁྱབ་ཀྱི་ནད་བཤད་པ་ནི། ཕྱི་ནང་ཞེས་པ་ནས་དབྱེ་བར་འདོད་ཅེས་པའི་བར་གྱིས་བསྟན་ཏེ། ལུས་ཀྱི་སྟོད་སྨད་ཕྱི་ནང་ཀུན་ལ་ཁྱབ་པའི་ནད་རིགས་ལ་དབྱེ་ན། མཁྲིས་པའི་ནད་དང་བད་ཀན་སྨུག་པོ་དང་དམུ་ཆུ་དང་འོར་དང་སྐྱ་རྦབ་དང་གཅོང་ཆེན་ཟད་བྱེད་དང༌། མ་སྨིན་པ་དང༌། རྒྱས་པ་དང༌། སྟོངས་པ་དང༌། གབ་པ་དང༌། རྙིངས་པ་དང༌། རྙོགས་པ་དང༌། ཚ་བ་སྟེ་དྲུག་དང༌། འགྲམས་པ་དང་འཁྲུགས་པ་དང་རིམས་ནད་དང་འབྲུམ་བུ་དང་ལྷོག་པ་དང་སྦྱར་དུག་དང་རླུང་གི་རྫི་དུག་དང་ཉི་ཟེར་གྱི་དུག་དང་རླངས་དུག་དང་ཤ་དུག་དང་མི་འཕྲོད་པའི་དུག་དང་བཙན་དུག་དང་ཁྱི་དུག་དང་སྲིན་བུའི་དུག་དང་སྦྲུལ་གྱི་དུག་དང༌། འབྱུང་པོའི་གདོན་དང་གཟའི་གདོན་དང་གཟའི་གདོན་དང་མཛེ་དང་འབྲས་དང་མེ་དབལ་དང་སྲིན་དང༌། མགོ་བོའི་རྨ་དང་བྱང་ཁོག་གི་རྨ་དང་ཡན་ལག་གི་རྨ་དང་སྐེའི་རྨ་སྟེ་སྤྱི་རུ་བསྡོམས་པས་ཕྱི་ནང་ཀུན་ཁྱབ་ཀྱི་ནད་སུམ་ཅུ་རྩ་བདུན་ཏེ་ཡོངས་སུ་དྲིལ་བས་བརྒྱ་དང་རྩ་གཅིག་འབྱུང་བ་འདི་ནི་གནས་ཀྱི་སྒོ་ནས་དབྱེ་བར་འདོད་པ་ཡིན་ནོ། །བཞི་པ་རིགས་ཀྱི་སྒོ་ནས་དབྱེ་བ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། དང་པོ་ནི། རིགས་ཀྱི་ཞེས་པ་ནས་ནད་རིགས་བཞི་ཞེས་པའི་བར་གྱིས་བསྟན་ཏེ། ནད་ལ་རིགས་ཀྱི་སྒོ་ནས་དབྱེ་ན་ཁོང་ནད་དང་རྨ་དང་ཚད་པ་དང་ཐོར་བུ་སྟེ་ནད་རིགས་མི་འདྲ་བ་བཞིའི་སྒོ་ནས་དབྱེ་བར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། ཁོང་ནད། རྨ། ཚད་པ། ཐོར་བུའི་ནད་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ལ་གཉིས་ཏེ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དང་པོ་ཞེས་པ་ནས་གཅོང་ནད་གཉིས་ཞེས་པའི་བར་གྱིས་བསྟན་ཏེ། ནད་ལ་རིགས་ཀྱི་དབྱེ་བ་ནི་མི་འདྲ་བ་བཞིའི་སྒོ་ནས་སྟོན་པའི་དང་པོ་ཁོང་ནད་ཀྱི་སྒོ་ནས་དབྱེ་བ་ལ་མ་ཞུ་བ་གཅོང་གི་རྒྱུ་དང༌། འབྲས་བུ་གཅོང་ནད་དངོས་གཉིས་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ཏེ། གཅོང་གི་རྒྱུ་དང༌། འབྲས་བུ་གཅོང་ནད་བཤད་པའོ། །དང་པོ་ནི། མ་ཞུ་ཞེས་སོགས་རྐང་པ་གཅིག་སྟེ། གཅོང་ནད་ཀུན་གྱི་རྒྱུ་མ་ཞུ་བ་ལ་དབྱེ་ན། མ་ཞུ་རང་གི་ངོ་བོ་དང༌། རིགས་དང༌། གྲོགས་དང༌། དུས་ཀྱི་སྒོ་ནས་མི་འདྲ་བ་བཞིའོ།།

གཉིས་པ་འབྲས་བུ་གཅོང་ནད་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། འབྲས་བུ་ཞེས་སོགས་རྐང་པ་གཉིས་ཏེ། མ་ཞུ་བའི་འབྲས་བུ་གཅོང་གི་ནད་ལ་དབྱེ་བ་བྱས་ན་གཅོང་ནད་གསར་པ་དང༌། གཅོང་ནད་རྙིང་པ་ཞེས་བྱ་སྟེ་རྣམ་པ་གཉིས་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། གསར་པའི་གཅོང་ནད་དང༌། རྙིང་པའི་གཅོང་ནད་དོ། །དང་པོ་ལའང་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། གསར་པ་ཞེས་པ་ནས་རྣམ་པ་བཞི་ཞེས་པའི་བར་གྱིས་བསྟན་ཏེ། གཅོང་ནད་གསར་པ་ལ་དབྱེ་ན། བད་ཀན་སྐྱ་བོ་དང་སྨུག་པོ་དང་མཁྲིས་པའི་ནད་དང་དུག་གི་གཅོང་ཞེས་བྱ་བ་སྟེ་རྣམ་པ་བཞིའི་སྒོ་ནས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། བད་ཀན་སྐྱ་བོ། བད་ཀན་སྨུག་པོ། མཁྲིས་པ། དུག་གཅོང་བཤད་པའོ། དང་པོ་ནི། སྐྱ་བོ་ཞེས་པ་ནས་འཇུ་སྐེམ་དྲུག་ཅེས་པའི་བར་གྱིས་བསྟན་ཏེ། བད་ཀན་སྐྱ་བོའི་གཅོང་ལ་དབྱེ་ན། ལྷེན་དང༌། ལྕགས་དྲེག་དང༌། མེ་ཉམས་དང༌། མགུལ་འགགས་དང༌། གྲུམ་བུ་དཀར་པོ་དང༌། འཇུ་སྐེམ་སྟེ་རྣམ་པ་དྲུག་ཏུ་ཡོད་དོ། །གཉིས་པ་བད་ཀན་སྨུག་པོའི་གཅོང་ནི། སྨུག་པོ་ཞེས་པ་ནས་ལྷིང་ཆད་བཅུ་ཞེས་པའི་བར་གྱིས་བསྟན་ཏེ། བད་ཀན་སྨུག་པོའི་གཅོང་ལ་དབྱེ་ན། བྱེར་བ་དང་རྒྱས་པ་དང་རྡོལ་བ་དང་རལ་བ་དང་འགྱིང་བ་དང་འདྲིལ་བ་དང་གབ་པ་དང་འཐབ་པ་དང་འོར་དུ་ལྷུང་བ་དང་གྲ་ང་བ་ལྷིང་ཆད་པ་སྟེ་བཅུ་ཡོད་དོ། །གསུམ་པ་མཁྲིས་པའི་གཅོང་ནི།  མཁྲིས་པ་ཞེས་པ་རྐང་པ་གཅིག་སྟེ། མ་ཞུ་བས་བསྐྱེད་པའི་མཁྲིས་པའི་གཅོང་ལ་དབྱེ་ན། ཁ་ལུད་དང་རྩར་རྒྱུག་དང་གནས་གྱུར་གསུམ་དུ་ཡོད་དོ། །བཞི་པ་དུག་གི་གཅོང་ནི། དུག་གི་ཞེས་སོགས་རྐང་པ་གཅིག་སྟེ། མ་ཞུ་བའི་འབྲས་བུ་དུག་གི་གཅོང་ལ་དབྱེ་ན། ཚ་སྦྱོར་དང་གྲང་སྦྱོར་ལས་གྱུར་པ་རྣམ་པ་གཉིས་ཡིན་ནོ། །གཉིས་པ་རྙིང་པའི་གཅོང་ནད་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རྙིང་པ་ཞེས་པ་ནས་རྣམ་པ་ལྔ་ཞེས་པའི་བར་གྱིས་བསྟན་ཏེ། གཅོང་ནད་རྙིང་པ་ལ་དབྱེ་ན། སྐྲན་ནད་དང་དམུ་ཆུ་དང་འོར་དང་སྐྱ་རྦབ་དང་བཞི། དེའི་སྟེང་དུ་གཅོང་ཆེན་ཟད་བྱེད་ཅེས་བྱ་བའི་ནད་དང་རྣམ་པ་ལྔའི་སྒོ་ནས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ་སྟེ། སྐྲན། དམུ་ཆུ། འོར། སྐྱ་རྦབ། ཟད་བྱེད་བཤད་པའོ། །དང་པོ་ནི། སྐྲན་ལ་ཞེས་པ་ནས་བརྒྱད་དུ་བཤད་ཅེས་པའི་བར་གྱིས་བསྟན་ཏེ། གཅོང་ཆེན་སྐྲན་གྱི་ནད་ལ་དབྱེ་ན་ཁྲག་སྐྲན། མཁྲིས་སྐྲན། ལྷེན་སྐྲན། རྡོ་སྐྲན། རླུང་སྐྲན། སྲིན་སྐྲན། རྩ་སྐྲན། ཆུའི་སྐྲན་ངད་བརྒྱད་དུ་བཤད་པའོ།།

