སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་གཅིག་པ། རིན་པོ་ཆེའི་སྦྱོར་བའི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023
ཕྱི་མ་རྒྱུད། >> ལེའུ་བཅུ་གཅིག་པ། རིན་པོ་ཆེའི་སྦྱོར་བའི་སྡེ་ཚན་བསྟན་པ།



ལེའུ་བཅུ་གཅིག་པ། རིན་པོ་ཆེའི་སྦྱོར་བའི་སྡེ་ཚན་བསྟན་པ། 

ཞི་བྱེད་བརྒྱད་པ་སྨན་ཆང་གི་སྦྱོར་བ་སྟེ་སྦས་པའི་སྡེ་ཚན་གསུམ་པོ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་ཏེ། ཞི་བྱེད་དགུ་པ་ཞི་བྱེད་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུ་རིན་པོ་ཆེའི་སྦྱོར་སྡེ་བཤད་པར་བྱ་དགོས་ཏེ། གང་གི་ཕྱིར་དུ་ཞེ་ན། སྔོན་དུ་བཤད་པའི་ཐང་དང༌། ཕྱེ་མ། རིལ་བུ། ལྡེ་གུ། སྨན་མར་སོགས་གང་ཡང་ཡང་ནས་ཡང་དུ་བསྟེན་པས་སྨན་འདྲེད་ཅིང་ནད་མ་ཐོན་ན་ཞི་བྱེད་ཀུན་གྱི་ལོག་གནོན་ཞེས་པ་ནི་ནུས་པའི་དབང་དུ་སོང་ན་གཉེན་པོ་གོང་མ་རྣམས་ལས་ཉིས་ལོག་གི་ནུས་པ་དང་ལྡན་པ་དང༌། བྱེད་ལས་ཀྱི་དབང་དུ་སོང་ན་ནད་དེ་ཚུར་མི་ལྡོག་པའི་ཁ་གནོན་ལྟ་བུའམ།

      གཞན་ཡང་རིན་པོ་ཆེའི་སྦྱོར་བའི་ཡོན་ཏན་ནི་ཁྲག་མཁྲིས་བད་རླུང་ལ་སོགས་པའི་བཞི་བརྒྱ་རྩ་བཞིའི་ནད་ཐམས་ཅད་དང༌། ལུས་ཀྱི་མགོ་བོ་དང༌། བྱང་ཁོག་ཡན་ལག་ལ་སོགས་པའི་རྨ་རྣམས་དང༌། གཅོང་སྡེ་དམུ་འོར་དང་མཛེ་འབྲས་གློ་བུར་བའི་གག་ལྷོག་གཉན་ནད་དང༌། ཀླུ་གཉན་དང་རྒྱལ་པོ་ལ་སོགས་པའི་འབྱུང་པོའི་གདོན་གྱི་རིགས་ཐམས་ཅད་ཀྱང་རིན་པོ་ཆེའི་སྦྱོར་བས་མི་སེལ་བ་གང་ཡང་མེད་ལ། ནད་གཞི་མེད་པའི་མི་རྣམས་ལ་ཡང་བཅུད་ལེན་གྱི་མཆོག་ཏུ་འགྱུར་བ་སོགས་ཡོན་ཏན་དུ་མ་དང་ལྡན་པའི་རིན་པོ་ཆེའི་སྦྱོར་བ་འདི་ལ་ཚ་སྦྱོར་དང་གྲང་སྦྱོར་རྣམ་པ་གཉིས་སུ་ཡོད་པ་དེ་ལ་ཡང་ནང་གསེས་སུ་ཕྱེ་ན་ཚ་སྦྱོར་གཅིག་དང༌། གྲང་སྦྱོར་ཆིག་ཐུབ་བཅུ་གཅིགཀུན་རྒྱུག་བརྒྱད་དེ་ཉི་ཤུ་དང༌། གོང་དུ་གསོ་བྱེད་སྟོང་དང་རྩ་གཉིས་ཀྱི་གྲས་སུ་མ་བགྲངས་པའི་སྐྱེ་རྒྱུན་གཅོད་པའི་སྦྱོར་བ་གཅིག་དང་ལོག་ནོན་དྲུག་བཅས་ཉེར་བདུན་ཡོད་པ་ལས།

