སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་བཅུ་གཉིས་པ། ནད་ཀྱི་དབྱེ་བ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་བཅུ་གཉིས་པ། ནད་ཀྱི་དབྱེ་བ་བསྟན་པ།

དེ་ནས་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་བསྩལ་པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །ནད་ཀྱི་དབྱེ་བ་རྒྱུ་ཡ་(ཡི་)དབྱེ་བ་དང་། །རྟེན་དང་རྣམ་པའི་སྒོ་ནས་དབྱེ་བ་གསུམ། །

དང་པོ་རྒྱུ་ཡི་སྒོ་ནས་དབྱེ་བ་ནི། །ཚེ་འདིར་ཉེས་དང་སྔོན་གྱི་ལས་ལས་བྱུང༌། །དེ་གཉིས་འདྲེས་པ་ལས་བྱུང་རྣམ་པ་གསུམ། །དང་པོ་རྒྱུ་རྐྱེན་འཛོམས་པ་ལས་འབྱུང་སྟེ། །ལས་སྐྱེས་རྒྱུ་མེད་པ་ལ་དཀྱེལ་ཆེའོ། །རྒྱུ་ཆུང་དཀྱེལ་ཆེ་ཉེས་པ་འདྲེས་པ་ཡིན། །དང་པོ་ཚེ་འདིའི་ཉེས་པ་རྣམ་གཉིས་ཏེ། །རང་བཞིན་གནས་པ་ཁོང་གི་ཉེས་པ་དང༌། །ཕྱི་རྐྱེན་ལས་བྱུང་གློ་བུར་ཉེས་པ་གཉིས། །དང་པོ་རླུང་མཁྲིས་བད་ཀན་གསུམ་ཡིན་ཏེ། །གཉིས་པ་དུག་མཚོན་གདོན་དང་རྣམ་པ་གསུམ། །

རྟེན་གྱི་སྒོ་ནས་དབྱེ་བ་སྐྱེས་པ་དང༌། །བུ་(བུད་)མེད་བྱིས་པ་རྒས་པའི་ནད་རིགས་བཞི། །ཀུན་ཁྱབ་ཐུན་མོངས་(མོང་)པ་དང་རྣམ་པ་ལྔ། །སྐྱེས་པའི་ནད་ལ་ཁུ་བ་ཟད་འཕེལ་གཉིས། །རླིག་ལུག་(རླུགས་)ཕོ་མཚན་བདུན་དགུ་བཅོ་བརྒྱད་བཤད། །བུད་མེད་(ནད་)ལ་ཚབ་(ཚབས་)བཅུ་མངལ་སྐྲན་དགུ། །མངལ་གྱི་སྲིན་བུ་ལོངས་འཁྲོ་(ལངས་ཁྲོས་)རྣམ་པ་གཉིས། །རྩ་ནད་བཅོ་ལྔ་སུམ་ཅུ་རྩ་དྲུག་གོ། །ཕལ་པ་བརྒྱ་(བརྒྱད་)དང་བཞི་བཅུ་རྩ་དྲུག་གཉིས་སོ། །བྱིས་པའི་ནད་ལ་ཕྲ་རགས་ཞིབ་ཚིགས་(ཚེགས་)བརྒྱད། །རྒས་ནད་འབྱུང་བའི་ལུས་སྟོབས་འགྲིབ་པ་ཡིན། །ཀུན་ཁྱབ་ཐུན་མོངས་(མོང་)ནད་ལ་ཉེས་པ་དང༌། །གཙོ་བོ་གནས་དང་རིགས་ཀྱི་དབྱེ་བའོ། །ཉིས་(ཉེས་)འི་དབྱེ་བ་རླུང་མཁྲིས་བད་ཀན་གསུམ། །རླུང་གི་ནད་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་རིགས་དང་གནས་ཀྱི་དབྱེ་བ་གཉིས། །རིགས་ཀྱི་དབྱེ་བ་རླུང་ནད་ཉི་ཤུ་སྟེ། །གནས་ཀྱི་དབྱེ་བ་འཇུག་སྒོ་རྣམ་པ་དྲུག །དབང་པོ་ལྔ་དང་མེ་ཏོག་ཤར་བ་བདུན། །བྱེ་བྲག་སྲོག་འཛིན་ལ་སོགས་རྣམ་པ་ལྔ། །བད་ཀན་མཁྲིས་པ་འདྲེས་པ་བཅུ་རུ་འདོད། །དབྱེ་བ་བཞི་བཅུ་རྩ་གཉིས་རླུང་གི་ནད། །མཁྲིས་པའི་དབྱེ་བ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་རིགས་དང་གནས་ཀྱི་དབྱེ་བ་གཉིས། །ནད་རིགས་དབྱེ་བ་ཐང་ལ་ལྷག་པ་དང༌། །གནས་འགྱུར་ཁ་ལུང་(ལུད་)རྩ་རྒྱུག་རྣམ་པ་བཞི། །གནས་ཀྱི་དབྱེ་བ་སྒོ་དྲུག་དབང་པོ་བདུན། །བྱེ་བྲག་འཇུ་བྱེད་ལས་(ལ་)སོགས་རྣམ་གྱུར་ལྔ། །རླུང་དང་བད་ཀན་འདྲེས་པ་བཅུ་རུ་འདོད། །དབྱེ་བ་ཉི་ཤུ་རྩ་དྲུག་མཁྲིས་པའི་ནད། །བད་ཀན་ནད་ལ་རང་རྒྱུད་གཞན་རྒྱུད་གཉིས། །རང་རྒྱུད་ཅན་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་རིགས་དང་གནས་ཀྱིས་དབྱེ་བ་གཉིས། །རིགས་ཀྱི་སྒོ་ནས་དབྱེ་ན་ལྷེན་སོགས་དྲུག །གནས་ཀྱིས་དབྱེ་ན་སྒོ་དྲུག་དབང་པོ་བདུན། །བྱེ་བྲག་རྟེན་བྱེད་ལས་(ལ་)སོགས་རྣམ་གྱུར་ལྔ། །རླུང་དང་མཁྲིས་པར་འདྲེས་པས་བཅུ་རུ་འདོད། །གཞན་རྒྱུད་ཅན་ལ་སེར་པོ་སྨུག་པོ་གཉིས། །སྨུག་པོ་བྱེར་རྒྱས་རྡོལ་དང་འགྱིངས་པ་བཞི། །དབྱེ་བ་སུམ་ཅུ་རྩ་གསུམ་བད་ཀན་ནད། །བརྒྱ་དང་རྩ་གཅིག་ཉེས་པའི་དབྱེ་བར་འདོད། །གཙོ་བོས་དབྱེ་ན་རང་རྒྱུད་གཞན་རྒྱུད་ཅན། །རང་རྒྱུད་ཅན་ནི་རྐྱང་པ་རང་རྟགས་སྟོན། །འཕེལ་བ་རབ་འཕེལ་མཆོག་ཕེལ་(འཕེལ་)ཟད་པར་སྦྱར། །གཞན་རྒྱུད་ཅན་ལ་ལྡན་འདུས་བླ་གཉན་གསུམ། །ལྡན་པ་མཉམ་གསུམ་ཅིག་རབ་ལྷག་པ་དྲུག །འདུས་པ་མཚུངས་ཅིག་རབ་འབྲིང་གསུམ་སྦྱར་དྲུག །གཉིས་གཅིག་ལྷག་པ་ལ་དྲུག་གོ་ལོག་ཟད། །འཕེལ་ཟད་འདྲེས་ལ་མཉམ་འཕེལ་ཟད་སྦྱར་དྲུག །གཅིག་ཟད་གཉིས་འཕེལ་གོ་ལོག་བཅས་པ་དྲུག །འཕེལ་ཟད་དབྱེ་བ་བདུན་ཅུ་རྩ་བཞིའོ། །བླ་གཉན་ཅན་ནི་སྟེང་དུ་ནད་གང་ཞིག །འབྱུང་བ་དེ་ཡང་དབྱེ་བ་གསུམ་(སུམ་)འགྱུར་ཏེ། །ཞུགས་དང་ལོག་དང་(སྡོམ་)འདོམས་པ་ཞེས་སུ་བཤད། །གཅིག་གི་གནས་སུ་(ནད་)གཞན་ཞུགས་པ་དང༌། །རང་མ་ཞི་བར་གཞན་དུ་ལོག་པ་དང༌། །ནད་སྣ་གཉིས་སུ་འཐབ་པས་དགུ་ཚན་གསུམ། །བརྒྱ་དང་རྩ་གཅིག་གཙོ་བོའི་དབྱེ་བར་འདོད། །གནས་ཀྱི་སྒོ་ནས་དབྱེ་ལུས་སེམས་གཉིས། །སེམས་ལ་གནས་པ་སྨྱོ་བྱེད་བརྗེད་བྱེད་གཉིས། །ལུས་ལ་གནས་པ་སྟོད་སྨད་ཕྱི་ནང་བཞི། །ཕྱི་ནང་ཀུན་ཁྱབ་ནད་དང་རྣམ་པ་ལྔ། །ལུས་སྟོད་དབང་པོ་མགོ་ལ་གནས་པ་ནི། །མགོ་མིག་རྣ་བ་སྣ་དང་ཆུ་(མཆུ་)སོ་ལྕེ། །རྐན་དང་ལྦ་བ་གྲེ་བ་ནམ་ཚོང་ན། །གྲེ་བར་གནས་པ་ནད་དང་གག་པ་དང༌། །མགུལ་འགགས་ནད་དང་སྐས་(སྐད་)འགགས་རྣམ་པ་བཞི། །ནམ་ཚང་(ཚོང་)སྤྱིར་གནས་སྐོམ་དད་སྐྱིག་(སྐྱིགས་)བུ་དང༌། །དབུགས་མི་བདེ་དང་ཡིད་འཆུས་རྣམ་(ཆམ་)པ་ལྔ། །སྤྱི་རུ་སྡོམས་པས་དབྱེ་བ་བཅོ་བརྒྱད་བཤད། །དོན་སྣོད་ནང་ལ་གནས་པའི་ནད་བསྟན་པ། །སྙིང་དང་གློ་བ་མཆིན་མཚེར་མཁལ་མ་དང༌། །ཕོ་བ་མཁྲིས་པ་རྒྱུ་ལོང་ལྒང་པ་དང༌། །མངལ་དང་བསམ་སེམས་(སེའུ་)ནད་དང་བཅུ་གཅིག་གོ། དོན་སྣོད་སྤྱིར་གནས་མ་ཞུ་གླང་ཐབ་(ཐབས་)སྐྲན། །སུརྻ་ཚ་འཁྲུ་རྒྱུ་གཟེར་རྣམ་པ་དྲུག །སྣོད་སྤྱིར་གནས་པ་འཁྲུ་སྐྱུག་རྣམ་པ་གཉིས། །སྤྱི་རུ་སྡོམས་པས་དབྱེ་བ་བཅུ་དགུའོ། །སྨད་ནད་གཞང་འབྲུམ་མཚན་བར་རྡོལ་བ་དང༌། །རྟུག་འགགས་གཅིན་སྙི་གཅིན་འགགས་རྣམ་པ་ལྔ། །ཕྱིར་གནས་ལྤགས་(པགས་)པ་ཤ་དང་རྩ་རུས་བཞི། །ལྤགས་(པགས་)པའི་ནད་ལ་ཤ་ཁྲ་བལ་(བས་)ལྡག་དང༌། །གཡན་པ་གླང་ཤུ་ཟ་ཀོང་(རྐོང་)ཤུ་བ་དང༌། །རེག་པའི་དུག་དང་མཛེར་པ་ངོ་ཁབ་དང༌། །ནད་གཞན་ལྤགས་(པགས་)ལ་གྲམ་དང་བཅུ་རུ་བཤད། །ཤ་ཡི་ནད་ལ་ལྦ་བ་རྨེན་བུ་གཉིས། །ནད་གཞན་ཤ་ལ་རྒྱས་དང་རྣམ་པ་གསུམ། །རྩ་ཡི་ནད་ལ་རྩ་དཀར་རྩ་ནག་གཉིས། །ནད་གཞན་རྩ་རུ་རྒྱུག་དང་རྣམ་པ་གསུམ། །རུས་པའི་ནད་ལ་དྲེག་དང་རྐང་བམ་གཉིས། །ནད་གཞན་རྩ་རུ་རྒྱུགས་དང་རྣམ་པ་གསུམ། །ཤ་རུས་ཀུན་ལ་གནས་པ་གྲུམ་བུའི་ནད། །སྤྱི་རུ་སྡོམ་པས་ཉི་ཤུ་ཐམ་པའོ། །ཕྱི་ནང་ཀུན་་ཁྱབ་པའི་ནད་རིགས་ལ། །མཁྲིས་པ་སྨུག་པོ་སྐྱ་སྦབ་(རྦབ་)དམུ་འོར་གཅོང༌། །ཚ་བ་སྡེ་དྲུག་འགྲམས་འཁྲུགས་རིམ་(རིམས་)ནད་དང༌། །འབྲུམ་བུ་ལྷོག་པ་སྦྱར་དུག་རྫི་ཟེར་དུག །རླང་(རླངས་)དུག་ཤ་དུག་མི་འཕྲོད་པ་ཡི་དུག །བཙན་དུག་ཁྱི་དུག་སྲིན་བུ་སྦྲུལ་གྱི་དུག །འབྱུང་པོ་གཟའ་དང་མཛེ་འབྲས་མེ་དབལ་སྲིན། །མགོ་དང་བྱང་ཁོག་ཡན་ལག་སྐེ་ཡི་རྨ། །སྤྱི་རུ་སྡོམ་པས་སུམ་ཅུ་རྩ་བདུན་ཏེ། །བརྒྱ་དང་རྩ་གཅིག་གནས་ཀྱི་དབྱེ་བར་འདོད། །རིགས་ཀྱི་སྒོ་ནས་དབྱེ་ན་ཁོང་ནད་དང༌། །རྨ་དང་ཚད་པ་ཐོར་བུའི་ནད་རིགས་བཞི། །དང་པོ་ཁོང་ནད་སྒོ་ནས་དབྱེ་བ་ལ། །མ་ཞུ་རྒྱུ་དང་འབྲས་བུ་གཅོང་ནད་གཉིས། །མ་ཞུའི་ངོ་བོ་རིགས་གྲོགས་དུས་(ཀྱིས་)བཞི། །འབྲས་བུ་གཅོང་ནད་དབྱེ་བ་གསར་རྙིང་གཉིས། །གསར་པ་བད་ཀན་སྐྱ་བོ་སྨུག་པོ་དང༌། །མཁྲིས་པའི་ནད་དང་དུག་གཅོང་རྣམ་པ་བཞི། །སྐྱ་བོ་མེ་ཉམས་ལྷེན་དང་ལྕགས་དྲེག་དང༌། །མགུལ་འགགས་གྲུམ་བུ་དཀར་པོ་འཇུ་སྐེམས་དྲུག །སྨུག་པོ་བྱེར་རྒྱས་རྡོལ་རལ་འགྱིངས་དང་འདྲིལ། །གང་(གབ་)འཐབ་འོར་ལྡུང་(ལྷུང་)གྲང་བ་ལྷང་(ལྷིང་)ཆད་བཅུ། །མཁྲིས་པའི་གནས་གྱུར་ཁ་ལུད་རྩ་རྒྱུག་གསུམ། །དུག་པའི་གཅོང་ནད་ཚ་སྦྱོར་གྲང་སྦྱོར་གཉིས། །རྙིང་པ་སྐྲན་དང་དམུ་འོར་སྐྱ་སྦབ་(རྦབ་)དང་། །གཅོང་ཆེན་ཟ་བྱེད་ནད་སྣ་རྣམ་པ་ལྔ། །སྐྲན་དང་ཁྲག་མཁྲིས་ལྷེན་དང་རྡོ་ཡི་སྐྲན། །རླུང་སྲིན་རྩ་ཆུ་སྐྲན་དང་བརྒྱད་དུ་བཤད། །དམུ་ཆུ་བྱེར་ཟགས་འཁྱིལ་པའིཆུ་དང་གསུམ། །འོར་ལ་ཚེ་(ཚ་)བའི་འོར་དང་གྲངས་(གྲང་)འོར་གཉིས། །སྐྱ་སྦབ་(རྦབ་)གློ་སྙིང་མཆིན་མཚེར་ཆུ་སེར་ལྔ། །ལྕོང་(གཅོང་)ཆེན་ཟ་བྱེད་ནད་བྱིང་(ཀྱི་)རིགས་ལྔ་སྟེ། །ཁོང་ནད་སྤྱི་སྡོམས་བཞི་བཅུ་རྩ་བརྒྱད་དོ། །རྨ་ལ་ལྷན་ཅིག་སྐྱེས་དང་གློ་བུར་གཉིས། །ལྷན་སྐྱེས་རྨ་དང་རྨེན་བུ་སུརྻ་དང་། །མེ་དབལ་གཞང་འབྲུམ་རླིག་ལུག་(རླུགས་)མཚན་མར་(བར་)རྡོལ། །གློ་བུར་རྨ་ལ་གནས་དང་རིགས་ཀྱིས་དབྱེ། །གནས་ནས་(ལ་)མིག་(མགོ་)དང་བྱང་ཁོག་ཡན་ལག་སྐེ། །རྨ་རིགས་བཤུས་བཅད་རྣམ་པར་བཅད་པ་ལ༌། །འཕྱང་ལྷུང་ཕུག་བཤག་(གཤག་)གྲུག་པ་རྣམ་པ་བརྒྱད། །སྤྱི་རུ་སྡོམ་པས་དབྱེ་བ་བཅུ་དགུའོ། །ཚ་བ་མ་སྨིན་རྒྱས་སྡོངས་(སྟོངས་)གབ་རྙིང་(རྙིངས་)རྙོགས། །འགྲམས་འཁྲུག་(འཁྲུགས་)རིམ་(རིམས་)ནད་དུག་ཚད་རྣམས་(རྣམ་)པ་བཞི། །འགྲམས་ལ་ཕྱི་འགྲམས་ནང་འགྲམས་རྣམས་(རྣམ་)པ་གཉིས། །འཁྲུགས་ལ་རྒྱས་འཁྲུགས་སྟོང་(སྟོངས་)འཁྲུགས་འཇམ་འཁྲུགས་གསུམ། །རིམས་ལ་བལ་ནད་རྒྱུ་གཟེར་འབྲུམ་བུ་དང༌། །བག་(གག་)ལྷོག་ཆམ་པ་ལྔ་སྟེ་བཅུ་དྲུག་གོ། །ཐོར་བུ་སྐེད་(སྐད་)འགགས་སྐྱིགས་བུ་ཡི་ག་འཆུས། །སྐོམ་དད་དབུག་པའི་མེ་(དབུགས་མི་)བདེ་རྒྱུ་གཟེར་དང་གླང་ཐབས་སྲིན། །འཁྲུ་སྐྱུག་དྲི་མ་གཅིན་འགགས་གཅིན་སྙི་དང༌། །ཚད་འཁྲུ་དྲེག་གྲུམ་ཆུ་སེར་རྩ་དཀར་དང༌། །ལྤགས་(པགས་)པའི་ནད་དང་ཐོར་བུ་བཅོ་བརྒྱད་དོ། །བརྒྱ་དང་རྩ་གཅིག་རིགས་ཀྱི་དབྱེ་བར་འདོད། །དེ་ལྟར་ཉེས་པ་གཙོ་བོ་རིགས་གནས་བཞི། །དབྱེ་བ་བཞི་བརྒྱ་རྩ་བཞིའི་ནད་ཡོད་དེ། །དེ་ལ་གཞན་དབང་བཅོས་ཀྱང་འཆི་བ་དང༌། །ཀུན་བརྟགས་གདོན་ལ་རིམ་འགྲོས་(གྲོས་)གྲོལ་བ་དང༌། །ཡོངས་གྲུབ་མ་བཅོས་འཆི་ལ་བཅོས་ན་འཚོ། །ལྟར་སྣང་རང་བཞིན་མ་བཅོས་འཚོ་བ་བཞི། །གཅིག་ལ་བཞི་སྦྱར་བཞི་བརྒྱ་རྩ་བཞིར་འགྱུར། །རྣམས་(རྣམ་)པའི་སྒོ་ནས་དཔག་ཏུ་མེད་པར་དབྱེ། །ཉེས་པའི་གནོད་བྱ་ཉི་ཤུ་རྩ་ལྔ་ལ། །རྐྱང་དང་ལྡན་འདུས་དུ་མ་རིགས་འབྱུང་པས། །གྲངས་དང་མིང་གི་ངེས་བསྟན་ཡོད་མ་ཡིན། །འོན་ཀྱང་ཉེས་པ་གསུམ་ལས་ནད་མི་འདའ། །གནོད་བྱ་བཅུ་ལ་(ལས་)ན་བའི་གནས་མི་འདའ། །དཔེར་ན་འདབས་(འདབ་)ཆགས་བྱ་ནི་གར་འཕུར་ཡང༌། །ནམ་མཁའི་མཐོང་ལས་འཕུར་ས་མེད་པ་བཞིན། །བད་རླུང་གྲང་ལ་ཁྲག་མཁྲིས་ཚ་བས་ན། །དུ་མར་ཕྱེས་(ཕྱེ་)ཡང་ཚ་གྲང་གཉིས་སུ་འདུས། །སོ་སོའི་དོན་ལ་རྒྱུ་དང་སྔར་ཚུར་(ཚུལ་)དང༌། །ཚུལ་བྱེད་(ཕྱེད་)པ་དང་སྐྱེལ་(དཀྱེལ་)དུ་གྱུར་པ་བཞི། །རྒྱུ་ནི་རང་རང་བསྐྱེད་པའི་རྒྱུ་ཡིན་ཏེ། །སྔར་ཚུར་(ཚུལ་)ཞེས་བྱ་བྱེ་བྲག་གསལ་མིན་པ། །ནད་རྟགས་གསལ་བར་གྱུར་པ་ཚུལ་ཕྱེད་ཡིན། །རང་གནས་ལམ་ཞུགས་ཤུགས་རྫོགས་སྐྱེལ་(དཀྱེལ་)ཆེར་འགྱུར། །དེ་ལ་རྣམ་གྲངས་རྟགས་(བརྟག་)པ་གཙོ་བོ་སྟོབས། །རྣམ་གྲངས་ནད་རིགས་ནང་ཚོགས་(ཚེགས་)དབྱེ་བ་སྟེ། །བརྟག་པ་ནང་ཚོགས་(ཚེགས་)དེ་རྟགས་མ་འདྲེས་ཕྱེད་པ་ཡིན། །གཙོ་བོ་རང་རྒྱུད་ཅན་དང་གཞན་རྒྱུད་ཅན། །དེ་ལ་སྔར་སྐྱེས་བླ་གཉན་བཅས་པའོ། །ནད་སྟོབས་ཡུལ་དུས་རང་བཞིན་ན་ཚོད་དང༌། །ནད་ཁམས་ཟས་སྤྱོད་དབང་(གིས་)གཉིས་སུ་འགྱུར། །ཞེས་གསུངས་སོ།།

གསོ་བྱེད་དཔྱད་འབུམ་ཁྲ་བོ་ལས་ནད་ཀྱི་དབྱེ་བ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།




 

མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 11:31 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།