གཉིས་པ་དམུ་ཆུའི་གཅོང་ནི། དམུ་ཆུ་ཞེས་སོགས་རྐང་པ་གཅིག་སྟེ། དམུ་ཆུའི་གཅོང་ལ་དབྱེ་ན། བྱེར་ཆུ་དང་ཟགས་ཆུ་དང་འཁྱིམས་ཆུ་དང་རྡོལ་ཆུ་སྟེ་བཞིའོ། །གསུམ་པ་འོར་གྱི་གཅོང་ནི། འོར་ལ་ཞེས་སོགས་རྐང་པ་གཅིག་སྟེ། གཅོང་ཆེན་འོར་ཞེས་བྱ་བ་ལ་དབྱེ་ན་ཚ་བའི་འོར་དང་གྲང་བའི་འོར་ཞེས་བྱ་བ་གཉིས་སོ། །བཞི་པ་སྐྱ་རྦབ་ཀྱི་གཅོང་ནི། སྐྱ་རྦབ་ཅེས་སོགས་རྐང་པ་གཅིག་སྟེ། གཅོང་ཆེན་སྐྱ་རྦབ་ལ་དབྱེ་ན། གློ་བ་སྐྱ་རྦབ་དང་སྙིང་སྐྱ་རྦབ་དང་མཆིན་པ་སྐྱ་རྦབ་དང་མཆེར་བ་སྐྱ་རྦབ་དང་ཆུ་སེར་སྐྱ་རྦབ་སྟེ་ལྔ་ཡོད་དོ། །ལྔ་པ་གཅོང་ཆེན་ཟད་བྱེད་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། གཞུང་མ་དག་པ་རྣམས་སུ་སྣ་ཚོགས་པ་ཞིག་སྣང་ཞིང་ཁྱད་པར་སྐབས་འདིར་གཅོང་ཆེན་ཟད་བྱེད་ཀྱི་དབྱེ་བ་བཞི་བྱུང་བ་ཕལ་ཆེར་ན་ཆད་པ་མང་ཞིང༌། དེའི་དོན་གྱི་འབུམ་ནག་ཆེ་ཆུང་སོགས་འགྲེལ་པ་མང་པོ་ཞིག་ཏུ་ཡང་ཆད་དུ་བཅུག་པས་བརྒྱ་རྩའི་གྲངས་མ་འགྲིག་པས་ནོངས་ལ། ཆད་པར་ངོ་ཤེས་པ་དག་གིས་ཀྱང་གཞུང་གི་མདོར་བསྟན་གྱི་སྐབས་སུ་ཟད་བྱེད་བྱུང་བས་རྒྱས་བཤད་ཀྱི་སྐབས་སུ་ཡོང་རྒྱུ་ལ་ད་ལྟའི་གཞུང་ཕལ་ཆེར་ན་ཆད་འདུག་པ། ཟད་བྱེད་རླུང་མཁྲིས་དང་བད་ཀན་དང༌། །བླ་གཉན་དང་ནི་རྣམ་པ་ལྔ་རུ་བཤད། །ཅེས་པ་ཞིག་འབྱུང་རིགས་པས་གཅོང་ཆེན་ཟད་བྱེད་ལ་དབྱེ་ན། རླུང་དང་མཁྲིས་པ་དང་ཁྲག་དང་བད་ཀན་དང་བླ་གཉན་དང་ལྔའོ། །ཞེས་འཁྲུལ་པར་སྨྲས་པ་ཡིན་ནོ། །མན་ངག་རྒྱུད་ལས། དབྱེ་བ་རླུང་དང་མཁྲིས་པ་བད་ཀན་དང༌། །གཅོང་ཆེན་ནད་ཀྱི་བླ་གཉན་བདུན་དུ་བཤད། ཅེས་དང༌། གཅོང་ཆེན་གནོད་པ་མ་ཞུ་འཁྲུ་དང་སྐྱུག །ཆམ་པ་ལུད་པ་སྐད་འགགས་ཡི་ག་འཆུས། །དེ་དག་གཅོང་ཆེན་ནད་ཀྱི་བླ་གཉན་ཡིན། །ཞེས་ཉེས་པ་གསུམ་དང་བླ་གཉན་གྱི་དབྱེ་བས་བཞི། བླ་གཉན་ལ་ནང་ཚེགས་ཀྱི་དབྱེ་བ་བདུན་དུ་བཤད་པ་མ་གཏོགས། ཁྲག་གི་གཅོང་ཆེན་མ་བཤད་པའི་ཕྱིར། ཁྱོད་ལྟར་ན་ཁོང་ནད་ཀྱི་དབྱེ་བ་བཞི་བཅུ་རྩ་དགུར་འགྱུར་ཏེ། ཟད་བྱེད་ལ་ལྔར་དབྱེ་བའི་ཕྱིར། དེ་ལྟ་ན་བརྒྱ་རྩ་གཉིས་ཡིན་པ་སོགས་སྐྱོན་མང་དུ་འབབ་བོ། །གཞན་ཡང་ཁྱོད་རང་གི་སྡོམ་ཚིག་གི་སྐབས་སུ། ཁོང་ནད་ཀྱི་རྒྱུ་མ་ཞུ་བ་བཞི། བད་ཀན་སྐྱ་བོ་དྲུག སྨུག་པོ་བཅུ། མཁྲིས་པ་གསུམ། དུག་གཅོང་གཉིས། རྙིང་པ་སྤྱི་ལ་ལྔ། བྱེ་བྲག་ཏུ་སྐྲན་ལ་བརྒྱད། དམུ་ཆུ་ལ་གསུམ། འོར་ལ་གཉིས། སྐྱ་རྦབ་ལྔ་སྟེ་ཁོང་ནད་ཀྱི་སྤྱི་རུ་བསྡོམས་པས་བཞི་བཅུ་རྩ་བརྒྱད་དོ། །ཞེས་བཤད་པས་ཟད་བྱེད་ཀྱི་དབྱེ་བ་རྣམས་གར་སོང༌། དམུ་ཆུ་བྱེར་ཟགས་འཁྱིམས་ཆུ་རྡོལ་ཆུ་བཞི། ཞེས་པའི་རྡོལ་ཆུས་ཉེས་པ་ཅི་བྱས། གཅོང་ནད་རྙིང་པའི་སྤྱི་དང་བྱེ་བྲག་གཉིས་ཀ་འདྲེན་པ་འདི་རྩིབ་རྡོལ་གང་ཞེས་དྲིའོ། །དེས་ན་གཞུང་དག་པ་རྣམས་སུ། ཟད་བྱེད་རླུང་མཁྲིས་བད་ཀན་ལས་གྱུར་བླ་གཉན་བཞི། །ཞེས་འབྱུང་བ་ཁོ་ན་འཁྲུལ་མེད་ཡིན་ནོ། །གཉིས་པ་ཚིག་གི་དོན་ནི། ཟད་བྱེད་ཅེས་པ་ནས་རྩ་བརྒྱད་དོ་ཞེས་པའི་བར་གྱིས་བསྟན་ཏེ། གཅོང་ཆེན་པོ་ཟད་བྱེད་ལ་དབྱེ་ན། རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། གཅོང་ཆེན་གྱི་བླ་གཉན་ཏེ་རྣམ་པ་བཞིའོ། །དེ་ལྟར་ཁོང་ནད་ཀྱི་དབྱེ་བ་རྣམས་སྤྱི་རུ་བསྡོམས་པས་བཞི་བཅུ་རྩ་བརྒྱད་ཡོད་དོ། །གཉིས་པ་རྨའི་རིགས་ཀྱི་དབྱེ་བ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རྨ་ལ་ཞེས་སོགས་རྐང་བ་གཅིག་སྟེ། ལུས་ཀྱི་རྨ་ལ་དབྱེ་ན། ལྷན་ཅིག་སྐྱེས་པའི་རྨ་དང་ཕྱི་རྐྱེན་གློ་བུར་བའི་རྨ་རྣམ་པ་གཉིས་སོ།།

གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ལྷན་སྐྱེས་ཀྱི་རྨ་དང༌། གློ་བུར་བའི་རྨ་བཤད་པའོ། །དང་པོ་ནི། ལྷན་སྐྱེས་ཞེས་པ་ནས་མཚན་བར་རྡོལ་ཞེས་པའི་བར་གྱིས་བསྟན་ཏེ། རང་གི་ལུས་དང་ལྷན་ཅིག་ཏུ་སྐྱེས་པའི་རྨ་ལ་དབྱེ་ན། འབྲས་དང༌། རྨེན་བུ་དང༌། སུརྱ་དང༌། མེ་དབལ་དང༌། གཞང་འབྲུམ་དང༌། རྐང་འབམ་དང༌། མཚན་བར་རྡོལ་བ་སྟེ་རྣམ་པ་བདུན་ནོ། །གཉིས་པ་གློ་བུར་བའི་རྨ་བཤད་པ་ལ་གཉིས་ཏེ། །སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། གཞུང་ལས། གློ་བུར་རྨ་ལ་གནས་དང་རིགས་ཀྱིས་དབྱེ། །གནས་ནི་མགོ་སྐེ་བྱང་ཁོག་ཡན་ལག་ལ། །ཞེས་འབྱུང་བ་ལ། འགྲེལ་བྱེད་པ་སྔ་ཕྱིའི་ཀུན་གྱིས། ལྷན་སྐྱེས་འབྲས་རྨེན་སུརྱ་རྐང་འབམ་དང༌། །མེ་དབལ་གཞང་འབྲུམ་རླིག་རླུག་མཚན་བར་རྡོལ། །ཞེས་པས། ལྷན་སྐྱེས་ཀྱི་རྨ་བརྒྱད། གློ་བུར་གྱི་རྨ་ལ་གནས་ཀྱི་སྒོ་ནས་མགོ་དང་བྱང་ཁོག་ཡན་ལག་གསུམ། རིགས་ཀྱི་དབྱེ་བ་བརྒྱད་དེ་བསྡོམས་པས་བཅུ་དགུའོ། །ཞེས་དང༌། འོག་ཏུ། ཚད་པའི་སྐབས་སུ་འདིར་དུག་ཚད་སྨོས་པ་ནི་དུག་ཚད་ཀྱང་ཚད་པའི་ཁོངས་སུ་གཏོགས་ནས་ཞེས་སྨོས་པ་ཡིན་གྱི་གྲངས་ལ་བགྲང་བ་ནི་མ་ཡིན་ནོ། །ཞེས་ཟེར་བ་ནི་རྣམ་པར་འཁྱམས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དང་པོ་རླིག་རླུག་ནི་སྐབས་འདིར་བགྲང་བར