          རིན་ཆེན་ཚ་སྦྱོར་མང་ཉུང་ཇི་ཙམ་སྦྱོར་བའི་དངུལ་ཆུ་དེ་དང་མཉམ་པའི་མུ་ཟི་དུལ་མས་བཤིག་སྟེ་ཕྱེ་མར་བྱས་ལ་གསེར་དངུལ་ཟངས་ལྕགས་བཞི་མཉམ་དུ་བསྲེས་པ་དང་གཉེན་པོ་ཐུན་མོང་དུ་མཛད་པ་ནི་བརྡ་སྟོན་ཙམ་ལས་གབ་སྦས་མཛད་པ་ཡིན་ལ། སོ་སོ་ལ་གཉེན་པོ་དང་བསྟེན་ལུགས་ལག་ལེན་མྱོང་གྲུབ་སློབ་དཔོན་མཁས་པའི་རྗེས་སུ་འབྲང་དགོས་པ་མཚོན་ཙམ་བྱེ་བྲག་ཏུ་འཆད་ན། གསེར་སྦྲང་གཤོག་ཙམ་བརྡུངས་ནས་ཚ་ཁུའི་གཡའ་འདོན། སྤྱིན་དང་སུག་པས་དྲི་མ་ཕྲལ་ལ། རང་ལས་སུམ་འགྱུར་གྱི་མུ་ཟི་སེར་པོ་དུལ་མ། རང་ལས་ཉིས་འགྱུར་གྱི་ཚ་ལ་རང་དང་ལྗིད་མཉམ་གྱི་ཏིལ་ནག་རྣམས་ཞིབ་པར་བཏགས་ལ་ཟར་མའི་མར་ཁུས་རིལ་བུར་དྲིལ་ཏེ་སྐམ། ཡང་ན་ཞ་ཉེ་ནག་པོ་སྦྲང་གཤོག་ཙམ་བརྡུངས་ལ་དེ་དང་བོངས་མཉམ་པའི་ལྡོང་རོས་ཀྱི་ཕྱེ་མ་རའི་འོ་མ་དང་སྦྱར་བའི་སྐྱོ་མས་ཞ་ཉེ་གཏུམས་ལ་དེ་ཀོང་བུར་དུད་པ་མ་ཤོར་བར་བསྲེགས་པའི་ཐལ་བ་ཞོ་གང༌། མུ་ཟི་སེར་པོ་ཞོ་གང་བཅས་ར་འོས་སྐྱོ་མར་སྦྱར་ནས་གསེར་སྲབ་མཐུག་སྦྲང་གཤོག་ཙམ་དུ་བརྡུངས་ལ་དུམ་བུར་གཏུབས་པ་དེ་གོང་ལྟར་གཡའ་བྲལ་བའི་ཕྱི་ནང་ལ་ཡང་ཡང་བྱུགས་ལ་སྐམ། དངུལ་དང་ཟངས་ནི་སྦྲང་གཤོག་ཙམ་བརྡུངས་ནས་ལན་ཚྭ་དང་སྟར་བུའི་ཁུ་བས་གཡའ་དང་ཕྲལ་ལ། རང་ལས་སུམ་འགྱུར་གྱི་མུ་ཟི་སེར་པོ་དུལ་མ་དང་ཚ་ལའི་འདག་པས་སྦྱར་ལ་སྐམ། ལྕགས་ནི་གསེར་བརྡར་གྱིས་བརྡར་བའི་ཕྱེ་མ་དང་རང་ལས་གསུམ་འགྱུར་གྱི་ཚལ་དང་མུ་ཟི་ཉིས་འགྱུར་གྱི་ཨ་རུ་ར་དེ་རྣམས་ཞིབ་པར་བཏགས་ལ་སིངས་པོས་སྦྱར་བའི་འདག་པ་བཅས་གསེར་དངུལ་ཟངས་ལྕགས་བཞི་པོ་དེ་ཞིག་དཀའ་བ་མེ་ཐུབ་ཀྱི་ས་ལ་ཀོང་བུ་བཟང་པོ་བྱས་ནས་སོ་བཏང་བའི་ནང་དུ་དང་པོ་གསེར། དེ་ནས་ལྕགས། དེ་ནས་དངུལ་དང་ཟངས་རྣམས་རིམ་པ་བཞིན་དུ་བླུགས་པའི་སྟེང་དུ་དངུལ་ཆུ་གྲང་འདུལ་བྱས་པ་བླུགས་ལ། དེའི་སྟེང་དུ་ཚ་ལ་དང་མུ་ཟི་བླུག་པར་བྱ་ཞེས་པ་གོང་དུ་བཤད་ཚར་བས་ན་རས་འཚངས་ཀྱིས་བགགདེའི་སྟེང་ངམ་ཁ་རུ་ལྕི་བ་སེར་ཀ་མ་ས་རྡོ་མ་འདྲེས་པ་ལེགས་པར་བསྲེགས་པའི་ཐལ་བ་འཇམ་པོ་དམ་པར་བསྡིག་པ་སྟེ་བརྫངས། དེ་སྟེང་ལ་རྫའི་འདག་པས་ཁ་བཅད་སོབ་འདག་གིས་བར་གྱི་ཁ་མཚམས་བཅད་ལ་བསྡམས། དུད་པ་ཕྱིར་མི་འཆོར་བར་བྱས་ལ། སོལ་མེའི་དབུས་སུ་སྦུད་པ་ཧ་ཅང་མི་དྲག་པར་དལ་བུས་དང་བསྲིངས་ནས་མུ་ཟིའི་དྲི་མ་དང་མེ་ལྕེ་སྔོ་སྐྱ་མ་སངས་བར་དུ་ཕྱོགས་ཁོལ་ཚེ་མ་ལུས་པར་ཚ་མུ་རེ་བསྲེགས་པ་ལས་འར་སྤུད་བྱས་ན་རིན་ཆེན་ཐིག་པོར་འགྲིལ་འགྲོ། ཚོས་ཐལ་དྲགས་ན་ནུས་པ་ཆུང་བས་ཚད་ལས་མ་འདས་པར་གཅེས་པས་དེས་ན་ཕྱིར་དབྱུང་གྲང་ཐག་ཆོད་པ་དང༌། ཁ་ཕྱེ་ལ་གལ་ཏེ་མ་ཚོས་པར་འདུག་ན་གོང་བཞིན་བསྐྱར་ལ་བསྲེག་ཅིང་ཚིག་འདུག་ན་རིན་ཆེན་ཐལ་བསྲེག་བྱེད་གཉེན་པོ་ཁོ་རང་ཚིག་པའི་དྲི་མ་དེ་དང་བྲལ་བའི་ཕྱིར་དུ་ཨ་རུ་ར། ལན་ཚྭ། སྟར་བུ་རྣམས་བཏབ་པའི་ཆུ་ལ་ཡུན་རིང་དུ་འཚོད་ཅིང༌། དེ་ལྟར་བྱས་རྗེས་ལྗིད་མེད་པའི་སོལ་ཁུ་ནག་པོ་དེ་ཕྱིར་ཕོ། དེ་ནས་ཆུ་གཙང་གིས་བཀྲུས་ནས་བསྐམས་ལ་སྣོད་བཟང་ཞིང་གཙང་བར་བཅངས་ལ་གྲོགས་ཀྱི་སྨན་དང་སྦྱོར་བའི་ཚུལ་ནི་དེ་ལྟར་བཤད་པའི་རིན་པོ་ཆེའི་ཐལ་བ་ཞོ་གང་ལ་དཔེར་མཚོན་ན། མུ་ཟི་སེར་པོ། གུ་གུལ་ནག་པོ། སོ་མ་ར་ཛ། ཤུ་དག་ནག་པོ། ཙི་ཏྲ་ཀཚ་བ་སྒ་པི་ཕོ་བ་རིས་གསུམ། རེ་སྐོན་པ། སེང་ལྡེང་ཁཎྜ། འགྲོན་བུ་བུ་མ་མེ་ལ་བསྲེགས་པའི་ཐལ་བ་རྣམས་ཆ་མཉམ་སྟེ་རྩི་བཞིན་ཞག་གསུམ་གྱི་བར་དུ་ཞིབ་པར་བཏགས་པའི་ཕྱེ་མ་ཞོ་དོ་དང་དངུལ་ཆུ་ཞོ་ཕྱེད། སྟར་བུ་ཞོ་གཅིག་གིས་རྡུལ་ཕྲན་ལྟར་བཤིག་པ་དང༌། ཨ་རུ་གསེར་མདོག་དགུ་ཆང་ཞིམ་པོ་ཕུལ་གང་ལ་ཞག་གཅིག་སྦངས་པའི་ཁུ་བའི་དྭངས་མ་དང༌། བ་དམར་ཟལ་གྱི་ཆུ་ཕུལ་གང་བསྲེས་པ་དེ་གཉིས་པོ་ཁཎྜ་བཅོས་ལ། གོང་གི་སྨན་ཕྱེ་མ་རྣམས་དང་སྦྱར་ཏེ་ཉི་མ་ལྔ་ཙམ་གྱི་བར་དུ་འདམ་བཏགས་ཞིབ་པར་བྱས་ལ་རིལ་བུ་སྲན་མ་འཕོས་པ་ཙམ་དུ་དྲིལ་ཏེ་ཐོ་རངས་ཀྱི་དུས་སུ་ལྔ་བདུན་དགུ་རྣམས་རིམ་པས་ཆ་བསྐྱེད་ལ་ཆང་གིས་འཕུལ་ལ་བཏང་བས། དྲེག་དང་གྲུམ་བུ་འབྲས་དང་སུརྱ་དང༌། མཛེ་རྩ་ནད་ཚ་སྐྲན་དམུ་འོར་གྲང་བ་སོགས་འཇོམས་ཤིང་རྣག་སྐེམས་པ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །

     རིན་ཆེན་གྲང་སྦྱོར་ལ་བསྟེན་ཐབས་དང་སྦྱོར་བ་དང་ལོག་གནོན་དང་གསུམ་དུ་ཡོད་པ་ལས། དེའི་དང་པོ་བསྟེན་ཐབས་དེ་ལ་ཡང་རྣམ་པ་དགུར་ཡོད་དེ། གཡའ་ཕྱི་བ། དུག་འདོན་པ། འཇམ་བཙལ་བ། སྣ་ཁྲིད་པ་དང༌། བཤིག་པ་དང༌། རྩ་ཁ་དབྱེ་བ་དང༌། སྣོད་བཏང་བ་དང༌། ཕྱི་བསྲུང་བ་དང༌། ནུས་པ་བསྐྱེད་པའོ། །དེ་ཡང་རྒྱས་པར་བཀྲོལ་ན་རིན་ཆེན་རིལ་བུ་གྲང་སྦྱོར་གྱི་རིམ་པ་ལ། ཐོག་མར་དངུལ་ཆུ་བཙོ་བཀྲུ་གལ་ཆེ་བ། དེ་ལ་དོན་ཚན་རྣམ་པ་དགུ་ཡོད་པའི་དང་པོ་གཡའ་ཕྱི་བ་ནི། སྒ་པི་པི་ལིང་ཕོ་བ་རིས་ཏེ་ཚ་བ་གསུམ་བཏགས་པའི་ཕྱེ་མ་དང་དངུལ་ཆུ་གཉིས་གླ་བའི་ཧེལ་གེའམ་ཁ་ཤའི་ཁུག་མའི་ནང་དུ་ལྷན་ཅིག་ཏུ་བླུག་ཅིང་ཁ་དམ་པར་བཅིངས་ལ་གཡའ་མ་ཐོན་གྱི་བར་མཉེ་ཞིང་སྲུབ། དེ་རྗེས་སུ་བ་ཆུ་རྐྱང་པ་ཡང་རུང་སྟེ་ལག་ལེན་དུ་མིའི་དྲི་ཆུ། ཚ་ལའི་ཆུ་དང་མཚུར་གྱི་ཆུ། ཤིང་ཏོག་སྐྱུར་པོའི་ཆུ་སྟེ་ཀྵ་ར་རྣམ་པ་ལྔས་བཀྲུ་ཞིང་བཏགས་ལ་གཡའ་ཁུ་འདོན་པ་དང༌། དུག་འདོན་པ་ནི་ཅོང་ཞི། བ་བླ། ལྡོང་རོས། ཁབ་ལེན། དངུལ་རྡོ། ལྷང་ཚེར། ནག་མཚུར་གྱི་རྡོ། ཕ་ཝང་ལོང་བུ་སྟེ་འཆིང་བྱེད་ཀྱི་ཁམས་བརྒྱད་དང༌། གསེར་དངུལ་ཟངས་ལྕགས་རག་འཁར་བ་གཤའ་དཀར་ཞ་ཉེ་ཟ་བྱེད་ཀྱི་ལྕགས་བརྒྱད་རྣམས་དྲི་ཆུ་དང་བསྲེས་པ་ལོ་ཟླ་བ་ཞག་ལ་སོགས་པ་ནམ་སྐམས་སྐམས་ཀྱི་བར་དུ་བཙོ་བའི་ཚད་ནི་བེར་ཀ་འཛིན་པ་ཞེས་དངུལ་ཆུ་དབྱེ་བ་དེ་ལ་ཁབ་བཙུགས་ན་སྡོད་པའི་བར་རོ། །འཇམ་བཙལ་བའི་ཕྱིར་དུ་ནི་པི་པི་ལིང་དང༌། ཕོ་བ་རིས། ཅོང་ཞི། ནག་མཚུར། བུལ་ཏོག་གཞན་གྱི་འདྲེས་མེད་མིང་འཇིབ་བུ་ཞེས་གྲགས་པ་དང་བཅས་ཏེ་རྣམ་པ་ལྔ་བཏབ་ལ་ནད་གཞིར་བསྟུན་ཏེ་ཚད་ལྡན་དུ་ནི་གཞན་གསུམ་པོ་ཆ་སྙོམས་ལ། པི་པི་ལིང་དང་ཕོ་བ་རིས་གཉིས་ཚ་ཤས་ཆེ་ན་ཐུན་སྐྱུངས། གྲང་ཤས་ཆེ་ན་ཆེར་བསྐྱེད་དེ་སྦྱར་བར་བྱ་བ་དང༌། སྣ་ཁྲིད་པ་ནི་ལ་ཆའམ་ཀེང་ཤུའི་རོ་ཞེས་པ་རྒྱ་ཚོས་ཀྱི་ཁུ་བའི་སྙིགས་མ་དེ་དང༌། དབྱི་མོང་དཀར་པོ་ནད་དང་སྨན་སྤྲོད་པ་དང་ཚ་གྲང་གང་ཡིན་གྱི་གཉེན་པོར་སྨན་ཚ་བསིལ་གང་ཤིས་ཀྱི་ཁ་ལོ་བསྒྱུར་བ་དང༌། བཤིག་པ་ནི་དངུལ་ཆུ་ཞོ་གང་ཡོད་ན་སྟར་བུ་དེའི་ལོག་པོར་བཏང་སྟེ་སྔགས་ཀྱི་མཆིལ་མ་དང་བའི་ཆུ་དང་གོང་གི་འཇམ་