་བྱ་བ་མ་ཡིན་ཏེ། རླིག་རླུག་ནི་གཞན་དང་ཐུན་མོང་མ་ཡིན་པ་སྐྱེས་པའི་ནད་ཡིན་པས་གོང་དུ་བཤད་ཟིན་ལ། འདིར་སྐྱེས་པ་བུད་མེད་སོགས་རྟེན་བཞི་ག་ལ་ཀུན་ཁྱབ་ཐུན་མོང་བའི་ནད་འཆད་པའི་སྐབས་ཡིན་པའི་ཕྱིར། གཉིས་པ་གློ་བུར་བའི་རྨ་ལ་གནས་ཀྱི་དབྱེ་བ་དེ་རྣམས་འདིར་བགྲང་བ་མི་འཐད་དེ། འདིར་ནད་ཐམས་ཅད་རིགས་ཀྱི་སྒོ་ནས་དབྱེ་བའི་སྐབས་ཡིན་པའི་ཕྱིར། འོ་ན་སྡོམ་ཚིག་གི་སྐབས་སུ། བརྒྱ་དང་རྩ་གཅིག་རིགས་ཀྱི་དབྱེ་བར་འདོད། ཅེས་པ་ལ་སོགས་པ་དོན་མེད་པར་ཐལ། སྐབས་འདིར་གནས་ཀྱི་སྒོ་ནས་དབྱེ་བ་བྱས་པ་ཡང་བགྲངས་པའི་ཕྱིར། གསུམ་པ་དུག་ཚད་མི་འདྲེན་པ་ཡང་མི་རིགས་ཏེ། བགྲང་བྱ་མ་ཡིན་ན་སྨོས་པ་ལ་དགོས་པ་མེད་པའི་ཕྱིར། སྐབས་སུ་བབ་པའི་དགུ་ཚད་ཀྱི་དབྱེ་བ། དུག་ལ་སྦྱར་དུག་གྱུར་པ་དངོས་དང་གསུམ། །ཞེས་མ་བགྲངས་པར་དོན་མེད་ཀྱི་མགོ་དང་བྱང་ཁོག་ཡན་ལག་གི་རྨ་རྣམས་ཅིའི་ཕྱིར་འདྲེན་པར་བྱེད། རླིག་རླུག་བགྲངས་པས་བརྒྱ་རྩ་གཉིས་སུ་ཐལ་ཞིང༌། གཞན་ཡང་གྲངས་འགྲིག་པ་ཙམ་གཙོ་བོར་བྱས་པས་ནོངས་སོ། །འོ་ན་གློ་བུར་གྱི་ནད་ལ་གནས་ཀྱི་དབྱེ་བ་ཞེས་འདིར་སྨོས་པས་ཅི་བྱ་སྙམ་ན། གནས་ནི་མགོ་སྐེ་བྱང་ཁོག་ཡན་ལག་ལ། །ཞེས་པ་བཤུས་བཅད་ལ་སོགས་པ་རྨའི་རིགས་རྣམས་གང་དུ་འབྱུང་བའི་གནས་ངེས་པར་བྱ་བའི་ཕྱིར་ཞར་ལ་སྨོས་པ་ཙམ་ཡིན་གྱི། སྐབས་འདིར་བགྲང་བར་བྱ་བ་ནི་མ་ཡིན་ཏེ། གོང་གི་སྐྱོན་རྣམས་འབྱུང་བའི་ཕྱིར་དང༌། །ཡན་ལག་ལ་ཞེས་པའི་ཚིག་ཟུར་གྱིས་ཀྱང་རྟོགས་པར་ནུས་པའི་ཕྱིར། གཉིས་པ་ཚིག་གི་དོན་ནི། གློ་བུར་ཞེས་པ་ནས་བཅུ་དྲུག་གོ་ཞེས་པའི་བར་གྱིས་བསྟན་ཏེ། ཕྱི་རྐྱེན་གློ་བུར་ལས་བྱུང་བའི་རྨ་ལ་གནས་དང་རིགས་ཀྱི་སྒོ་ནས་དབྱེ་ན། གནས་ནི་མགོ་དང་སྐེ་དང་བྱང་ཁོག་དང་ཡན་ལག་བཞི་པོ་གང་ཡང་རུང་བ་ལ་ངེས་པར་འབྱུང་བའི་རྨའི་རིགས་ཀྱི་དབྱེ་བ་ནི་བཤུས་པ་དང་བཅད་པ་དང་རྣམ་པར་བཅད་པ་དང་འཕྱང་བ་དང་ལྷུང་བ་དང་ཕུག་པ་དང་བཤགས་པ་དང་གྲུག་པ་སྟེ་རྣམ་པ་བརྒྱད་དང་བཅས་པ་སྤྱི་རུ་བསྡོམས་པས་རྨའི་དབྱེ་བ་སྐབས་སུ་བབས་པ་ནི་བཅུ་དྲུག་གོ།

གསུམ་པ་ཚ་བའི་རིགས་ཀྱི་དབྱེ་བ་ནི། ཚ་བ་ཞེས་པ་ནས་དངོས་དང་གསུམ་ཞེས་པའི་བར་གྱིས་བསྟན་ཏེ། ནད་ཀྱི་རྣམ་གྲངས་ཚ་བ་ཞེས་བྱ་བ་ལ་རིགས་ཀྱི་སྒོ་ནས་དབྱེ་བ་ན་མ་སྨིན་པ་དང་རྒྱས་པ་དང་སྟོངས་པ་དང་གབ་པ་དང་རྙིངས་པ་དང་རྙོགས་པ་སྟེ་དྲུག འགྲམས་དང་འཁྲུགས་པ་དང་རིམས་ནད་དང་དུག་ཚད་རྣམ་པ་བཞི་ལས། དང་པོ་འགྲམས་པ་ལ་ཕྱི་འགྲམས་དང་ནང་འགྲམས་ཞེས་བྱ་བ་རྣམ་པ་གཉིས། གཉིས་པ་འཁྲུགས་པ་ལ་རྒྱས་འཁྲུགས་དང་སྟོང་འཁྲུགས་འཇམ་འཁྲུགས་ཞེས་པ་གསུམ། གསུམ་པ་རིམས་ལ་བལ་ནད་དང་རྒྱུ་གཟེར་དང་འབྲུམ་པ་དང་གང་ལྷོག་དང་ཆམ་པའི་ནད་དང་རྣམ་པ་ལྔ། བཞི་པ་དུག་ཚད་ལ་སྦྱར་དུག་དང་གྱུར་པ་དང་དངོས་ཀྱི་དུག་དང་གསུམ་སྟེ་དྲིལ་བས་བཅུ་དགུའོ། །འདིར་འགའ་ཞིག་ན་རེ། རིམས་ཀྱི་ནད་དྲུག་ལ་སྡོམ་ཚིག་ཏུ་ལྔ་ཞེས་སྨོས་པ་གང་ཡིན་ཞེ་ན། གག་ལྷོག་གཉིས་ནི་བཅོས་ཚུལ་གྱི་དབང་གིས་གཅིག་ཏུ་བསྡུས་ཏེ། རྩ་རྒྱུད་དུ། ཚ་བ་སྤྱི་དང་གལ་མདོ་རི་ཐམ་མཚམས། །ཞེས་པ་ནས། གག་ལྷོག་ཆམ་པ་ལེའུ་བཅུ་དྲུག་གོ།  ཞེས་པའི་བར་དང༌། དེ་བཞིན་དུ་མན་ངག་རྒྱུད་དུ་ཡང་གག་ལྷོག་གཅིག་ཏུ་བསྡོམས་པའི་ཚད་པ་ལེའུ་བཅུ་དྲུག་གསུངས་ཀྱི་བཅུ་བདུན་དུ་མ་གསུངས་པ་ལྟར་རོ། །བཞི་པ་ཐོར་བུའི་ནད་བཤད་པ་ལ་གཉིས། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སྔ་ཕྱིའི་འགྲེལ་བྱེད་པ་ཀུན་གྱིས། པགས་པའི་ནད་དང་བཅས་པས་ཐོར་བུའི་ནད་བཅོས་བརྒྱད་དོ་ཞེས་ཟེར་བ་ལ། གོངདུ་རང་བཟོ་འགའ་ཞིག་བྱས་པའི་ཉེས་པས་འདིར་ཕྲན་བུའི་ནད་སྦས་པ་ཡིན་ཏེ། གཞན་དུ་ན་མན་ངག་རྒྱུད་དང་རྩ་རྒྱུད་གཉིས་ཀ་དོན་མཐུན་པར་ཕྲན་བུའི་ནད་དང་ལེའུ་བཅུ་དགུའོ། །ཞེས་དང༌། དེ་བཞིན་དུ། ཕྲན་བུའི་ནད་གསོ་ལེའུར་ཡང༌། །ཕྲན་བུའི་ནད་ཀྱི་གསོ་ཐབས་བསྟན་པ་ནི། །ཉ་ལོག་འཁྲུ་སྐྱུག་བྱུང་ན་མཐེབ་སྲིན་བསྲེག །ཅེས་གསུངས་པའི་ཕྱིར་ཕྲན་བུའི་ནད་བགྲང་དགོས་པ་ཁོ་ནའོ། །གཉིས་པ་ཚིག་གི་དོན་ནི། ཐོར་བུ་ཞེས་པ་ནས་དབྱེ་བར་འདོད་ཅེས་པའི་བར་གྱིས་བསྟན་ཏེ། ནད་རིགས་གཅིག་ཏུ་མ་ངེས་པ་ཐོར་བུའི་སྒོ་ནས་དབྱེ་ན་སྐད་འགགས་པ་དང་སྐྱིགས་བུ་དང་ཡི་ག་འཆུས་པ་དང་སྐོམ་དད་དང་དབུགས་མི་བདེ་བ་དང་གླང་ཐབས་དང་སརིན་ནད་དང་འཁྲུ་བ་དང་སྐྱུག་པ་དང་དྲི་མ་འགགས་པ་དང་གཅིན་འགགས་པ་དང་གཅིན་སྙི་བ་དང་ཚད་པས་འཁྲུ་བ་དང་དྲེག་དང་གྲུམ་བུ་དང་ཆུ་སེར་གྱི་ནད་དང་རྩ་དཀར་གྱི་ནད་དང་པགས་པའི་ནད་དང་ཕྲན་བུའི་ནད་དང་བཅས་པས་ཐོར་བུའི་ནད་བཅུ་དགུའོ། །དེ་ལྟར་ཡོངས་སུ་དྲིལ་བས་བརྒྱ་དང་རྩ་གཅིག་འབྱུང་བ་ནི་ནད་ཀྱི་རིགས་མ་ལུས་པ་ལས་དབྱེ་བ་ཡིན་པར་འདོད་དོ། །དེས་ན་ཉེས་པ་དང་གཙོ་བོ་དང་གནས་དང་རིགས་ཀྱི་སྒོ་ནས་དབྱེ་བའི་ནད་བཞི་བརྒྱ་རྩ་བཞི་སོ་སོར་བཤད་ཟིན་ནས། ལྔ་པ་མཇུག་བསྡུ་བ་ནི། དེ་ལྟར་ཞེས་པ་ནས་རྩ་བཞིར་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། བཤད་མ་ཐག་པ་དེ་ལྟར་ནད་ལ་ཉེས་པ་དང་གཙོ་བོ་དང་གནས་དང་རིགས་ཏེ་རྣམ་པ་བཞིའི་སྒོ་ནས་དབྱེ་བ་བཞི་བརྒྱ་རྩ་བཞིའི་ནད་ཀྱི་རྣམ་གྲངས་ཡོད་པ་སྟེ། དེ་ལ་ཡང་སྔོན་ལས་ཀྱི་གཞན་དབང་འབའ་ཞིག་ཏུ་གྱུར་པས་བཅོས་ཀྱང་འཆི་བའི་ནད་དང༌། མེད་བཞིན་དུ་ཀུན་ཏུ་རྟོག་པས་བརྟགས་པའི་གདོན་གྱི་ནད་རིམ་གྲོས་གྲོལ་བར་གྱུར་པ་དང༌། ཚེ་འདིའི་ཉེས་པ་ལས་ཡོངས་སུ་གྲུབ་པའི་ནད་སྨན་པས་མ་བཅོས་ན་འཆི་ལ་བཅོས་ན་འཚོ་བ་དང༌། དེ་གསུམ་གའི་མཚན་ཉིད་དང་མི་ལྡན་པའི་ནད་ལྟར་སྣང་བ་སྨན་དཔྱད་རིམ་གྲོས་མ་བཅོས་ཀྱང་རང་བཞིན་གྱིས་འཚོ་བ་དང་བཅས་པའི་རྣམ་པ་བཞི་ལས། གོང་གི་བཞི་བརྒྱ་རྩ་བཞིའི་ནང་ནས་བརྒྱ་རྩ་གང་ཡང་རུང་བ་གཅིག་ལ་གཞན་དབང་གི་ནད་སོགས་བཞི་པོ་སྦྱར་བས་བཞི་བརྒྱ་རྩ་བཞིར་འགྱུར་ཞིང༌། དེ་བཞིན་དུ་གཞན་རྣམས་ལའང་སྦྱར་བས་ནད་ཀྱི་རྣམ་གྲངས་སྟོང་དང༌། དྲུག་བརྒྱ། བཅུ་དྲུག་འབྱུང་བ་ཡིན་ནོ།།

གསུམ་པ་རྣམ་པའི་སྒོ་ནས་དབྱེ་བ་ལ་གཉིས་ཏེ། རྒྱས་པར་དབྱེ་བ་དང༌། དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སྔ་རབས་པ་རྣམས་ན་རེ། རླུང་ལྔ་མཁྲིས་པ་ལྔ་བད་ཀན་ལྔ་སྟེ་བཅོ་ལྔ༌། གནོད་བྱ་ལུས་ཟུངས་བདུན་དང་དྲི་མ་གསུམ་སྟེ་ཉི་ཤུ་རྩ་ལྔ་པོ་དེ་ལ་རྐྱང་བའི་ནད་ཉི་ཤུ་རྩ་ལྔ་འབྱུང༌། གཉིས་གཉིས་ལྡན་པར་སྦྱར་ན་ཉི་ཤུ་རྩ་ལྔ་པོ་དེ་ཀུན་ལ་སྦྱར། དེ་ནས་དང་པོ་ཕྲི་ལ་གཉིས་པ་དེ་ཀུན་ལ་སྦྱར། དེ་ལྟར་རོ་གཉིས་སུ་སྦྱར་བ་ལྟར་སྦྱར་བས་དུ་མ་ཞིག་ཏུ་འགྱུར། དེ་བཞིན་གསུམ་སྦྱོར་དང་བཞི་སྦྱོར་ལ་སོགས་ཏེ་རྩ་ལྔ་པོ་འདུས་པར་སྦྱར་བས་དཔག་ཏུ་མི་ལང་བ་ཞིག་ཏུ་འགྱུར་ཏེ། གྲངས་འདི་ཡོད་ཅེས་པའམ་མི་འདི་སྐད་བྱ་བ་ཡིན་ཞེས་པའི་ངེས་པ་མེད་པའོ། །ཞེས་ཟེར་ཡང༌། རྐྱང་བ་ལྡན་འདུས་དུ་མའི་ནད་འབྱུང་བས། །ཞེས་པ་དང་མ་འབྱོར་ཞིང༌། དངོས་བསྟན་ལ་གྲངས་ཀྱང་བརྒྱད་སྟོང་དང་བརྒྱ་ལྔ་བཅུ་ལས་མ་བྱུང་ཞིང༌། ཕྱི་རབས་འགའ་ཞིག་གིས། གནོད་བྱ་ཉི་ཤུ་རྩ་ལྔ་པོ་དཔེར་བརྗོད་ཙམ་དུ་གསུངས་པ་ཡིན་གྱི། དེ་དག་རྐྱང་བ་དང་ལྡན་པ་དང་འདུས་པའི་གྲངས་ཅི་ཙམ་ཡོད་པ་བརྩི་བར་ནུས་ན་ཡང༌། ནད་ཀྱི་དབྱེ་བ་མཐའ་དག་གི་ལྡན་འདུས་སོགས་སྦྱར་ན་གྲངས་དང་མིང་གི་ངེས་བསྟན་ཡོད་མ་ཡིན།  ཞེས་པའི་དོན་ཡིན་ཏེ། ཉེས་གསུམ་ལ་སོགས་པའི་ནད་རིགས་ཀུན་ལ་རྐྱང་བ་དང་ལྡན་འདུས་དང་འཔེལ་ཟད་སོགས་ཐམས་ཅད་ལ་སྦྱར་དུ་རུང་བས་ན་གྲངས་འདི་དང་མིང་གི་ངེས་པ་འདི་ཡིན་བསྟན་དུ་མེད་ཅེས་པའོ། །ཞེས་ཟེར་བ་ཡང་གཞུང་དོན་མ་ཡིན་ཏེ། ནད་ཀྱི་དབྱེ་ལུགས་གཞན་རྣམས་གོང་དུ་བརྗོད་ཟིན་པས་ན། སླར་ཡང་འདིར་དབྱེ་བར་འདོད་པ་དོན་མེད་པའི་ཕྱིར་རོ། །འདིར་ནད་ཀྱི་རྣམ་པ་ཁོ་ནའི་སྒོ་ནས་དབྱེ་དགོས་ཏེ། རྣམ་པའི་སྒོ་ནས་དཔག་ཏུ་མེད་པར་དབྱེ། །ཞེས་བཤད་པའི་ཕྱིར། གཞན་ཡང་སྐབས་འདིར་ནད་ཀྱི་གྲངས་ཅི་ཙམ་པ་བརྩི་བར་མི་ནུས་ཞེས་པའི་དོན་མ་ཡིན་ཏེ། གྲངས་མེད་གསུམ་དང་རི་རབ་ཀྱི་རྡུལ་ཕྲན་ཡང་བགྲང་བར་ནུས་ན་འདི་ལྟ་བུ་ལ་ཅི་སྨོས། གྲངས་དང་མིང་གི་ངེས་བསྟན་ཡོད་མ་ཡིན། །ཞེས་པ་གྲངས་ངེས་འདི་ཙམ་ཞེས་པ་དང༌། དེ་རེ་རེ་ལ་མིང་འདི་དང་འདི་ཞེས་བྱ་བའི་ངེས་པ་གསལ་པོར་བསྟན་དུ་མེད་དེ། བློ་དང་ལྡན་པས་དཔྱད་ན་རྣམ་གྲངས་དེ་སྙེད་པར་སྤྲོས་པས་ཆོག་ཅེས་པའི་དོན་ཡིན་ཏེ། ཟླ་ཟེར་ལས། ནད་གང་རྣམ་པར་འགྱུར་བ་ཐམས་ཅད་ཀྱི་མིང་རེ་ནས་བཟུང་བའི་ཚུལ་དུ་བསྡུས་ཏེ་བསྟན་མོད་ཀྱི། མིང་མེད་པའི་ནད་དག་ཀྱང་སྣང་བས་དེ་དག་ཀྱང་གསོ་བར་བྱ་སྟེ། གང་གི་ཕྱིར་ནད་གཞི་མེད་པར་ནད་ཀྱི་རྣམ་པ་ཡོད་མི་སྲིད་དོ། །དེ་བས་ན་འདིར་སྨྲས་པ་ནི། ནད་ལ་རྣམ་པར་མི་མཁས་ཞེས། །ངོ་ཚ་ནམ་ཡང་མ་བྱེད་ཅིག །ནད་ཀྱི་འགྱུར་བ་ཐམས་ཅད་ཀྱིས། །མིང་གི་ངེས་བསྟན་ཡོད་མ་ཡིན། །ཞེས་བྱ་བ་སྟེ། ནད་ལ་རྣམ་པར་མི་མཁས་པ་ནི་སྨན་པ་ནད་རྣམས་ཀྱི་མིང་མི་ཤེས་པ་སྟེ། དེས་ངོ་ཚ་བར་མི་བྱ་སྟེ། བདག་ནི་ནད་རྣམས་ཀྱི་མིང་མི་ཤེས་སོ། །ཞེས་བྱ་བ་ངོ་ཚ་བ་ཉིད་དུ་ནམ་ཡང་མ་བྱེད་ཅིག་ཅེས་པའོ། །ཅིའི་ཕྱིར་ཞེ་ན། ནད་ཀྱི་འགྱུར་བ་ཐམས་ཅད་དེ་ནད་མ་ལུས་པ་རྣམས་ཀྱི་མིང་གི་ངེས་པ་འདི་དང་འདི་ཡིན་ཞེས་བྱ་བ་བསྟན་པར་གནས་པ་ཡོད་པ་མ་ཡིན་ནོ། །ཉེས་པ་དེ་ཉིད་འཁྲུགས་ནས་ནི། །ཁྱད་པར་དག་ཏུ་ལྡང་གྱུར་པ། །གནས་གཞན་དག་ཏུ་སོང་ནས་ནི། །ནད་ནི་མང་པོ་བྱེད་པར་འགྱུར། །ཞེས་བྱ་བ་ལ། གང་གི་ཕྱིར་རླུང་ལ་སོགས་པའི་ཉེས་པ་གང་ཡང་རུང་བ་གཅིག་པུ་དེ་ཉིད་འཁྲུགས་ཤིང་རྣམ་པར་ལྡང་བའི་ཁྱད་པར་གྱི་གནས་གཞན་དང་གཞན་དུ་སོང་ཞིང་ཕྱིན་ནས་རང་གི་གནས་སྤངས་ཏེ་གཞན་གྱི་གནས་དེ་དང་དེར་སོང་བ་དང༌། ནད་ཀྱི་རྣམ་པར་འགྱུར་བ་མང་པོ་གྲངས་མེད་པ་བསྐྱེད་ཅིང་འབྱིན་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར་རོ།།

གཉིས་པ་ཚིག་གི་དོན་ནི། རྣམ་པའི་ཞེས་པ་ནས་ཡོད་མ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་ནད་ལ་ཉེས་པ་གཙོ་བོ་རིགས་གནས་བཞིའི་སྒོ་ནས་དབྱེ་བ་རྣམས་ལ་གྲངས་དང་མིང་སོ་སོའི་ངེས་པ་གསལ་པོར་རེ་རེ་ནས་བསྟན་པ་ཡིན་མོད་དུ་ཟིན་ཀྱང་ནད་ཀྱི་རྣམ་པའི་སྒོ་ནས་དབྱེ་ན་སྟོང་དང་དྲུག་བརྒྱ་སོགས་ལས་ཤིན་ཏུ་མང་བ་དཔག་ཏུ་མེད་པ་ལྟར་དབྱེར་མེད་དོ། །དེ་ཡང་ཉེས་པ་གནོད་བྱ་ཉི་ཤུ་རྩ་ལྔ་པོ་ལ་རྐྱང་བ་དང༌། ལྡན་འདུས་དང༌། བླ་གཉན་སོགས་རེ་རེ་ནས་སྦྱར་ཞིང་དབྱེ་ན་དུ་མ་ཞིག་གི་ནད་འབྱུང་བས་ན་གྲངས་སུ་བཅད་པ་འདི་ཙམ་ཞེས་པ་དང༌། དེ་རེ་རེ་བཞིན་དུ་མིང་གི་ངེས་པ་འདི་དང་འདི་ཞེས་བྱ་བ་སུས་ཀྱང་བསྟན་དུ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་ཡང་ཅུང་ཟད་ཙམ་དཔེར་མཚོན་པའི་རྣམ་པར་གཞག་པ་མ་ནུ་བཞི་ཐང་གི་དྲི་ཚིག་ཏུ་ཅུང་ཟད་བཀོད་པ་ཡོད་མོད་དུ་ཟིན་ཀྱང་ཅུང་ཟད་རྒྱས་པར་སྤྲོ་ན། ཉེས་པ་དང་གནོད་བྱའི་ནད་རྐྱང་བ་ཉི་ཤུ་རྩ་ལྔ་པོ་གསུམ་ནས་ཉེ་ལྔའི་བར་དུ་འདུས་པ་རྣམས་ལ་བདུན་སྟོང་དང་བརྒྱད་བརྒྱ། དེ་རེ་རེ་ལའང་འཕེལ་བ་རབ་འཕེལ་མཆོག་འཕེལ་གསུམ། ཟད་པ་རབ་ཟད་མཆོག་ཟད་གསུམ། འཁྲུགས་པ་རབ་འཁྲུགས་མཆོག་འཁྲུགས་གསུམ་སྟེ་དགུ་པོ་སྦྱར་བས་བདུན་ཁྲི་དང་ཉིས་བརྒྱ། དེ་ཡང་གསུམ་དུ་འདུས་པ་ལ་གཅིག་གསུམ་གཉིས་འཕེལ་གྱི་འཕེལ་བ་རབ་འཕེལ་མཆོག་འཕེལ་གསུམ། དེ་བཞིན་དུ་ཟད་པ་གསུམ། འཁྲུགས་པ་གསུམ་སྟེ་དགུ་དེ་ལས་ལོག་པ་གཉིས་ཟད་གཅིག་འཕེལ་གྱི་དགུ་སྟེ་བཅོ་བརྒྱད་པོ་སྦྱར་བས་ས་ཡ་གཅིག་དང་འབུམ་ཕྲག་གཉིས། དྲུག་ཁྲི་སུམ་སྟོང་དྲུག་བརྒྱ། གཅིག་ཟད་གཉིས་འཕེལ་གྱི་རིགས་པས་སྣ་བཞིར་འདུས་པ་ལའང་གཅིག་ཟད་གསུམ་འཕེལ་ལ་འཕེལ་ཟད་འཁྲུགས་པ་གསུམ་གསུམ་སྟེ་དགུ་ དེ་བཞིན་དུ་གཉིས་ཟད་གཅིག་འཕེལ་ལ་དགུ་ གསུམ་ཟད་གཅིག་འཕེལ་ལ་དགུ་སྟེ་ཉེར་བདུན། དེ་ལས་བཟློག་པ་ལ་ཉེར་བདུན་ཏེ་ལྔ་བཅུ་ང་བཞི་པོ་སྦྱར་བས་བྱེ་བ་དྲུག་དང༌། ས་ཡ་བརྒྱད། ཉིས་འབུམ། སུམ་ཁྲི། བཞི་སྟོང༌། ཉིས་བརྒྱ་འབྱུང༌། དེའི་སྟེང་དུ་གཉིས་ལྡན་གྱི་ནད་སུམ་བརྒྱ་ཉེར་ལྔ།  དེ་རེ་རེ་ལ་འཕེལ་བ་སོགས་དགུ་སྦྱར་བས་ཉིས་སྟོང་དགུ་བརྒྱ་ཉེར་ལྔ། དེ་ལའང་གཅིག་ཟད་གཅིག་འཕེལ་སོགས་དགུ་དང་བཟློག་པ་དགུ་སྟེ་བཅོ་བརྒྱད་སྦྱར་བས་ལྔ་ཁྲི་ཆིག་སྟོང་དྲུག་བརྒྱ་ལྔ་བཅུ་འབྱུང་བ་བསྣན་པས་བྱེ་བ་དྲུག་དང༌། ས་ཡ་བརྒྱད། འབུམ་ཕྲག་གཉིས། བརྒྱད་ཁྲི། བདུན་སྟོང༌། བདུན་ཅུ་དོན་ལྔ། དེ་ལའང་བླ་གཉན་ཞུགས་པ་དང་ལོག་པ་དང༌། འདོམས་པ་གསུམ་གསུམ་སྦྱར་བས་དུང་ཕྱུར་གཉིས་དང༌། ས་ཡ་བཞི། འབུམ་ཕྲག་བརྒྱད། དྲུག་ཁྲི་ཆིག་སྟོང༌། ཉིས་བརྒྱ་ཉེར་ལྔ། དེ་རེ་རེ་ཡང་ནད་ཀྱི་མཚན་ཉིད་ཉི་ཤུ་དང་ལྡན་པས་ན་ཐེར་འབུམ་བཞི་དང༌། བྱེ་བ་དགུ། ས་ཡ་བདུན་ཉིས་འབུམ། ཉིས་ཁྲི། བཞི་སྟོང༌། ལྔ་བརྒྱ་འབྱུང་ལ། གོང་གི་གཅིག་ཟད་གཉིས་འཕེལ་སོགས་ཀྱི་རིགས་པས་ནད་ལྔར་འདུས་པ་ལའང་གཅིག་ཟད་བཞིར་འཕེལ་དང༌། གཉིས་ཟད་གསུམ་འཕེལ། གསུམ་ཟད་གཉིས་འཕེལ། བཞི་ཟད་གཅིག་འཕེལ་དང༌། དེ་བཞིན་དུ་ཟད་པ་དང་འཁྲུགས་པ་ལའང་སྦྱར་ཞིང་གོ་བཟློག་དང་བཅས་པ་ཇི་ལྟ་བ་བཞིན་ཉི་ཤུ་རྩ་ལྔའི་བར་དུ་སོ་སོ་ལ་སྦྱར་ན་གྲངས་མེད་ཙམ་དུ་འགྱུར་བ་ཡང་ཡོད་དོ་ཞེས་བྱ་བའི་དོན་ཏོ། །གྲངས་མེད་ཅེས་བྱ་བ་དེ་ཡང་བགྲང་བའི་ཡུལ་ལས་རབ་ཏུ་འདས་པའི་གྲངས་མེད་ནི་མ་ཡིན་ཏེ། ཐུབ་པ་དགོངས་རྒྱན་དང་མངོན་པ་མཛོད་ཀྱི་རང་འགྲེལ་སོགས་ལས། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང༌། །ས་ཡ་བྱེ་བ་དུང་ཕྱུར་དང༌། །ཐེར་འབུམ་ཐེར་འབུམ་ཆེན་པོ་དང༌། །དེ་བཞིན་ཁྲག་ཁྲིག་ཁྲག་ཁྲིག་ཆེ། །རབ་བཀྲམ་གཏམས་པ་དཀྲིགས་པ་དང༌། །མི་འཁྲུགས་ཁྱད་འབྱིན་པང་སྟེང་དང༌། །དེད་འདྲེན་མཐའ་ནང་རྒྱུ་རིག་དང༌། །འོད་མཛེས་དབང་པོ་ལེགས་བྱིན་དང༌། །རྟོག་འགྲོ་འཇིང་རྡུལ་རྒྱ་རྟགས་དང༌། །སྟོབས་འཁོར་བརྡ་ཤེས་རྣམ་འབྱུང་དང༌། །སྟོབས་མིག་རྣམས་ལ་རང་རང་གི་ །རྗེས་སུ་ཆེན་པོ་རེ་རེ་དང༌། །བཅས་པའི་རྣམ་པ་གཉིས་གཉིས་ཏེ། །དེ་མཐའ་གྲངས་མེད་ཅེས་པ་ཡིན། །ཞེས་གསུངས་པའི་གྲངས་མེད་པ་ལ་འདོད་དོ།།

གཉིས་པ་དོན་བསྡུ་བ་ནི། འོན་ཀྱང་ཞེས་པ་ནས་གཉིས་སུ་འདུས་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་གྲངས་དང་མིང་གི་ངེས་བསྟན་ཡོད་པ་དང་མེད་པའི་ནད་ཀྱི་རྣམ་གྲངས་མང་དུ་དབྱེ་བ་བྱས་མོད། འོན་དུ་ཟིན་ཀྱང་དེ་དག་ཐམས་ཅད་གནོད་བྱེད་ཉེས་པ་རླུང་མཁྲིས་བད་གསུམ་ལས་ནད་གཞན་དུ་མི་འདའ་ཞིང༌། གནོད་བྱ་བཅུ་པོ་ལས་ནད་ཀྱི་གནས་ཀྱང་གཞན་དུ་མི་འདའ་སྟེ། དེ་འདྲ་བའི་གནོད་བྱ་དང་གནོད་བྱེད་ཀྱི་རྣམ་པ་མི་འདྲ་བ་ཀུན་བསྡུས་པ་ཡིན་ནོ། །དེ་ཡང་དཔེར་མཚོན་ན། །འདབ་ཆགས་ཀྱི་བྱ་རྣམས་ཀྱིས། རང་འདོད་པའི་གནས་དང་གནས་མ་ཡིན་པ་གང་དུ་འཕུར་བར་བྱས་ཀྱང་ནམ་མཁའི་མཐོངས་འབའ་ཞིག་ལས་གཞན་དུ་འཕུར་ས་མེད་པ་བཞིན་དུ། འདིར་ཡང་བད་ཀན་དང་རླུང་དུ་གཏོགས་པ་ཀུན་གྲང་ལ། ཁྲག་དང་མཁྲིས་པར་གཏོགས་པ་མཐའ་དག་ཚ་བ་ཡིན་པའི་ཕྱིར་གོང་དུ་གྲངས་སུ་དབྱེ་བ་དུ་མ་ཞིབ་ཏུ་ཕྱེ་ཞིང་རྒྱས་པར་བཤད་པ་དེ་དག་ཐམས་ཅད་ཀྱང་ཚ་གྲང་གཉིས་སུ་མ་འདུས་པ་སྤུ་རྩེ་ཙམ་ཡང་ཡོད་པ་མ་ཡིན་ནོ། །དེ་ཡང༌། རླུང་དང་བད་ཀན་གྲང་བ་ཆུ་ཡིན་ཏེ། །ཁྲག་དང་མཁྲིས་པ་ཚ་བ་མེ་རུ་འདོད། །སྲིན་དང་ཆུ་སེར་ཚ་གྲང་ཐུན་མོང་གནས། །ཞེས་དང༌། ཚ་གྲང་གཉིས་སུ་མའདུས་ནད་གཞན་མེད། །ཅེས་བྱ་བ་ལ་སོགས་པའི་ཚུལ་དང་མཐུན་ནོ། །གསུམ་པ་སོ་སོའི་དོན་ལ་གསུམ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སོ་སོའི་ཞེས་པ་ནས་གྱུར་པ་བཞི་ཞེས་པའི་བར་གྱིས་བསྟན་ཏེ། ནད་ཀྱི་རྣམ་གྲངས་བཞི་བརྒྱ་རྩ་བཞི་དང༌། སྟོང་དྲུག་བརྒྱ་སོགས་སུ་དབྱེ་བ་བྱས་པ་དེ་དག་སོ་སོའི་དོན་ལའང་རྒྱུ་དང་སྔར་གྱི་ཚུལ་དང༌། ཚུལ་ཕྱེད་པ་དང༌། དཀྱེལ་དུ་གྱུར་པ་ཞེས་བྱ་བ་བཞིའི་སྒོ་ནས་འཆད་པར་འགྱུར་རོ། །གཉིས་པ་རྒྱས་པར་བཤད་པ་ལྔ་སྟེ། སོ་སོའི་རྒྱུ། སྔར་གྱི་ཚུལ། ཚུལ་ཕྱེད་པ། དཀྱེལ་གྱུར། ཤེས་པར་བྱ་བའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། དང་པོ་ནི། ཁ་ཅིག་ན་རེ། བསྐྱེད་པའི་རྐྱེན་ཞེས་གཞུང་ཁ་ཅིག་ཏུ་འབྱུང་ཡང༌། གཞུང་དག་པ་རྣམས་སུ་བསྐྱེད་པའི་རྒྱུ་ཞེས་འབྱུང་བ་ལེགས་སོ་ཞེས་ཟེར་ཡང༌། འདིར་ནད་ཀྱི་དངོས་རྒྱུ་སྟོན་པ་མ་ཡིན་པས་མི་འཐད་ལ། རྐྱེན་བཞིའི་ནང་ནས་རྒྱུའི་རྐྱེན་དུས་གདོན་ཟས་སྤྱོད་མི་འཕྲོད་པར་བསྟེན་པ་ཉིད་ཡིན་པས་རྐྱེན་ཞེས་པ་དག་ཅིང་རིགས་པ་ཡིན་ནོ། །གཉིས་པ་ཚིག་གི་དོན་ནི། རྒྱུ་ནི་ཞེས་སོགས་རྐང་པ་གཅིག་སཏེ། ནད་ཀྱི་དབྱེ་བ་དེ་འདྲ་བ་འབྱུང་བའི་རྒྱུ་ནི་རེ་རེ་ནས་རང་རང་སོ་སོ་སྐྱེད་པར་བྱེད་པའི་རྒྱུའི་རྐྱེན་ཚ་བ་ལ་སོགས་པའི་དུས་གདོན་ཟས་སྤྱོད་ནད་དང་མི་མཐུན་པ་བསྟེན་པ་ཁོ་ན་ལས་བྱུང་བ་ཡིན་ཏེ། རྒྱས་པར་གོང་དུ་བཤད་པ་ལྟར་ཤེས་པར་བྱའོ། །གཉིས་པ་སྔར་གྱི་ཚུལ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། གང་གི་སྔར་བྱུང་ཚུལ་ཤེས་པ། །ནད་ནི་འབྱུང་བར་འདོད་འགྱུར་ལ། །བྱེ་བྲག་ཕྱེད་པར་མ་གྱུར་ན། །ནད་ཀྱི་ཚུལ་ནི་ཇི་བཞིན་པར། །ཆུང་ཕྱིར་མཚན་ཉིད་མི་གསལ་བའོ། །ཞེས་དང༌། རང་འགྲེལ་ལས། དེ་ལ་ནད་སྔར་བྱུང་བ་ཞེས་བྱ་བ་ནི། ནད་དམིགས་ཤིག་འབྱུང་བ་ནི་གྱུར་ནས་ནད་ཅི་ཡིན་པའི་བྱེ་བྲག་མ་ཕྱེད་པས་ནད་ཀྱི་ཚུལ་ཇི་ཡིན་པ་གསལ་བར་ཡང་མི་སྣང༌། ནད་ཀྱི་དཀྱེལ་ཡང་གང་རུང་དུ་མི་བྱེད་པ་དེ་ལྟ་བུ་ལ་ནད་སྔར་བྱུང་བ་ཞེས་བྱའོ། །ཞེས་དང༌། ཟླ་ཟེར་ལས། སྔར་བྱུང་བའི་ཚུལ་ལམ་རྟགས་གང་གིས་ནད་ཀྱི་མཚན་མ་སྔར་བྱུང་བའི་ཚུལ་ཤེས་ཤིང་རྟོགས་པར་གྱུར་པ་ནི་ནད་འབྱུང་ཞིང་ཕྱིས་ལྡང་བར་འགྱུར་ལ། རླུང་ལ་སོགས་པའི་ནད་ཀྱི་བྱེ་བྲག་ཕྱེད་ཅིང་གསལ་བར་མ་གྱུར་པ་ནི་རིགས་སོགས་པའི་ནད་ཀྱི་ཚུལ་ཇི་ལྟར་འབྱུང་བའི་མཚན་ཉིད་ཇི་ལྟ་བ་ཉིད་ཆུང་བས་དེའི་རྟགས་དང་མཚན་ཉིད་མི་གསལ་ཞིང་མངོན་དུ་མི་སྣང་བ་དེ་ནི་སྔར་བྱུང་བའི་ཚུལ་ཞེས་བྱའོ། །ཞེས་བཤད་པ་ལྟར་འདི་ཡང་རྟོགས་པར་བྱའོ།།

གཉིས་པ་ཚིག་གི་དོན་ནི། སྔར་ཚུལ་ཞེས་སོགས་རྐང་པ་གཅིག་སྟེ། ནད་ཀྱི་རྣམ་གྲངས་དེ་རྣམས་ཀྱི་སྔར་ཚུལ་ཞེས་བྱ་བ་ནི་ནད་པ་དེ་ཉིད་ནད་གང་ཡང་རུང་བས་ན་བ་ནི་མངོན་ཞིང་ཤེས་ལ། བྱེ་བྲག་ཏུ་འདི་ལྟ་བུ་ཞིག་གོ་སྙམ་དུ་མི་རྟགས་ཤིང་གསལ་པོ་མ་ཡིན་པ་གང་ཡིན་པ་དེ་རྣམས་སོ། །གསུམ་པ་ཚུལ་ཕྱེད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། དེ་ཉིད་གསལ་བ་ཉིད་འགྱུར་བ། །ཚུལ་ཕྱེད་པ་ཞེས་བྱ་བར་བཤད། །ཅེས་དང༌། རང་འགྲེལ་ལས། དེ་ལ་ནད་ཀྱི་ཚུལ་ཕྱེད་པ་ཞེས་བྱ་བ་ནི། ནད་ཀྱིས་ཐེབས་པའི་ནད་དང་ནད་དམིགས་ཀྱི་དངོས་པོ་ཅི་ཡིན་པ་གསལ་བར་ཤེས་པ་དེ་ནི་ནད་ཀྱི་ཚུལ་ཕྱེད་པ་ཞེས་བྱ་སྟེ་ནད་ཀྱི་དབྱིབས་ཚུལ་ཇི་འདྲ་བ་དང༌། ནད་དམིགས་ཀྱི་ནད་ཀྱི་བྱེ་བྲག་གསལ་བར་མངོན་པ་དང༌། ནད་ཀྱི་རྟགས་དང༌། ནད་ཀྱི་མཚན་ཉིད་དང༌། ནད་ཀྱི་མཚན་མ་ཇི་ཡིན་པ་བྱེ་བྲག་ཕྱེད་པར་ཤེས་པའོ། །ཞེས་དང༌། ཟླ་ཟེར་ལས། སྔར་བྱུང་བའི་ཚུལ་དེ་ཉིད་གསལ་ཞིང་བྱེ་བྲག་ཕྱེད་པར་གྱུར་པ་ལ་ནི་ནད་ཀྱི་ཚུལ་ཕྱེད་པ་ཞེས་བྱ་བར་བཤད་དོ། །ཞེས་བཤད་པ་ལྟར་ཤེས་པར་བྱའོ། །གཉིས་པ་ཚིག་གི་དོན་ནི། ནད་རྟགས་ཞེས་སོགས་རྐང་པ་གཅིག་སྟེ། རླུང་ལ་སོགས་པའི་ནད་ཀྱི་རྣམ་པ་གང་ཡང་རུང་བས་ན་བར་མངོན་པ་དེ་ཉིད་ལ་བློས་ཞིབ་ཏུ་བརྟགས་ཤིང་དཔྱད་པའི་ཚེ་ནད་ཀྱི་བྱེ་བྲག་རང་རང་གི་རྟགས་རྣམས་མ་འདྲེས་པ་གསལ་བར་གྱུར་པས་རྟོགས་པ་དེ་འདྲ་བ་ལ་ནི་ནད་ཀྱི་ཚུལ་ཕྱེད་པ་ཞེས་བྱ་བ་ཡིན་ནོ། །བཟི་པ་དཀྱེལ་གྱུར་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། དང་པོ་ནི། སློབ་དཔོན་གྱིས། གང་གི་ནད་ནི་དཀྱེལ་གྱུར་པས། །ཇི་བཞིན་རྗེས་སུ་འཕེལ་འགྱུར་ཞིང༌། །ནད་རྣམས་རྫོགས་ཤིང་མངོན་གྱུར་པ། །སྐྱེས་ཤིང་འོངས་པ་དཀྱེལ་གྱུར་ཡིན། །ཞེས་དང༌། རང་འགྲེལ་ལས། དེ་ལ་ནད་དཀྱེལ་དུ་གྱུར་པ་ཞེས་བྱ་བ་ནི་རླུང་ནད་དམ། མཁྲིས་པའམ། བད་ཀན་ལྟ་བུའི་ནད་ཀྱིས་ཐེབས་པ་དེ་ཆེར་སྐྱེས་པས་ན་མངོན་དུ་ན་བར་འགྱུར་ཏེ། བདག་ནི་ནད་འདི་ལྟ་བུ་ཞིག་གིས་ཐེབས་ཏེ་ན་ཞིང་འདུག་སྙམ་དུ་ཤེས་པ་ཡིན་ནོ། །ཞེས་དང༌། ཟླ་ཟེར་ལས། རྣམ་པ་གང་གིས་རླུང་ལ་སོགས་པའི་ནད་དཀྱེལ་དུ་གྱུར་ཞིང་གསོག་པ་དང་ཇི་ལྟ་བ་བཞིན་དུ་རྗེས་སུ་འཕེལ་ཞིང་ཤས་ཆེར་སྐྱེས་པར་གྱུར་པས་ན་ནད་ཀྱི་ཚུལ་ལམ་དབྱིབས་ཀྱི་ཁྱད་པར་སོ་སོར་སྐྱེས་ཤིང་ནད་རྣམས་རྫོགས་པར་གྱུར་ནས་མངོན་དུ་གྱུར་པ་དེ་ལ་ནི་དཀྱེལ་ཞེས་བྱའོ། །ཡང་དེ་ཉིད་ནི་སྐྱེས་ཤིང་འོངས་པ་ཞེས་ཀྱང་བྱ་སྟེ། དེ་ཉིད་མཐར་ཕྱིན་པ་ཡིན་པའི་ཕྱིར་རོ། །ཞེས་བཤད་པ་ལྟར་རོ། །གཉིས་པ་ཚིག་གི་དོན་ནི། རང་གནས་ཞེས་སོགས་རྐང་པ་གཅིག་སྟེ། ནད་ཀྱི་རྣམ་གྲངས་དཔག་ཏུ་མེད་པ་དེ་དག་ཐམས་ཅད་ཀྱང་རང་གི་གནས་སུ་ནུས་པ་དང་སྟོབས་མཐར་ཕྱིན་ཞིང་ཤུགས་ཡོངས་སུ་རྫོགས་པ་དེ་ལ་ནད་དཀྱེལ་དུ་གྱུར་པ་ཞེས་བྱ་བ་ཡིན་ནོ། །ལྔ་པ་ཚུལ་དེ་རྣམས་ཤེས་པར་བྱ་བ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། དེ་ནི་གྲངས་རྟགས་གཙོ་བོ་དང༌། །སྟོབས་དང་དུས་ཀྱིས་ཕྱེ་བ་ཡིན། །ཞེས་དང༌། རང་འགྲེལ་ལས། ནད་ཡོད་དོ་ཅོག་ཐམས་ཅད་ཀྱི་ཚུལ་ཤེས་པར་བྱ་བའི་ཐབས་རྣམ་པ་ལྔ་ཡོད་དེ། ནད་རེ་རེ་ལའང་རྣམ་གྲངས་དུ་ཡོད་པ་དང༌། ནད་དམིགས་གང་ཡིན་བརྟག་པ་དང༌། གཙོ་བོར་གྱུར་པའི་ནད་དང༌། ནད་ཕྱོགས་ཀྱི་མཐུ་ཆེ་བ་དང༌། དུས་ལས་ནད་དམིགས་ཤེས་པར་བྱ་བ་དང་ལྔའོ། །ཞེས་དང༌། ཟླ་ཟེར་ལས། དཀྱེལ་ཞེས་པ་དེ་ནི་གྲངས་ལ་སོགས་པའི་དབྱེ་བ་ལྔར་འགྱུར་བ་ཡིན་ནོ། །ཞེས་བཤད་པས་ན། དུས་ལས་ནད་དམིགས་ཤེས་པར་བྱ་བ་ཡང་སྐབས་འདིའི་མཇུག་ཏུ་ངེས་པར་ཤེས་པར་བྱའོ། །གཉིས་པ་ཚིག་གི་དོན་ནི། དེ་ལ་ཞེས་སོགས་རྐང་པ་གཅིག་སྟེ། རྒྱུ་དང་སྔར་ཚུལ་ལ་སོགས་པ་སོ་སོའི་དོན་ལའང་ནད་ཀྱི་རྣམ་གྲངས་དང་གང་ཡིན་བརྟག་པ་དང་གཙོ་བོར་གྱུར་པ་དང་སྟོབས་ཆེ་ཆུང་གི་དབྱེ་བའི་སྒོ་ནས་རྟོགས་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། རྣམ་གྲངས། བརྟག་པ། གཙོ་བོ། སྟོབས་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། དང་པོ་ནི། སློབ་དཔོན་གྱིས། གྲངས་ནི་འདི་ལྟར་འདི་གཉིས་ལས། །རིམ་གྱིས་བརྒྱད་དུ་བཤད་པ་ཡིན། །ཞེས་དང༌། འགྲེལ་པ་གཉིས་ཀ་མཐུན་པར། དབྱེ་བ་དེ་ཡང་ཇི་ལྟར་ནད་གཞི་མཐུན་པ་འདི་ཉིད་ལས་རིམ་པ་བརྒྱད་ཡོད་པར་བཤད་པ་ལྟ་བུ་ནི་རེ་ཞིག་གྲངས་ཀྱི་རྣམ་པ་བཤད་པ་ཡིན་ཏེ། ཡང་དེ་བཞིན་དུ་ཁྲག་དང༌། མཁྲིས་པ་ནི་རྣམ་པ་གསུམ་དང༌། ལུད་པ་ནི་རྣམ་པ་ལྔའོ། །ཞེས་བཤད་དོ། །གཉིས་པ་ཚིག་གི་དོན་ནི། རྣམ་གྲངས་ཞེས་སོགས་རྐང་པ་གཅིག་སྟེ། ནད་ཀྱི་རྣམ་གྲངས་ཞེས་བྱ་བ་ནི་ནད་ཀྱི་རིགས་མི་འདྲ་བ་མང་དུ་བཤད་པ་དེ་རྣམས་ཀྱི་ནད་ཚེགས་སུའང་དབྱེ་བ་ཕྲ་ཞིབ་ཏུ་ཕྱེད་པ་དེ་མ་འདྲེས་པར་སོ་སོར་དབྱེ་བ་འབྱེད་ཤེས་པ་དེའོ། །གཉིས་པ་བརྟག་པ་ལའང་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། ནད་རྣམས་སྤྱིར་ནི་བསྡུས་པ་ལས། །ཆ་ཤས་དབྱེ་བ་བརྟག་པ་ཡིན། །ཞེས་དང༌། རང་འགྲེལ་ལས། དེའང་ནད་དམིགས་གང་ཡིན་བརྟག་པ་ནི། རླུང་ནད་དང་མཁྲིས་པའི་ནད་དང་བད་ཀན་གྱི་ནད་རྣམས་ཅིག་ཅར་དུས་གཅིག་ཏུ་ན་ན་ནད་དེ་རླུང་གི་ཤས་སུ་གཏོགས་པ་ཡིན་ནམ་མཁྲིས་པའམ་བད་ཀན་གྱི་ཤས་གར་གཏོགས། ནད་འདི་གང་ཡིན་ཞེས་རྣམ་པར་རྟོགས་པར་བྱེད་པའོ། །ཞེས་བཤད་དོ། །གཉིས་པ་ཚིག་གི་དོན་ནི། བརྟག་པ་ཞེས་སོགས་རྐང་པ་གཅིག་སྟེ། ནད་རྟགས་ཞེས་བྱ་བ་ནི་ནད་ཀྱི་རྣམ་གྲངས་རྒྱས་པར་དབྱེ་བ་བྱས་པ་དེ་རྣམས་སོ་སོར་མ་འདྲེས་པ་ཕྲ་ཞིབ་ཕྱེད་པ་སྟེ། འདི་ནི་ནད་འདིའི་བྱེ་བྲག་འདི་ཞེས་བྱའོ་ཞེས་ངེས་པ་དེ་ཡིན་ནོ། །གསུམ་པ་གཙོ་བོ་ལའང་གཉིས་ཏེ། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། རང་དབང་གཞན་དབང་གཉིས་ལས་ནི། །ནད་རྣམས་གཙོ་བོར་བཤད་པ་ཡིན། །ཞེས་དང༌། དེ་ལ་གཙོ་བོར་གྱུར་པའི་ནད་ཅེས་བྱ་བ་ནི། རླུང་དང་མཁྲིས་པ་དང༌། བད་ཀན་གྱི་སར་རང་རང་གི་ནད་བྱུང་བ་ནི། ནད་རང་དབང་ཅན་ཞེས་བྱ་སྟེ། དེ་ནི་ནད་གཙོ་བོར་གྱུར་པ་ཞེས་བྱའོ། །བད་ཀན་གྱི་སར་རླུང་ནད་ལྟ་བུ་བྱུང་བ་ནི་རང་དབང་མེད་པ་གཙོ་བོར་མ་གྱུར་པ་ཡིན་ཏེ། གསོ་དཀའ་བ་ཞེས་བྱའོ། །ཞེས་པ་ཙམ་མ་གཏོགས། སྐབས་འདིར་ཟླ་ཟེར་ལས་ཀྱང་བླ་གཉན་མ་བཤད་དོ། །གཉིས་པ་ཚིག་གི་དོན་ནི། གཙོ་བོ་ཞེས་པ་ནས་བཅས་པའོ་ཞེས་པའི་བར་གྱིས་བསྟན་ཏེ། ནད་ཀྱི་གཙོ་བོ་ཞེས་བྱ་བ་ནི་རླུང་ལ་སོགས་པའི་ནད་རིགས་ཐམས་ཅད་ཀྱང་ཕན་ཚུན་གཉིས་ལ་སོགས་པ་མ་འདྲེས་ཤིང་རྐྱང་བར་གནས་པ་རང་རྒྱུད་ཅན་དང༌། ནད་སྣ་གཉིས་གསུམ་ཙམ་ཚོགས་པ་གཞན་རྒྱུད་ཅན་ཞེས་བྱ་བ་རྣམ་པ་གཉིས་ཡིན་ཞིང༌། དེ་ཡང་སྔ་མ་ལ་ནི་གཙོ་བོ་ཞེས་པ་དང༌། ཕྱི་མ་ལ་གཙོ་བོ་མ་ཡིན་པ་ཞེས་བྱ་བ་ལ། དེ་གཉིས་ཀྱི་སྔ་མ་ལ་སྔར་སྐྱེས་ཀྱི་ནད་དང༌། ཕྱི་མ་ལ་བླ་གཉན་དང་བཅས་པའི་ནད་ཅེས་ཀྱང་མིང་གི་རྣམ་གྲངས་ཡིན་ནོ།།