བཙལ་སྣ་ཁྲིད་བཅས་འབྲུམ་བུ་མེད་པར་མཉེ་ཞིང་འདམ་བཏགས་ཡུན་རིང་དུ་བྱ་བ་དང༌། འོག་ཏུ་འཆད་པའི་སྦྱོར་བ་ཆིག་ཐུབ་དང་ཀུན་རྒྱུག་སོགས་གང་རིགས་སྦྱར་ཏེ་བཏང་དགོས་ཀྱང༌། གཏོང་བའི་སྔོན་དུ་རྩ་ཁ་འབྱེད་པ་ནི་ཚ་ཞེས་ཐུག་པ་ལ་སྡོར། གཡེར་མ་ཅུང་ཟད་བཏབ་པ་ཞག་འགའི་གོང་ནས་གཏོང་བར་བྱ་ཞིང༌། སྣོད་བཏང་བ་ནི། དངུལ་ཆུའི་སྦྱོར་བ་གང་གཏོང་ཡང་ཟངས་ཀྱི་ཐལ་བ་བསྡེབས་པ་གལ་ཆེ་སྟེ། ཟངས་ཐལ་མེད་ན་བསྟེན་པ་པོ་དེའི་ལུས་ལ་དངུལ་ཆུ་མི་འཆགས་པར་བ་སྤུའི་ཁུང་བུ་སོགས་ནས་འཛག་པའི་ཕྱིར་དེ་ལྟར་བྱ་བ་དང༌། དངུལ་ཆུའི་རིལ་བུ་གཏོང་བའི་སྔོན་དུ་འབྲི་དང་བའི་ཞུན་མར་ཚ་གྲང་དང་སྦྱར་ལ་ཞག་འགའ་ཁོང་དུ་བསྟེན་པ་དང༌། ཕྱི་སྲུང་ནི་ཕྱི་ནས་བ་སྤུའི་བུ་ག་རྣམས་བགག་ཅིང་བསྲུང་བའི་ཐབས་སུ་ཚ་བ་ལ་རྩི་མར་དང༌། གྲང་བ་ལ་ཏིལ་མར་སྦྱར་བའི་མར་གྱིས་ལུས་ལ་བྱུག་པ་དང༌། ནུས་པ་བསྐྱེད་པའི་ཕྱིར་དུ་ནི་ནད་གང་ལ་ཡང་རིལ་བུ་ཆང་ཡལ་པོ་སྐྱུར་སྡེབས་སོགས་མེད་པའི་གར་སླ་རན་པོ་དག་གིས་དབུལ་ནས་བཏང་བ་དང༌། གཞན་ཡང་རི་དྭགས་དང་ཕག་སོགས་བསིལ་བ་མིན་པའི་ཤ་དང་ཆང་ལྟོར་བསྟེན་ཞིང་སྐབས་སུ་མན་ངག་ལག་ལེན་ལྟར་བ་སྤུར་རྔུལ་དབྱུང་བའི་ཐབས་ཀྱང་བྱ་དགོས་ལ། དེ་ལྟར་བསྟེན་ཐབས་དགུ་པོ་དེ་མ་ཤེས་ན་དངུལ་ཆུའི་སྦྱོར་བ་དུག་ཏུ་འགྱུར་བའི་ཕྱིར་ཁེ་བས་ཉེན་ཆེ་སྟེ། དཔེར་ན་སྣོད་ངན་གྱི་ནང་དུ་སེང་གེའི་འོ་མ་བཞོས་ན་སྣོད་ཀྱང་ཆག་ལ་བཅུད་ཀྱང་འབོ་བ་དང་མཚུངས་པས་ན་སྤང་བླང་ཤེས་དགོས་སོ། །

     རྩ་བའི་དངུལ་ཆུ་དེ་ལ་སྦྱོར་བ་ཆིག་ཐུབ་དང་ནི་ཀུན་རྒྱུག་གཉིས་ལས། ཆིག་ཐུབ་ཀྱི་སྦྱོར་བ་བཅུ་གཅིག་གི་དང་པོ་མུ་ཟི་སེར་པོ་འགྲོན་ཐལ་དང་ཨ་རུ་ར། སུག་སྨེལ་དང་གསེར་གྱི་བྱེ་མ་དང༌། བྱང་སེམས་དཀར་དམར་ཏེ་ཕོ་མོ་གྲོང་ཆོས་ཀྱིས་མ་གོས་པའི་ཁམས་དཀར་དམར་རམ་མ་བྱུང་ན་ཅོང་ཞི་མ་ནིང་དང་བྲག་ཞུན་ལྕགས་ཞུན་གཉིས་སོགས་དེ་ཀུན་དང་སྟར་བུ་མཉམ་པ་སྟེ་སྦྲང་དང་སྦྱར་བས་རྣག་དང་ཆུ་སེར་དང་དམུ་ཆུ་རྣམས་སྐེམས་པར་བྱེད་པ་དང་ཀླད་པ་འཛག་པ་གཅོད་ཅིང་རྩ་ནད་བྱེར་བ་དང་འགྲམས་པ་སེལ། ཡང་ཅུ་གུར་ལི་ཤི་སུག་སྨེལ་ཀ་ཀོ་ལ་ཛཱ་ཏི་སྟེ་བཟང་པོ་དྲུགཙན་དན་དཀར་དམར་གཉིས་དང༌། ཨ་བར་སྐྱུར་ཏེ་འབྲས་བུ་གསུམ། སྤོས་དཀར་དང་ཐལ་ཀ་རྡོ་རྗེ་སོ་མ་ར་ཛ་དོམ་མཁྲིས་དང་རུ་རྟ་རྣམས་སྦྱར་བའི་རིལ་བུས་ཚ་བ་རྙོགས་པ་དང་འབྲས་དང་སུར་ཡ་དང་རྩ་ནད་རྣམས་སེལ། ཡང་བཙན་དུག་དང་ཨ་རུ་དང༌། མུ་ཟི་དང་གླ་རྩི་དང་ཤུ་དག་དང་རུ་རྟ་དང་གུ་གུལ་དང༌། བཤད་མ་ཐག་པའི་བཟང་པོ་དྲུགསྤོས་དཀར་དང་ཐལ་ཀ་རྡོ་རྗེ་དང་སོ་མ་རཱ་ཛ་རྣམས་སྦྲང་དང་སྦྱར་བའི་རིལ་བུས་མཛེ་དང་འབྲས་དང་གག་ལྷོག་དང་དམུ་ཆུ་འོར་སྐྱ་རྦབ་སོགས་ཀྱི་སྐྲངས་པ་མ་ལུས་འཇོམས། ཡང་གོང་དུ་བཤད་མ་ཐག་པའི་བཟང་པོ་དྲུག་དང༌། གླ་རྩི་དང༌། ཙན་དན་དཀར་པོ་དང༌། བསེ་རུ་དཀར་པོ། གི་ཝཾ། མཚན་ཉིད་དང་ལྡན་པའི་བདུད་རྩི་སྨན་སྒྲུབ་ཀྱི་ཆོས་སྨན་ནམ། མ་བྱུང་ན་དགེ་སློང་ངམ་སྔགས་པ་མཚན་ཉིད་ལྡན་པའི་དྲི་ཆེན་དང༌། ཨ་རུ་ར་དང༌། བྲག་ཞུན་དང༌། བོང་ང་དཀར་དམར་དང༌། མི་རྟ་ཁྱི་གསུམ་སྐྱེས་མ་ཁད་ཀྱི་ལྟོ་མ་སོང་བའི་བྲུན་ཏེ་ཕྱ་ཚན་གསུམ། ཁྱུང་སྡེར་དཀར་སྨུག་དང༌། དཔའ་བོ་སེར་པོ་དང༌། དོམ་མཁྲིས་དང༌། ཏིག་ཏ་དང༌། མ་ནུ་དང༌། རུ་རྟ་དང༌། སྐྱེར་པའི་བར་ཤུན་རྣམས་ཀ་ར་དང་སྦྱར་བའི་རིལ་བུས་དུག་ཚད་འཇོམས། ཡང་ཅུ་གུར་གཉིས་ཀྱི་སྟེང་སྟོད་ལ་ལི་ཤི། སྨད་ལ་སུག་སྨེལ་གྱིས་ཁ་བསྒྱུར་བའི་བསིལ་གསུམ་དང༌། གི་ཝཾ། གླ་རྩི་དང༌། བོང་ང་དཀར་པོ་དང༌། རུ་རྟ་དང༌། བྲག་ཞུན་དང༌། གསེར་གྱི་མེ་ཏོག་དང༌། བྱིའུ་ལ་ཕུག་དང༌། ཆང་ལ་བཏབ་པའི་ཉུང་མའི་ཁཎྜ་རྣམས་ལ་རིལ་བུ་དྲིལ་བ་དེས་ཤ་དུག་སེལ་བར་བྱེད། ཡང་ཅུ་གུར་ལི་སྟེ་བསིལ་གསུམ་དང༌། ཙན་དན་དཀར་དམར་གཉིས། བ་ཤ་ཀཧོང་ལེན་དང༌། སྐྱུ་རུ་ར་བཅས་པའི་རིལ་བུས་འཁྲུགས་ཀྱི་ཚད་པ་རྣམས་འཇོམས། ཡང་གི་ཝཾ་དང༌། བོང་ང་དཀར་པོ། ཨ་རུ་ར། གསེར་གྱི་མེ་ཏོག་དང༌། བསིལ་ཅུ་གུར་གཉིས་ཀྱི་སྟེང༌། སྟོད་སྨད་ལི་སུག་གིས་བསྒྱུར་བ་གསུམ་དང༌། ཏིག་ཏ་རྒྱ་ཏིག་རྣམས་སྦྱར་བའི་རིལ་བུས་རིམས་ཀྱི་ཚད་པ་རྣམས་སེལ་བར་བྱེད། ཡང་སྨུག་པོ་སྦལ་རྒྱབ་དང༌། མདུང་རྩེ་དམར་པོ། གངས་