བཞི་པ་སྟོབས་ལའང་གཉིས་ཏེ། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། རྒྱུ་སོགས་མ་ལུས་ཕྱོགས་གཅིག་ལས། །སྟོབས་ནི་ཆེ་ཆུང་ཤེས་པར་བྱ། །ཞེས་དང༌། ཟླ་ཟེར་ལས། ནད་ཀྱི་རྒྱུ་ནི་ནད་གཞི་སྔར་བྱུང་བའི་ཚུལ་དང༌། ཚུལ་ཕྱེད་པ་དང༌། གོམས་པ་རྣམས་མ་ལུས་པའམ། ཕྱོགས་གཅིག་ལས་སྟོབས་ཆེ་ཆུང་གི་བྱེ་བྲག་ཏུ་འགྱུར་བ་ཤེས་པར་བྱ་སྟེ། ནད་གཞི་ལ་སོགས་པ་བཞི་པོ་དེ་དག་ལས་ནུས་པ་ཁྱད་པར་ཐ་དད་པར་འགྱུར་རོ། །ནད་རེ་རེ་བཞིན་བསྟན་བཅོས་རྩོམ་པར་བྱེད་པས་ནད་ཀྱི་རྒྱུར་བཤད་པ་གང་ཡིན་པ་དེ་རྣམས་ཐམས་ཅད་ནས་ཐམས་ཅད་དུ་མ་ལུས་པར་ནད་སྐྱེད་པར་བྱེད་པའི་ཡན་ལག་ཏུ་གྱུར་པ་ཡིན་ནམ། འོན་ཏེ་ཕྱོགས་གཅིག་གིས་ཀྱང་ནད་བསྐྱེད་པར་འགྱུར་རོ། །དེ་བཞིན་དུ་མཚན་ཉིད་ཀྱང་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་རྫོགས་པ་ཡིན་ནམ་མ་རྫོགས་པ་ཡིན་ཞེས་རྟོག་པ་དེའི་ཕྱིར་སྨྲས་པ་ནི། ཉིན་མཚན་དུས་དང་ཟས་ཟོས་ཆས། །ཉེས་པ་ཇི་བཞིན་ནད་ཀྱི་དུས། །ཞེས་བྱ་བ་ལ་ཉིན་མོ་དང༌། མཚན་མོ་དང༌། དུས་དང༌། ཟན་ཟོ་སཔ་ནི་ཉིན་མཚན་དུས་དང་ཟན་ཟོས་ཞེས་བྱ་སྟེ། ནད་རྣམས་ཀྱི་ཆ་ནི་ཆ་ཤས་ཏེ། དེས་ཉེས་པ་ཇི་ལྟར་འབྱུང་བ་ནི་ནད་ཀྱི་དུས་ཡིན་པ་ཤེས་པར་བྱ་སྟེ། དེ་ལྟར་ན་དུས་ཀྱི་ཁྱད་པར་གྱིས་དེ་ཕྱེ་བ་ཡིན་ནོ། །ཞེས་བཤད་པ་ལྟར་ཤེས་དགོས་སོ། །གཉིས་པ་ཚིག་གི་དོན་ནི། ནད་སྟོབས་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། ནད་ཀྱི་སྟོབས་ཞེས་བྱ་བ་ནི་སྐམ་ལ་སོགས་པའི་ཡུལ་དང༌། དཔྱིད་ལ་སོགས་པའི་དུས་དང༌། རླུང་ལ་སོགས་པའི་རང་བཞིན་དང༌། རྒན་པོ་ལ་སོགས་པའི་ན་ཚོད་དང༌། མཁྲིས་པ་ལ་སོགས་པའི་ནད་ཁམས་དང༌། ཕན་གནོད་དྲག་དལ་ལ་སོགས་པའི་ཟས་སྤྱོད་རྣམས་ཀྱི་དབང་གིས་ནད་སྟོབས་ཆེ་བ་དང༌། ཆུང་བ་རྣམ་པ་གཉིས་སུ་འགྱུར་རོ། །ཞེས་གསུངས་པ་ཡིན་ནོ། །ཚུལ་འདི་ཉིད་རྒྱས་པར་ངོས་བཟུང་རྟགས་ཀྱི་ལེའུར་བཤད་པར་བྱའོ། །འདིར་དོགས་པ་འདི་ལྟ་བུ་ཞིག་འཇུག་སྟེ། རྡོ་རྗེའི་ལུས་འདི་ཉིད་འབྱུང་བ་ཆེན་པོ་བཞི་ལས་གྲུབ་ཅིང༌། རླུང་ལ་སོགས་པའི་ནད་རྣམས་ཀྱང་འབྱུང་བ་བཞི་དང༌། དེའི་གཉེན་པོ་སྨན་རྣམས་ཀྱང་འབྱུང་བཞིའི་རང་བཞིན་ཅན་ཡིན་པའི་ཕྱིར། དེ་རྣམས་ཕན་ཚུན་གཅིག་ཏུ་ཚོགས་པའི་ཚེ་གཅིག་གྲོགས་གཅིག་གིས་བྱས་ནས་རི་རབ་ལ་སོགས་པ་རགས་པ་རྩོམ་པ་ལྟར་ཆེས་ཆེར་འཕེལ་བར་འགྱུར་ལ། ཡང་ན་གནོད་བྱ་དང་གནོད་བྱེད་དང་གཉེན་པོ་ཀུན་ལྟ་ཅི་སྨོས། འབྱུང་བཞི་ཙམ་པོ་ཡང་གཅིག་ཏུ་འཚོགས་པར་མི་འགྱུར་ཏེ། དཔེར་ན་མེ་དང་ཆུ་ཕྲད་པ་བཞིན་ཕན་ཚུན་སྟོབས་མཉམ་ན་ནི་གཉིས་ཀ་ནུས་མེད་དུ་འགྱུར་ཞིང༌། མི་མཉམ་ན་སྟོབས་ཆེ་བས་ཆུང་བ་ལྷག་མེད་དུ་འཇོམས་པའི་ཕྱིར། ལུས་ལ་ནད་འཇུག་པ་དང༌། དེ་ལ་གཉེན་པོ་བཏང་བས་ཕན་གནོད་དུ་གྱུར་པའི་རྒྱུ་མཚན་ཅི་ཡིན་སྙམ་པ་དག་འབྱུང་བར་དོགས་ནས། ཁ་ཆེ་ཟླ་བ་ལ་མངོན་པར་དགའ་བས། འདི་འདི་ལྟར་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནུས་པ་མི་མཐུན་པ་ཡོད་དུ་ཟིན་ཀྱང་སེམས་ཅན་གྱི་ནང་གི་མི་དགེ་བ་སོགས་པའི་དབང་གིས་གནོད་པ་བསྐྱེད་ཅིང་འདུས་པའི་ནད་བྱེད་ཀྱི། གཅིག་ལ་གཅིག་ཉེ་བར་ཞི་བར་ཅིའི་ཕྱིར་མི་བྱེད་ཅེས་བརྟག་པར་མི་བྱ་སྟེ་འདི་དག་གི་རང་བཞིན་ཉིད་ཡིན་པའི་ཕྱིར་དང༌། འབྱུང་བ་ཆེན་པོ་ལྟར་གཅིག་གིས་གཅིག་ཟིལ་གྱིས་གནོན་པ་ཡིན་ཡང་རྫས་དང་རོ་ལ་སོགས་པའི་བྱ་བ་ལྷན་ཅིག་རྩོམ་པ་དང་འདྲའོ། །དེ་བས་ན་འདི་དག་གི་རང་བཞིན་ནི་མི་འགྱུར་བ་ཉིད་ཡིན་ནོ། །ཞེས་བཤད་པ་ལྟར་རྟོགས་པར་བྱའོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ནད་ཀྱི་དབྱེ་བ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ་ཞེས་པ་སྟེ་གནས་གཉིས་པ་འཕེལ་འགྲིབ་ནད་ཀྱི་རྣམ་པར་གཞག་པ་ལྷག་མ་མ་ལུས་པ་བཤད་ཟིན་ཅིང༌། དེ་ནི་གསོ་བྱ་ཡུལ་གྱི་རྩ་བ་སྟེ་རྩ་བ་དང་པོ་ཡང་རྫོགས་པར་བསྟན་ཟིན་ཏོ།།

འདིར་ཡང་སྨྲས་པ། སྡེ་བཞིའི་འབྲས་བུ་བདེ་བླག་སྒྲུབ་པའི་གཞི། །རྡོ་རྗེའི་ལུས་ལ་རྣམ་པར་འཚེ་བའི་དགྲ། །ནད་ཅེས་བྱ་བ་དོན་ལ་མ་གྲུབ་ཀྱང༌། །འཁྲུལ་ངོར་ཤར་བ་ཆུ་ནང་ཟླ་བ་བཞིན། །དེ་ཡང་འབྱུང་བའི་ཚོགས་པ་ལས་བྱུང་ཞིང༌། །གནོད་བྱ་དག་ཀྱང་དེ་ལས་གྲུབ་མོད་ཀྱང༌། །ལས་ཀྱི་དབང་གིས་ཚོར་བ་ཉམས་མྱོང་བ། །དེ་ལ་ནད་ཅེས་བྱ་བར་ཡོངས་སུ་གྲགས། །དེ་ཡི་རྒྱུ་རྐྱེན་འཇུག་ཚུལ་ལ་སོགས་པ། །སྔོན་རབས་འཁྲུལ་བའི་དྲི་མས་མ་སྦགས་པར། །ཡིད་ཆེས་ཚད་མ་གསུམ་གྱིས་རབ་བརྒྱན་པ། །བཀོད་པ་འདི་ནི་དྲི་མེད་ལེགས་པའི་ལམ། །ལེགས་བཤད་བཙལ་བས་ལེགས་བཤད་རྙེད་པ་ལྟར། །མེས་པོའི་འབངས་ནི་མེས་པོ་མངོན་སུམ་དུ། །སྐལ་བཟང་རྣམས་ལ་སྐལ་བ་སྟེར་བའི་ཕྱིར། །མངོན་དགའི་ཞིང་ནས་མངོན་སུམ་འོངས་མིན་ནམ། །དྲི་མ་མེད་པའི་སྤོབས་པ་རབ་དགེ་ཞིང༌། །མང་དུ་ཐོས་པའི་དོན་རྣམས་མི་གཡེལ་ལ། །མངོན་པར་སྦྱོར་བའི་འཇུག་པ་ཐོགས་མེད་ཅན། །འཚོ་བྱེད་གྲུབ་པའི་བློ་གྲོས་མངོན་པར་བཀྲ། །ཞེས་བྱ་བ་ཡང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 4:41 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།