ཐིགས། ཅོང་ཞི་དང༌། ཚ་ལ་དང༌། གླ་རྩི་རྣམས་ཀྱི་རིལ་བུས་འབྲུམ་ནག་སེལ། ཡང་བཙན་དུག་དང༌། གླ་རྩི་དང༌། གུ་གུལ་ནག་པོ་དང༌། ཨ་རུ་ར། རྫིང་ནང་དུ་གནས་པའི་སྦལ་པ་ནག་པོ་དང༌། ཤུ་དག་ནག་པོ་རྣམས་ཀྱི་རིལ་བུས་ལྷོག་པའི་ནད་ཀྱི་རིགས་མ་ལུས་པ་འཇོམས་པར་བྱེད། ཡང་བཙན་དུག་དང༌། རྒྱ་ཚྭ་དང༌། ཐར་ནུ་དང༌། ཨ་རུ་ར། རུ་རྟ་དང༌། ཁྱི་ནག་པའི་མཆེ་བ་རྣམས་ཀྱི་རིལ་བུས་གག་པ་སེལ། ཡང་སྤང་རྩི་དོ་བོ་དང༌། རེ་སྐོན་པ་དང༌། བྲག་སྐྱ་ཧ་བོ་དང༌། གངྒ་ཆུང༌། དུག་མོ་ཉུང་དང༌། དོམ་མཁྲིས་དང༌། བྲག་ཞུན་རྣམས་ཀྱི་རིལ་བུས་རྒྱུ་གཟེར་སེལ་བ་བཅས་དེ་དག་ལ་སོགས་པ་སྟེ། མདོར་ན་ནད་ཚ་གྲང་གང་ལའང་དེ་དེའི་གཉེན་པོ་དང༌། ནད་དང་བསྟུན་པའི་འདུལ་ལུགས་ཚ་གྲང་གང་ཤིས་བྱས་པའི་དངུལ་ཆུ་སྦྱར་བས་གསོ་བ་དཀའ་བའི་ནད་རྣམས་སེལ། གསེར་མ་བཏུལ་བ་དང༌། རྒྱ་རུ་དང༌། རྒྱ་སྐྱེགས་དང༌། རྒྱ་ཚྭ་དང༌། རྒྱའི་སྣག་ཚ་དང༌། སྦྲུལ་གྱི་དུག་བཏོན་པ་དང༌། འདི་སྐབས་སྲོག་ཆགས་སྟག་གི་ཤབུལ་ཏོག་དང༌། ཕོ་མཛོ་དང༌། དྲེའུའི་རྒྱུངས་པར་སྦྱར་བས་ཕྲུ་གུ་སྐྱེ་བའི་རྒྱུན་གཅོད་དོ། །ཀུན་རྒྱུག་གི་སྦྱོར་བ་བརྒྱད་ཀྱི་དང་པོ་དངུལ་ཆུ་དང༌། མུ་ཟི་སེར་པོ་དང༌། སྟར་བུ་དང༌། བརྒྱ་བྱིན་ཏེ་དབང་ལག་བཅས་སྦྲང་ལ་སྦྱར་བའི་ལྡེ་གུ་ལ་དེ་སྟེང་དུ་ར་མཉེ་དང་ཉེ་ཤིང་བ་སྦྱར་བས་བཅུད་ལེན་དུ་འགྱུར། ཡང་བསེ་རུ་དཀར་པོ་དང༌། ཤ་བའི་གྭ་དོར་ཞེས་རྭ་འབུར་ཙམ་ཐོན་པ་དང༌། འགྲོན་ཐལ་དང༌། རེ་སྐོན་དང༌། ཟངས་ཐལ་རྣམས་མར་གསར་ལ་སྦྱར་བའི་ལྡེ་གུས་བྱང་ཁོག་གི་རྣག་ཁྲག་སྐེམས། ཡང་ཡ་བཀྵ་ར་དང༌། འགྲོན་ཐལ་དང༌། སྒ་པི་ཕོ་བ་རིས་ཏེ་ཚ་བ་གསུམ། དགོ་རུ་སྟེ་དགོ་བའི་རྭ་དང༌། ཐལ་ཚྭ་དང་ཤིང་ཚ་བཅས་སྦྱར་བའི་རིལ་བུས་དམུ་ཆུ་སྐེམ། ཡང་བཙན་དུག་དང༌། གུ་གུལ་ནག་པོ་དང༌། རྨ་བྱའི་མཁྲིས་པ་རྣམས་སྦྱར་བ་བྱུག་པ་དང༌། རིལ་བུ་ལྟོར་བཏང་བས་མཛེ་ནད་རྣམས་འཇོམས་པར་བྱེད། ཡང་ཐལ་ཀ་རྡོ་རྗེ་དང༌། སེང་ལྡེང་དང༌། སོ་མ་ར་ཛ་སྤོས་དཀར་རྣམས་སྦྱར་བའི་རིལ་བུས་ཆུ་སེར་གྱི་ནད་ཀུན་སྐེམ། ཡང་འགྲོན་བུའི་ཐལ་བ་དང༌། བྲག་ཞུན་སླེ་ཏྲེས་རྣམས་སྦྱར་བའི་རིལ་བུས་དྲེག་ནད་སེལ། དོམ་མཁྲིས་དང༌། གུ་གུལ་ནག་པོ་དང༌། སོ་མ་ར་ཛ་རྣམས་སྦྱར་བའི་རིལ་བུ་ཁོང་དུ་བཏང་བ་དང་རྨར་བྱུགས་པས་འབྲས་ཀྱི་ནད་རྣམས་སེལ། བསེ་འབྲས་ཞེས་མ་ནུ་ཁྲག་ཅན་ནམ་གོ་བྱེ་དང་དངུལ་ཐལ་དང་དར་མཚུར་ཏེ་ཚ་ལ་བཟང་པོ་སྦྱར་བ་བཏབ་པས་ཤ་རོ་གཅོད་པར་འགྱུར་བ་སོགས་དངུལ་ཆུའི་སྦྱོར་བ་དེ་རྣམས་ཀྱི་བསྟེན་ཐབས་མ་ཤེས་པར་ལོག་པ་གནོན་བྱེད་དྲུག་གི་དང་པོ་བྱིང་ཞིང་འཐིབས་པ་བྱུང་ན་ཅུ་གུར་ལི་ཤི་སུག་སྨེལ་ཀ་ཀོ་ལ་ཛཱ་ཏི་སྟེ་བཟང་པོ་དྲུག་དང་ཀ་ར་སྦྱར་ཏེ་གཏོང་བ་དང༌། འཁྲུ་ན་བཤད་མ་ཐག་པའི་བཟང་དྲུག་དང༌། ཟངས་ཐལ་དང་སྦྱར་བས་འཁྲུ་བ་གཅོད། ཁ་ལ་རྨ་བྱུང་བ་དང༌། རྒྱུ་མ་གཟེར་བ་དང༌། ཕོ་བར་ཟས་སྨན་མི་འཇུ་ཞིང་སྐྲན་དུ་འགྲིལ་བ་བྱུང་ན་གཉེན་པོའི་སྨན་པི་པི་ལིང༌། ཕོ་བ་རིས། ཅོང་ཞི། མཚུར་ནགབུལ་ཏོགསྟར་བུ་དྲུག་བསྐོལ་ཐང་ཚན་མོར་མ་གྲང་པར་བཏང་བ་དང༌། ཡང་ན་སྨན་དེ་དྲུག་གི་ཕྱེ་མ་ཆུ་བསྐོལ་ཚ་མོས་དབུལ། ཟངས་མར་བཤང་ལམ་ནས་དོན་པ་དང་སྐྱུགས་པ་འབྱུང་ན་དེ་བཅད་པའི་དོན་ལ་སྟར་བུ་བ་ཆུས་སྦངས་ན་བཏུང་བ་དང༌། དངུལ་ཆུའི་དུག་མ་ཐོན་པའི་སྐྱོན་གྱིས་མགོ་འཁོར་བ་དང་ཁ་དང་གདོང་པ་གཡོ་བ་སྟེ་སྐྲངས་ཤིང་སོ་སྙིལ་ན་བར་བྱུང་ན། ཤ་ཆང་ཞུན་མར་ཏེ་མར་ཁུ་སྒོག་སྐྱ་སོགས་བསྟེན་པར་བྱ་བ་དང༌། རུས་ཚིགས་ན་ཞིང་འབྲལ་བ་སྙམ་བྱེད་ན་པི་པི་ལིང་དང༌། རྒྱ་ཚྭ། རྒྱམ་ཚྭ། སྟར་བུ་བཅས་པའི་གྲང་ཐང་བཏང་ཞིང་གོང་དུ་བཤད་པའི་བསྟེན་ཐབས་གཡའ་ཕྱི་བ་ནས་ནུས་པ་བསྐྱེད་པའི་བར་གྱི་དགུ་པོ་ལག་ལེན་མན་ངག་དང་ལྡན་པ་བྱས་ན་ལོག་པ་སོགས་ཀྱི་སྐྱོན་གང་ཡང་འབྱུང་བ་མི་སྲིད་དོ་ཞེས་གསུངས་སོ།།

      བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ཞི་བྱེད་སྦྱོར་བ་རིན་པོ་ཆེའི་སྦྱོར་བའི་སྡེ་ཚན་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།


 

མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 3:14 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།